བྱིས་སྒྲུང་། ༼ ཡ་མཚན་པའི་མཚན་མོ ༽

27FBF50Dgsgs.jpg

  གནའ་བོའི་དུས་སུ་མི་ཀུན་ལ་ཐུན་མོང་གི་སྡོད་གནས་ཡོད་ལ། ཐུན་མོང་གི་ཟས་རིགས་ཡོད།   ད་དུང་ཐུན་མོང་གི་ལག་བརྡ་ཞིག་ཀྱང་ཡོད།  

  ཡ་མཚན་པ་ནི་དེའི་ཁྲོད་ཀྱི་གནའ་བོའི་མི་ཞིག་ཡིན་ལ།   བལྟས་ཚོད་ལ་གཅན་གཟན་གཏུམ་པོ་ཞིག་དང་ཤིན་ཏུ་མཚུངས།   སྡེ་བ་དེའི་ནང་གི་བྱིས་པ་ཚོའང་ཡ་མཚན་པ་དང་འདྲ་བར་གཅན་གཟན་ཆུང་ཆུང་ཞིག་དང་འདྲ་བས་ཕྱི་ཕྱོགས་ནས་ཡོང་བའི་གནའ་བོའི་མི་དག་ཁོང་ཚོར་ཤིན་ཏུ་སྐྲག   ཡིན་ནའང་།  ཡ་མཚན་པ་ནི་དེ་འདྲའི་གཏུམ་པོ་ཞིག་མིན་པར་རྒྱུན་དུ་སྡེ་བ་དེའི་དོན་དག་ཆུང་མ་ཆེ་གསུམ་དང་ལེན་བྱེད་ཀྱིན་ཡོད།   

  ཉིན་ཞིག་ཡ་མཚན་པ་སྡེ་བ་དེའི་ཆེད་དུ་ནགས་ཁྲོད་ལ་རི་དྭགས་རྔོན་དུ་སོང་བ་རེད།   ལམ་བར་ནས་ཁོས་སྔོན་ཆད་མཐོང་མ་མྱོང་བའི་རྩི་ཤིང་དང་མེ་ཏོག   ཆུ་དང་རི་བོ་སོགས་མང་པོ་མཐོང་བས་ཁོའི་ཡིད་ལ“ངེད་སྡེ་བ་ངེས་པར་དུ་གནས་འདིར་སྤོས་ནས་འཚོ་བ་གསར་བ་ཞིག་རོལ་དགོས” སྙམ།   ཁོས་དེ་ལྟར་བསམ་གྱིན་བསམ་གྱིན་མདུན་ཕྱོགས་སུ་སོང་།  སོང་གིན་སོང་གིན་ཁོས་རང་ཉིད་ཀྱི་རྐང་རྗེས་བོར་སོང་།  ལམ་ཕྲན་བོར་སོང་།   ཅི་བྱེད་འདི་བྱེད་མེད་པའི་སྐབས་དེར་ཏག་ཏག་འབྲུག་གྲགས།  གློག་འཁྱུག  ཆར་བ་ཆེན་པོ་ཞིག་བབས་པས་ཁོ་མུ་མཐུད་དུ་མདུན་ལ་འགྲོ་མ་ཐུབ།   དེ་བས་ཁོ་སྡོང་བོ་ཆེན་པོ་ཞིག་གི་འོག་ཏུ་བསྡད་ནས་ཆར་བ་འབབ་མཚམས་འཇོག་པར་རེ་སྒུག་བྱས།  ཅི་ཙམ་སྒུག་རུང་ཆར་བ་ད་དུང་འབབ་མཚམས་མ་བཞག་པས་ཁོ་རང་ཡིད་ཆད།  ངལ་དུབ་ནས་བསྡད།  

  མུན་པ་ཇེ་མཐུག་ལ་འགྲོ་བའི་ཚོར་བ་དེས་ཁོས་གཞི་ནས་ས་རུབ་ལ་ཉེ་བ་ཤེས་སོང་།   ཡིན་ཡང་ཆར་བ་འདིའི་ཁྲོད་ནས་ཕྱིར་སོང་ན་ལམ་བར་ནས་རང་ཉིད་ཤི་ཁོ་ཐག་ཡིན་ཚུལ་བསམ་པས་ཁོ་རང་སྡོང་བོ་དེའི་འོག་ནས་ཞག་འདུག་བྱེད་རྒྱུའི་སེམས་ཐག་བཅད།    

  སྡོང་བོ་དེ་ནི་བྱམས་ལྡན་ཨ་མ་ཞིག་གི་བྲང་ཁུག་དང་འདྲ་བར་ཡ་མཚན་པ་ལ་ཤིན་ཏུ་དྲོད་པོ་ལྟ་བུའི་སྣང་བ་སྟེར།      སྣང་བ་དེའི་ཁྲོད་ནས་ཁོས་རང་གི་ཉེ་འཁོར་གྱི་རྩི་ཤིང་དང་མེ་ཏོག  ཆུ་བོ་དང་རི་བོ་སོགས་ལ་དྲོད་ཀྱི་བྱིན་རླབས་རྒྱ་ཆེན་པོ་ཞིག་འདུག་སྙམ།    

  དེ་ལྟར་མུན་པ་ཇེ་མཐུག་ལ་སོང་ནས་ཕལ་ཆེར་གཡས་གཡོན་ཅི་ཡང་མཐོང་མི་ཐུབ་པའི་དུས་སུ་ད་གཟོད་ཆར་བ་འབབ་མཚམས་བཞག་སོང་།   ཡིན་ཡང་ཡ་མཚན་པ་ཕྱིར་འགྲོ་བའི་བསམ་པ་ཞིག་གཏན་ནས་མེད་པར་ཚེ་མཇུག་ཡིན་རུང་སྡོང་བོ་འདིའི་འོག་ནས་སང་ཉིན་གྱི་ཉི་གཞོན་ལ་སྒུག་དགོས་སྙམ།  ཡ་མཚན་པས་རང་ཉིད་ཀྱི་ལག་པས་རང་གི་སྐྲ་ལོ་དང་སྨ་ར་ལ་བྱིལ་བྱིལ་ཙམ་བྱས་རྗེས།    མཛུབ་མོ་ས་ལ་བཙུགས་ནས“ མེ ” དང་འདྲ་བའི་རི་མོ་མང་པོ་མང་པོ་ཞིག་བྲིས་མོད།  གསལ་བོ་ཞིག་རང་གིས་ཀྱང་མཐོང་གི་མེད་ཚོད་རེད། 

  ཁོས་མུ་མཐུད་དུ་རི་མོ་ཞིག་བྲིས་ནས་ཚར་གྱི་མི་འདུག  ཡིན་ཡང་གྲང་རླུང་བཙན་པོ་ཞིག་ནགས་ཚལ་དེ་བརྒྱུད་ནས་ཤུགས་ཀྱིས་གཡུག་བྱུང་བས་ཁོས་ད་གཟོད་རང་ཉིད་ཀྱི་ལག་པ་གྲང་གི་ཡོད་པ་ཚོར་ནས་ཕྱིར་རང་གི་མཆན་ལ་བཅུག   ཚུགས་ཀ་དེ་ནི་དཔོན་པོ་ཞིག་དང་འདྲ་བར་སུ་ཞིག་ལ་བཀའ་སྩོལ་བཞིན་ཡོད་པ་དང་འདྲ།  ཡིན་ཡང་ཁོས་དེ་དག་ལ་གཏན་ནས་སྣང་འཇོག་མི་བྱེད་པར་རང་གི་ལག་པ་མཆན་ནས་བླངས་ཏེ་ཕུར་ཕུར་འགའ་བྱས།   

  དེའི་རྗེས་སུ་ཁོས་མུ་མཐུད་དུ་རི་མོ་བྲིས།  རི་མོ་རེ་རེ་ནི་ཁོའི་སེམས་འདུན་ག་གེ་མོ་ཞིག་དང་འདྲ་བར་ཤིན་ཏུ་གཅེས་པར་འཛིན་གྱིན་འདུག   ཅུང་ཙམ་འགོར་རྗེས་ཁོས་རི་མོ་བྲིས་ཚར་སོང་།  ལག་པ་ཕྱིར་མཆན་ལ་བཅུག་ནས་བསམ་བློ་གཏོང་གི་འདུག     སྐར་མ་རེ་རེ་ནི་སུ་ཞིག་གི་མིག་ཟུང་དང་འདྲ་བར་ཁྲ་ཆི་ལེར་ཁོ་ལ་བལྟས་འདུག   ནམ་མཁའ་ཡང་དེ་དང་ལྷན་ཏུ་ཤིན་ཏུ་དྭངས་པར་གྱུར་བས་ཡ་མཚན་པས་རང་གི་གཡས་གཡོན་གྱི་དངོས་པོ་མག་མོག་དག་རེ་རེ་བཞིན་མཐོང་མགོ་བརྩམས།  

  སྡོང་བོ་དེའི་རྩེ་ལ་འུག་པ་ཞིག་བབས་འདུག   འུག་པའི་མིག་ཟུང་ཡང་ཡ་མཚན་པ་ལ་གཏད་འདུག    ཡལ་ག་དག་སོ་སོར་གྱེས་ནས་ཡོར་ཡོར་འགུལ་གྱིན་འདུག   དེ་ནི་ཡ་མཚན་པ་སྡེ་བ་དང་གྱེས་ནས་ནགས་ཚལ་དུ་མགོ་འཁོར་འདུག་པ་དང་ཧ་ཅང་འདྲ་བ་མ་ཟད།   སྡོང་བོའི་འགྲམ་གཡས་གཡོན་ན་སུག་སུག་འདར་བའི་རྩ་ལྡུམ་མང་པོ་སྐྱེས་འདུག     ཁོས་དེ་དག་གི་ངོས་དང་རྩེ།  འགྲམ་དང་རྩ་བ་སོགས་ན་ཆར་ཐིགས་འཐོར་བཞིན་ཡོད་པ་མཐོང་བས་སེམས་ལ་སྨྲ་མི་ཤེས་པའི་བདེ་སྐྱིད་ཅིག་ཤར།   ཁོས་བདེ་སྐྱིད་དེ་སེམས་ལ་བཟུང་ནས་གཉིད་སོང་།  རྨི་ལམ་དུ་མེ་འོད་མཐོང་ཞིང་མེ་འོད་ཀྱི་འགྲམ་ན་འབུ་མེ་ལྕེབས་ཤིག་འཕུར་སྐྱོད་བྱེད་ཀྱིན་ཡོད་པ་མཐོང་། 

-------------

   གསལ་བཤད།  བྱིས་སྒྲུང་འདིས་བོད་ཀྱི་ན་གཞོན་ཡི་གེ་བ་ཁ་བ་སྙིང་ལྕགས་ལགས་ལ་མྱ་ངན་ཞུས་པ་ཡིན།   

                                                                                      རྩོམ་སྒྲིག་པ། སྐྱ་བོ།

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱིས་སྒྲུང་། ༼ ཡ་མཚན་པའི་མཚན་མོ ༽

2016-01-30 རྡོ།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།