གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲོ་ཚོགས་དང་སྤ་སེ།

2015-07-21 09:53:39 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

  ཉིན་འགར་གནམ་གཤིས་ལ་འགྱུར་ལྡོག་མ་བྱུང་རྐྱེན། ཉིན་མཚན་གཉིས་ལ་གནམ་ངོ་རུབ་ནས་སྤྲིན་ནག་འཁྲིགས་ཏེ་ལན་རེར་ཆར་བ་ཤག་ཤག་འབབ་པ་དང་ཡང་མཚམས་རེར་དལ་འབབ་སྒོས་ཆར་བ་ཟ་མ་ཟིམ་མེར་བབས་པས། གྲོང་ཁྱེར་གྱི་རྒྱ་སྲང་གང་རུང་ན་དུས་རྒྱུན་གྱི་མི་ཚོགས་དང་ཐང་འདེམ་ཚོང་བའི་ལང་ལོང་གི་འདུ་འགོད་རྦད་དེ་ཆད་འདུག
  ཡིན་ཡང་ད་ནངས་སྐྱ་རེངས་ལྷ་མོའི་འཛུམ་ཞལ་ལྷུག་ལྷུག་མངོན་དུས། ཨ་སྔོན་དགུང་གི་སྣ་ཚོགས་རིས་སུ་གྲུབ་པའི་སྤྲིན་ཕུང་མཐའ་དག་སུ་ཞིག་གི་ཕུ་ལྕག་གིས་མཐར་སྤྲད་པ་བཞིན་མཚོ་མོ་གཡུ་ཡི་མེ་ལོང་གནམ་ལ་འཕགས་པ་དང་ཀུན་ནས་མཚུངས། གྲོང་ཁྱེར་གྱི་མི་རྣམས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁེན་ནས་འཚོ་བ་རོལ་ཞེས་པར་རྫུན་ཅུང་ཙམ་ཡང་འདྲེས་མི་འདུག ནངས་མོའི་ཆུ་ཚོད་བདུན་པ་ནས་བཟུང་། གུ་དོག་ཅིང་ཀྱ་ཀྱོག་ཏུ་ཡོད་པའི་བདེ་སྐྱིད་སྲང་ལམ་དུ་ཞོར་ཟས་ཚོང་བ་དང་སིལ་ཏོག་འཚོང་མཁན། གོ་རེ་སྲེག་མ་འཚོང་མཁན། ཚོད་མ་ཁོལ་མ་འཚོང་མཁན་སོགས་གྲོག་ཚང་ཁ་ཕྱེ་བ་ལྟར་ལམ་ཕྲན་གྱི་གཡས་གཡོན་གཉིས་སུ་ཕྲེང་བསྟར་སྒྲིག་ཡོད་ལ། ཉོ་བཅའ་རྒྱག་མཁན་དང་ཚོང་བ་མང་པོ་ཡང་འུར་ཟིང་གི་ཡོ་ལང་ཁྲོད་ན་ཁོམ་མེད་འདུར། སློབ་གྲོགས་ནོར་བུས་ཀྱང་གོ་རེ་སྲེག་མ་ཞིག་འགྱིག་ཁུག་གི་སྐེད་གཅུད་ནས་འགྲོ་ཞོར་ཟ་ཞོར་དུ་སེར་མདོག་ཅན་གྱི་ཁུར་ཁུག་ཆེ་ཆུང་རན་པ་ཞིག་རྒྱབ་ལ་ཁུར་ཅིང་སྐུད་མདོག་དཀར་པོ་ཅན་གྱི་རྣ་ཉན་ཞིག་རྣའི་ཕྲ་ཁུང་གཉིས་ཀར་བརྫངས་ཏེ་སྲང་ལམ་དེའི་དཀྱིལ་གཤགས་ནས་སློབ་གྲྭའི་ཕྱོགས་སུ་ཆས། སློབ་གྲྭའི་སྒོ་ནང་དུ་ཐོན་མ་ཐག བརྡ་ཁྱབ་སྦྱར་སར་སློབ་མ་མང་པོ་འཚང་ཁ་ཤིག་ཤིག་ངང་རུབ་འདུག ཁོས་ཀྱང་རང་ཤུགས་མེད་པར་གོམ་པའི་འདེགས་འཇོག་ཕྱོགས་དེར་བསྒྱུར་ནས་བརྡ་སྦྱོར་དེར་ལྟ་དུས། ཤར་ལུང་བརྙན་འཕྲིན་ཁང་དང་དུང་དཀར་བོད་ཟས་ཁང་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྤྲོ་ཚོགས་ཆེན་མོ་ཞིག་གི་བརྡ་སྦྱོར་རེད། སྟོད་ཙེ་དཀར་ཁྲ་གོན་པའི་གསར་ཆུང་ཞིག་གིས་གཡས་གཡོན་གྱི་གནས་བབ་ལ་མི་བསྟུན་པར་སྐད་གསང་མཐོན་པོས། "མ་ཎི་དུང་། ལྟ་རྒྱུ་ཡོད་ཁོ་ཐག་རེད། གླུ་བ་ཡར་ཏུང་ཡང་ཐེངས་འདིར་སླེབས་འདུག"ཅེས་འུར་སྒྲོག་པར། གཅིག་ལྟ་གཅིག་གིས་སྐྱག་ཚང་ནང་རྡོ་འཕངས་པ་ལྟར་ཚང་མས་རང་གི་དྲན་ཚུལ་ལྟར་ལབ་བརྡོལ་ཅི་ཡང་འབྱིན། དེ་དག་གི་གསེང་ནས་སྟོད་གོས་གློ་སྐྱ་གོན་ཞིང་ཕྲག་ལ་ཁུར་ཁུག་ལྗང་སྐྱ་ཁུར་བའི་སྨན་ཤར་བུ་མོ་ཞིག་གིས་ཀྱང་རང་སེམས་ཀྱི་དགའ་བ་མ་ནོན་པར"ཡེ། གླུ་བ་ཀུན་དགའ་ཡང་གདན་ཞུ་ཞུས་འདུག"ཅེས་ཁ་མལ་ནས་ཡར་ལ་ཐེངས་གསུམ་ལྡིང་ཞོར་གམ་གྱི་འགྲོ་རོགས་བུ་མོའི་སྒལ་གཞུང་ལ་ཁུ་ཚུར་གྱིས་ཐེངས་གཉིས་གཞུས། ཡང་རེ་འགས་གླུ་བ་ཤེར་བསྟན་ཡང་ཡོད་འདུག ཡང་ལ་ལས…… དེ་ལས་སློབ་གྲོགས་ཤིག་གིས"ཡང་སྤ་སེ་དགོས་ཚོད་འདུག ཕལ་ཆེར་ལྟ་རྒྱུའི་ཁ་བསོད་མི་འདུག"ཅེས་མིག་མདངས་ལས་རེ་ཐག་ཆད་པའི་ཉམས་སྣང་ཞིག་ཤར་ཏེ་སློབ་ཁང་ལ་དམིགས་ནས་གནས་དེར་གྱེས། "མ་འགྲིག་མ་འགྲིག འཁྲབ་སྟོན་དུས་ཚོད་སང་ཉིན་དགོང་མོ་རེད། ང་ཚོར་དགོང་སྦྱོང་ཡོད་པ་མ་ཡིན་ནམ། སྙིང་ལང་གི"ཞེས་ཁོང་ཁྲོ་འདྲེས་མས་སློབ་གྲོགས་ནོར་བུས་་དེ་སྐད་ཅེས་སྨྲས་པར། "ངོ་མ་བདེན། འཛིན་བདག་གི་སློབ་ཁྲིད་ཡིན། ཐར་ས་མེད། བཀོད་པ་མེད"ཅེས་འཁྲིས་ཀྱི་སློབ་གྲོགས་རེ་འགས་ཀྱང་མ་གྲོས་གཅིག་མཐུན་ངང་ཡིན་མདོག་བསྟན་ཏེ་རིམ་བཞིན་འབྲལ་མི་འདོད་པའི་ཚུལ་གྱིས་སོ་སོའི་སློབ་ཁང་གི་ཕྱོགས་སུ་ཆས།
  སློབ་གྲོགས་ནོར་བུ་ནི་ཆུང་དུས་ནས་རྫ་ལུང་རི་ལུང་དང་རྩྭ་ཐང་མེ་ཏོག་གི་ཁྲོད་ནས་གཉོམ་ལག་རྒྱས་པའི་འབྲོག་པ་རྣལ་མ་ཞིག་ཡིན་པས། དབྱར་དགུན་གནང་གི་སྐབས་སུ་ཕ་མའི་ཚེགས་ལེན་དུ་ཕྱུགས་རྫི་རྐྱང་རྐྱང་བྱས་ནས་གསེར་གྱི་དུས་ཚོད་རྩྭ་ཐང་དང་རི་ལུང་ནས་བསྐྱལ། ཡིན་ཡང་། ཁོའི་དགའ་ཕྱོགས་ཀྱི་རྐྱེན་གྱིས་ཨ་ཕས་ཉོས་པའི་སྒྲ་ཕབ་འཕྲུལ་ཆས་དང་ཁོང་ཚང་གི་ཨ་ནེ་ཉན་པར་སྤྲོ་བའི་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་དཔེ་དེ་ཁུག་མ་ཚི་སྟུག་ཏུ་བཅུག་ནས། རྩྭ་ཐང་གི་ཁྱོན་ན་ཕྱུགས་རྫིར་འདུས་པའི་ན་མཉམ་གྲོགས་པོ་ཚོ་དང་ལྷན་དུ་གླུ་བ་དཔལ་མགོན་དང་གླུ་མ་འཇིགས་བྱེད་ཚོ་གཉིས་ཀྱིས་བླངས་པའི་རྡུང་ལེན་སྣ་ཚོགས་སུ་རོལ་མྱོང་བྱེད་པ་མ་ཟད། དེ་དག་གི་སྐད་ཀྱི་འགྱུར་ཁུགས་དང་གདོང་གི་ཉམས་འགྱུར། ཚིག་གི་གཅོད་མཚམས་སོགས་ལ་་དབྱུག་པ་ཞིག་བྲང་ཁར་བསྟད་དེ་ལད་ཟློས་བྱས་ཚེ་དངོས་གནས་ཚུགས་ཀ་ངོ་མ་ཞིག་བསྟན་འོང་། ལྷག་པར་བོད་ཀྱི་རྡུང་ལེན་དང་གླུ་དབྱངས་ཀྱི་གསར་དར་འོད་སྡེར་སོགས་ཉོ་བར་དགའ་ལ་དེ་དག་གི་ཁོང་དུ་འཛུལ་ཏེ་སྦྱོང་བརྡར་དང་ལད་མོ་བྱེད་པར་དེ་བས་ཀྱང་དགའ། འོན་ཏེ་སང་ཉིན་དགོང་མོའི་དགོང་ཚོགས་དེར་ལྟ་འདོད་པའི་འགྲམ་ཆུ་ལྷུག་ལྷུག་ཏུ་ལྡང་ནའང་། གཅིག་ནས་སྤྲོ་ཚོགས་སུ་ཞུགས་པར་སྤ་སེ་དགོས་པ་དང་གཉིས་ནས་དགོང་སྦྱོང་ཡོད་སྟབས། ཁོ་ལ་མཚོན་ན་རྨི་ལམ་ཁྲོད་དུ་བཀྲེས་སྐོམ་གྱིས་མནར་བ་ལྟ་བུའི་སྡུག་བསྔལ་ཞིག་སྐྱེས།
ལོ་ངོ་འདི་དག་གི་རིང་ལ་ཚོང་བ་མིང་ཅན་དང་གླུ་བ་གྲགས་ཅན་མཉམ་འབྲེལ་སྒོས་རབ་དང་རིམ་པའི་དགོང་ཚོགས་དང་སྤྲོ་ཚོགས་སྐབས་དང་པོ་ནས་མགོ་བརྩམས་ཏེ་ཟམ་མ་ཆད་པར་བསྡུ་བཞིན་ཡོད་པས་ཁོ་རང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་གྲོང་ཁྱེར་དུ་འཚོ་བ་རོལ་མགོ་ཚུགས་པ་ནས་ཁོམ་སྐབས་ཅུང་ཙམ་ཡོད་ཚེ་ལོ་སར་དགོང་ཚོགས་ཡིན་ནའང་འདྲ། ཁེ་ལས་སྤྲོ་ཚོགས་ཡིན་ནའང་འདྲ་ཤུགས་ཀྱིས་འཚང་ནས་ལྟད་མོ་ལྟ་རྒྱུར་ཤིན་ཏུ་དགའ་རྐྱེན། ལོ་ངོ་གསུམ་པོའི་རིང་དུ་གྲོང་ཁྱེར་འདིར་བསྡུས་པའི་དགོང་ཚོགས་དང་སྤྲོ་ཚོགས་གང་རུང་ཕལ་ཆེར་འཆོར་མེད་སྒོས་ལྟ་རྒྱུའི་ངན་ཞིག་ལོབས་འདུག གོ་ཐོས་ལྟར་ན་སང་ཉིན་དགོང་མོའི་སྤྲོ་ཚོགས་ཀྱི་སྤ་སེ་རིན་གོང་ལ་སྒོར་སུམ་བརྒྱ་ཡིན་པའི་གསར་འགྱུར་ཞིག་ད་སོ་མར་སློབ་ཁང་གི་ཕྱི་ནང་གང་རུང་དུ་རླབས་བཞིན་འཕྱོ་བས། ཚང་མ་ཧ་ལས་ཤིང་ཧང་སངས་ཏེ་ཡིན་མིན་གྱི་སྐད་ཆ་མང་པོ་ལབ་བཞིན་གདའ། སློབ་གྲོགས་ཚོའི་གྲས་ནས་སྐྲ་ལོ་སེར་པོར་བསྒྱུར་བ་ཞིག་གིས"ང་ཚོའི་སྒྱུ་རྩལ་གྱི་རིག་གནས་ནི་དཔྱིད་ཀའི་མྱུ་གུ་བཞིན་འཚར་ལོངས་འབྱུང་བཞིན་པའི་སྒང་ཡིན་སྟབས། ཆེད་ལས་སྒྱུ་རྩལ་པ་མི་གཅིག་སྐྱེད་སྲིང་ལ་མི་འབད་པར་ཚོང་ལས་ཅན་དུ་བསྒྱུར་བ་ནི་གླུ་གར་རིག་གནས་མར་ཆགས་སུ་འགྲོ་བའི་སྔ་ལྟོས་ཤིག་མིན་ནམ"ཞེས་སྡུག་ཉམས་ཤིག་བསྟན་ཏེ་དེ་སྐད་ཟེར། དེར་མཐུད་དེ་སློབ་གྲོགས་བུ་མོ་ཞིག་གིས་ཀྱང"སྤ་སེ་རིན་གོང་དེ་འདྲ་མཐོན་པོ་ཞིག་བླངས་ཚེ། ཕྱོགས་ཡོངས་ལྟ་མཁན་ཞིག་ལྟ་ཅི། གླུ་བ་གླུ་མ་དང་ཚོང་དཔོན་ཚོས་ཕན་ཚུན་ལ་ཅེར་རེར་ལྟ་བ་ལས་ལྟ་མཁན་ཞིག་མེད་པ་ཐག་གིས་ཆོད"ཅེས་བཤད། འཛིན་གཙོ་གཞོན་པས"སྤྲོ་ཚོགས་ཤིག་སྤེལ་བ་ནི་གཅིག་ཏུ་ན་བོད་ཀྱི་གླུ་གར་རིག་གནས་ཀྱི་ཆུ་ཚད་ཇེ་མཐོ་དང་གཉིས་སུ་ན་རྒྱ་ཆེའི་ལྟ་མཁན་པར་སེམས་ཀྱི་རྒྱགས་ཕྱེ་སྤྲོ་སྣང་ཅན་ཞིག་གི་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ་ལས། ང་གླུ་བ་ཡིན། ངར་སྐད་ངག་འཛོམས། ང་ཁྱད་དུ་འཕགས་ཞེས་པའི་རྫིག་ཉམས་སྟོང་བས་ང་ཚོ་ལྟ་མཁན་པར་ཕན་པ་ཅི་ཐོགས་ཨང"ཞེས་ཁོང་ཁྲོ་ཅུང་ཙམ་འདྲེས་ནས་སྐད་འགྲགས་འགྲགས་ཀྱིས་དེ་ལྟར་བཤད། ནོར་བུས་ཀྱང་"ཚོང་དཔོན་ནི་ཚོང་དཔོན་རང་རེད། དུས་ད་བར་དུ་སྤ་སེའི་རིན་གོང་སྒོར་བརྒྱ་ཕྲག་ལྷག་གི་སྤྲོ་ཚོགས་ཤིག་བསྡུས་པ་སྲིད་ན་མེད་པས། ཕལ་ཆེར་ཅི་ཉི་སེའི་ཟིན་ཐོ་བརྒལ་ཡོད་པ་ཁོ་ཐག་ཡིན"ཞེས་མ་དགའ་བའི་ཉམས་དང་བཅས་བཤད།
  ཟང་ཟིང་གི་ཁ་བརྡ་གློད་པའི་དུས་ཏག་ཏག་ལ་འཛིན་བདག་གིས་འབྲི་དེབ་སྤམ་མཐོ་བ་ཞིག་དང་དཔེ་ཆ་འགའ་པང་ནས་ཐོག་ཁང་གྲུ་ཟུར་དུ་ཐོན་མ་ཐག ཚང་མ་བྱ་བརྒྱ་འུར་གྱིས་དཀྲོགས་པ་ལྟར་ཐོར་ལོང་སེར་སློབ་ཁང་སྒོ་ཁ་རུ་འཚང་ཁ་ཤིག་ཤིག་གིས་སྒོ་ནང་དུ་འཛུལ་ཅི་ཐུབ་བྱེད། འཛིན་བདག་སློབ་ཁང་ནང་དུ་སླེབས་ཏེ་ལས་བྱ་བྲིས་པའི་གནས་ཚུལ་དང་དག་བཅོས་བྱ་དགོས་པའི་རེ་བ། དེར་མཐུད་དེ་སློབ་ཁྲིད་སྔོན་མའི་རྗེས་བསྐྱངས་ནས་སློབ་ཁྲིད་བྱེད་མགོ་བརྩམས་ན་ཡང་། སློབ་གྲོགས་ནོར་བུས་མདོ་དབུས་ཁམས་གསུམ་གྱི་གླུ་བ་གླུ་མ་གྲགས་ཅན་འདུས་པའི་སྤྲོ་ཚོགས་དེར་ལྟ་འདོད་པའི་ཡིད་སེམས་རབ་ཏུ་འཁྲུགས་ཏེ་ཅི་བཤད་ཐམས་ཅད་སྣོད་ཞབས་བརྡོལ་དུ་འོ་མ་བླུགས་པ་བཞིན་ཡེ་ནས་ཆགས་མ་ཐུབ། ཁག་ཅི་ཡོད་ཨང་། སློབ་གྲྭའི་བྱ་འགུལ་ཆེ་མ་ཆུང་གསུམ་དང་འཛིན་གྲྭའི་རིག་རྩལ་བྱ་འགུལ་སོགས་གླུ་གར་གྱི་ཆོ་ག་ཞིག་བཤམས་ཚེ། ཁོ་ནི་ཟས་ཉོག་ནང་གི་ཚྭ་ཁུ་དང་སྡེ་མགོ་སྐྱོང་བའི་དཔོན་པོ་ལྟར་མདོ་འཛིན་བྱས་ནའང་འདྲ། གླུ་བླངས་ནའང་འདྲ། གླུ་དབྱངས་བླངས་ནའང་འདྲ། ཞབས་བྲོ་འཁྲབ་ནའང་འདྲ། ཁ་ཤགས་བཤད་པ་སོགས་ལྟད་མོ་ཅི་བསྟན་ཀྱང་ཆོག སློབ་བུ་ནོར་བུ་ལ་སྐད་ངག་ཡན་གར་བ་ཞིག་དང་སྟངས་སྟབས་ལྷོད་བག་ཅན་ཞིག ཁ་ལྕེ་གློག་དམར་འདྲ་བ་ཞིག་ཡོད་པས་སློབ་གླིང་གི་ག་ས་གང་ན་ཉམས་ཅན་ནོར་བུ་ཞེས་ན་མི་ཤེས་མཁན་གཅིག་ཀྱང་མེད། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི་ན་ནིང་སློབ་རའི་གླུ་བ་བཅུ་འདེམ་དུས་གྲངས་ཆུང་གཉིས་ཀྱིས་སློབ་རའི་གླུ་བ་ཨང་དང་པོའི་གསེར་གྱི་རྟགས་མ་ཁོ་ལ་ཐོབ་བྱུང་། ཡིད་སྐྱོ་བ་ཞིག་ལ་འདྲ་མཉམ་དྲང་གཞག་གི་དམ་ལྷོད་ཤོར་ཞིང་བློ་གཟུ་བོར་བྲལ་བའི་དཔྱད་འདེམ་པ་སྐོར་ཞིག་གིས་ཁོའི་དཔངས་མཐོ་བའི་གཟི་བརྗིད་དེ་མི་རྒྱུས་ཡོད་དེ་ལ་སྤྲད་པས་ཨང་གཉིས་པའི་བྱ་དགའ་ལས་རེག་མ་ཐུབ། ཅི་བྱས་ཀྱང་ཁོ་ནི་དེ་ལྟར་ཕམ་སླ་བའི་ཕམ་དམག་ཅིག་ཁྱོན་ནས་མིན་ཏེ། བོད་ཁུལ་གྱི་གླུ་བ་གླུ་མའི་གླུ་ཚིག་དང་གཞས་གདངས་སོགས་ལ་ལད་ཟློས་དང་སློབ་སྦྱོང་། ཞིབ་འཇུག་བྱེད་པར་ཧ་ཅང་སྤྲོ་ཞིང་། དགོང་ཚོགས་དང་སྤྲོ་ཚོགས་གང་རུང་གི་ལྟད་མོར་ཆས་ཏེ་མགོ་རྔ་སྐེད་གསུམ་ལ་ཞིབ་མོར་ཉན་ནས་རང་གི་གླུ་གར་རིག་གནས་ཀྱི་ཡོན་ཚད་ཐད་རམ་སྐྱོར་ཞིག་ཨེ་ཐུབ་ལ་འབད་པས་འདུར་བས། ཁོ་ལ་མཚོན་ན་བོད་ཁུལ་གྱི་མིང་གྲགས་གླུ་བ་གླུ་མ་གཞི་གཅིག་ལ་འཛོམས་ཏེ་སྤྲོ་ཚོགས་ཤིག་བསྡུ་བ་ནི་ཕལ་ཆེར་ཁོའི་མི་ཚེའི་ཁྲོད་ཀྱི་དང་པོར་བརྩིས་ཆོག བསམ་དབང་དྲན་དབང་མེད་པར་ཐུན་གཅིག་གི་སློབ་ཁྲིད་ཀྱང་འདི་ལྟར་སེམས་པ་རྒྱ་ཡན་དུ་ཤོར་ནས་སྟོང་འདང་ཁྲོད་ཐོལ་གྱིས་འདས། འོན་ཀྱང་དགོང་མོའི་སྤྲོ་ཚོགས་ཕྱོགས་ཀྱི་ལབ་གླེང་ཇེ་དྲག་ཏུ་གྱུར་བ་སྟེ། སློབ་གྲོགས་བཟང་མོས"ཨ་ཁུ་བཀྲ་བྷ་ངེད་ཚང་གི་ཉེ་བོ་ཡིན་པས། སྔ་མོ་ནས་འབྲེལ་གཏུག་བྱས་ཟིན"ཞེས་དེ་དགོང་གི་སྤྲོ་ཚོགས་ལ་ལྟ་ཐུབ་པའི་དགའ་ཉམས་སྟོན་ཞོར་སློབ་གྲོགས་ཆོས་མཚོར་དགོང་མོའི་རང་སྦྱོང་ལ་གནང་བ་ཞུ་དགོས་པའི་རྫུན་གཏམ་གྱི་གུང་བསྒྲིགས། སློབ་གྲོགས་སྟག་འབུམ་གྱིས་ཀྱང་"ཚོང་དཔོན་བཀྲ་ཁོ་དང་ང་ཚོ་ཚོ་མཐུན་ཡིན་པས་ད་ཅིས་ཁོ་ལ་ཁ་པར་ཞིག་བཏང་བར་དེ་དགོང་གི་སྤྲོ་ཚོགས་ཧ་ཅང་གཟབ་རྒྱས་ཡིན་པས་སེམས་བདེ་རུ་ཕོབས་དང་སྤྲོ་ཚོགས་ལ་ལྟ་ཐུབ་པར་བཀོད་པ་ཞིག་ཅིས་ཀྱང་འཐེན་ངེས"ཞེས་ཁས་བླངས་ཟིན་ཟེར་ཞོར་སློབ་གྲོགས་ནོར་བུའི་མདུན་དུ་ཡར་ཡར་ལྡིང་ནས་དགའ་སྤྲོའི་སེམས་པ་ནོན་མ་ཐུབ་པར་གྱུར།
  སྤྲོ་ཚོགས་ཀྱི་གླེང་གཞི་དེ་ནི་གཅན་གཟན་རི་དྭགས་ཚོགས་ཀྱིས་ཅལ་སྒྲ་ཐོས་ནས་ཅི་བྱུང་གི་ཐག་མ་ཆོད་པའི་ཟང་ཟིང་གི་ལབ་གླེང་དང་འདྲ་བར་གཅིག་གིས་བཅུ་ལ་བཤད་བཅུ་ཡིས་བརྒྱ་ལ་བཤད་ནས་སློབ་གྲྭའི་ཕྱི་ནང་གང་རུང་དུ་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་འཛོམས་པའི་དོ་ནུབ་ཀྱི་སྤྲོ་ཚོགས་སྐོར་གྱི་བཤད་གཞི་ལས་ཅི་ཡང་མི་འདུག
  ཆུ་ལྷའི་ཕང་བར་རྟ་བདུན་དབང་བོས་འོད་ཀྱི་ཟེར་མ་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་ཏེ་མུན་པའི་གོམ་རིང་ཡང་ཧར་གྱིས་སྤོས་ནས་སྨག་འཐིབས་པར་གྱུར། སློབ་གྲོགས་ཚོའང་གཅིག་རྗེས་གཉིས་མཐུད་དུ་སྤྲོ་ཚོགས་བསྡུ་སའི་གླུ་གར་ཁང་གི་ཕྱོགས་སུ་ལ་ལ་སྤྱི་སྤྱོད་རླངས་འཁོར་དུ་འཚང་ཁ་བརྒྱབ་སྟེ་འགྲོ་བ་དང་ཡང་རེ་འགའ་གླ་གཏོང་རླངས་འཁོར་དུ་བསྡད་དེ་ཤར་རེ་འགྲོ་ཡི་ཡོད་ལ། ལ་ཤས་རྐང་ཐང་དུ་སྤྲོ་ཚོགས་ཀྱི་རྗེས་ཨེ་ཆོད་ལ་འདུར་བཞིན་འདུག
  དོ་ནུབ་ཀྱི་སྤྲོ་ཚོགས་ལ་སྤ་སེ་དགོས་པ་དངོས་གནས་བདེན་ཞིང་། སྤ་སེ་རིན་གོང་ཤོག་སྒོར་སུམ་བརྒྱ་ཡིན་པའང་དེ་བས་ཀྱང་བདེན་འདུག གླུ་གར་ཁང་གི་སྒོའི་ཕྱི་རིམ་ནང་རིམ་དུ་ལས་བྱེད་པ་དང་དགེ་རྒན། ཚོང་བ། སྨན་པ། གྲྭ་བ། སློབ་མ་སོགས་རབ་རིབ་ཏུ་འདུས་པ་ནི་གནམ་ངོ་རུབ་ནས་འབྲུག་སྒྲ་གྲགས་ཤིང་ཆར་འབབ་ལ་ཁད་ཀྱི་དུས་སུ་རྡོའི་སྲུབས་ཀ་གང་རུང་ངམ་སའི་བུ་ག་གང་རུང་དུ་གྲོག་ཕྲུག་གི་ཚོགས་ལྷོག་ལྷོག་ཏུ་འདུར་བའི་རྣམ་པ་དང་ཀུན་ནས་མཚུངས། གླུ་གར་ཁང་གི་ནང་སྒོའི་འགྲམ་ལོགས་སུ་སྲུང་དམག་ལྟར་ཀེར་རེར་འགྲེང་བའི་སྒོ་སྲུང་འགས་སྤ་སེ་བསྡུ་བཞིན་འདུག་ལ། ཕྱི་ནང་གི་ལྟད་མོ་བ་ཚང་མས་དེ་དག་གི་ཕྱོགས་སུ་ཅེར་ནས་ཐར་ལམ་ཞིག་ཨེ་རྙེད་ལ་གླགས་འཚོལ་བཞིན་འདུག ཁ་ཤས་ཀྱིས་བློ་རིག་གྲིམ་པོ་སྒོས་གླུ་བ་གླུ་མ་དང་ཚོང་དཔོན་རེ་ཟུང་གི་མགྲོན་འབོད་བྱང་བུ་གཡར་ཏེ་གླུ་གར་ཁང་དུ་འབྲོ་ཅི་ཐུབ་བྱེད་པ་དང་། ལས་རིགས་སོ་སོའི་ཕོ་མོ་རེ་འགས་བོད་ཀྱི་གླུ་བ་གླུ་མ་གྲགས་ཅན་སླེབས་པའི་འཕྲིན་བརྡ་ཐོས་ཏེ་ཐེ་ཚོམ་ཅི་ཡང་མེད་པར་ཤོག་སྒོར་སུམ་བརྒྱ་ཤག་དི་རེར་ཕྱུང་བཞིན་གླུ་གར་ཁང་དུ་བསྐྱོད་དང་སྐྱོད་བཞིན་ཡོད། དེ་ལྟར་བཟང་ས་རྒྱན་ས་དང་གྲོགས་པོ་གྲོགས་མོ། ཤ་ཉེ་སྤུན་མཆེད་ཚོས་ཕན་ཚུན་ལ་རོགས་རམ་དང་ཐབས་བཀོད་སྣ་ཚོགས་འཐེན་ཏེ་ད་ཅིའི་གྲོག་ཚང་བརྡོལ་འདྲའི་ལྟད་མོ་བ་མང་པོ་རེ་ཞིག་ཇེ་ཉུང་དུ་གྱུར་བ་ན། མགོན་མེད་སྐྱབས་མེད་ཀྱི་སློབ་ཆེན་པ་རེ་འགའ་ལས་ཤུལ་དུ་མི་ལྷག་ཅིང་དེ་དག་གི་ཁྲོད་དུ་སློབ་གྲོགས་ནོར་བུའང་ཁ་རོག་གེར་མིག་ཧྲིག་གེར་སྤ་སེ་བསྡུ་བའི་སྒོ་སྲུང་ཚོའི་ཕྱོགས་སུ་ཧད་འདུག བལྟས་ཚོད་ཀྱིས་ནོར་ལུག་མོད་པོ་ཞིག་རྩྭ་རར་བཅུག་ཅིང་། ནོར་ལུག་རེ་འགའ་རྩྭ་རའི་ཕྱི་རོལ་དུ་ནང་དུ་འགྲོ་ཨེ་ཐུབ་ལ་ཞེ་སེམས་འཁོར་བའི་སྣང་ཚུལ་ཞིག་ལས་ཅི་ཡང་མངོན་རྒྱུ་མི་འདུག དུས་ཚོད་རིམ་བཞིན་འདས་པས་སྤྲོ་ཚོགས་དངོས་སུ་མགོ་བརྩམས་པའི་སྒྲ་ཡང་ལྷང་ལྷང་དུ་གྲགས་མོད། སྒོའི་ཕྱི་རོལ་དུ་རེ་ཞིང་སྒུག་པའི་སློབ་གྲོགས་སོགས་ལྟད་མོ་བ་ཇི་སྙེད་ཅིག་ད་དུང་ཁེར་ཧྲེང་དུ་འགྲེང་ནས་ནང་དུ་ཚུད་ཨེ་ཐུབ་ལ་རིག་རིག་མིག་གིས་ཇི་ལྟར་བལྟས་ཀྱང་ཤིང་གཏུམ་ལྟ་བུའི་སྒོ་སྲུང་བཞི་བོས་བརྟན་སྲུང་སྒོས་མི་གཅིག་ཀྱང་འགྲོ་རུ་མ་བཅུག
  སྐར་མ་བཅུ། སྐར་མ་སུམ་ཅུ། དུས་ཚོད་གཅིག དུས་ཚོད་གཅིག་དང་ཕྱེད་ཀ。。。。。。 དུས་ཀྱི་འཁོར་ལོ་རིམ་བཞིན་ཕར་བཞུར་ནའང་། སློབ་གྲོགས་ནོར་བུ་འདུས་པའི་ལྟད་མོ་བ་དེ་དག་གི་སེམས་ད་དུང་ཡེ་ནས་མ་ཤི་བར་ཅི་ཞིག་ཐོབ་པར་ངང་གིས་སྒུག་འདུག

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།