ལམ་གྱི་གཏམ་རྒྱུད།

  དགུན་ཟླ་དང་པོ་ཚེས་ཡོད་རུང་ཁ་བ་ནི་ད་དུང་མ་བབ། དེ་བས། རྒྱང་རིང་གི་རི་དང་དེའི་འོག་གི་བྱང་ཐང་ལ་ཁ་དོག་གཉིས་མ་གཏོགས་མེད་དེ།  རྩྭ་ཡི་སྐྱ་སེར་དང་རྡོ་ཡི་སྐྱ་ནག་གོ  ཁ་མདོག་དེ་གཉིས་ཀྱི་གོང་རོལ་ནི་སྔོ་ཞིང་དྭངས་ལ་སྤྲིན་གྱིས་དབེན་པའི་ནམ་མཁའ་དེ་ཡིན།  གལ་ཏེ་འབྲོག་པ་ཚོས་ལས་ཞོར་འགྲོ་ཞོར་ཞིག་ལ་ནམ་མཁའ་འདིར་ལྟ་ཁོམ་བྱུང་ན་སྔོན་པོ་དེས་ཁོ་ཚོ་ཧ་ལས་སུ་འཇུག་ངེས་ཏེ།  “གནམ་འདི་སྔོ་ཆེ་དྲག་པས་ཉི་འོད་ཀྱང་དཀྲག་མདངས་མེད་པ་བཟོས་འདུག”ཅེས་ཀྱང་ལབ་ངེས་རེད།   མུ་སུ་ཁྱུད་པའི་རི་བོ་དག་གིས་བྱང་ཐང་འདི་པང་བ་ལྟར་བྱས་མོད། རི་བོ་ནི་རྒྱང་ཐག་རིང་ཆེ་ལ།  ནམ་མཁའ་ནི་དཔག་ཚད་མཐོ་ཆེ་བ་དང་།  ཟོག་ལུག་དང་ཁ་ཐོར་དུ་སོང་བའི་སྦྲ་ནག་དག་ནི་འཁྱག་ལྷང་ལྷང་གི་གནས་སུ་སོ་སོར་འཇགས་ཡོད་པས།  བྱང་ཐང་ནི་དྲོད་ཀྱིས་ཁེངས་པ་ཞིག་མ་རེད།
  ཀྱ་ཀྱོག་མེད་པའི་སྣུམ་ལམ་ཞིག་བྱང་ཐང་གི་ཕ་རོལ་ནས་ཚུ་རོལ་བར་ཏུ་རེ་འཐག་པ་ལྟར་འཐེན་ཡོད་དེ། ལམ་འདི་ཡི་འགྲུལ་པ་ཆེས་བྲེལ་ཆ་ཆེ་བ་དེ་ནི་ཨ་བྲ་ཡིན་པ་འདྲ། འོན་ཀྱང་སྐབས་སྐབས་སུ་འབྲོག་པ་གཅིག་གཉིས་རེས་ནི་འཕྲུལ་རྟ་ཞོན་ཏེ་ཕར་ཚུར་རྒྱུགས་ཀི་རེད། དེ་བས། འཕྲུལ་རྟ་དེ་འདྲ་ཞིག་སྒུག་པའི་ཆེད་དུ། ལོ་ན་བཅུ་ཁ་ལོན་པའི་བུ་ཆུང་དེས་ལམ་འགྲམ་དུ་ཉིན་ཕྱེད་ཙམ་ལ་སྒུག་པ་ཡིན། ཐོག་མའི་སྐབས་སུ་ཁོས་ལག་རྡོ་འདྲ་འཕངས་ནས་དུས་ཚོད་ཟད་ཐབས་བྱས་པ་དང་ད་ལྟ་ཐང་ཆད་ནས་ལམ་འགྲམ་གྱི་ཆུ་ཤུལ་ནང་དུ་བཙག་ཡོལ་བྱས་ནས་ཉལ་པ་རེད།  ཁོས་རུམ་ནས་ཁུ་ནག་ཅིག་བླངས་ཏེ་འཐུང་བ་དང་།  ཞྭ་མོ་མ་གྱོན་པའི་མགོ་བོ་ལ་རླུང་གིས་མནར་སྐབས་གོང་བ་ཡར་ལ་འཐེན་ཙམ་རེ་བྱས་ནས་མུ་མཐུན་ཁུ་ནག་བཏུང་བ་རེད།
  ཅུང་ཙམ་འགོར་རྗེས།  རྒྱང་ཕྱོགས་ནས་འཕྲུལ་རྟའི་དིར་སྒྲ་འདྲ་བ་ཞིག་གྲགས་བྱུང་སྟེ།  ཆུ་ཆུང་དེ་མྱུར་བར་ལངས་ནས་དེ་ཕྱོགས་སུ་ཞིབ་ལྟ་བྱས།  འཕྲུལ་རྟ་ཞིག་ཡོང་གིན་ཡོད་པ་མཐོང་ཚེ།  ཁོས་སྐེ་རགས་ལྷོད་སོང་བ་དེ་བསྐྱར་ཏུ་བཅིངས་བ་དང་རུམ་གྱི་སྐེད་གྲི་དེ་སྲ་མོ་བྱས་ཞིང་ལག་པ་བཀྱགས་ནས་བརྡ་བྱས།  འཕྲུལ་རྟ་བཞོན་མཁན་དེས་བུ་ཆུང་མཐོང་མ་ཐག་གམ་ཏུ་བཅར་ནས་བསྡད་བྱུང་། ཁོ་ནི་ཤ་ཤིན་ཏུ་རྒྱག་པའི་ན་ཡོལ་ཞིག་རེད། ཁོང་གིས་བྱ་སྤུའི་སྟོད་ཐུང་སྔོ་ནག་ཞིག་གྱོན་ཡོད་པ་དང་ཇ་མདོག་གི་ཀོ་བའི་རྐང་ལྷམ་དྲོན་པོ་ཞིག་ཀྱང་གྱོན་ཡོད།  ཤ་རྒྱགས་པའི་རྐྱེན་གྱིས་ཁོ་རང་འཕྲུལ་རྟའི་ནང་ཏུ་ཟུག་འདུག་པ་ལྟ་བུར་གྱུར་ཡོད་ལ།  མགོ་ཡི་སྐྲ་འཆིང་དེ་རླུང་གིས་སྤུར་ནས་ཚེར་མ་ལྟར་བཟོས་འདུག  འཕྲུལ་རྟའི་འཕོངས་ན་ད་དུང་ཀོ་ཁུག་གཉིས་བཏགས་ཡོད།
  “ཡ།  ཞི་ལུ།  ཁྱོད་འདི་ཕྱོགས་སུ་འགྲོ་རྒྱུ་ཨེ་ཡིན།”ན་ཡོལ་དེས་མཆུ་ཏོ་བཙུགས་ནས་མདུན་ཕྱོགས་སུ་བརྡ་བྱས།
  “ཡིན།  ང་འཇོག་རོགས་ཨེ་བྱེད།”ན་ཡོལ་གྱིས་གདོང་ལ་མཛུམ་ཞིག་འཁྱུག་ཙམ་བྱས་ནས་ཡིན་པའི་བརྡ་ལ་མགོ་བོ་གཡུགས་གཡུགས་བྱས།  བྱིས་པ་དེ་མྱུར་མར་འཕོངས་དུ་འགོས་པ་དང་།  ལག་གི་ཁུ་ནག་དེ་དབུགས་ཐག་གཅིག་གིས་འཐུང་དེ་དེམ་སྟོང་ལམ་འགྲམ་ཏུ་འཕང་བཞག  
  “ཁྱོད་བྱིས་པ་ཁེར་འགྲོ་ཞིག་ཁྱིམ་ནས་བྲོས་པ་མིན་ནཱ།”ན་ཡོལ་དེས་དྲིས།
  “མ་རེད།  ང་མི་ཞིག་བཙལ་ཏུ་སོང་བ་ཡིན།”ཁ་བརྡ་དེ་འདི་ནས་མཚམས་བཞག་པ་རེད།  སྐར་མ་བཅུ་གྲངས་ཀྱི་རྗེས་ནས་ན་ཡོལ་དེས་སླར་ཡང་བཤད་པར།
  “ང་ལ་ཡང་བུ་ཞིག་ཡོད།  འོན་ཀྱང་ཁོ་ཁེར་བུར་འགྲོ་ཐུབ་ཀི་མ་རེད།  ཁོ་ད་དུང་ལོ་ཁ་གང་མེད།” འཕོངས་ཀྱི་བུ་ཆུང་དེས་ཡ་ཡ་ཟེར་ནས་ལན་བཏབ།  ན་ཡོལ་གྱིས་མུ་མཐུད་དུ་རང་གི་ལོ་རྒྱུས་བཤད།  ཁོ་བཙོན་ཁང་ལས་བུད་མ་ཐག་ཡིན་ཟེར།  ལོ་བཅུ་གཉིས་ལ་བཙོན་དུ་བསྡད་པ་ཡིན།  ན་ནིང་བཟའ་རོགས་ཞིག་བསུས་པ་དང་ད་ལོའི་དབྱར་ཁ་ལ་ཕྲུ་གུ་ཞིག་སྐྱེས་པ་ཡིན་འདུག  བླ་མས་ཕྲུ་གུ་དེ་ལ་དྲག་པོ་མཚམས་གཅོད་ཞེས་པའི་མིང་ཁྱད་མཚར་ཅན་ཞིག་བཏགས་པ་རེད། བླ་མ་བཤད་ཡོང་དུས་ན་ཡོལ་དེས་དེ་རིང་རྫོང་ཐོག་ལ་འགྲོ་དགོས་དོན་ཀྱང་བཤད་རྒྱུ་དྲན་བྱུང་།  དེ་རིང་གི་འགྲོ་དོན་ནི་རྫོང་ཐོག་ནས་ཁ་མངར་སོགས་ཉོ་སྒྲུབ་བྱེད་དུ་ཡོང་བ་ཡིན། དྲག་བྷོ་མ་སྐྱེས་པའི་སྔོན་ལ།  བླ་མས་ཕྱག་མོ་གཟིགས་ནས་ཁོ་ལ་ད་ལོ་བགེགས་ཆེན་པོ་ཡོད་པས་རིམ་གྲོ་མང་པོ་བསྒྲུབ་དགོས་གསུངས།  འོན་ཀྱང་དྲག་བྷོ་བཙས་པ་ན་ཁོང་བཟའ་མི་གཉིས་ཀ་བྲེལ་བ་ཤིན་ཏུ་ཆེ་བས་རིམ་གྲོ་དུས་ཐོག་ཏུ་སྒྲུབ་རྒྱུ་མ་བྱུང་།  ད་ལྟ་དགུན་ཚེས་ནས་འབྲོག་ལས་ནང་ཁོམ་པ་ཅུང་ཙམ་ཡོད་པས་ཁོས་བླ་མའི་བཀའ་ནན་དེ་སྒྲུབ་རྒྱུ་བྱས།  
  “ཁྱོད་ལ་འགྲོ་དོན་གང་ཡོད།”ན་ཡོལ་གྱིས་དེ་ལྟར་དྲི་ཞོར་འཕྲུལ་རྟའི་སྣུམ་སྒོ་ལྷོད་ཙམ་བྱས།  འཁོར་སྙིང་གི་དིར་སྒྲ་ཡང་བསྟུན་མར་ཇེ་ཆུང་དུ་སོང་བས།  ད་ལྟ་རླུང་གི་འུར་སྒྲ་ལས་ཆེ་བ་ཞིག་རྣ་ལམ་ན་མེད་པ་འདྲ།
  “ང་མི་ཞིག་བཙལ་ཏུ་ཡོང་བ་ཡིན།”
  “ཨོ་རེད་རེད།  ཁྱོས་དེ་ལྟར་བཤད་ཐལ། ལོན་ཨེ་ཐལ།”
  “ལོན་ཐལ།”
  “ཡ་ཡ།”
  “ཁྱོད་བཙོན་ཁང་ནང་བཅུག་དོན་གང་ཡིན་ནམ།”  
  ན་ཡོལ་དེ་ངང་ཙམ་སྨྲ་མེད་དུ་འགྱུར།  གཅིག་ན་ཁོས་ལོ་རྒྱུས་འདི་བཤད་དགོས་མིན་གྱི་ཐེ་ཚོམ་བྱས་ཡོད་ཚོད་རེད།  ཡང་མིན་ན་བྱིས་པ་དེས་གློ་བུར་འདི་འདྲ་ཞིག་དྲིས་པ་ཁོས་བློ་ཁ་དེ་མ་ཐག་སྐོར་མ་ཐུབ་པ་ཡིན་ན་ཐང་།   གང་ལྟར་ཁོས་ངང་ཙམ་སྒུག་ནས་ད་གཟོད་སྨྲས་པར།
  “ངས་མི་ཞིག་གསད་བཏང་ནི་རེད།”
  “ཡ།  དོན་དག་གང་གི་ཆེད་དུ་ཡིན་ནམ།”བུ་ཆུང་དེས་སྐད་ཆ་མུ་མཐུན་དུ་དྲིས།  
  “ཨོ།  དོན་དག་ཆུང་ཆུང་།  ཆུང་ཆུང་ཞིག་གི་ཆེད་དུ་དེ་འདྲ་ལས་ཐོག་ཏུ་བབ་སོང་།” ཁོས་སླར་ཡང་ངང་ཙམ་སྒུག་ནས་བསམ་བློ་ཞིག་བཏང་སྟེ་བཤད་པར།  
  “ལོ་ཉུང་དུས།  ང་རང་ཤྭ་སྟོད་ཀྱི་གླང་རི་ལ་འབུ་བརྐོ་རུ་སོང་།  ཉིན་ཞིག་ལ།  ཤྭ་སྨད་སྡེ་བའི་མི་ཁ་ཤས་ཞིག་ཀྱང་དེར་སླེབས་ནས་འབུ་རྐོ་བཞིན་འདུག  གླང་རི་འདི་སྤྱིར་ན་ངེད་ཤྭ་སྟོད་ཀྱི་ས་རེད།  འོན་ཀྱང་ང་ཚོས་དེ་དག་ལ་གང་ཡང་མ་བརྩད། སྟབས་མ་ལེགས་པ་ཞིག་ལ།  ཁོ་ཚོ་ཤྭ་སྨད་པའི་ཁྲོད་ན་ང་དང་ན་མཉམ་ཡིན་པའི་ཕོ་སར་ཞིག་འདུག  ངེད་གཉིས་ཀྱིས་འབུ་ཞིག་དུས་མཉམ་དུ་རིག་སོང་།  དེ་ནས་རྩོད་པ་བྱུང་།”
  ཁོས་སླར་ཡང་འཕྲུལ་རྟའི་སྣུམ་སྒོ་ལྷོད་ཙམ་བྱས་ནས་ཇེ་དལ་ཏུ་བཏང་།  སྔོན་སོང་གི་དོན་རྙིང་དག་ཕྱིར་དྲན་དང་བསྐྱར་བརྗོད་བྱེད་དགོས་ན་རིག་པ་ཤིན་ཏུ་སྒྲིམ་དགོས་པ་ཡིན་ཏེ།  དོན་རྙིང་དེ་དག་ཉིན་རེ་བཞིན་ཁོང་གི་མིག་ལམ་ནས་བརྙན་འཕྲིན་བཀྲ་བ་ལྟར་འཆར་གིན་ཡོད་རུང་།  དེ་ལབ་དགོས་སར་ཐུག་དུས་རིག་པ་ཤིན་ཏུ་སྒྲིམ་དགོས།
  “མི་དེས་འབུ་འདི་ཁ་མངར་ལ་བརྗེས་ནས་འུ་གཉིས་ཀྱིས་བགོ་བཞག་ཟེར། དེ་དུས་སྔོ་ཐོ་ཟེར་བའི་ཨ་ཕྱི་རྒན་མོ་ཞིག་གིས་ལ་མགོའི་འབུ་རྐོ་ས་ནས་ཁ་མངར་དང་ཞོ་ཚོང་བྱེད་ཀྱིན་ཡོད།” བུ་ཆུང་གིས་མིང་དེ་གོ་མྱོང་།  དེ་ནི་ཁོ་ཚོ་ཤྭ་སྨད་སྡེ་བ་ལ་སྐད་གྲགས་ཡོད་པའི་རྒན་མོ་ཞིག་རེད།  བཤད་ཚུལ་ལྟར་ན།  རྒན་མོ་དེས་སྔོན་ཆད་རྫོང་ཐོག་ན་ཕྱུར་ཚོང་བརྒྱབ་པ་རེད། ཕྱུར་བ་ཆུ་ཤོག་ཆུང་ཆུང་གང་ལ་སྒོར་མོ་ལྔ་རེ་ལེན་པ་རེད་ཟེར།  དེ་ནས་མོས་སྒོར་མོ་མང་པོ་བསགས་ཐུབ་ཡོད་པ་དང་རང་གི་སྐྱེ་བརྟག་ཀྱང་ལེགས་པར་སྒྲུབ་པ་མ་ཟད།  ཤྭ་བོ་དགོན་པའི་འདུ་ཁང་ནང་ལ་གསེར་སྐུ་ཞིག་ཀྱང་འབུལ་བ་རེད་ཟེར།    དགེ་བ་འདི་དག་འགྲུབ་རྗེས་མོ་རང་ཚེ་འདི་ལས་འཕོས་པ་དང་།  ཚང་མས་མོ་ནི་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་ཤག་ཤག་ཡིན་ཅེས་ལབ་ཀི་འདུག  
  “ངས་དེ་ལྟར་བྱས་ན་མི་འགྲིག་གི་ལབ་པ་ཡིན།  རི་འདི་ནི་ངེད་ཤྭ་སྟོད་སྡེ་བའི་ས་ཡིན།  འདིའི་ཐོག་གི་རྩྭ་ཉག་མ་ཙམ་མིན་མེད་ནའང་ངེད་ཤྭ་སྟོད་རུ་པའི་ཡིན།  དེ་རིང་འབུ་འདི་ང་རང་གིས་འཁྱེར་རྒྱུ་ཡིན་ཅེས་ལབ་པ་ཡིན། ངེད་གཉིས་ཀྱིས་དེ་འདྲ་རྩོད་པ་བྱས་ཚེ་རོགས་པ་ཚོ་བར་བྱེད་དུ་སླེབས། ཚང་མས་འབུ་གཅིག་གི་དོན་དུ་འཛིང་རེས་དགོས་དོན་མེད་ཟེར།”
  “འོན་ཀྱང་ཁྱོད་གཉིས་འཛིང་རེས་བྱས་པ་རེད་པཱ།”
  “རྩོད་པ་བྱས་ནས་ཁྲག་དྲོས་ན་ཀླད་པ་དྭངས་བོར་ཆགས་ཀི་མ་རེད་ཟེར་བ་དེ་ལོས་བདེན།  གློ་བུར་ཏུ།  མི་དེས་འཇོར་བ་བཟུང་ནས་ངའི་མགོ་ལ་གཏད་ནས་གཡུགས་བྱུང་།  ང་གཡོལ་ས་གང་ཡང་མེད་པས།  ལག་གཡོན་པས་འཇོར་དེ་བཟུང་བ་དང་།  ལག་གཡས་པས་སྐེད་ན་གྲི་ཐུང་ཞིག་བཏགས་ཡོད་པ་དེ་བླངས་ནས་མཆན་ཁུག་ལ་བསྟུན་མར་གཉིས་གསུམ་བསྣུན་པ་ཡིན། ཁོ་ཁ་ནས་ངས་ཁྱོད་མངགས་སྲིད་ཀི་མ་རེད།  ངས་ཁྱོད་མངགས་སྲིད་ཀི་མ་རེད་ཟེར་བཞིན་ལག་པས་རྨ་ཁ་སྐྱོར་བཞིན་ས་ལ་འགྱེལ་སོང་།   ཉིན་དེ་ནི་ངོ་མ་ལམ་འགྲོ་མེད་པའི་ཉི་མ་ཞིག་རེད།  ཏག་ཏག་ཉི་མ་དེ་ལ་ངས་མེ་གསོ་བྱེད་ཀྱི་གླང་མ་ཁ་ཤས་འཐུ་དགོས་དྲན་ནས་གྲི་ཞིག་བཏགས་རྒྱུ་དྲན་པ་ཡིན།”
  “ཁོ་རང་ཁ་མ་དེ་ནས་ཤི་སོང་ངམ།”
  “དེ་འདྲ་བྱུང་མ་ཐག་རྒན་མོ་འགའ་ཞིག་གིས་ང་རང་དྲུད་ནས་ཕྱིར་ཁྲིད་སོང་།  ད་ཁྱོད་བྲོས་སོང་ཟེར།  སྐབས་དེར་ངའི་ཀླད་པའི་ནང་ལ་དྲན་ཆ་གང་ཡང་མི་འདུག  དེ་འདྲ་ཐོས་མ་ཐག་བསམ་བློ་གང་ཡང་མ་བཏང་པར་བྲོས་པ་ཡིན།  རྗེས་མ་སྐད་ཆ་དྲིས་ཡོང་དུས།  མི་དེ་ཁ་མ་ཉིད་ནས་ཤི་ཐུབ་ཡོད་ས་མ་རེད།  འོན་ཀྱང་རྨ་ཁ་ལ་བལྟས་ན་རྫོང་གི་སྨན་ཁང་དུ་སྐྱེལ་ཀྱང་ཕན་མེད་པ་འདྲ་ཟེར།  མི་དེས་ཁོ་ཁྱིམ་ལ་བསྐྱལ་ཤོག་ཟེར་ནས་འདུག་པ་ན།  མི་རྣམས་ཀྱིས་ཀྱང་ཁོ་རང་འབུ་ཞག་འདུག་སའི་རུ་ཐོག་ཏུ་བསྐྱལ་བ་རེད།  ཁོ་རང་ཁྱིམ་ཏུ་ཐོན་ནས་བཟའ་རོགས་ཀྱི་ངོ་དང་འཕྲད་མ་ཐག་ཤི་སོང་བ་རེད་ཟེར།”
  “ཁྱོད་གང་དུ་བྲོས་སོང་།”
  “ང་ཡང་རི་འདབས་ཀྱི་གུར་ནང་ལ་སླེབས།  སྒོར་ཁུག་དང་ཐབ་འགྲམ་ན་ཡོད་པའི་མགྱོགས་ཐུག་སྒམ་གང་ཡོད་པ་དེ་འཁྱེར་ནས་འཕྲུལ་རྟ་བཞོན་ཏེ་བྲོས་པ་ཡིན།  དང་པོ་གང་ལ་བྲོས་དགོས་མིན་བསམ་བློ་བྱེད་རྒྱུ་མི་འདུག  མིག་ལམ་ནས་མི་དེ་དང་ཁྲག་རྐྱང་རྐྱང་འཆར་ཀི  རིག་པ་ཅུང་ཙམ་ཐོན་དུས།  ད་ནི་བྱང་རྒྱབ་ཀྱི་དབྱར་སའི་སྟེང་ལ་བྲོས་ན་ཡག་སྙམ།  དབྱར་མཚེར་སྤོ་བའི་བར་ཏུ་བརྟེན་ཐུབ་ན།  དབྱར་མཚེར་བཟློག་སྐབས་གཉེན་ཉེ་རྣམས་ཀྱང་དེ་ལ་རུ་ཕབ་ཀི་རེད་དྲན། འཕྲུལ་རྟ་གང་ཐོན་བར་ཏུ་སོང་། མཐར་བྲག་ཁུག་ཞིག་རྙེད་པས་དེ་ནས་འདུག་རྒྱུ་བྱས། དུས་དེ་ལ།  དབྱར་སའི་ཐོག་གི་ཁ་བ་ད་དུང་ཞུ་ཐུབ་མེད།  ས་ཐོག་ན་རིག་ཡོང་རྒྱུ་གང་ཡང་མི་འདུག  དཀར་ལེབ་ལེབ་མིག་གིས་མི་གཟོད་པ་ཞིག་རེད། རི་དྭགས་ཡང་རྔོན་ཡོང་རྒྱུ་མི་འདུག་ལ་ཉི་མ་བཅུ་ཁ་ཞིག་ནས་མགྱོགས་ཐུག་ཀྱང་ཟ་ཚར།  འཁྱག་ལྟོགས་ཀྱིས་དེད་ནས་ཡོང་དུས་ཉིན་གསུམ་ཙམ་ལ་ཁ་བ་རྐྱང་རྐྱང་འགམ།  ཉི་མ་བཞི་བའི་གནམ་གུང་ལ་འཇབ་ནས་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན། བཟའ་ཚང་གང་པོས་ང་ཕྱིར་ཡོང་བ་མཐོང་ཚེ་སེམས་ནང་གི་རྡོ་ས་ལ་ལྷུང་བ་ལྟར་བདེ་སོང་ཟེར།  དེ་ཡང་།  གྱོད་འདི་ཤྭ་སྟོད་སྨད་གཉིས་ཀྱི་མིང་ཡོད་སྣ་ཡོད་ཚོས་བར་སྡུམ་བྱས་ནས་སྒྲིག་པ་ཡིན་འདུག  ཕར་བསད་བཞག་པའི་དུད་ཚང་དེའི་ཤུལ་ན་རྒན་མོ་མ་བུ་གཉིས་མ་གཏོགས་སུ་ཡང་མེད་ཟེར།  ཤ་ལེན་རྩོད་མཁན་ཞིག་ཀྱང་ཡོད་ས་མ་རེད།  དེ་བས་ཁོ་ཚོས་མི་སྟོང་བོས་པ་ལྟར་སྤྲད་བཞག་ན་རྒྱ་ལག་ནས་མི་ཤི་རྒྱུའི་ཐབས་བྱེད་རྒྱུ་འདུག་ཟེར།  རྒྱ་འདི་ཚང་གི་ཁྲིམས་ལ་མི་གསད་རྒྱུ་དེ་ལའང་སྡུག་ཐུག་སྡུག་མ་ཐུག་ཟེར་རྒྱུ་ཡོད་ཀི་འདུག  སྡུག་ཐུག་ནས་གཞན་པ་གསད་བཞག་ན་ཉེས་པ་ཆེན་པོར་བགྲངས་ཀི་མི་འདུག  སྲོག་ཁྲིམས་ཡང་བཅད་ཀི་མ་རེད།”
  “ཁྱོས་ཅི་འདྲ་ལན་བཏབ་པ་ཡིན།”
  “ད་བྲོས་མ་དགོས་ན་ང་ལ་དགའ་རྒྱུ་ལས་སྡུག་རྒྱུ་ཅི་ཡོད།  ཕུ་བོས་ཀྱང་ཉེ་རང་རྣམས་ཀྱིས་གྱོད་ཐག་འདིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།   བླ་མ་ལ་མོ་བཏབ་ནའང་ཡག་ཐག་ཆོད་པ་ཞིག་རེད་ཟེར།  མི་སྟོང་ལ་སྒོར་མོ་ཁྲི་གསུམ་དང་ཟོག་སུམ་བཅུ། ཇ་སྒམ་བརྒྱ་དང་དར་གཅིག་སོགས་འཇལ་དགོས་འདུག  གྱོད་བཤད་རོགས་ལ་འབྲི་གཅིག་རྟ་གཅིག་སྤྲད་དགོས།  སྒོར་མོ་ང་རང་གིས་སྒྲིག་རྒྱུ་བྱས།  རྟ་ཟོག་ཉེ་རང་གིས་བསྡུ་རྒྱུ་བྱས།  དེ་ནས་སང་ཉིན་ཟེར་དུས། ཀོང་རྔ་ཅུའུ་ལ་མགོ་བཏགས་ཏུ་སོང་བ་ཡིན།  ཁོ་ཚོས་ང་ལ་མི་ལོ་ཉི་ཤུའི་ཁྲིམས་ཐག་བཅད་པ་རེད།”
  “ཁྱོས་གསད་བཏང་བའི་མི་དེའི་མིང་ལ་ཅི་ཟེར་ཀི”
  “ཨོཾ་མ་ཎི་པད་མེ་ཧཱུཾ༔  མི་དེ་ལ་བསོད་བཀྲ་ཟེར་ཀི  ནག་ཆུང་བསོད་བཀྲ་ཟེར་ཀི”
  བུ་ཆུང་དེས་དེ་མུས་སུ་གང་ཡང་མ་དྲིས།  ཁོས་ལག་གཡས་པ་ན་ཡོལ་གྱི་སྟོད་ཐུང་བཟུང་ཡོད་པ་དེ་ལྷོད་ནས་རུམ་ཏུ་བསྐུམ།
  “འཁྱག་གི་ཡིན་ནཱ།  ཁྱོས་ལག་པ་རུམ་ལ་བཞག་ནས་དྲོ་དྲོ་བྱོས་དང་འཕྲུལ་རྟ་ལ་སེམས་ནད་མི་དགོས།”
  “ཁྱོད་ཚ་ཤུལ་འཇིགས་མེད་རེད་པཱ”
  “ཁྱོས་ང་གོ་ཨེ་མྱོང་།”
  “ངའི་ཕ་རྒན་ནག་ཆུང་བསོད་བཀྲ་རེད།”
  ན་ཡོལ་དེས་ཡང་བསྐྱར་སྣུམ་སྒོ་ལྷོད་པ་དང་།   ཁོ་རང་ལན་འདི་ཡིས་ཅི་བྱ་གཏོལ་མེད་དུ་བཏང་ནས་འཕྲུལ་རྟ་སྡོད་གྲབ་བྱེད་བཞིན་པ་འདྲ།  འོན་ཀྱང་གློ་བུར་ཏུ་ཁོས་སྣུམ་སྒོ་དམ་ནས་འཕྲུལ་རྟ་འཕུར་བ་ལྟར་མངགས།
  “ཁྱོས་དེ་རིང་ང་སྒུག་ནས་བསྡད་པ་ཨེ་ཡིན།”
  “ཁྱོད་དེ་རིང་རྫོང་ལ་སོང་བ་ངས་གོ་ཐལ།”
  “ཁྱོད་ཤ་ལན་ལེན་ཏུ་ཡོང་བ་རེད་པཱ།”
  “རེད།” བུ་ཆུང་གིས་མུ་མཐུད་དུ། “ང་ཆུང་མི་ངོས་ཟིན་པ་ནས་བཟུང་ཕ་ཟེར་བ་ཞིག་མི་འདུག  མ་ཟེར་བ་ཞིག་ཡོད་ཀྱང་སྡུག་གི་མཆི་མ་ཆད་མ་མྱོང་།  ཁྱོད་བཙོན་ལ་སོང་ནས་སྲོག་མགོ་ཐོན་ཡོད་ས་རེད།  ངེད་མ་བུ་གཉིས་ཀྱི་བརྟེན་ས་བོར་ནས་སྡུག་མགོ་མ་ཐོན།  བཙོན་ལ་ལོ་ཉི་ཤུ་བསྡད་བཞག་ན་ཉེས་པ་དག་ཡོད་ན་ཐང་།  འོན་ཀྱང་ངའི་སེམས་ཁ་གང་མི་སྲིད།  ངེད་མ་བུ་གཉིས་ཀྱི་སྡུག་གི་ལོ་མ་གསོགས་གསོགས་པོའང་དེ་ཡིས་ཚབ་བྱེད་མི་ཐུབ།  ངས་དུས་དེ་རིང་ཉི་མ་འདི་མི་ལོ་བཅུ་གཉིས་ལ་སྒུག་པ་ཡིན།”
  “ཁྱོས་དེ་རིང་ང་གསད་བཏང་རུང་ཕན་ཐོགས་ཅི་ཡོད་རེད།”
  “ཕན་མེད་ཀྱང་སེམས་ཁ་གང་ནི་ཡིན།”
  ན་ཡོལ་དེས་དེ་ནས་ཅི་ཡང་མ་བཤད།  བྱིས་པ་དེས་རུམ་ནས་གྲི་བཤངས་ཤིང་ན་ཡོལ་དེའི་མཆན་འོག་ཏུ་བསྣུན།  འཕྲུལ་རྟ་དེ་ཕར་གུག་ཚུར་གུག་བྱེད་བཞིན་ཁུག་གཅིག་སོང་བ་དང་མཐའ་མ་སྣུམ་ལམ་གྱི་དཀྱིལ་གཡས་གཡོན་མེད་སེ་དེར་འགྱེལ་སོང་།  འགྱེལ་ནས་ཡང་ཁུག་གཅིག་ལ་ཤུད།  ཁོང་གཉིས་པོ་འཕྲུལ་རྟ་ལས་ལྷུང་ཏེ་ས་ལ་འགྱེལ་བ་དང་།  ན་ཡོལ་དེ་ས་ཐོག་ནས་སྐོར་བ་གཉིས་གསུམ་ཙམ་སྒྲིལ་བ་དང་མཐའ་མ་ཁ་ངོ་ས་ལ་གཏད་ནས་འགུལ་རྒྱུ་མེད་པར་གྱུར།  བུ་ཆུང་དེས་ཤུགས་ཡོད་ཚད་བཏོན་ནས་ཡར་ལངས་ཐབས་ཙམ་བྱུང་བ་དང་།  ལག་གི་གྲི་ནི་ད་དུང་ཤོར་མེད།  ཁོ་ན་ཡོལ་གྱི་འགྲམ་ལ་ཐོན་ནས་དེའི་ལུས་པོའི་ཁ་ཡར་ལ་བསྐོར།  མི་དེའི་ངོ་གཡོན་པ་ཚང་མ་བརྡར་ནས་རུས་པའང་མཐོང་ཐུབ་པ་ཆགས་འདུག་ལ།  ཁ་དང་སྣ་དང་རྨ་ཁ་ནས་ཁྲག་དམར་འཛར་འཛར་དུ་བཞུར་གྱིན་འདུག  ཁྲག་དྲོན་པོ་ལ་རླངས་པའང་ཐུ་ལུ་ལུ་བྱེད་བཞིན་འདུག  བུ་ཆུང་དེས་རང་གི་ཕ་གསད་ཀྱི་ལག་དམར་དེ་ཤི་ཡོད་པ་མཐོང་ཞིང་།  སྲོག་ལན་བླངས་ཡོད་པ་ཐག་ཆོད་པས།  དབུགས་རིང་ཞིག་རྔུབ་པ་དང་ཕྱིར་འདོན་པའི་ཁ་རླངས་ཡང་ཐུ་ལུ་ལུར་འབྱིན་སོང་།  ཁོས་ལག་གི་གྲི་དེ་ལྷོད་ནས་ཐང་ལ་མངགས་པ་དང་།  རྣ་གཡོན་པ་ནས་འཛག་བཞིན་པའི་ཁྲག་དེ་ལག་པས་ཨེ་ཆོད་ལྟས།  གོམ་པ་ལྕི་མོ་ཞིག་གི་སྟབས་ནས་ཁོ་རང་དལ་མོ་བྱས་ཏེ་ཆུ་ཤུལ་དུ་བབ་པ་དང་།  ཆུ་ཤུལ་གྱི་ཉིན་ལ་བརྟེན་ནས་འཕྲེད་ཉལ་བྱས་ཞིང་ནམ་མཁའ་ལ་བལྟས་པ་ན། ད་ལྟའི་ནམ་མཁའ་འདི་ནི་མཐའ་ཡས་པའི་སྔོན་པོ་ཞིག་མ་ཡིན་ཏེ།   ཉི་མ་ཡང་བཀྲག་མདངས་ཡལ་བ་ཞིག་མ་རེད།  རྒྱང་རིང་རྒྱང་རིང་གི་རི་སྒང་ནས་སྤྲིན་ནག་ལང་ལིང་དུ་འཕྱོ་ཞིང་འཁྲིགས་ཀྱིན་ཡོད་པས།  ཁོས་ངག་ནས“ད་ཁ་བ་འབབ་ས་རེད།”ཅེས་དབང་མེད་དུ་ཤོར་བ་དང་དེ་མུས་སུ་མིག་གཉིས་དལ་གྱིས་བཙུམ་མོ། །  ། །

                                                                                 རྩོམ་སྒྲིག་པ། དབང་མོ།
                                                                                            ཞུ་དག་པ། སྐྱ་བོ།

                                                                                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་གྱི་གཏམ་རྒྱུད།

2016-01-13 ས་བུ་ཆེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།