ཉིན་དེའི་ཉིན་གུང་།

གཡུ་རྔོག་ལུང་རྟོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-08-14

  ཁ་བ་ནི་མེ་ཏོག་གི་འདབ་མ་ཞིག་མཁའ་ནས་གཏོར་བའི་ཚུལ་གྱིས་རི་མཐོ་ས་གཙང་གི་ཡུལ་གྲུ་འདིར་བསྟུད་མར་ཉིན་ཁ་ཤས་སུ་བབས་པས། ངས་ཁ་བ་ལ་དགའ་བའི་ཁོ་མོ་ཡང་ཡང་དྲན་བྱུང་། ཁོ་མོའི་མིང་ལ"ཁ་བ་སྒྲོལ་མ"ཟེར་ཞིང་། དེ་ནི་ཁོ་མོའི་དངོས་མིང་སྟེ་ཕ་མས་གནང་བའི་མིང་མ་ཡིན་ལ། མིང་དེ་ལྟར་འབོད་མཁན་ང་ཁོ་ན་ལས་མེད་ཅེས་བཤད་ན་ཅུང་ཟད་རྫུན་ཏུ་འགྲོ་ཉེན་ཆེ་སྟེ། ཁོ་མོས་བདག་ལ་སྤྲིངས་བའི་བརྩེ་འཕྲིན་དེ་དག་གི་མཇུག་ཏུ"ཁྱེད་ལ་སྙིང་ནས་དགའ་བའི་ཁ་བ་སྒྲོལ་མས"ཞེས་ཡང་ཡང་བྲིས་ཡོད་པས་སོ།།
  ཁ་བ་ལ་དགའ་བའི་འབྲོག་ཕྲུག་མ་ཞིག་ལ་ཁ་བ་སྒྲོལ་མ་ཞེས་པའི་མཚར་སྡུག་གི་ཉམས་ཀྱིས་སྦྲུམ་པའི་མིང་ཞིག་ངས་ཁོ་མོའི་རེ་བ་བཞིན་བཏགས་ཤིང་། དེ་ནི་ཁོ་བོས་འཇིག་རྟེན་དཀར་ངོགས་འདིར་མི་ཞིག་ལ་བཏགས་པའི་མིང་ཐོག་མ་དེ་ཡིན། ལོ་འགའི་རྗེས་སུ་ཁོ་བོས་ཁོ་མོར་སྙན་ངག་ལྟ་བུའི་བརྩེ་འཕྲིན་ཡང་ཡང་བྲིས་ནའང་། འཕྲིན་ལན་ནི་ནམ་མཁར་པདྨོ་བཞད་པའི་སྟོང་འདང་གི་འཇིག་རྟེན་ཞིག་ཏུ་རི་གླུ་ཡང་ཡང་གྱེར་བ་དང་གཉིས་སུ་མ་མཆིས། འོན་ཏེ། ཁ་བ་དང་སྒྲོལ་མ་ཞེས་པའི་ཐ་སྙད་འདི་གཉིས་ཀྱིས་བདག་གི་གཤིས་ཀྱི་རང་བཞིན་ན་ལྷོག་ལྷོག་ཏུ་འཁོལ་བའི་ཟུངས་ཁྲག་གི་རྒྱུན་ལ་སྐྱུར་དྲི་ཡང་ཡང་བསླངས་ཤིང་། ཡིད་བརྙན་གྱི་མེ་ཏོག་འདི་གཉིས་ཁོ་ན་ཡོད་པས་ད་གཟོད་བདག་གི་དོན་ལྔ་སྣོད་དྲུག་ལ་ཟུག་གཟེར་ཡང་ཡང་གཙེས་ཏེ་སྙན་ངག་ཅེས་པའི་ལྷིང་འཇགས་ཀྱི་བསིལ་ཁང་དེ་རུ་ཁེར་རྐྱང་གི་ནད་པ་དག་ལ་སྙིང་ནས་བརྩེ་བའི་དབྱངས་ཀྱི་རྒྱལ་མོ་དེའི་ཞལ་མཇལ་ཡང་ཡང་རེག་པ་ཡིན་ལ། དེ་ནི་ཁ་བ་ལྷ་མོའི་བདག་ལ་ཆད་པའི་བརྩེ་དུང་གི་དོམ་དེའི་སྐྱིན་ཚབ་སྤྲོད་སྟངས་ཤིག་ཡིན་ནའང་ཐང་། ཡང་ན། དེ་ནི་རྟེན་ཅིང་འབྲེལ་འབྱུང་གི་སྒྱུ་མའི་འཕྲུལ་གྱི་སྟངས་སྟབས་མངོན་སྟངས་གཞན་ཞིག་ཡིན་ཞེས་འགྲེལ་བཤད་བརྒྱབ་ནའང་མི་ཆོག་པ་གཞི་ནས་མེད་དོ་སྙམ།
  ངའི་སྙིང་ནས་བརྩེ་བའི་ནང་མི་དང་གྲོགས་པོ་གྲོགས་མོ་ཚོས་བཤད་ན། "ང་ནི་དངོས་གནས་ངོ་ཚ་བྲལ་ཞིང་མཇུག་མ་མེད་པའི་ཁྱུ་ཞིག་རེད་ཅེས་ཡང་ཡང་ཟེར།" ཁོང་ཚོས་དེའི་རྒྱུ་མཚན་ཏུ"ཁོ་མོས་ཁྱེད་རང་ལམ་ཁའི་རྩྭ་བཞིན་དོར་ནའང་། ཁྱེད་ཀྱིས་ད་དུང་ཡིན་ཡིན་ཅོག་ཅོག་གིས་ཁོ་མོ་རྟག་ཏུ་དྲན་བཞིན་ཡོད་པས་སོ་ཞེས་ཟེར།" ངས་རྒྱུན་ཏུ་རང་ཉིད་འཇམ་ཇག་གེར་དཔེ་ཁང་དུ་འཛུལ་ཏེ་དཔེ་བལྟས་བྱེད་དུས་མཚམས་ལན་རེར་བསམ་གཞིགས་རེ་བྱས་ན། ཁོ་ཚོས་བཤད་པ་ལའང་རྒྱུ་མཚན་གཏན་ནས་མེད་པ་མ་རེད་ཨང་སྙམ་པའི་དྲི་ལན་འོང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་ངའི་གནས་སྐབས་ཀྱི་སེམས་པའི་འགྱུ་སྟངས་ཤིག་ལས་ཅི་ཡང་མིན་ཏེ། ངས་ཁོ་མོ་དེ་ལྟར་ཡིད་གཞུང་གི་སྤང་ཐང་དེ་ནས་ལུག་ཁྱུ་སྤྱང་ཀིས་དེད་པ་བཞིན་ཕྱོགས་ཆ་མེད་ཅིག་ཏུ་ཡེ་ནས་རྒྱག་ཐབས་བྲས་བ་དེས་ཀྱང་གཞུང་ལུགས་ལས་རྙེད་པའི་བསམ་བློ་དང་འཚོ་བ་དངོས་ཀྱི་གནས་བབ་གཉིས་ཀྱི་བར་ཏུ་མཚུངས་རྟགས་རྒྱུག་རྒྱུ་ནི་ཐབས་དེ་འདྲའི་སླ་མོ་ཞིག་མིན་པ་ར་སྤྲོད་པར་བྱེད་དོ།།
  ཡིད་ཀྱི་ངོས་སུ་སྤྲིན་པའི་གས་སྲུབས་ནས་འཁྱུག་ཙམ་འཁྱུག་ཙམ་བྱེད་པའི་གློག་འགྱུ་ཅི་བཞིན་ཚོར་བས་ཟིན་ཐབས་བྲལ་བའི་བརྡ་དང་ཐ་སྙད་ཀྱི་ཕག་གི་རྐང་ལ་ཟུག་ལ་ཁད་བྱེད་པའི་སྙན་ངག་དེ་དག་ནི། བདག་གིས་ལོ་ཟླའི་ཕང་བ་རུ་ཟེགས་པའི་ལང་ཚོའི་མུ་ཏིག་རྡོག་མ་རེ་རེར་བསམ་ཡོད་ལ། དེ་དག་གིས་དེ་ལྟར་བདག་ལ་བྲེལ་ཤ་དང་ཆགས་པ་སློང་བའི་སྐད་ཅིག་མ་དེ་དག་ལ་བདག་གིས་རང་ཉིད་ལ་སྙན་ངག་ཅེས་པའི་ཡིག་འབྲུ་དེ་གཉིས་ཀྱི་ཆེད་དུ་མི་གྲལ་ནས་བུད་ན་དོན་སྙིང་ཡོད་དམ་ཅེས་ཚ་འདྲི་ལན་གཅིག་མིན་པར་བྱས་མྱོང་། དེ་དག་ཀྱང་མཐར་གཏུགས་ན་ཁ་བ་སྒྲོལ་མ་ཞེས་པའི་བུ་མོ་གཤིས་བཟང་མ་ཞིག་གིས་བདག་ལ་བཞག་པའི་ཐོག་མའི་བག་ཆགས་ཀྱི་འོ་སྤྲི་ཞིག་གི་རྟེན་འབྱུང་ལས་ཤར་བའི་རབ་རིབ་མག་མོག་གི་ཡིད་བརྙན་ཁྱུ་ཞིག་ལས་བཙས་ཤ་སྟག་གོ།ངས་ང་དང་སྙན་ངག་གི་བརྩེ་དུང་དེ་ཁ་བ་སྒྲོལ་མའི་བདག་ཉིད་འཇིག་རྟེན་འདིར་ཁེར་རྐྱང་དུ་འཇོག་ཁར་ཁོ་མོའི་ཚབ་ཏུའམ། ཡང་ན་འཇིག་རྟེན་ཞེས་པའི་ལྷིང་འཇགས་ཀྱི་ནགས་ཚལ་སྟུག་པོ་འདིའི་ཁྲོད་དུ་བདག་ལ་ཉི་མ་འཁྱོལ་བྱེད་དུ་བཞག་པའི་དྲན་ཤིང་གི་ལེགས་སྐྱེས་ཤིག་ཏུ་བསམ་ཡོད། ཡང་གཅིག་བཤད་ན། སྙན་ངག་ཁོ་ན་ནི་ངས་འཇིག་རྟེན་འདིར་སྐྱེ་གནས་རྒ་འཇིག་གིས་མཚོན་པའི་སྡུག་བསྔལ་མཐའ་དག་དང་དེའི་མངོན་པར་འདུ་བྱེད་ཀྱི་བརྒྱུད་རིམ་ཡོད་ཚད་གཞི་ནས་བརྗེད་བྱེད་ཀྱི་དཀོན་མཆོག་གིས་བསྩལ་བའི་ལྷའི་བདུད་རྩི་བསིལ་མ་དཀར་ཡོལ་གང་དུ་བསམ་ཡོད། ཁ་བ་ལྷབ་ལྷེབ་འབབ་པའི་ཉིན་འདི་དག་ལ་ངས་ཁོ་མོ་ཡང་ཡང་དྲན། མ་གཞི་ཁོ་མོ་ནི་ངའི་མཐོང་ལམ་དུ་ཡལ་ནས་ལོ་ངོ་ག་ཚོད་འདས་པ་ངས་གསལ་ཐག་ཆོད་པ་ཞིག་བརྩི་མ་མྱོང་མོད། ལོ་ངོ་བཅའ་བཅུ་ཞིག་འགོར་མེད་དམ་སྙམ། ཉིན་མཚན་ག་ཚོད་ཀྱིས་ལྷུང་ལྷུང་དུ་འབབ་པའི་ཆུ་བོའི་འགྲོས་ཀྱིས་ལོ་ཟླའི་རི་ལུང་ཅི་ཙམ་བརྒལ་ཏེ་རང་གི་ལོག་མལ་བསྙེགས་སོང་། ང་ཁོ་ན་དུས་ཚོད་ཀྱི་མདའ་རྩེ་ལ་ཐག་པ་བཏེགས་ཏེ་བ་གླང་གི་སྐེ་ཤེད་ལྟ་བུའི་ཨུ་ཚུགས་ཀྱིས་དུས་ཀྱི་ཆོས་ཉིད་ལ་ཞུ་བ་བྱེད་པའི་གནམ་འོག་གི་གླེན་པ་དང་པོ་རུ་འགྱུར་ཉེན་འདུག སུ་ཞིག་གི་ཆེད་དུ། གང་ཞིག་གི་སླད་དུ། ངའི་ཕྱིར་དྲན་ཞེས་པའི་སྨུག་རྒྱུའི་གཙང་བོ་ཞིག་གི་འགྲམ་ཏུ་ཡི་དྭགས་ཀྱི་སྐྱེ་བ་ལེན་དགོས་སོང་། ངའི་བརྩེ་དུང་ཞེས་པའི་ལྷན་པ་དགུ་བརྩེགས་བརྒྱབ་པའི་སློག་པ་ཞིག་གྱོན་ཏེ་དུས་རབས་ཉེར་གཅིག་པའི་རླབས་རྒྱུན་བརྒལ་དགོས་སོང་།
ཕྱི་རོལ་ན་ཁ་བ་ལྷབ་ལྷེབ་འབབ་གྱིན་འདུག ཁ་བ་ལྷབ་ལྷེབ་འབབ་པའི་ཉིན་འདི་དག་ལ་ངས་ཁོ་མོ་ཡང་ཡང་དྲན། ཡིད་ཀྱི་གཞུང་ནས་དྲན། སེམས་པའི་གཏིང་ནས་དྲན། ཚོར་བའི་ཁུད་ནས་དྲན། དེ་དུས། སྙན་ངག སྙན་ངག་འབྲི་བ་ཁོ་ན་ནི་ངའི་ལུས་སེམས་ལ་ངལ་གསོ་ཐོབ་བྱེད་ཀྱི་གསོས་སྨན་ཉག་གཅིག་རེད།
  འཚོ་བ་ནི་བརྙན་ཡོལ་ཞིག་དང་འདྲ་སྟེ། བརྙན་ཡོལ་དེའི་ངོས་ན་ང་དང་ཁོ་མོའི་གཏམ་རྒྱུད་དེ་དག་གི་བརྙན་སྡེར་དག་ཀྱང་རྒྱུ་དང་རྐྱེན་གྱི་བདག་རྐྱེན་དེ་དག་འཛོམས་ན་དུས་དང་སྐབས་སུ་ཡང་ཡང་འཆར་བར་བྱེད་དོ།། ཡང་ན། བརྙན་ཡོལ་དེ་ནི་ངོ་གཉིས་མ་ཞིག་ཡིན་ཏེ། དེའི་ངོས་གཅིག་ན་འཛུམ་མདངས་དང་བདེ་སྐྱིད་ཀྱི་དགོད་སྒྲས་རྣ་བ་འགེངས་བཞིན་ཡོད་ལ། ངོས་ཅིག་ཤོས་ན་གྱེས་བྲལ་དང་སྨྲེ་ངག་གི་སྡུག་ཡུས་ཀྱིས་སེམས་པའི་གོང་བུ་ཚལ་བར་གཏོན་བཞིན་ཡོད། དེ་འདྲའི་བརྙན་ཡོལ་ངོ་གཉིས་མ་དེ་ཉིད་གཞི་ནས་ཐལ་བ་རྡུལ་ཏུ་བཏང་བའི་ཉིན་མོ་དེ་ནི། འཁོར་བའི་གློག་བརྙན་ཁང་ཆེན་མོ་འདིར་བརྙན་ཡོལ་ཆེན་པོ་ཞིག་གཞི་ནས་མེད་པར་གྱུར་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཏེ། དེའི་རྟོད་ཐགས་ལ་བཏགས་པའི་མི་ཞེས་པའི་སྲོག་ཆགས་གང་མང་ཞིག་ལ་རང་དབང་ཐོབ་པ་ཡིན་པས་སོ།། ཡིན་ནའང་། ང་ཚོ་མི་མང་པོ་ཞིག་གིས་བརྙན་ཡོལ་དེ་ལ་གས་ཆག་ཅུང་ཙམ་ཤོར་བ་ལའང་མི་བཟོད། བརྙན་ཡོལ་དེ་ལ་གས་ཆག་ཤོར་བ་ནི་སྲིན་པོ་དག་གིས་ང་ཚོའི་ཤ་ལ་གྲི་གཞོག་བྱས་ཏེ་ཟ་བའི་ཚད་དང་ཨ་ན་མ་ན་ཞིག་ཏུ་སེམས་ཀྱིན་ཡོད་པ་མིན་ནམ་སྙམ། ཉི་གཞོན་གྱིས་ས་སྒང་ལ་བྱབས་ཁྲུས་བྱེད་པའི་ཞོགས་པ་རེ་རེར། ཁོ་མོའི་ང་རང་རྨི་ལམ་གྱི་མནར་གཅོད་ལས་ཡང་ཡང་ཐར་བར་བྱེད་དེ། "ཀུན་བཟང་ད་འགྲོ་རན་སོང"ཞེས་པའི་ངག་འཇམ་གྱི་འབོད་པ་རེ་རེས། ཁོ་བོ་ཡང་བསྐྱར་འཚོ་བའི་གྲུ་ཁ་རེ་རེར་མུན་ནག་ལས་བཙོན་གྲོལ་ཐོབ་སྟེ། ཉི་འོད་ཀྱི་ཟེགས་མ་སྒུམ་པའི་ཁང་བྱེའུ་སྙིང་ལ་རྗེ་བོ་ཞིག་ཏུ་སྤྲུལ་བཅུག་པའི་གྲངས་ཀ་ནི་ལོན་ཚོད་མི་འདུག ཞོགས་པའི་ཉི་ཟེར་གྱི་འཛུམ་མདངས་འོག་ནས་ང་རང་ཁོ་མོ་དང་གྱེས་ཏེ་ཡུལ་དུ་ལོག་ཐེངས་རེ་རེ་ནི། དེ་དུས་ཀྱི་ང་ལ་མཚོན་ན་ཅི་ཡང་མ་ཡིན་ཏེ། ཧ་ཅང་རྒྱུན་ལྡན་གྱི་བྱ་བའི་འཁོར་འགྲོས་ཤིག་ལས་ཅི་ཡང་མ་ཡིན། ད་ཚོད་འདང་རེ་བརྒྱབ་ན། དེ་དུས་ནས་བར་ཆད་ཅེས་པའི་རས་ནག་པོའི་གདོང་ཁེབས་དཀྲིས་པའི་གདོན་འདྲེ་ཞིག་གིས། ང་དང་ཁོ་མོའི་བར་ཐག་སྤྲེལ་བྱེད་དེ་ལས་ཀྱི་ཐ་གུ་ཁྲ་ཁྲ་དེ་ལ་འབར་ཞུན་གྱིས་མེ་བགོ་གྱིན་འདུག་ལ། ཡང་ན། བཙའ་ཆགས་པའི་གྲི་ངན་ཞིག་གིས་ཡང་ཡང་གཅུད་གྱིན་འདུག དེ་དག་ནི་ངས་ངེད་གཉིས་ཀྱི་གྱེས་བྲལ་འདིའི་ཕྱོགས་ལ་འདང་རྒྱག་བྱས་པ་ཚད་ལས་བརྒལ་ཏེ། ང་རང་འཁྲུལ་སྣང་གི་འཇིག་རྟེན་ཞིག་ཏུ་འཁྱམས་ཏེ་རང་གི་རིག་པ་རང་ལ་མི་དབང་བའི་ཚ་འཁྲུལ་ཞིག་བྱུང་བ་མིན་པའི་ངེས་པའང་གཞི་ནས་མེད།
  བྱིས་སྒྲུང་ཁྲོད་ནས་ནར་སོན་པའི་ཁོ་བོ་ལ་མཚོན་ན་མཚར་སྡུག་ལྡན་ཞིང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་པའི་བརྗོད་པ་ཁ་ཤས་ཤར་ཤར་ཏུ་བཤད་རྒྱུ་ནི་ཧ་ཅང་སླ་མོ་ཞིག་ཡིན། དེ་དུས་ཀུན་གྱིས་ང་ལ"ཀུན་བཟང་ཁ་བདེ"ཞེས་འབོད་ཅིང་། ཁ་བ་སྒྲོལ་མའི་ལྷད་ཀྱིས་མ་གོས་པའི་བརྩེ་བ་དེའང་དྲང་མོར་བཤད་ན་ཁ་ལྕེ་ཅུང་ཟད་བདེ་བས་ཉེར་རྒྱུ་ཁོ་ན་ལས་ཐོབ་པ་ཡིན་པ་ནི་བསྙོན་ཏུ་མེད།ཁ་བ་ནི་བསྟུད་མར་འབབ་པའི་ཉིན་འདི་དག་ལ། ལན་རེར་བདག་གིས་ལྷས་དཀྱིལ་ཏུ་དྲང་མོར་འགྲེང་སྟེ། དེ་དུས་ལུག་རྫི་ཡིན་དུས་ཀྱི་ཚོར་བ་དེ་དག་ལན་གཅིག་མྱོང་ཐུབ་པའི་སྨོན་འདུན་བཅངས་པ་ཡིན། ཡིན་ནའང་། ལས་བསམ་སར་མི་འགྲོ་བསགས་སར་འགྲོ་བའི་འཁོར་བ་ཞེས་པའི་དུག་གི་མེ་ཏོག་གི་ཞལ་ཁེབས་དཀྲིས་པའི་སྐྱེད་ཚལ་འདི་ན། ལྟར་སྣང་ལ་བདེན་བདེན་ཅོག་ཅོག་གི་བསླུ་བྲིད་མང་ནའང་། དེ་དག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཕལ་བའི་འགྲོ་བ་དག་གི་སེམས་ཀྱི་གོང་བུར་ཡང་ཡང་ལྕགས་ཀྱི་ཞུན་མ་བླུགས་ཏེ་བསྲེག་པར་བྱེད་དོ།། ཁ་བ་འབབ་དུས་ཁོ་མོ་དྲན་ཡོང་བ་ནི་ངེད་གཉིས་ཀྱི་གཏམ་རྒྱུད་དེ་ཁ་བ་འབྲེལ་བ་ཡོད་པས་ཡིན་ནམ། ཡང་ན་བྱིས་དུས་ཀྱི་མཚར་སྣང་མང་པོ་ཞིག་ཁ་བ་དང་འབྲེལ་ཞིང་རྗེས་ཀྱི་སྙན་ངག་མང་པོ་ཞིག་ཀྱང་ཁ་བ་དང་འབྲེལ་ནས་ཡོད་པས་ཡིན། གང་ལྟར། ཁ་བ་འབབ་པའི་ཉིན་འདི་དག་ལ་ངས་གཞི་ནས་ཁོ་མོ་ནི་ངའི་འཇིག་རྟེན་འདིར་བཞད་པའི་རྒྱ་སེ་རྐང་གཅིག་ཡིན་པ་ཚོར། ཁ་བ་བུ་ཡུག་གི་བྱབས་ཁྲུས་ཀྱིས་ཁོར་ཡུག་ལ་དག་གཙང་སྩོལ་སའི་ས་མཐོ་རི་སྒང་གི་ཡུལ་གྲུ་འདི་ནས། ཁོ་མོ་ནི་སྙན་ངག་ཅིག་གི་སྨྲ་བསམ་བརྗོད་འདས་ཀྱི་ཟབ་སར་འཛུལ་ཞིང་བདག་གི་ཚོགས་དྲུག་གི་བྱེ་ཐང་ཆེན་པོར་བཞད་ཙམ་བཞད་ཙམ་བྱས་མྱོང་བའི་རྒྱ་སེ་རྐང་མེ་ཏོག་གཅིག་ཡིན་པ་གཞི་ནས་རྟོགས། རབ་རིབ་མག་མོག་གི་སྙན་ངག་ཅིག་ལྟ་བུའི་འཁོར་བ་འདིར། ངའི་རྟོག་ངོར་འཁྱུག་ཙམ་གྱིས་འཇའ་ལྟར་ཡལ་བའི་ཡིད་བརྙན་དེ་ནི་ཁོ་མོ་ཡིན་ངེས། འོན་ཏེ། ད་ནི་བདག་གིས་ཤིན་སྦྱངས་ཀྱི་ཚོར་བ་ཀུ་ཤུའི་རྩེ་མོ་ལྟ་བུ་ཞིག་གིས་རྡུལ་གྱིས་དཀྲུགས་པའི་གོ་ལ་འདིར་ཇི་ལྟར་བཙལ་ཀྱང་ངའི་ཡིད་བརྙན་འདང་ཆེན་དེ་རྙེད་ཐབས་དཀའ་འོ།།
  ཉིན་དེའི་ཉིན་གུང་། ཀུན་བཟང་གིས་རྨི་ལམ་ཞིག་རྨིས། དེའང་ཉིན་གུང་ཟ་མ་ཟོས་རྗེས་ཕྱིར་གཞུང་སྒྲུབ་ཁང་དུ་འཛུལ་ཞིང་། རྩིས་འཁོར་ཁ་འབྱེད་དེ་ཉིན་འདི་འགར་བསྒྲིགས་པའི《ང་རང་སྐྱིད་པོ་ཞིག་གཉིད་དུ་ཆུགས》ཞེས་པའི་སྒྲུང་དེ་ལ་ཡང་བསྐྱར་ཞིབ་ཚགས་སྒོས་ཞུ་དག་གཏོང་དུས། ཁོ་གློ་བུར་ཏུ་གཉིད་བྱུང་། སྤྱིར་བཏང་ཀུན་བཟང་ནི་དཀའ་སྤྱད་སྡུག་རུས་ཅན་གྱི་མི་བུ་ཞིག་ཡིན་པས་ཉིན་གུང་སྐྱིད་པོ་གཉིད་པའི་གོམས་སྲོལ་གཏན་ནས་ཆགས་ཡོད་པ་མིན་ནའང་། དེ་རིང་དངོས་གནས་སྐྱིད་པོ་ཞིག་གཉིད་པ་མ་ཟད། རྨི་ལམ་འང་སྐྱིད་པོ་ཞིག་རྨིས། རྨི་ལམ་ནི་གོང་གི་ཁ་བ་སྒྲོལ་མ་ཞེས་པའི་བུ་མོ་དེའི་སྐོར་རེད། དེ་དུས་ཀྱི་དུས་ཚུགས་ནི་དབྱར་གཞུང་ཞིག་ཡིན་པར་མ་ཟད། དོན་དངོས་སུ་བཤད་ན། ཀུན་བཟང་ནི་དེ་སྔ་འཇིག་རྟེན་འདིའི་སྟེང་བུ་མོ་སུ་ཞིག་གིས་ཀྱང་སེམས་ཀྱི་ཁ་དོག་བསྟན་མྱོང་མེད་པའི་སྙན་ངག་པ་ཁེར་འདུག་ཅིག་རེད།

                      ༢༠༡༥ལོའི་ཟླ༤པའི་ཚེས༡༨ཉིན།

                       *གྲོགས་ཞོགས་འོད་ལགས་ཀྱི་སྙན་ངག་ཅིག་གི་ཁ་བྱང་གཡར་བ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་དེའི་ཉིན་གུང་།

2015-08-14 གཡུ་རྔོག་ལུང་རྟོགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།