གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་སྒུག

2016-01-08 18:31:32 བོན་སྐོར་དོན་གྲུབ་ཚེ་རིང་། ཀློག་གྲངས། མཆན ཡོད།

1452253745134211.jpg

                       དང་པོ།

  “མི་འགྱང་བར་ཆུ་འདྲུད་པ་བྱེ་མའི་ཐང་ལམ་ནས་མངོན་སྲིད།”ལྷ་མོས་སྐྱ་ཧྲུལ་དུ་གྱུར་པའི་གདོང་དུ་སྐྱོ་གདུང་འདྲིས་པའི་ལྐོག་གྱུར་གྱི་ཉམས་ཤིག་དྲུད་ནས་དེ་ལྟར་བསྙད།
  ཆུ་འདྲུད་པ་ནི་སྟོད་ཕྱོགས་རྨ་ལུང་སྡེ་བའི་ཆུ་སྒོ་རུ་སོང་ནས་ཆུ་འདྲུད་མཁན་གྱི་རྟ་ལམ་ཐང་གི་སྐྱེས་པ་ཚོར་ཟེར་ཞིང་།མ་མཐའ་ཡང་རྟ་ལམ་ཐང་ལ་མག་པར་ཡོང་བའི་སྐྱེས་པ་ཚོ་ལ་དེ་ལྟར་འབོད།
  “དེ་རིང་ཆུ་འདྲུད་པས་བྱེ་མའི་ཐང་ལམ་ནས་དཀའ་ལས་མྱོང་མི་དགོས་པའི་སྨོན་ལམ།”ཚེ་སྐྱིད་ཀྱིས་དར་ལྕོག་ཉག་གའི་གཡོན་གྱི་དེའུ་འབུར་དེའི་སྒང་ནས་དེ་ལྟར་བཤད་མུར།“ཁོ་ཚོ་ད་དུང་ཕྱིར་སླེབས་མི་སྲིད།”ཟེར་ཞོར་ཐག་རིང་གི་བྱེ་མའི་ཐང་ལམ་དུ་བལྟས་ཙམ་བྱས་ཤིང་།མིག་ཁར་ཤོམ་འོངས་པའི་སྐྲ་དཀར་གྱི་ཉག་མ་དག་གཉེར་མ་བབས་པའི་གཡས་ལག་གིས་མགོ་དཀྲིས་གློ་ཁྲ་དེའི་འོག་ཏུ་ཕྱིར་འཇུག་ཞོར་བྱེ་རླུང་དྲག་ཏུ་འཚུབ་པའི་རི་རྒྱུད་ཀྱི་ཉག་ག་དག་ལ་ཡང་ཡང་ཅེར། ཕྱོགས་ངེས་མེད་ནས་ལྡང་འོང་བའི་འཐོར་རླུང་བཙན་པོ་དེས་བྱེ་མའི་ཟེགས་མ་དག་སྟོང་དབྱིངས་སུ་སྤུར་ཅིང་།དེ་ནས་སླར་ཡང་ས་ཆེན་གདུང་བས་མནར་ཤུལ་ལྟ་བུའི་ས་རྐོ་དག་ལ་སྤུངས་ཤིང་།སུ་ཞིག་གི་སྐྱོ་སྡུག་གི་སྐྲ་ལོ་ལྟ་བུའི་རྩྭ་གསེབ་དག་དུ་བླུགས། ཁོ་མོའི་མི་ཚེའི་བརྒྱུད་རིམ་ལྟ་བུའི་ལམ་ཕྲན་དེའི་སྟེང་དུ་སྤུངས་པས། ཆུ་འདྲུད་པའི་རྐང་རྗེས་ཀྱང་བྱེ་ཕུང་གིས་འཇིག་གིན་འདུག་པ་ལྟར་སྣང་བྱུང་།
  “ཨ་མ། ཁྱོད་རྒས་སོང་བས་མིག་གིས་མ་མཐོང་བ་རེད།ཆུ་འདྲུད་པས་ཆུ་དྲུད་ནས་བྱེ་མའི་ཐང་ལམ་དུ་ཡོང་གིན་འདུག”མོས་བུ་མོས་བསྟན་པའི་ཕྱོགས་དེར་ཡང་ཡང་བལྟས་ཀྱང་།རབ་རིབ་མག་མོག་ཅིག་ལས་ཅི་ཡང་མ་སྣང་བས། རེ་ཐག་ཆད་པའི་མིག་ཟུང་བཙུམ་ནས་ཁ་མུར་མུར་གྱིས་མ་ཎི་བཟློས་ཤིང་།ཁྱོ་ག་རྡོ་རྗེས་ལྷ་སའི་བར་སྐོར་ནས་མོར་ཉོས་པའི་མ་ཎི་ལག་འཁོར་དེ་བསྐོར་ནས་བསྡད།
  ས་མཐོའི་རྔམ་བརྗིད་མནན་པའི་ཆུ་འདྲུད་པས་བྱེ་མའི་ཐང་ལམ་བརྟོལ་ནས་དར་ལྕོག་ཉག་གར་སླེབས་བྱུང་།“རྡོ་རྗེ་གང་དུ་སླེབས་འདུག”ཨ་མ་ཚེ་སྐྱིད་ཀྱིས་འཚེར་སྣང་རུམ་པའི་མིག་ཟུང་ཆེས་ཆེར་ཕྱེས་ནས་ཆུ་འདྲུད་པར་དེ་ལྟར་དྲིས།“བྱེ་ལམ་གོང་མར་སླེབས་འདུག ཁོ་ཕལ་ཆེར་སྒང་རྒན་ཉག་ལམ་བརྒྱུད་ནས་འགྲོ་རྒྱུ་ཡིན་པ་འདྲ།”ཆུ་འདྲུད་པས་ས་རྡུལ་ཆགས་པའི་གདོང་ལ་གསང་བ་རུམ་པའི་མདངས་ཤིག་ཕྱུང་ནས་མོར་དེ་ལྟར་བཤད་རྗེས་ཤུར་སེར་བུད་སོང་།“འོ་ན།ཁོས་ཆུ་འགོ་་་་”ཚེ་སྐྱིད་ལ་དེ་ལྟར་ཟེར་རྒྱུས་ཕོངས་ནས་ལྷག་སོང་།“ཨ་མ།ཨ་ཕས་སྒང་རྒན་ཉག་གའི་ཉེ་ལམ་དེད་ནས་བུད་ཐལ། ད་ལྟ་ངེད་གཉིས་ཀྱང་ཕྱིར་ཡུལ་དུ་ལྡོག་རན།”ཆུ་འདྲུད་པ་ཕྱིན་ནས་ཡུད་ཙམ་ཕྱིན་རྗེས།ལྷ་མོས་ནག་རོག་རོག་གི་གདོང་པར་འགྱོད་སྣང་ཞིག་བསྣམས་ནས་དེ་ལྟར་བསྙད།“མིན། ཁོས་ཆུ་དྲུད་དེ་ལམ་འདི་བརྒྱུད་དགོས།ས་མཐོ་ས་འདི་རུ་དར་ལྕོག་དང་བསང་ཁྲིའང་ཡོད་པས། སང་ཉིན་ཁོས་ཆུ་འགོ་ལོན་པར་གཞི་བདག་གིས་ཀྱང་གདུང་གྲོགས་མཛད་ཟེར་ནས་ཁོས་ང་ལ་དངོས་སུ་བཤད་མྱོང་།”མོའི་གཉེར་རིས་བབས་པའི་གདོང་ལ་ནུབ་ཁའི་ཕྱོགས་ནས་སྤྲོས་པའི་ཉི་འོད་ལྷག་མ་ཞིག་འཕྲོས་འདུག
  “ཨ་ཕས་སྒང་རྒན་ཉག་གའི་ཉེ་ལམ་དེད་པས་མགྱོགས་པོར་ཡུལ་དུ་སླེབས་སྲིད།”ལྷ་མོས་སྐྱ་ཤུར་ཤུར་གྱི་བྱེ་མའི་ཐང་ལམ་དུ་ཅེར་ནས་དེ་ལྟར་བཤད་ཅིང་། “བསྐལ་བས་གཙེས་ནས་དྲན་པའང་ཉམས་པས་དེ་བརྗེད་འདུག   ཡུལ་དུ་མེད་བསད་དེ་ཐལ་བསྒྲུངས་ནས་བཞག་ཡོད།རྡོ་རྗེ་གྲང་ཡོད་ངེས།ཁོ་ལ་ཇ་ལྡུག་དགོས།མགྱོགས་པོར་འགྲོ།”ཟེར་ནས་ལག་གཡས་ས་ལ་ཁེན་ཞིང་འཕོངས་ཚོས་གནམ་ལ་རྩེངས་ཏེ་མ་ཎི་ལག་སྐོར་དང་ཕྲེང་བ་ས་ངོས་སུ་བརྟེན་ནས་ཨ་མ་ཚེ་སྐྱིད་ཡར་ལངས་བྱུང་།                ནུབ་ཁའི་ཉི་ཟེར་ཕྲ་མོ་དེས་རི་ཆེན་རི་ཆུང་དག་གི་རྟིང་བར་གྲིབ་གཟུགས་ཀྱི་འཇིག་རྟེན་ཞིག་བསྐྲུན་འདུག་ཅིང་།གྲིབ་གཟུགས་དང་ཉི་ཟེར་གྱི་འདྲེས་མཚམས་ནས་ཚེ་སྐྱིད་མ་བུ་གཉི་ཀ་ཕྱིར་ཡུལ་ལ་ལྡོག་པའི་ལམ་དུ་ཞུགས་སོང་།

                                       
                       གཉིས་པ།

  “ཨ་མ། ཁྱེད་ཀྱི་མིག་ལ་བྱེ་མ་ཁེགས་པ་ཨེ་རེད། ཁྱེད་ཀྱི་མིག་མཐའ་རུ་མཆི་མ་འཛུམ་འདུག”ལྷ་སྒྲོན་གྱིས་གཏིང་རིང་བའི་དངན་པ་ཞིག་དང་ལྷན་དུ་དེ་ལྟར་བཤད་ཅིང་།“བྱེ་མ་འདིས་མི་ཚང་མའི་མིག་འཕུད་ལ་ཁད་བྱེད།ཆུ་འདྲུད་པའི་མིག་ལ་ལྷག་ཏུ་མང་པོ་ཁེགས་ཡོད་ངེས།”ཚེ་སྐྱིད་ཀྱིས་རང་གི་བུ་མོ་ལྷ་སྒྲོན་ལ་དེ་ལྟར་བསྙད།“ངའི་ཨ་ཕའི་མིག་ལའང་་་་་་་”ལྷ་སྒྲོན་གྱིས་མུ་མཐུད་ནས་བཤད་མ་ཕོད།ཐག་རིང་གི་བྱེ་མའི་ཐང་ལམ་དུ་རླུང་འཚུབ་གོར་མོ་རེ་མཁའ་ལ་འཕྱུར་བས།ལྷ་སྒྲོན་གྱི་སེམས་སུ་རང་དབང་མེད་པར་སྐྱོ་སྣང་ཞིག་ལྡང་བྱུང་ལ།ལག་མགོར་གོན་པའི་དངུལ་གདུབ་དེ་ཕུར་ཙམ་བྱས་རྗེས།མགོ་བོ་ཡར་ལ་བཏེགས་ཏེ་ཆེ་རྒྱུ་ཆུང་རྒྱུ་མེད་པའི་མིག་ཟུང་གིས་བྱེ་མའི་ཐང་ལམ་དུ་བལྟས་ནས་“ས་ཆ་འདི་རུ་འདི་འདྲའི་བྱེ་མ་མོད་པོ་ཞིག་ཅིའི་ཕྱིར་ཡོད་དགོས་ཨང་།ལས་དབང་རེད་ཡ།རྨ་ལུང་སྡེ་བའང་ས་ཆ་འདི་དང་རྒྱུན་གཅིག་མོད།བྱེ་མ་ཟེར་བ་བཙལ་ཀྱང་མི་རྙེད”ལྷ་སྒྲོན་གྱིས་ལེ་བདའ་བྱས་བྱུང་།ཚེ་སྐྱིད་ཀྱིས་རྨ་ལུང་སྡེ་བ་ཐོས་དུས།རང་དབང་མེད་པར་སྙིང་ལ་ཟུག་གཟེར་ལྡང་མོད།དར་ལྕོག་ཉག་གའི་གཞི་བདག་གིས་རྡོ་རྗེ་ལ་གདུང་གྲོགས་མཛད་ཀྱི་ཡོད་པས་འདི་ནས་གཞན་ལ་སྐད་ངན་བསྒྲགས་མི་རུང་སྙམ།
  “ཨ་མ། མདང་ནུབ་རྨི་ལམ་ཅི་ཞིག་རྨིས་སོང་།”ལྷ་སྒྲོན་གྱིས་ལོ་འགའི་ཡར་སྔོན་ཞིག་ལའང་ཚེ་སྐྱིད་ལ་དེ་ལྟར་དྲིས་མྱོང་།
  “ཁྱོད་ཀྱི་ཨ་ཕས་ཆུ་འདྲུད་ཀྱིན་པ་ཞིག་རྨིས་བྱུང་།”
  ལྷ་སྒྲོན་གྱིས་ནག་ཅིང་ཉོབ་པའི་ངོ་གདོང་དེ་བྱེ་མའི་ཐང་ལམ་དུ་གཏད་ནས་བསྡད།
  ས་རྡུལ་གྱི་གསེང་ན་འཕྲོས་པའི་ཉི་འོད་ཀྱིས་བྱེ་མའི་ཐང་ལམ་གྱི་ས་སྨུག་དང་རྡེའུ་ཟེགས་ཁུར་ནས་ཆེ་བར་གདངས་པའི་དུས་ཚོད་ཀྱི་ཁ་ནང་དུ་ལྷུང་ལ་ཉེ།
  “ཆུ་འདྲུད་པ་ཡོང་གི་ཨེ་འདུག”དར་ལྕོག་ཉག་ག་རུ་ཐག་རིང་གི་བྱེ་མའི་ཐང་ལམ་དུ་ཅེར་འདུག་པའི་ཚེ་སྐྱིད་ཀྱིས་ལྷ་སྒྲོན་ལ་དེ་ལྟར་དྲིས།“ དེ་རིང་ཆུ་འདྲུད་པ་ཚང་མས་སྒང་རྒན་ཉག་གའི་ཉེ་ལམ་དེད་ནས་བུད་སོང་བ་ཡིན་རྒྱུ་རེད།
  “དཔེ་མི་སྲིད། ཚང་མ་ཉེ་ལམ་དུ་ཞུགས་སྲིད་ཀྱང་།ངས་འདི་རུ་ཁོ་ལ་སྒུག་ཡོད་པ་ཤེས་བཞིན་དུ་ཁོས་དེ་ལྟར་བྱེད་མི་སྲིད། ཅུང་ཙམ་སྒུག་དང་ཁོ་བསླེབ་ངེས།”མིག་ཟུང་གི་གཏིང་དུ་ཆུ་འོད་ཅིག་འཚེར་འདུག་པའི་ཚེ་སྐྱིད་ཀྱིས་དེ་ལྟར་བཤད།                                                                                  
  “ཏཱག་ཏཱག་ཏཱག”རྐང་གསུམ་འཁོར་ལོ་མང་པོས་གཅིག་རྗེས་གཉིས་མཐུད་ཀྱིས་ལྕགས་སྒམ་རེ་དྲུད་ནས་དར་ལྕོག་ཉག་ག་ནས་བུད་བྱུང་།“ངེད་ཚང་གི་རྡོ་རྗེ་ཁྱོད་ཚོ་དང་འགྲོགས་ནས་མི་ཡོང་དོན་ཅི།”
  “ཁོ་བྱེ་ལམ་གོང་མ་རུ་སླེབས་འདུག  ཅང་མི་འགོར་བར་འདིར་བསླེབ་ངེས།”རྟ་ལམ་ཐང་གི་ཆུ་འདྲུད་པ་ཚོས་ཨ་མ་ཚེ་སྐྱིད་ལ་དེ་ལྟར་ལན་ལྡོན་རྗེས། ཁྲོག་ཁྲོག་ཆོམ་ཆོམ་གྱི་སྒྲ་དང་ལྷན་དུ་ཆུ་དྲུད་ནས་ཉག་གའི་ཕ་རོལ་ཏུ་བུད་སོང་།
  “འོ་ན།ཁོས་ཆུ་འགོ་ལེན་མ་ནུས་སམ་་་་་།”
  ཆུ་འདྲུད་པས་ཆུ་དྲུད་དེ་ཉག་གའི་ཕ་རོལ་ཏུ་བཞུད་ཟིན་ནའང་།ཚེ་སྐྱིད་ཀྱིས་ད་དུང་ཁོས་ཆུ་འགོ་ལེན་ནུས་མ་ནུས་ཀྱི་ལན་ཞིག་ལ་རེ་འདུག
  ཆུ་འདྲུད་དེ་ཚོ་ལྷ་སྒྲོན་གྱིས་མ་གཏོགས་ངོ་མི་ཤེས་ལ།ད་ལྟ།ཚེ་སྐྱིད་ལ་མཚོན་ན།ཁོ་ཚོ་ནི་མི་སེམས་བཟང་འགའ་ཡིན་པ་མ་གཏོགས།རྟ་ལམ་ཐང་གི་སུ་ཚང་གི་ཡིན་པ་མི་ཤེས།

                        གསུམ་པ།

  གསེར་མདོག་གི་ཉི་འོད་མཛོ་མོ་ཉག་ག་ནས་རྟ་ལམ་ཐང་དུ་བཞུར་བ་ན། རྟ་ལམ་ཐང་ནི་རྒས་འཁོགས་ཀྱི་བགྲེས་པོ་ཞིག་དང་འདྲ་བར་ཁུ་སིམ་མེར་འདུག་མོད། ཡུན་གྱིས་རྟ་ལམ་ཐང་གི་དུད་ཁྱིམ་དག་ལ་དམིགས་བསལ་དུ་མངའ་བའི་ལྷིང་འཇགས་དེ་ཉི་འོད་ཀྱིས་དཀྲུགས་བྱུང་།
  “ང་རྨ་ལུང་གདུགས་དཀར་ལ་བཅའ་རྒྱུ་ཞིག་ཡོད།”
  “ངས་རྨ་ལུང་ཚེ་བྷོར་བསམ་ཞིག་ཤེས་སུ་འཇུག་དགོས།” རྟ་ལམ་ཐང་གི་ཆུ་འདྲུད་པ་ཚོས་ནམ་རྒྱུན་ལྟར་མ་འོང་བར་འཆར་གཞི་བཟོས་བྱུང་།
  མོ་ཧོ་ཆུ་བོ་བསྐམས་པ་ནས་བཟུང་།རྟ་ལམ་ཐང་གི་ཆུ་འདྲུད་སྐྱེས་པ་ཚོས་འདི་ལྟར་མ་འོང་བ་གང་མང་ཞིག་ལ་འཆར་གཞི་བཟོས་ནས་འོངས།                                     “ཏཱག་ཏཱག་ཏཱག”ཆུ་འདྲུད་པ་ཚོ་རྟ་ལམ་ཐང་གི་ཕར་ཁའི་གཤོང་ཁ་ནས་མི་སྣང་བར་གྱུར་སོང་།དེ་ནི་དེ་རིང་ཡང་ཆུ་འདྲུད་པ་རྨ་ལུང་ཆུ་སྒོར་ཆུ་འདྲུད་དུ་འགྲོ་དགོས་པ་རེད།
  “རྡོ་རྗེས་དེ་རིང་ཆུ་འགོ་ལེན་ཐུབ་པའི་སྨོན་ལམ”དར་ལྕོག་ཉག་ག་རུ་ཨ་མ་ཚེ་སྐྱིད་ཀྱིས་དེ་རིང་ཡང་ཁྱོ་ག་རྡོ་རྗེ་ལ་སྒུག་འདུག  ཆུ་འགོ་ལེན་དགོས་ན་རང་ཉིད་སྡེ་བ་གཉིས་ཀའི་ཆུ་འདྲུད་པ་ཀུན་གྱི་སྔོན་ལ་ཆུ་སྒོར་ཐོན་དགོས། ཆུ་འགོ་ལེན་ཐུབ་མིན་ནི་རྨ་ལུང་དང་རྟ་ལམ་ཐང་གི་ཆུ་འདྲུད་པའི་སེམས་ཁྲལ་ཞིག་ཡིན།སུ་ཞིག་གིས་ཆུ་འགོ་ལེན་ནུས་ཚེ་རང་གིས་ཉིན་གང་བོར་ཆུ་སྒོ་ཆུང་བ་དེ་བསྲུང་ནས་འདུག་མི་དགོས།དེ་ནི་ཕྱོགས་གཉིས་ཀས་གཙི་སྲིད་པའི་སྒྲིག་ལམ་གྱི་གོ་རིམ་ཞིག་རེད།སོ་ཕག་གི་ཆུ་སྒོའི་ཁང་ཆུང་དེའི་བུ་ག་ལས་བསྲིངས་པའི་འགྱིག་ནག་གི་སྦུ་གུ་ཕྲ་མོ་དེ་ལས་འཇིག་རྟེན་ལ་བསྐྱངས་པའི་ཚེ་སྲོག་གི་གཤོག་པ་གཤེར་བོ་དེར་རྨ་ལུང་དང་རྟ་ལམ་ཐང་གི་ཆུ་འདྲུད་པ་ཚོ་འཇུ་ཐབས་བྱེད་ཀྱི་ཡོད།རྟ་ལམ་ཐང་གི་ཆུ་འདྲུད་པ་སུ་ཞིག་ནི་ཆུ་སྒོ་འདི་ནས་ཚང་མའི་སྔོན་ལ་ཆུ་འཆུ་མཁན་ཡིན་ཚེ། རྨ་ལུང་གི་ཆུ་འདྲུད་པས་ཀྱང་རྣམ་འགྱུར་མི་ལེགས་པའི་སྒོ་ནས་སྐད་ཆ་བཙན་པོ་རེ་བཤད་པ་མ་གཏོགས་གཞན་མང་པོ་ལབ་མི་སྲིད། དེ་ནི་ཉུང་ནའང་ལོ་འགའ་ཡི་ཡར་སྔོན་དུ་དེ་འདྲ་ཡིན་མོད།  ལོ་ཟླས་དཀྲུགས་པའི་རྨ་ལུང་གི་མི་སེམས་ནི་ནག་ཐིག་ཅིག་གིས་བསྐྱེད་པའི་དབུགས་ལྒང་ཞིག་དང་འདྲ་བས།ཁོ་ཚོས་ཆུ་སྒོར་ཆུ་འདྲུད་དུ་ཡོང་བའི་རྟ་ལམ་ཐང་གི་ཆུ་འདྲུད་པར་ལབ་པའི་རྗིག་གཏམ་ཡང་ལོ་རེ་ནས་ལོ་རེར་དབུགས་ལྒང་འབུར་བ་ལྟར་འགྱུར་ཡོང་།
  “རྟ་ལམ་ཐང་གི་མུག་ཕྲུག་ཚོ།རང་ཚོའི་གྲམ་པ་བསྐམས་སོང་ན་ང་ཚོའི་སྐྱག་འདབས་སུ་བཙང་ནས་ཅི་བྱེད།ངོ་ཚ་མེད་པའི་ཁྱི་སྤྱང་ཚོ།”རྨ་ལུང་གདུགས་དཀར་གྱིས་ཆུ་སྒོའི་ཆུ་འདྲུད་པ་ཚོའི་གྲས་ནས་འུར་བརྒྱབ་བྱུང་།“རྟ་ལམ་ཐང་གི་མག་རུལ་(མག་པར་འབོད་པའི་མཚང་མིང་ཞིག)ཚོ།  ངར་བ་ཡིན་ན་ཤོ་རྩེད་བྱེད་དུ་ཤོག་ཡ།” རྨ་ལུང་ཆུ་སྒོའི་ཆུ་འཁྱིལ་གཤོང་རྐོའི་ཕ་རོལ་གྱི་ཁང་ཆུང་དེ་ནས་རྨ་ལུང་ཚེ་བྷོས་སྐད་འགྲགས་ཀྱིས་དེ་ལྟར་བཤད།
  རྟ་ལམ་གྱི་ཆུ་དྲུད་པ་འཇིག་རྟེན་འདིར་ཆེས་ཐོག་མར་རྨ་ལུང་ཆུ་སྒོར་ཆུ་འདྲུད་དུ་ཡོང་དུས།རྨ་ལུང་ཚེ་བྷོའི་ཨ་ཕ་བཀྲ་རྒྱམ་དང་ལྷན་དུ་ཤོ་རྩེད་བྱས་མྱོང་།དེ་དུས་རྨ་ལུང་ཚེ་བྷོ་ད་དུང་ལོ་ན་ཆུང་ནའང་།རྟ་ལམ་རྡོ་རྗེ་ཟེར་བའི་ཤོ་བ་དེས་རང་གི་ཨ་ཕའི་ལག་ནས་དངོས་པོ་ཙག་ཙིག་ཤོ་སྐུག་བྱས་ཏེ་འཁྱེར་བ་མཐོང་ཚེ་སེམས་པའི་བསམ་པའི་གཏིང་ནས་རྡོ་རྗེ་ཟེར་བ་དེའི་སྟེང་ལ་སྙིང་རླུང་ལྡང་མྱོང་།དེ་བས།རྨ་ལུང་ཚེ་བྷོས་རང་གི་ཨ་ཕའི་དགའ་ཕྱོགས་དེར་ནམ་ཡང་གོང་བཀུར་བྱེད་ཀྱི་འདུག
  “ཆུ་འདྲུད་པ་ཡོང་གི་ཨེ་འདུག”དར་ལྕོག་ཉག་ག་རུ་ཨ་མ་ཚེ་སྐྱིད་ཀྱིས་རབ་རིབ་བན་བུན་གྱི་མིག་ཟུང་གིས་བྱེ་མའི་ཐང་ལམ་དུ་ཅེར་འདུག     “ཆུ་འདྲུད་པ་ཐོན་ལ་ཉེ། རྨ་ལུང་ཆུ་སྒོ་ནས་ཆུ་འགོའང་བླངས་ཡོད་ངེས། ”ལྷ་མོའི་མིག་མཐའ་རུ་དྲན་གདུང་གིས་བཞུར་བ་ལྟ་བུའི་མཆི་མ་དྭངས་མོ་ཞིག་འཁྱིལ་ནས་དེ་ལྟར་ཟེར།
  “མོ་ཧྭོ་ཆུ་འགོ་རུ་གཏེར་ཁ་དེ་མེད་ཚེ།ཧྭ་ཡང་གི་བཟོ་གྲྭ་དེའང་མེད་པས།མོ་ཧྭོ་ཆུ་བོས་རྟག་བརྟན་གྱི་བླ་དབྱངས་ཤིག་གྱེར་ནས་ཤག་ཤག་ཏུ་བཞུར་གྱིན་ཡོད་ཁོ་ཐག་ཡིན། མོ་ཧྭོ་ཆུ་བོ་ད་ལྟའང་ཤག་ཤག་ཏུ་བཞུར་གྱི་ཡོད་ཚེ།རྟ་ལམ་ཐང་གི་མི་སུ་ཞིག་ནི་རྨ་ལུང་ཆུ་སྒོ་རུ་འགྲོའམ།བྱེ་མའི་ཐང་ལམ་དུའང་སུ་ཞིག་གིས་རྔུལ་ནག་འཛར་འཛར་གྱིས་དཀའ་ལས་མྱོང་དགོས་སམ།མོ་ཧྭོ་ཆུ་བོ་སྐམ་མེད་ཚེ།ང་ཚོ་མི་རབས་ནས་མི་རབས་བར་དུ་རྨ་ལུང་ཆུ་སྒོ་རུ་བཙང་དགོས་དོན་མེད།”ཨ་མ་ཚེ་སྐྱིད་ཀྱིས་ཐལ་མདོག་གི་གདོང་པར་ལག་པས་ཕུར་ཕུར་ཙམ་བྱེད་ཞོར་དེ་ལྟར་ཟེར་ལ།བྱེ་མའི་ཐང་ལམ་དུ་བྱེ་འཚུབ་གོར་མོ་རེ་ཤུགས་ཀྱིས་ལྡང་ནས་འོངས་ཤིང་།མོའི་སེར་ག་གས་པའི་ཁ་ཤའི་སྟེང་དུ་བྱེ་མའི་ཟེགས་མ་འགའ་བབས་བྱུང་།
  “ཨ་མ། སེམས་ཁུར་མ་བྱེད།  ནམ་ཉི་མ་ཞིག་ལ་ང་ཚོས་ཉིན་མཚན་མེད་པར་ཆུ་འགོ་བླངས་ནས་འདུག་ཐུབ་ངེས། བྱེ་རིའི་ཕ་རོལ་ཏུ་གནས་སྤོར་བྱས་ཆོག་པའི་སྲིད་ཇུས་ཤིག་ཀྱང་ལག་ཏུ་བསྟར་མི་སྲིད་པ་ག་ལ་སྲིད།”
  “བུ་མོ་ལོ་ལོ། རུ་སྡེ་འདི་བྱེ་རིའི་ཕ་མཐར་སླེབས་དུས།ཁྱོད་ཀྱིས་ཨ་ཕས་ཆུ་དྲུད་ནས་སྐྱེ་བ་ཟད་ཡོད་ངེས།”བསེར་རླུང་གྲང་མོ་རེ་གློ་བུར་དུ་ལྡང་བས།དར་ལྕོག་སྒང་གི་དར་ལྕོག་གི་དར་ལྕེ་དག་རླུང་གིས་ཟད་ནས་བར་སྣང་དུ་ལྷབ་ལྷུབ་ཏུ་བསྐྱོད་བྱུང་།
  “ཨ་མ།ཆུ་འདྲུད་པ་ཕྱིར་ཐོན་ཐལ།”བྱེ་མའི་ཐང་ལམ་ནས་བྱེ་རྡུལ་འཚུབ་འཚུབ་ཀྱིས་“ཏྰག་ཏྰག་”གི་སྒྲ་དང་བཅས་རྐང་གསུམ་འཁོར་ལོ་མང་པོ་ཞིག་ལྷང་ལ་བུད་བྱུང་།
  “དེ་རིང་ཆུ་འདྲུད་པ་འདི་འདྲའི་ཡུན་ཐུང་ཞིག་ལ་ཕྱིར་སླེབས་པ་ཅི་ཡིན་ནམ།འོ་རེད་རེད།རྡོ་རྗེས་རྨ་ལུང་ཆུ་སྒོ་ནས་ཆུ་འགོ་ལེན་ཐུབ་སོང་བ་མིན་ནམ།རེད།ཁོས་ཆུ་འགོ་ལེན་ཐུབ་སོང་།”ཨ་མ་ཚེ་སྐྱིད་ཀྱིས་གློ་བུར་དུ་དགའ་སྤྲོའི་འཛུམ་ཞིག་གདོང་པར་བསུས་ནས་དེ་ལྟར་བཤད་པས།ལྷ་མོ་སླར་ཡང་སྐྱོ་གདུང་རིང་མོ་ཞིག་གི་ཟབ་སར་གཡུག་སོང་།རྐང་གསུམ་འཁོར་ལོ་དེ་དག་ནི་ནམ་རྒྱུན་དང་འདྲ་བར་ཆུ་འདྲུད་མ་ནུས་པར་བྱེ་མའི་ཐང་ལམ་ནས་འཕག་འཚག་མང་པོ་བྱས་རྗེས་དལ་བ་དལ་བུར་བུད་ནས་ཡོང་བ་མིན་པར་མགྱོགས་པོར་ཐོན་བྱུང་།
  “རྡོ་རྗེ་གང་ལ་ཐོན་འདུག”
  “རྨ་ལུང་ཚེ་བྷོས་དེ་རིང་དངོས་གནས་ལག་འགུལ་བྱུང་བས། ང་ཚོས་རྨས་མ་འདི་སྔོན་ལ་ཡུལ་དུ་བསྐྱལ་དགོས། ”རྐང་གསུམ་འཁོར་ལོའི་“ཏྰག”སྒྲའི་ཁྲོད་དུ་རྟ་ལམ་ཐང་གི་གསར་བུ་ཚོའི་སྡུག་ཡུས་ཀྱང་འཁོར་འདུག་པ་འདྲ་བས།ཚེ་སྐྱིད་ཨེན་ཙམ་མིན་ཚེ་བརྒྱལ་བར་གྱུར་སོང་།
  “ཨ་མ།ཁྱོད་ལ་ཅི་བྱུང་སོང་།”ལྷ་མོའི་སྐམ་ཅིང་ནག་རིད་དུ་གྱུར་པའི་གདོང་ལ་མཚར་སྣང་དང་སྐྲག་སྣང་འདྲེས་མར་བཀྲ་འདུག  ཡིད་ཙམ་ནས་ཚེ་སྐྱིད་བརྒྱལ་བར་ཉེ་བ་ལས་སངས་བྱུང་།
  “ལྷ་མོ།  ཁྱོད་ཀྱི་ཨ་ཕ་སླེབས་ཨེ་བྱུང་།  ”
   “ཨ་ཕས་སྒང་རྒན་ཉག་ལམ་དེད་ནས་ཡུལ་ལ་བཞུད་ཐལ།ད་ནི་འུ་གཉིས་མགྱོགས་པོར་མ་བྱིན་ཚེ།ཡུལ་དུ་ཨ་ཕར་ཇ་ལྡུག་མཁན་ཀྱང་མི་འདུག”ལྷ་མོའི་རེ་བ་ཟད་པའི་མིག་ཟུང་གིས་བྱེ་མའི་ཐང་ལམ་དུ་སྐྱོ་གདུང་གིས་ཅེར་བྱུང་།
  “ཡུལ་དུ་མེ་བསད་དེ་ཐལ་བ་བསྒྲུངས་ནས་བཞག་ཡོད། རྡོ་རྗེ་གྲང་ཡོད་ངེས།” ཚེ་སྐྱིད་ནི་ལོ་ཉི་ཤུའི་གཞུང་གི་མོ་སར་ཞིག་དང་འདྲ་བར་ཏག་སེར་ལངས་བས།ལྷ་མོས་ཀྱང་མ་རྒན་འདི་བསྐྱོར་ནས་ཡུལ་དུ་ལོག་དགོས་མིན་ལ་བསམ་གཞིག་གཏོང་དགོས་སོང་།

                            བཞི་པ།

  ཉི་འོད་མག་མོག་གི་གཙང་བོ་བྲུག་ནས་བྱེ་མའི་ཐང་ལམ་དུ་བཞུར་བྱུང་།རྐང་གསུམ་འཁོར་ལོའི“ཏྰག”སྒྲས་བསུས་བའི་རྟ་ལམ་ཐང་གི་ཉིན་གཅིག་གི་ལས་ཀས་ཁ་སང་གི་ལས་ཀར་བསྐྱར་བཤུ་རྒྱག་འགོ་བརྩམས་ཤིང་།དེ་རིང་གི་སྡེ་མི་དག་གིས་ཁ་སང་རྨ་ལུང་ཚེ་བྷོས་རྨས་པའི་རྨས་མ་དེའི་གནས་ཚུལ་ཕན་ཚུན་ལ་བཤད་བྱུང་།  རྟ་ལམ་གོང་མ་རུ་ལུག་ཁྱུ་ཐན་ཐུན་རེ་འཚོ་བའི་བུ་མོ་དེས་གྲམ་པ་བསྐམས་ཤུལ་གྱི་མོ་ཧྭོ་གཞུང་ལ་ཅེར་འདུག་ཅིང་།ལོ་འགའི་ཡར་སྔོན་དུ།མོ་ཧྭོ་གཞུང་ལ་མོ་ཧྭོ་ཆུ་བོས་བསྣན་པའི་འདུ་འཛིའི་རྣམ་པ་དེ་ཡིད་དུ་ལྡང་ཞིང་།མོ་ཧྭོ་ཆུ་བོའི་འགྲམ་ནས་སྙིང་ཉེ་ཐོག་མ་དེ་རྙེད་པའང་དྲན་ནས་འཛུམ་ཁ་ཤོར་སོང་།ཡིན་ཀྱང་།མོས་ད་ལྟ་གྲམ་པ་སྐམ་པས་རྟ་ལམ་ཐང་ལ་སྣ་ནག་མ་མང་པོ་ཞིག་འོང་གིན་པ་དྲན་པས་གློ་བུར་དུ་གདོང་མདོག་འགྱུར་སོང་།
  བྱེ་མའི་ཐང་ལམ་དུ་བྱེ་རླུང་འཚུབ་ཀྱི་འདུག  འཐོར་རླུང་བཙན་པོ་རེ་དར་ལྕོག་ཉག་ག་ནས་ལྡང་བས།བྱེ་མའི་ཐང་ལམ་གྱི་བྱེ་མའི་རི་རྒྱུད་དག་ནས་བྱེ་རླུང་དྲག་ཏུ་ལྡང་ཞིང་།ཆུ་འདྲུད་པའི་བྱེ་ལམ་དོག་པོ་དེའང་བྱེ་མའི་ཁུད་དུ་གཅུད་སོང་།
  ཚེ་སྐྱིད་ཀྱིས་དར་ལྕོག་ཉག་ག་རུ་རབ་རིབ་མག་མོག་གི་བྱེ་མའི་ཐང་ལམ་དུ་ཅེར་འདུག་ཅིང་།བྱེ་རླུང་འཚུབ་པས་བྱེ་མའི་ཐང་ལམ་ཡང་མག་མོག་ཅིག་ལས་མི་སྣང་།“རྡོ་རྗེས་ཆུ་དྲུད་ནས་ཡོང་བའང་མཐོང་དཀའ་བས།བྱེ་མའི་ཐང་ལམ་ཁར་སོང་ནས་སྒུག་ན་བཟང་།”ཚེ་སྐྱིད་ཀྱི་གདོང་དུ་སེམས་ཁྲལ་གྱི་མདུད་པ་ཞིག་བརྒྱབས་ནས་དེ་ལྟར་བཤད།ལྷ་མོས་ཐག་རིང་ཞིག་ལ་ཅེར་འདུག་ཅིང་།འོད་ཀྲིག་ཀྲིག་བྱེད་པའི་མིག་མཐའ་རུ་གསལ་ལ་མི་གསལ་བའི་འཚེར་སྣང་ཞིག་འཕྲོས་འདུག“ཨ་ཕ་དེ་རིང་སྒང་རྒན་ཉག་ག་བརྒྱུད་ནས་འགྲོ་མི་སྲིད། དར་ལྕོག་ཉག་གའི་གཞི་བདག་གིས་ཁོང་ལ་གདོང་གྲོགས་མཛད་དགོས་ཟེར་བ་མིན་ནམ།”ལྷ་མོས་དེ་ལྟར་བཤད།
  རྨ་ལུང་ཆུ་སྒོས་འཇིག་རྟེན་གྱི་གྲུ་ག་ཆུང་ཆུང་འདི་རུ་ཚེ་སྲོག་གི་ཤག་སྒྲ་གསར་བ་ཞིག་དཀྲོལ་གྱིན་འདུག་ནའང་། ཆུ་སྒོའི་ཞོལ་གྱི་བཞུར་ཆུ་འཁྱིལ་སའི་གཤོང་རྐོའི་ཁ་རུ་ཁྱི་ལྡོམ་འགའ་རེ་དང་བ་བོང་འགའ་རེས་ཕར་འགྲོ་ཚུར་འོང་བྱེད་པ་ལས་མི་གཅིག་ཀྱང་མི་འདུག    མཚམས་ལན་རེར།གཤོང་རྐོའི་ཕ་རོལ་གྱི་དུད་ཁྱིམ་དེའི་སྒོ་ཁའི་གྱང་ཐུང་ལས་རྨ་ལུང་ཚེ་བྷོས་སྐེ་བསྲིངས་ནས་ཆུ་སྒོའི་ཕྱོགས་སུ་ལྟ་བཞིན་འདུག
  རྟ་ལམ་ཐང་གི་ཆུ་འདྲུད་པ་ནམ་རྒྱུན་ལྟར་རྨ་ལུང་གཤོང་ཁ་ནས་མངོན་བྱུང་།
  “མུག་ཕྲུག་ཁྱོད་ཚོར་གཅིན་འདྲུད་དུ་འཇུག་མ་ནུས་ཚེ།ང་ཚེ་བྷོ་བུ་མིན་པའི་རྟགས་ཡིན།ཁྱོད་ཚོར་རོ་ཐོག་ལ་རོ་འདྲུད་དུ་འཇུག”ཚེ་བྷོས་རང་ལ་ཁེར་བཤད་ཅིག་བྱས་མུར།མགྱོགས་མྱུར་ངང་ཡོང་ནས་ཆུ་སྒོའི་སྒོར་ལྕགས་ཟྭ་ཞིག་བརྒྱབས་རྗེས་ཕྱིར་བུད་སོང་།“ཁྱོད་ཚོས་ང་ཚེ་བྷོར་དོམ་(ཨ་མདོའི་སྐད་དུ་གཞན་ལ་བསྐྱིས་པའི་སྒོར་རམ་དངོས་རྫས་སོགས་གཡར་བ་ཕྱིར་མ་སྤྲད་པར་བཞག་པ་ལ་གོ)མ་བྱིན་པར་རྨ་ལུང་ཆུ་སྒོ་ནས་ཆུ་འདྲུད་ཀྱི་ནི་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།” རྟ་ལམ་ཐང་གི་ཆུ་འདྲུད་པ་ཆུ་སྒོར་སླེབས་མ་ཐག   རྨ་ལུང་ཚེ་བྷོས་སྣེ་ཁྲིད་པའི་རྨ་ལུང་གི་གསར་བུ་མང་པོ་ཞིག་ཆུ་འཁྱིལ་གཤོང་རྐོའི་ཕ་རོལ་ནས་མངོན་བྱུང་།
  “ཨ་རོགས་སྤྲང་ཕྲུག་ཚོ།ཁ་སང་གི་ཕམ་ཁས་མི་ཚིམ་པར་དེ་རིང་ད་རུང་ཡོང་ཕོད་པས་དཔའ་བ་ལའང་། ་་་་་་་་་་་”
  “རྨ་ལུང་གི་ཁྱི་རྒན་ཚོ།  ཆུ་ནག་ཅིག་ལ་སེར་སྣས་གང་བའི་ཡི་དྭགས་ཚོ།དེ་རིང་ད་གནའ་ཤི་ད་བསད་པའི་རོ་སྐྱིན་ལེན་ཡ”རྟ་ལམ་ཐང་གི་ཆུ་འདྲུད་པས་ཆུ་འདྲུད་བྱེད་ཀྱི་ལྕགས་སྒམ་དག་ལས་འཇོར་སོགས་བླངས་བྱུང་།
  “ལྷ་མོ།  ཁྱོད་ཀྱི་ཨ་ཕས་ལམ་འདི་བརྒྱུད་མི་སྲིད་ནའང་ཐང་།  བྱེ་མའི་ཐང་ལམ་ཁར་སྒུག་ཏུ་འགྲོ།”དར་ལྕོག་ཉག་ག་རུ་ཁྱོ་ག་རྡོ་རྗེ་ལ་སྒུག་འདུག་པའི་ཚེ་སྐྱིད་ཀྱིས་དེ་ལྟར་བཤད།“འདི་ནས་བྱེ་མའི་ཐང་ལམ་བར་ལམ་ཐག་ཅུང་རིང་བས།ཁྱེད་ཀྱི་རྐང་བས་ལྕོགས་མི་སྲིད། ཨ་ཕས་ལམ་འདི་བརྒྱུད་ནི་རེད”ལྷ་མོས་སྐྱོ་སྡུག་གི་གཉེར་མདུད་ཅིག་ཐོད་པར་བརྒྱུས་ནས་བསྡད་བྱུང་།བྱེ་མའི་ཐང་ལམ་དུ་རླུང་འཚུབ་ཅིག་ལྡང་ཞིང་།ཁལ་དྲུད་པའི་རྐང་གསུམ་འཁོར་ལོ་ཞིག་རླུང་འཚུབ་དེ་དང་བསྡོངས་ནས་མངོན་བྱུང་།ཁལ་ལྕི་དྲགས་པས་རྐང་གསུམ་འཁོར་ལོ་དེས་“ཏཱག”སྒྲ་བར་མེད་དུ་བསྒྲགས་མོད།བྱེ་མའི་ཁྲོད་དུ་ཡར་འཕག་མར་འཕག་མང་པོ་བྱས་མཐར།བྱེ་མའི་རི་རྒྱུད་དག་ནས་ལྡང་བའི་རླུང་འཚུབ་ཀྱི་ཁུད་དུ་གཅུད་སོང་།
  “ཁྱོད་ཀྱི་ཨ་ཕའི་རྐང་གསུམ་འཁོར་ལོ་བྱེ་མའི་ཁྲོད་དུ་ལྷག་སོང་ཚེ་ཅི་བྱའམ།འགྲོ། ངེད་གཉིས་བྱེ་མའི་ཐང་ལམ་ཁར་ཁོར་སྒུག་ཏུ་འགྲོ”
  “ལོ་འདི་འདྲའི་མང་པོ་ཞིག་ལ་ཨ་ཕས་རྐང་གསུམ་འཁོར་ལོ་བྱེ་སྒང་འདིའི་ཁྲོད་ནས་ཐེངས་གཅིག་ལའང་ལྷག་ཏུ་བཅུག་མ་མྱོང་བ་མིན་ནམ།ཨ་མ།ཁྱེད་ཀྱིས་སེམས་ཁུར་མ་བྱེད།ཨ་ཕ་བདེ་ལེགས་ངང་ཡུལ་དུ་ཐོན་ངེས།”ལྷ་མོས་དངན་པ་ཞིག་དང་ལྷན་དུ་དེ་ལྟར་བཤད།
  “ཨ་མ།ཆུ་འདྲུད་པ་ཕྱིར་ཐོན་ཐལ”བྱེ་མའི་ཐང་ལམ་ནས་ལྕགས་སྒམ་དྲུད་པའི་རྐང་གསུམ་འཁོར་ལོ་རེ་མངོན་ཡོང་།རྡུལ་འཚུབ་ཅིག་བསྐྱིལ་ནས་ཐོན་བྱུང་བས།བྱེ་ལམ་ཧྲིལ་བོ་མག་མོག་ཏུ་བསྒྱུར་ཅིང་།ཨ་མ་ཚེ་སྐྱིད་ཀྱི་རབ་རིབ་བན་བུན་གྱི་མིག་ཟུང་ལ་ས་རྡུལ་བསྐྱིལ་བྱུང་།
  “རྡོ་རྗེ་གང་ལ་སླེབས་འདུག”
  “རྡོ་རྗེ་མཐོང་མ་སོང་།དེ་རིང་ང་ཚོ་ཁ་སང་གི་རོ་སྐྱིན་ལེན་དུ་སོང་མོད།ལག་དམར་ཚེ་བྷོས་གྲི་གཙག་བྱས་པས་མཚང་དཔེ་བཞག་སོང་།”ཆུ་འདྲུད་པས་གསལ་ལ་མི་གསལ་བའི་ངང་ནས་དེ་ལྟར་བཤད་པས།ཨ་མ་ཚེ་སྐྱིད་ཁ་མལ་དེ་ནས་བརྒྱལ་སོང་།
  བྱེ་རླུང་དྲག་ཏུ་ལྡང་བས་བྱེ་མའི་ཟེགས་མ་མང་པོ་ཚེ་སྐྱིད་ཀྱི་སྐྲ་གསེང་དང་མོའི་སྐྱ་ཧྲུལ་དུ་གྱུར་པའི་མཆུ་སྒྲོས་ཀྱི་སེར་གར་ཁེགས་བྱུང་། ལྷ་མོའི་མིག་གི་མཚེའུ་ལས་དྭངས་གཙང་གི་ཆུ་ལག་ཕྲ་མོ་གཉིས་དཀན་གཟར་གྱི་མཁུར་ངོས་བརྒྱུད་ནས་མར་གྲིལ་ཅིང་། སྐྱོ་བ་དང་སྡུག་བསྔལ་འདྲེས་པའི་མིག་ཆུའི་ཤག་སྒྲ་དེས་ས་སྲོད་ཀྱི་མུན་པའང་བསུས་བྱུང་།
  རབ་སྟུག་གི་མུན་པའི་ཀློང་ནས་ལྷ་མོས་ཚེ་སྐྱིད་ཁུར་ནས་དྲད་མ་དྲུད་ཀྱི་གོམ་ཁ་ཡུལ་ཕྱོགས་སུ་བསྒྱུར།
  སྐར་འོད་མག་མོག་གི་འོག་ཏུ།སྐྱ་ལེབ་ལེབ་ཀྱི་ཁང་ཀླད་དང་མཁར་གྱང་གི་རི་མོའི་ཡུལ་ལྗོངས་དེའི་གསེང་ནས་ཁྱི་སྐད་དང་ངུ་སྐད་ལྷན་ཏུ་མཆེད་ཡོང་།
  ལྷ་མོ་ལ་མཚོན་ན། དེ་ལྟའི་ངུ་སྐད་གང་མང་དང་འགྲོགས་ནས་མཚར་ལོངས་བྱུང་བ་ཡིན་པས།དོ་ནུབ་མོས་དེ་ལ་དོ་སྣང་བྱེད་འདོད་མི་འདུག 
  དོན་ངོ་མར་ཚེ་སྐྱིད་ཀྱི་ཁྱོ་ག་རྡོ་རྗེ་ཚེ་ལས་འདས་ནས་ལོ་མང་པོ་ཞིག་འགོར་ཡོད།
  རྨ་ལུང་ཚེ་བྷོའི་ཨ་ཕའི་གྲི་ཁ་ནས་ཤི་བ་རེད།      


(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།