གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཆུང་གི་བརྩམས་སྒྲུང་གསར་བ། ལས་བསྐོས།

2015-11-18 14:10:30 གཡུ་ཆུང་། ཀློག་གྲངས། མཆན ཡོད།


   ལོ་ལྔའི་རྗེས་སུ། ང་དང་འབུམ་སྐྱིད་གཉིས་དེ་ལྟར་ཁོ་ཧྥེ་ཁང་དེའི་སྒོ་ཁར་ཕྲད། མོས་མཚར་ཉམས་དང་བཅས་ཁྱོད་ཡིན་ནམ། བདེ་མོ། དེང་སང་ཅི་བྱེད་ཀྱིན་ཡོད། དེ་སྔོན་ཁྱོད་ན་བཞིན་འདུག་ཟེར་བ་ཇི་འདྲ་རེད་ཟེར། དེ་དུས། ངའི་ལོ་ལྔའི་སྔོན་དུ་མོ་དང་ལྷན་དུ་ཡོད་སྐབས་ཀྱི་འཚུབ་ཆ་དང་དགའ་སྤྲོ། སྙིང་གི་འཕར་སྒྲ་སོགས་ཡོངས་སུ་ཡལ་ཡོད་ཅིང་། ལྷོད་ཆ་ཅན་གྱི་སྨན་པ་བགྲེས་པོ་ཞིག་ལྟར་མིག་ཤེལ་གདོང་བའི་སྟེང་ཡར་སྣུར་ཙམ་བྱས་རྗེས་མོ་ལ་རེ་རེ་བཞིན་ལན་བཏབ།
   ལོ་ལྔའི་སྔོན་གྱི་སྟོན་ཀ་དེའི་ཕྱི་དྲོར། ངེད་གཉིས་སློབ་རྭའི་རྐུབ་སྟེགས་ནར་མོ་དེའི་སྟེང་ཙོག་ནས་བསྡད། རླུང་ཤུར་མོ་རེ་ཨུ་ཚུགས་ཀྱིས་ཐོན་ཏེ་ངེད་གཉིས་གམ་གྱི་ལྕང་སྡོང་ཆེན་པོ་དེའི་ལོ་མ་གཏོར། ངས་ཏག་ཏག་ངེད་གཉིས་ཀྱི་སྔོན་དུ་ལྷུང་བའི་ལོ་མ་སེར་པོ་དེར་བལྟས་ནས་ཅུང་ཟད་བསྡད། རླུང་གི་ཤུ་སྒྲ་དང་སློབ་མ་ཚོའི་འུར་ཟིང་། ངའི་སྙིང་གི་འཕར་སྒྲ་སུ་གང་གིས་ཀྱང་ངེད་གཉིས་བར་གྱི་ལྷིང་འཇགས་བཅོམ་མ་ཐུབ། མཐར་ངས་མོ་ལ་བལྟས་ཏེ། "སྙིང་ཉེ། ངས་བསམ་བློ་བཏང་ཟིན། ཡོད་ཚད་ངའི་ནོར་འཁྲུལ་རེད། ངས་སེམས་ཁུར་དང་བློས་གཏོང་འདང་ངེས་ཤིག་བྱེད་མ་ཐུབ། ངས་རང་གི་མ་འདང་ས་དེ་རྟོགས་སོང་། ཁོ་བོའི་སེམས་གཏིང་ནས་ཁྱོད་ལ་ཇི་ཙམ་དགའ་བ་དང་ཇི་ཙམ་དུངས་པ་ནི་ཅི་གང་གིས་ཀྱང་གཞལ་ཐབས་མེད། གལ་ཏེ་སྲོག་འགྲོ་ས་ཞིག་ཡོད་ན་ཁྱོད་ཀྱི་ཆེད་དུ་ང་ཏན་ཏན་འགྲོ་ཐུབ། ད་འདི་ལྟར་སོ་སོར་མི་འདུག་རྒྱུ་བྱེད། འདི་ལས་ཐུ་བའི་སེམས་གཙེ་ཐབས་ཤིག་མི་འདུག "ཞེས་ཤར་མར་བཤད།
   ང་ནི་ཞེ་རུ་ཤར་བ་ཆ་ཚང་ཁ་རུ་འདོན་མི་ཤེས་པའི་རིགས་དེ་ཡིན་པས་མི་ཚད་མི་ཅུང་འཚུབ་པོའི་རིགས་དེ་ཡིན། ལན་རེར་བརྗོད་འདོད་ཀྱི་ཐ་སྙད་ཡིད་ལ་མི་འཆར་ཅིང་། ལན་རེར་གཏམ་གནད་མོ་དག་བརྗེད་ནས་ཕལ་བ་རྐྱང་རྐྱང་གིས་རང་གཞན་གཉིས་ཀའི་དུས་ཚོད་བརླག་འགྲོ་ལ། ལན་རེར་དོན་དག་ཅིག་སྔ་མ་མ་བུད་གོང་ལ་རང་གིས་ཡིན་ཤག་ཤག་གིས་ཞེ་ཐག་བཅད་འགྲོ གནས་ཚུལ་རིགས་འདི་གསུམ་ལས་གང་རུང་ཞིག་བྱུང་རྗེས། ངས་ཡུན་རིང་བོར་རང་ཉིད་ལ་ལེ་བདའ་བྱེད་སྲིད། འོན་ཏེ། སྐབས་སྐབས་སུ་ཆ་ཚང་ཤར་མར་བཤད་ཐུབ་ཀྱི་ཡོད། ཐེངས་དེར་ངས་བག་ལྷོད་པོས་ཞེ་འདོད་བཤད་ཐུབ་པར་གྱུར་བས། ལུས་སེམས་ལྷོད་ཡངས་སུ་གྱུར་ཅིང་ཤག་རོགས་གཉིས་ཀྱིས་བསླབས་པའི“དགའ་རོགས་ཕྱིར་འགུག་གི་མདོ”དེ་དག་ཡུན་གྱིས་བསྙད་སྙམ་ཞོར་མགོ་བོ་ཕར་ཕྱོགས་སུ་འཁོར་འདུག་པའི་མོ་ལ་བལྟས་བསྡད།
   རླུང་བུ་ཕྲ་མོས་མོའི་རྣ་རྒྱབ་དུ་དེད་འདུག་པའི་སྐྲ་སྣེ་འཁྱུག་ཙམ་འཁྱུག་ཙམ་སྒུལ། ཆེ་ཆུང་རན་པའི་རྣ་ཅོག་དེར་ངས་ཐེངས་མང་པོ་མང་པོར་འོ་བྱས་མྱོང་།
   “ངས་ཁྱོད་གཞན་ལ་བསྡུར་མྱོང་མེད།” ཅུང་ཙམ་གྱི་རྗེས་སུ་མོས་ལྷོད་ཤིག་གེར་དེ་ལྟར་ཟེར། དེ་ནི་ཅིའང་བཏང་ཟིན་པ་དང་། ཅིའང་མི་སྙམ་པ་དང་། རེ་ལྟོས་དང་ཡིད་ཆེས། ཞེ་འདོད་ཆ་ཚང་ཆུ་ཡི་ཐིགས་པ་ལྟར་སྐམ་ནས་མཁའ་དབུགས་སུ་དེངས་རྗེས་ཀྱི་ཉམས་ལྷོད་ལ་སྐྱོ་བ། གྲོལ་ལ་ལྕི་བ་དེའི་རིགས་རེད། དེས་ང་ཡང་དབྱིངས་ཆེན་པོ་དེར་བསྡུས་ནས་ལུས་ཡོངས་ལྗིད་ཏིག་གེར་བཏང་།
   “ཁྱོད་ངའི་མི་ཚེའི་འདུན་མ་བཅོལ་ས་དེ་ཡིན་བསམ་ཡོད། ཡིན་ནའང་། ད་ནི་ངས་དེ་ལྟར་བསམ་ཐུབ་ཀྱི་མི་འདུག ང་ལ་རོགས་པ་དང་སེམས་གསོ། བདག་སྐྱོང་ཆེས་མཁོ་བའི་སྐབས་སུ། ཁྱོད་ནམ་ཡང་མི་འདུག འོན་ཀྱང་་་ འོན་ཀྱང་། མི་གཅིག་གིས་ནམ་ཡང་དུས་ཚོད་རན་པོའི་ནང་ལ་ང་ལ་སེམས་ཁུར་དང་རོགས་པ། བདག་སྐྱོང་ཅི་ཐུབ་ཐུབ་བྱེད། ཁོ་ངའི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་ཡིན། ཁོས་ལོ་ལྔའི་རིང་ལ་དེ་ལྟར་བྱེད། འོན་ཀྱང་ངས་ཁོ་ཤ་ཉེ་ཞིག་གི་ཚད་དུ་མ་གཏོགས་འཇོག་མྱོང་མེད། འུ་གཉིས་འགྲོགས་པ་ནས་བཟུང་། ངས་ཁོ་ལ་ཁ་ཡ་ཡག་པོ་ཞིག་ཀྱང་བྱས་མྱོང་མེད། ཡིན་ནའང་། ཁོའི་ང་ལ་སེམས་ཁུར་འཆད་མ་མྱོང་། ནམ་མཁོ་དུས་ཏན་ཏན་དེར་འདུག ”
   ངའི་སེམས་པ་ནི་ལག་རས་སྐམ་པོ་ཞིག་གི་སྟེང་ལ་ཆུ་བླུགས་པ་བཞིན་བརླན་ཞིང་ལྗིད་ཏིག་གེར་བཏང་།
  “ཀརྨ། ད་ནི་ང་འདི་ལྟར་འགྲོ་འདོད་མི་འདུག ད་འུ་གཉིས་མི་འགྲོགས་རྒྱུ་བྱེད། ” ཟེར།
   རླུང་བུ་ཤུར་མོ་ཞིག་ལྡང་ནས་མདུན་གྱི་སྡོང་ལོ་སེར་པོ་དེ་ཁུར་སོང་། གལ་ཏེ། མོ་ངའི་གདོང་ལ་ཕྱོགས་ནས་དེ་སྐད་བཤད་པ་ཡིན་ན། ངས་རང་གི་ཁུག་མར་བཅུག་ཡོད་པའི་ལག་པ་ལྕི་མོ་དེ་བླངས་ནས་མོའི་ཁ་བསུམ་ངེས་སྲིད་མོད། མོའི་གདོང་ཕར་ལ་ཕྱོགས་ནས་དེ་སྐད་བཤད་པ་རེད། མོས་དེ་སྐད་བཤད་རྗེས་ཅི་ཡང་མི་བཤད་པར་ཕར་འཁོར་ནས་བུད་སོང་། མོའི་ཚིག་ཐག་ཆོད་པོའི་ཉམས་དེས་ངའི་རེ་ཐག་ནི་སྐུད་པ་བཅད་པ་ལྟར་ཏག་སེ་ཆད་པས། རྒྱང་དུ་འགྲོ་བཞིན་པའི་མོའི་རྒྱབ་གཟུགས་ལ་བལྟས་བསྡད་པ་ཡིན། ང་ལ་རང་གི་བྲང་ཁོག་གི་སྙིང་ལ་རྐ་ལག་ཐོགས་ནས་ངའི་ལུས་པོ་དང་བྲལ་བའི་ཉམས་སྣང་ཤར་བྱུང་།
   དེ་ལྟར། རླུང་བུས་ནི་འཁུར་མི་དགོས་པའི་ལོ་མ་སེར་པོ་དེ་ཁུར་ནས་འཁུར་དགོས་པའི་གཏམ་རྩུབ་མོ་དེ་མ་ཁུར་བར་ང་ལ་བསྐྱུར་བ་རེད། དེ་བས་མཐར་ངས་ཁབ་ལས་ཀྱང་རྣོ་བའི་གཏམ་དེ་ཁུར་ནས་འགྲོ་དགོས་པར་གྱུར།
   བྱིན་པ་ནི་རྣོ་བླུགས་པ་ལྟར་ལྕི། འཇིག་རྟེན་རིལ་མོ་ངས་ཁུར་ནས་འགྲོ་བཞིན་པ་ལྟར་སྣང་།
   ངེད་གཉིས་རོགས་འཐོར་བྱས་རྗེས་ངས་སྐད་འཕྲིན་དང་པོད་ཕྲན་སོགས་སྨྱན་ལམ་ཆ་ཚང་ནས་ཁོ་མོ་མི་མཐོང་བར་བྱས། ཁ་པར་ནང་གི་ཁོ་མོའི་པར་དང་བརྙན་རེ་རེ་བཞིན་བསུབས། ཁོ་མོས་ཉོས་པའི་ནཱའི་ཁེའི་སྟོད་ལྭ་མཐུག་པོ་དེ་རྐང་དོར་གསར་པ་ཞིག་དང་མཉམ་དུ་རྫ་སེར་ཤུལ་དུ་ཡོད་པའི་གྲོགས་པོར་བསྐུར། དྲན་པ་མང་པོ་འཐིམ་ཡོད་པའི་མལ་གདན་དང་མལ་ཐུལ་གྱི་ཤུབས་ཀྱང་བརྗེས། མཐར་ཁོ་མོས་ངའི་སྐྱེས་སྐར་གྱི་ལེགས་སྐྱེས་སུ་ཉོས་པའི་ལག་འདོགས་ཆུ་ཚོད་གཅིག་པུ་དེ་དྲན་རྟེན་ཙམ་གྱི་ཚུལ་དུ་སྒམ་གྱི་མཐིལ་དུ་བརྫངས།
   ཕྱིས་སུ་ངས་སྟེས་དབང་གིས་ཁོ་མོས་ཟེར་བའི་མཐོང་འབྲིང་སྐབས་ཀྱི་སློབ་གྲོགས་དེའི་པར་མཐོང་། ཁོ་ནི་ཆེས་སྤྱིར་བཏང་བ་ཞིག་འདུག་ཏེ། སྤྱིར་བཏང་བའི་ཚད་དེ་ངའི་བསམ་ཡུལ་ལས་འདས། དེ་ནི་མི་ཚོགས་ནང་འགྲོ་བཞིན་པའི་རི་མོ་བ་བཱན་གོ(Van Gogh)ལས་ཀྱང་ཕལ་བར་འདུག འོན་ཏེ། ལས་དབང་ཟེར་བའི་སྐུད་པ་གཟུགས་མེད་དེས། ཁོ་གཉིས་དེ་ལྟར་སྦྲེལ་བ་རེད། ངས“དམྱལ་བ”ཞེས་ཁ་ནས་ཤོར་བ་དང་སྙམ་མེད་དུ་མདུན་གྱི་སྒྲོག་ཙེའི་སྟེང་ཁུ་ཚུར་གྱིས་གཅིག་གཞུས། དེ་ལྟར་ང་རང་ཚོར་ཤེས་ཁོ་ནའི་དབང་དུ་སོང་ནས་སླར་ཡང་ལག་གཡས་པ་མཐོན་པོར་བཀྱགས་ནས་ཁོའི་པར་དེའི་སྟེང་ལ་གཞུ་རྩིས་བྱེད་སྐབས། གློ་བུར་དུ་ཞེ་རྩ་ལྷོད་པོར་གྱུར། བཟློག་ཐབས་ཅི་ཞིག་ཡོད་ཨང་། ངས་དེ་ལྟར་བསམ་ཞོར་ལག་པ་མར་ལྷོད་པ་དང་། འདྲ་པར་སྟེང་གི་ཁོའི་གདོང་ལ་བལྟས་ཏེ། རོགས་གཅེས། མོ་ལ་ཡག་པོ་གྱིས་ཨཱ། ཞེས་སེམས་ནང་དུ་བཤད་པ་ཡིན།
   ལོ་གསུམ་ལ་ལུས་སེམས་འདྲེས་མྱོང་བའི་མི་ཞིག་བརྗེད་རྒྱུ་ལས་སླ་མོ་ག་ལ་ཡིན། དེ་བརྗེད་པར་ཐོག་མར་ངས་དུས་ཚོད་ཅུང་ཟད་འགོར་བས་ཆོག་སྙམ་མོད། ཉིན་དང་མཚན་གྱི་རྨི་ལམ་དུའང་ཡང་ཡང་འཁོར་བས། ལོ་གཅིག་གི་རྗེས་སུ་གསར་འགྲོག་ཤིག་མི་བཙལ་རང་བཙལ་ཆགས།
   དེ་བས་ཡུན་གྱིས་ཁོ་མོ་ངའི་དྲན་པའི་ཁྲོད་རབ་རིབ་རབ་རིབ་དུ་གྱུར་དེ་མཐར་བརྗེད་པར་གྱུར།
   འཆི་བ་ཞེས་པའི་རླབས་པོ་ཆེ་དེའི་ཕན་ཆད་ནས། མི་སྒེར་བ་ཞིག་ལ་མཚོན་ན་དེ་ལྟར་ཤོག་དཀར་སྟེང་གི་ཞྭ་སྙུག་གི་རྗེས་བསུབ་པ་ལྟར་མི་ཞིག་ལ་བཅངས་པའི་བརྩེ་དུངས་ཆ་ཚང་རྨེག་མེད་དུ་བསུབས་ནས་མི་གཞན་ཞིག་ལ་ཡོངས་སུ་བསྟིམས་པ་འདི་བས་བརྗིད་པའི་ཆོ་ག་ཞིག་མེད་པར་སྣང་།
   ཕྱིས་སུ་ང་རང་མོའི་གྲོགས་མོ་ཞིག་དང་མཉམ་དུStellaཟེར་བའི་ཆང་ཁང་ཞིག་ཏུ་ཆང་འཐུང་སྐབས་ཤིག་ལ། མོས་བཱིས་སྀ་ཀི་ཁམས་སེར་དེ་ཆང་ཕོར་ནང་ལྟེམ་ཙམ་བྱས་རྗེས། “ཁྱོད་ཀྱིས་གོ་སྐབས་གཅིག་སྟེར་རོགས་ཞེས་མོ་ལ་རེ་བ་མི་བཤད་དོན་ག་རེ་ཡིན།”ཟེར། ངས་འབོལ་ཁྲི་དེར་རྒྱབ་བསྙེས་ཤིང་ཕྱེད་ཙམ་བཏུང་ཟིན་པའི་སྦི་རག་གི་ཤེལ་དམ་དེ་ལག་གཡས་པས་བཟུང་བ་དང་། མིག་གཡོན་པ་བཙུམ་ནས་མིག་གཡས་པས་ཤེལ་དམ་དེའི་སྐེ་བརྒྱུད་ནས་མོ་ལ་བལྟས་བསྡད་པ་ཡིན། མོས་མུ་མཐུད་དུ“མོས་ཐེངས་ཤིག་དེ་ལྟར་ཁྱོད་ལ་ལེ་གདའ་བྱེད་ཀྱིན་འདུག གལ་ཏེ། སྐབས་དེར་ཁྱོད་མིག་ཆུ་ཤམ་ཤམ་བཞུར་གྱིན་པའི་མོའི་རྗེས་སུ་ཕྱིན་ནས་གོ་སྐབས་གཅིག་སྟེར་རོགས་ཞེས་བཤད་ཡོད་ན། ཁྱོད་གཉིས་མཉམ་དུ་བསྡད་ཡོད་པ་ཁོ་ཐག་ཡིན། ཁྱོད་འདི་བླུན་པ་ལ། བུ་མོ་ཚོ་བྲོལ་མོར་སོང་ཚེ་རྗེས་སུ་རྒྱུག་དགོས་པའང་ཤེས་ཀྱི་མི་འདུག”ཟེར།
   ལས་དབང་ནི་གར་འགྲོ་མི་ངེས་པའི་མིག་མེད་པའི་གྲོག་མ་ཞིག་དང་འདྲ།
   ཁོ་མོས་ང་ལ“མཉམ་དུ་ཁོ་ཧྥེ་ཞིག་འཐུང་ངམ། ཆུ་ཚོད་བཅུ་གཉིས་བར་དུ་ང་ཁོམ་ནས་བསྡད་ཡོད”ཟེར། མིག་མདངས་ལ་བུ་མོ་ཚོ་ལོ་གཞོན་དུས་ཁོ་ནར་ཡོད་པའི་ཆུ་ངོས་སུ་ཉི་འོད་ཀྱི་ཟེར་མ་འཐོར་བ་ལྟ་བུའི་འོག་ཞགས་དེ་ད་དུང་འཁྱིལ་འདུག
   ངས་སྔོན་ཆད་འོད་ཞགས་དེ་ཁོ་ནའི་ཆེད་དུ་སྙན་ངག་མང་པོ་འབྲི་མྱོང་། དེ་དུས་སློབ་སྦྱོང་ཕན་ཆོད་ནས་ཁོ་མོ་ལ་ཡི་གེ་སྐུར་རྒྱུ་དང་ཁོ་མོར་དུས་འདེབས་རྒྱུ་ནི་ངའི་ལས་ཀ་གཙོ་བོ་ཞིག་ཡིན། དེ་བས་ཁོ་མོ་ཡུན་གྱིས་ངའི་ཉིན་ཐོ་དང་སྙན་ངག་ཏུ་འཛུལ།
   ངས་དུས་ཚོད་ལ་ལྟ་ཙམ་བྱས་དུས། ཏག་ཏག་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀར་ཐོན་འདུག ངའི་སེམས་ནི་ཉིས་འགལ་ལྟ་བུར་གྱུར་ཏེ། ཕྱོགས་གཅིག་ནས་ངས་ཚོད་ཚོད་ལ་མོའི་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་ཅིག་བྱུང་བ་དང་། ཕྱོགས་གཅིག་ནས་ཆག་གྲུམ་བྱུང་བའི་བརྩེ་དུངས་དེའི་སིལ་མ་དེ་དག་སླར་ཡང་ཡིད་ལ་འཁོར་དུ་འཇུག་མ་འདོད། མཐར་ངས“རྗེས་མར་འཐུང་ལ་ཁ་བརྡ་བྱེད། ང་ཅུང་ཟད་ཁོམ་གྱི་མི་འདུག རྗེས་ནས་ལྷོད་ལྷོད་ངང་ཁ་བརྡ་བྱེད།”ཞེས་བཤད་པ་ཡིན།
   གལ་ཏེ། མོའི་གྲོགས་མོ་དེས་ཟེར་བ་བཞིན་སྐབས་དེར་ང་མོའི་རྗེས་སུ་བརྒྱུགས་ཏེ་ལག་མགོ་ནས་བཟུང་ཡོད་ན་ངའི་འཚོ་བ་ཇི་འདྲ་ཞིག་ཡིན་ཨང་། ངས་ཕྱིར་དྲན་བྱེད་ཞོར་མདུན་ཕྱོགས་སུ་སོང་། སྔོན་གྱི་རླངས་འཁོར་དེས་བརྡ་གཏོང་རག་བར་དུ་ངས་ང་རང་སྲང་མདོ་དེར་ཐོན་པའང་མ་ཤེས། ནམ་རྒྱུན་སྣ་ལམ་དུ་འཐུལ་འོངས་པའི་ལམ་འགྲམ་གྱི་ཡུ་གུར་ཟ་ཁང་གི་ལུག་ཤ་བསྲེགས་པའི་དྲི་མ་དེ་ཡང་ཚོར་མ་བྱུང་།
   སྲང་མདོའི་གཡས་ཕྱོགས་ཀྱི་རྒྱ་ལམ་ཕར་ཀ་ནས་བྱམས་མ་བྱིས་གཉོར་ཁང་གི་སྒོ་ཆེན་མཐོང་འོངས་ལ། ངས་གཡས་གཡོན་གྱི་རླངས་འཁོར་ལ་ཕར་ལྟ་ཚུར་ལྟ་བྱེད་ཞོར་ལམ་གྱི་ཕར་ཕྱོགས་སུ་བུད་པ་དང་། བྱིས་གཉོར་ཁང་གི་རྭ་སྐོར་ནང་དུ་ལྟ་ཞོར་མི་མང་འདུས་འདུག་པའི་སྒོ་ཆེན་གཟས་ཏེ་སོང་།
   “ཨ་ཕ!”རྭ་སྐོར་ནང་རོལ་ནས་བྱིས་པ་ཞིག་གི་སྐད་གྲགས་སོང་། ངས་གོ་མ་ཐག་བུ་འགྲོ་ཕན་སྦྱིན་པ་ཡིན་པ་ཤེས། འགྲོ་ཕན་སྦྱིན་པ་ཞེས་པའི་མིང་འདི་ནི་སྔོན་ཆད་འབུམ་སྐྱིད་ཀྱིས་འུ་གཉིས་ལ་བུ་ཞིག་བྱུང་ན་མིང་ལ་འགྲོ་ཕན་སྦྱིན་པ་འདོགས་ཟེར་མྱོང་བས་ངས་དེ་ལྟར་བཏགས་པ་ཡིན། ངས་ཁོའི་ཕྱོགས་སུ་བལྟས་དུས་ཁོ་ཤུད་སྟེགས་དམའ་མོ་དེ་ལས་མར་ཤུད་སོང་ལ། མགོའི་རལ་བ་ཆུང་ངུ་དེ་འཕྱོ་ཙམ་བྱས་སོང་། “ཨ་ཨ་་་ཡང་མགོའི་ཞྭ་བོར་འདུག!”ངས་དེ་ལྟར་སྙམ་ཞོར་བྱིས་གཉོར་ཁང་གི་སྒོ་ཆེན་ཁར་ཐོན་དུས་ཆུང་མས་ང་ལ་ཁ་པར་སླེབས་བྱུང་།
   ང་ནི་ལས་དབང་ཟེར་བ་དེ་ཞེ་ནས་ཁས་མི་ལེན་མཁན་ཞིག་ཡིན། འོན་ཀྱང་སྐབས་རེར་དེས་མ་ཡི་མངལ་དུ་མ་འཁོར་གོང་ནས་ང་ཚོའི་མི་ཚེ་བཀོད་སྒྲིག་བྱས་ཚར་ཡོད་པའི་ཉམས་སྣང་ཡང་སྐྱེ། སྐབས་དེར་ངས་ཁ་པར་ལེན་ཞོར་མིག་གིས་གནམ་ལྡིང་ས་ལྡིང་གིས་ངའི་སར་ཐོན་པའི་བུ་ཆུང་ལ་བལྟས་པ་དང་སེམས་སུ་ལས་དབང་ཟེར་བའི་འཁྲབ་ཁྲིད་པ་དེས་དངོས་གནས་ཡོད་ཚད་བཀོད་སྒྲིག་བྱས་ཚར་འདུག་སྙམ་བྱུང་།

                                                                                          ༢༠༡༥། ༡༡། ༡༧ཉིན་གྱི་སྲོད་ལ།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།