གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱར་རྩྭ་དགུན་འབུ།

2016-04-28 13:33:03 ཀླད་ཀོར། ཀློག་གྲངས། མཆན ཡོད།



image001.jpg

ཀླད་ཀོར། དངོས་མིང་ལ་འཕྲིན་ལས་བཟོད་པ་ཟེར་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་གླིང་གི་སློབ་མ་ཡིན་ནོ།།

“རི་མཐོ་སར་འཛེགས་ནས་སྤང་བདེ་སར་འབུ་འཚོལ།”

ངའི་སྦྱིན་བདག་གི་ཁ་པར་ནང་ནས་ང་ལ་འདི་ལྟར་སློབ་དུས།ང་རང་རི་མཐོ་ས་དང་སྤང་བདེ་སར་སླེབས་ཟིན།དེ་རིང་ང་རང་བྱིས་པ་གྲོངས་པའི་གནས་ཤེས་བྱ་བའི་ཞིང་གྲོང་དང་ཁ་བྲལ། ཐོ་རངས་སྐར་ཆེན་གྱི་འོད་རབ་རིབ་ལ་བརྟེན་ནས་སྟག་མ་རྒྱས་པ་ཞེས་བྱ་བའི་རི་བོ་འདིར་འཛེགས།ད་ལྟ་ང་རང་རི་བོ་འདིའི་རྩེ་མོ་ལ་བདེ་བླག་ངང་སླེབས་སོང་།

རི་བོ་འདི་ནི་རྒྱ་ནག་གི་རི་བོ་ཀུན་དང་མི་འདྲ་བར་འོག་ཏུ་ཞིང་གྲོང་དང་སྐེད་པ་ནི་གླང་མ་དང་། ཐང་ཤིང་། སྟག་མ། ཤུག་པ་སོགས་ཀྱི་ནགས་ཚལ་རབ་དང་རིམ་པས་ཁེངས་པ་ཞིག་རེད། རི་བོ་འདི་དུས་བཞི་གཅོད་པའི་རྡོ་སྐས་བཞིན།འོག་གི་ཞིང་གྲོང་དུ་དབྱར་གྱི་ཚ་བས་གདུང་ནའང་རྩེ་མོར་དགུན་གྱི་གྲང་ངར་གྱིས་གཙེས། ད་ལྟ་རྩེ་མོར་སླེབས་མ་ཐག་པའི་ངས་སྤང་དང་མེ་ཏོག་མཐོང་བྱུང་། སྦྱིན་བདག་གིས་ཁ་པར་ནང་ནས་བཤད་པ་བཞིན།ང་རང་སྤང་ཐང་གི་མཛེས་སྡུག་ལ་ཧད་ཀྱིན་སེམས་ནང་འབུ་དྲན་བྱུང་། དབྱར་རྩྭ་དགུན་འབུ། ཉི་འོད་འོག་ཏུ་རླུང་བུ་གྲང་མོ་ཞིག་ལྡང་བ་དང་རྔུལ་ཆུས་མྱོས་པའི་བ་སྤུ་ཐམས་ཅད་ལངས་བར་བྱེད་ལ་སེམས་ཀྱི་ངལ་བ་རྣམས་རང་བཞིན་གྱིས་ཞི་ནས་དགའ་བ་འཕེལ། ང་ལ་གླུ་ལེན་འདོད་ཀྱི་འདུན་པ་འགོག་མེད་དུ་སྐྱེས།ཉན་མཁན་ང་རང་ཉིད་མ་གཏོགས་མེད་ནའང་། གླུ་མགྲིན་པ་ནས་མ་ཐོན་གོང་ངའི་ཁ་པར་གྱིས་གླུ་བླངས་བྱུང“དགའ་བྱུང་དགའ་བྱུང་ལ།སྐྱིད་བྱུང་སྐྱིད་བྱུང་ལ། དགའ་བའི་ཞབས་བྲོ་འོ་ལ་རྒྱོབས་ཤོག”ཁ་པར་གྱིས་ངའི་ཚབ་ཏུ་སེམས་ཀྱི་གླུ་དེ་བླངས། སྟོད་ཐུང་གི་པར་ཁུག་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་ཡར་བླངས་ནས་ལྟ་དུས་ང་ལ་ཁ་པར་གཏོང་མཁན་ནི་ཏག་ཏག་སྦྱིན་བདག་རེད་འདུག ཁོས“རི་མཐོ་སར་འཛེགས་ནས་སྤང་བདེ་སར་འབུ་འཚོལ”ཞེས་ཟེར།རི་མཐོ་སའི་གྲང་རླུང་འུར་འུར་གྱིས་ངའི་ཚབ་ཏུ་ཁོ་ལ་ལན་བརྒྱབ་སོང་། ཁ་པར་ཁ་རྒྱག་དུས་ཅོག་ངོས་སུ་འཆར་བའི་ཆུ་ཚོད་དེ་དང་པོ་ཡོལ་འདུག་པ་མཐོང་།

ངས་རྒྱབ་གྱི་ལྕི་བའི་ཁུར་པོ་དེ་ང་ལ་མི་མཁོ་བ་བཞིན་དུ་སྤང་ཐང་ཐོག་ཏུ་གཡུགས་རྗེས། སྤང་ཐང་ན་གན་རྐྱལ་དུ་ཉལ་ནས་བསྡད། ང་རང་ཟང་ཟིང་ཆེ་བའི་པེ་ཅིན་དུ་ལོ་ཉི་ཤུའི་རིང་འཚར་ལོངས་བྱུང་དང་། ད་ཆ་གློ་བུར་དུ་རང་ཉིད་མ་གཏོགས་མེད་པའི་སྤང་ཐང་འདི་འདྲ་ཞིག་ཏུ་ལྷུང་བ་ནི་རྨི་ལམ་ནང་གི་རྨི་ལམ་ལྟ་བུར་སྣང་། རྨི་ལམ་དེ་ནི་དེ་རིང་གི་ནམ་མཁའ་ལྟ་བུ་ཞིག་རེད། སྤྲིན་པ་དཀར་པོ་ཞིག་ནམ་མཁའ་སྔོན་པོའི་ངོས་སུ་རྒྱ་མཚོའི་གྲུ་གཟིངས་བཞིན་ལྷོ་རུ་བསྐྱོད་པ་ན། སྤྲིན་པ་དེ་དང་འདྲ་བའི་ངའི་འཆར་ཡན་ཀླད་པའི་ངོས་ནས་འདས་སོང་གི་ཕྱོགས་སུ་བཞུར་བཞིན་པར་སྣང་།

བུ་མོ་ང་རང་རྒྱ་ནག་གི་བྱིས་པ་ཀུན་དང་འདྲ་བར་དཔེ་ཆའི་ཁྲོད་ནས་ནར་སོན།ནར་སོན་རྗེས་ང་རང་དང་འགྲོགས་མཁན་ནི་རྒྱུགས་ཤོག་དང་རྒྱུགས་ཤོག་ཐོག་གི་སྐར་མ་དམར་པོ་དག་ཡིན། སྐར་གྲངས་མཐོན་པོ་ཞིག་རྒྱབ་ཏུ་ཁུར་ནས་ངས་ཅི་ཡང་ཤེས་སྙམ་པའི་ང་རྒྱལ་དང་བཅས་སློབ་ཆེན་གྱི་སྒོ་ནས་འཛུལ་ཚེ།རང་ཉིད་ཀྱི་ཅི་དང་གང་ཡང་ཤེས་མེད་པའི་གནས་བབ་དེ་གཞི་ནས་ཚོར།ཐ་ན་རང་ཉིད་ཀྱིས་ཅི་ཞིག་སྦྱང་དགོས་པ་ཡང་ཤེས་ཀྱི་མི་འདུག སློབ་གྲོགས་གཞན་གྱིས་མན་ངག་བློ་ལ་འཛིན་པ་མཐོང་འཕྲལ་ངས་ཀྱང་མན་ངག་བློ་ལ་བཟུང་ཞིང་། སློབ་གྲོགས་གཞན་གྱིས་དབྱིན་ཡིག་གི་རྒྱུགས་སྤྲོད་པའི་སྟ་གོན་བྱ་བ་མཐོང་འཕྲལ་ངས་ཀྱང་དབྱིན་ཡིག་རྒྱུགས་སྤྲོད་པའི་སྟ་གོན་བྱས།མཐར་སློབ་གྲྭ་ཆེན་མོ་ནས་ཐོན་དུས་སྔར་བཞིན་ཅི་དང་གང་ཡང་ཤེས་མེད། ཐམ་ག་དམར་པོ་བརྒྱབ་པའི་དཔང་ཡིག་དྲུག་ཙམ་ཁུར་ནས་སྤྱི་ཚོགས་ཀྱི་ཟུར་ཀུན་ཏུ་ཉུལ་ནས་ལོ་གཅིག་དང་ཕྱེད་ཀ་འདས་ཀྱང་རང་གི་ལག་པས་རང་ཁ་གསོ་ཐུབ་བའི་བྱ་བ་ཞིག་ཀྱང་མ་རྙེད།

ཏག་ཏག་ལོ་གཅིག་དང་ཕྱེད་ཀ་འདས་རྗེས་ཀྱི་མཚན་མོ་ཞིག་ལ། པེ་ཅིན་གྱི་ས་འོག་གི་ཁང་པ་ཞིག་གི་ནང་དུ་ངས༼ཁ་བའི་འདབ་མ༽རྟགས་ཅན་གྱི་སྦི་རག་ཤེལ་དམ་དྲུག་བཏུངས་རྗེས། སྒེའུ་ཁུང་མེད་ལ་སྐར་མ་མི་མཐོང་བའི་ཁང་པའི་ནང་དུ་ང་རང་ཡུན་རིང་ངུས་ནས་བསྡད། སྐབས་དེར་ངའི་བློ་ངོར་འགྲོ་བ་མིའི་སྤྱི་ཚོགས་ནི་ས་འོག་གི་ཁང་ཆུང་འདི་དང་འདྲ་བར་ཁྱོད་ལ་སྐར་ཚོགས་ཀྱི་མཛེས་སྡུག་མཐོང་དུ་མི་འཇུག་པའི་མུན་ནག་གི་དམྱལ་ཁམས་དེ་ཡིན་པར་མཐོང་། སྦི་རག་ཤེལ་དམ་དྲུག་པོ་བཏུངས་ཚར་རྗེས།  xxརྟགས་ཅན་གྱི་བུ་མོའི་ཐ་མག་ཞིག་ལ་མེ་སྒྲོན་སྐབས་ཁ་པར་གྱི་སྒྲ་གྲགས་བྱུང་།

“ཝེ།”

“ཁྱོད་བོད་ལ་འགྲོ་འདོད་དམ།”

ད་ལྟར་གྲོང་ཁྱེར་བ་རྣམས་བོད་ལ་འགྲོ་བ་ནི་གཞན་ལ་ངོམ་ཆོག་པའི་བྱ་བ་ཞིག་ཏུ་ངོས་འཛིན།ཁ་ཤས་བོད་ནས་གྲོང་ཁྱེར་དུ་ལོག་དུས།“ད་ངའི་སྣང་བ་སྐྱིད་ལྷང་ལྷང་རེད”“ད་ནི་ངའི་སེམས་དྭངས་གཙང་དུ་གྱུར་སོང” “ད་ནི་ངའི་རྣམ་ཤེས་ལ་སྤོས་ཀྱི་དྲི་ངད་ཁ་ཡི་འདུག”ཞེས་ང་དང་འདྲ་བའི་བོད་དུ་འགྲོ་བའི་གོ་སྐབས་མེད་པ་དག་ལ་ངོམ་པར་བྱེད།

“ཁྱོད་སུ་ཡིན།”

“ང་རང་དབྱར་རྩྭ་དགུན་འབུའི་ཚོང་རྒྱག་མཁན་ཞིག་ཡིན། རྗེས་སུ་ཁྱོད་ཀྱིས་ང་ལ་སྦྱིན་བདག་ཅེས་འབོད་ན་ཆོག”

པེ་ཅིན་དུ་ངོ་མི་ཤེས་པའི་ཁ་པར་འོང་བ་ནི་རྒྱུན་ལྡན་ཡིན་ལ་དེ་ཚོའི་ནང་རྐུན་མ་དང་ཅ་ལག་འཚོང་མཁན་སོགས་ཇི་སྙེད་ཅིག་ཡོད་མོད་ཀྱང་། ཁོ་ལྟ་བུར་སྐད་ཆ་ཐད་ཀ་ཐད་ཀར་འཆད་མཁན་ཞིག་མཐོང་མ་མྱོང་། ངོ་ཤེས་མཁན་གྱི་ཚོས་ཀྱང་ཁ་པར་གྱི་ནང་དུ་དང་པོ་གནམ་བཤད། གཉིས་པ་ས་བཤད། རྒྱལ་སྤྱིའི་གསར་འགྱུར་དང་ཉེ་ལམ་སུ་ཞིག་གིས་མོ་ཊ་སྤུས་དག་ཅིག་ཉོ་བར་ལ་སོགས་པ་ནི་སྔོན་འགྲོའི་ཚུལ་དུ་བཤད་རྗེས་དེ་ནས་རང་ཉིད་ལ་དོན་ཅི་ཡོད་པ་དེ་དལ་བར་སྤྲོས་འོང་། ཡིན་ཡང་དེ་རིང་ངའི་སྦྱིན་བདག་ཡིན་ཞེས་པའི་མི་དེའི་ཧའེ་མིང་ཝེ(海明威)ཡི་ཁྱད་ཆོས་ལྡན་པའི་སྐད་ཆ་བཤད་ལུགས་དེས་ང་ཡང་ཁོ་ལ་ཡིད་ཆེས་བྱེད་དགོས་པའི་སྣང་བ་ཤར།

“ང་བོད་ལ་འགྲོ་འདོད།”

“བོད་ཀྱི་ས་ཆ་གང་དུ་འགྲོ་བ་དང་འབུ་ཅི་འདྲ་འཚོལ་བ་ནི་ཁྱོད་ཀྱི་ལས་ཀ་ཡིན། ང་ལ་འབུ་དགོས།མི་གཞན་ལས་གོང་ལྡབ་གཅིག་གིས་ཆེ་བ་སྤྲད་ཆོག”ཟེར་ནས་ཁ་པར་གྱི་ཁ་བརྒྱབ་སོང་། དུས་ཡུན་ཅུང་ཙམ་སོང་རྗེས་ཁ་པར་གྱི་སྒྲ་སླར་ཡང་གྲགས་བྱུང་།

“སྦྱིན་བདག་ལགས།དོན་དག་ཅི་ཞིག་ཡོད་དམ།”

“དོན་དག་ཞིག་འདྲི་རྒྱུ་བརྗེད་འདུག ཁྱོད་ཀྱི་སྐད་སྙན་པ་ལ་བུ་མོ་མཛེས་མ་ཞིག་ཡིན་ནམ།” ངས་ཁོའི་ལན་དུ་ཁ་པར་གྱི་ཁ་ཐད་ཀར་བརྒྱབ་པ་ཡིན།

བརྙན་འཕྲིན་དང་ཚགས་ཤོག་ཐོག་མཐོང་མྱོང་བའི་དབྱར་ཁ་རྩྭ་ཡིན་ལ་དགུན་ཁ་འབུ་ཡིན་བའི་སྨན་རྩྭ་ཡ་མཚན་ཅན་དེ་ཅི་ལྟར་བཙལ་དགོས། ཆང་གིས་བཟི་བའི་མཚན་མོ་དེར་ང་རང་གཉིད་ཁུག་ཐབས་བྲལ། མུན་གསལ་བ་དང་ང་རང་གཉིད་ཀྱི་ལྗོངས་སུ་ལྷུང་། རྨི་ལམ་ལམ་དུ་ཐག་རིང་དུ་རྭ་ཅོ་ཅན་གྱི་དབྱར་རྩྭ་དགུན་འབུ་མང་པོས་ང་རང་འབོད་བཞིན་པ་རྨིས་པས་གཉིད་ཀྱང་རབ་རིབ་ཅིག་ལས་ཁུག་མ་ཐུབ།

 ལྷོ་བཞུད་ཀྱི་སྤྲིན་པ་དེ་གར་སོང་མེད་པར་ཡལ་འདུག ནམ་མཁའ་སྔོ་ཞིང་དྭངས།ང་རང་ཡང་རྗེས་དྲན་ལས་སད་ཀྱང་ལམ་བར་དུ་ཅི་ཞིག་བོར་སོང་བ་བཞིན་སེམས་པ་སྟོང་ལྷང་ལྷང་དུ་གྱུར། རི་བོ་སྟག་མ་རྒྱས་པ་ཞེས་བྱའི་རྩེ་མོའི་རླུང་བུ་ནི་ཅི་འདྲའི་གྲང་ན་ཡང་ཉི་མ་ཡང་དེ་འདྲའི་ཚ་པོ་འདུག ཉི་འོད་ཕོག་པའི་བྲང་ཁོག་ཚ་ལྷང་ལྷང་ཡིན་ཡང་།གྲང་རླུང་ཕོག་པའི་ལྟག་རྒྱབ་ནི་གྲང་བསིལ་བསིལ་རེད།

ང་རང་ཡར་ལངས་ནས་རྒྱབ་ཁུག་ཆེན་པོ་དེའི་ཁ་ཕྱེས།དེའི་ནང་གི་ཡུལ་སྐོར་བའི་སྟབས་བདེའི་གུར་གྱི་གསལ་བཤད་ཡི་གེ་ལ་ལྟ་བཞིན་ཕུབ་རྗེས། གྲང་རླུང་འགོག་ཆེད་ཕྱོགས་བཞི་རུ་རྡོའི་ཕྲེང་བ་བསྟར། ཉི་གློག་ཆུང་ཆུང་དེ་ཉི་འོད་འཕྲོ་སར་བཞག དེ་ནས་སྟབས་བདེའི་མལ་ཆས་དང་སྟབས་བདེའི་བཟའ་བཅའ། སྟབས་བདེའི་ཡོ་བྱད་སོགས་གྲལ་བསྒྲིགས།རྒྱ་ནག་གི་གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་བུ་མོ་ཞིག་ལ་ལུང་མང་པོ་བརྒྱབ་ནས་མི་མེད་པའི་རི་བོ་འདི་འདྲ་ཞིག་གི་སྟེང་དུ་རང་ལ་དབང་བའི་གུར་ཞིག་ཕུབ་རྗེས།གཞི་ནས་ལུས་སེམས་གཉིས་ཀ་ངལ་བའི་གདུང་བས་མནར།

ངས་རྒྱ་མཚོའི་ངོས་ལས་སྨི༤༠༠༠ཙམ་ཡོད་པའི་རི་རྩེ་འདིར་གསོ་རླུང་གི་ཤེལ་དམ་གྱི་ཁ་བཀབ་ནས་གསོ་རླུང་འཇམ་པོ་སོབ་སོབ་དང་བཅས་ཡིད་ཚིམ་པ་ཞིག་འཇིབས་རྗེས། རང་གི་མལ་ས་སྟབས་བདེ་དེའི་ནང་དུ་འཛུལ་སོང་བ་ཡིན།ངལ་དྲགས་པས་ཡིན་ནམ་ཡང་ན་གསོ་རླུང་འཐུང་བ་མང་དྲགས་པས་ཡིན།གང་ལྟར་ང་རང་གློ་བུར་དུ་རྨི་ལམ་གྱི་ཞིང་ཁམས་སུ་ལྷུང་སོང་།

ང་རང་ལོ་མང་པོར་གཉིད་སྐྱིད་པོ་འདི་འདྲ་ཁུག་མ་མྱོང་། ཡིན་ཡང་རྨི་ལམ་ནང་དུ་ངས་དབྱར་རྩྭ་དགུན་འབུ་རྐང་གཅིག་ཀྱང་མ་རྙེད་པར་ཕྱིར་ལོག་པའི་རང་ཉིད་ཀྱི་རྒྱབ་གཟུགས་དེ་མཐོང་བྱུང་།ངས་ང་རང་གི་རྒྱབ་གཟུགས་ལ་ཁ་གཏད་ནས“ཚུར་ཤོགའདི་ན་དབྱར་རྩྭ་དགུན་འབུ་མང་པོ་འདུག”ཅེས་ཡང་ཡང་བོས་ན་ཡང་། ངའི་རྒྱབ་གཟུགས་ཀྱིས་མ་ཐོས་པ་བཞིན་ནུབ་ཁའི་མཚམས་སྤྲིན་དང་མཉམ་དུ་རི་བོ་སྟག་མ་རྒྱས་པའི་རྩེ་མོ་ནས་མར་ལྷུང་སོང་།

མར་ལྷུང་ལྷུང་ནས་འོག་གི་ས་ངོས་སུ་མ་སླེབ་གོང་དུ་གླུ་བུར་གཉིད་ལས་སད།མིག་ཕྱེ་བ་ན་འཇིག་རྟེན་གྱི་ཡོད་ཚད་དམར་པོ་རེད་འདུག ཅི་བྱུང་མི་ཤེས་པ་ང་མལ་ལས་ལངས་ཏེ་སྒོ་ནས་ཐོན། ནམ་མཁའ་ཡོད་ཚད་མཚམས་སྤྲིན་དམར་པོའི་ཁེངས་འདུག་ལ་ས་གཞི་ཡང་མཚམས་སྤྲིན་བཞིན་དམར་པོ་གྱུར་འདུག འཇིག་རྟེན་འདི་དམར་ལྷང་ལྷང་དུ་འབར། ཚུལ་དེ་གྲོང་ཁྱེར་གྱི་མཚམས་སྤྲིན་དང་རྒྱ་མཚོའི་མཚམས་སྤྲིན་སོགས་དང་མི་འདྲ་བར།འདི་ནི་བསྐལ་བ་མཐའ་མའི་ཁ་དོག་རེད། འདི་ནི་འཆི་བའི་ཁ་དོག་རེད།

མཚམས་སྤྲིན་ཡལ་ན་ཡང་མུན་ད་དུང་མ་རུབ། ངའི་སྙིང་གི་འཕར་སྒྲ་ལས་འཇིག་རྟེན་འདི་ན་སྒྲ་གཞན་མི་འདུགང་རང་མལ་དུ་ཙོག་ནས་རྒྱབ་ཁུག་ནང་གི་དཔེ་ཆ་ཁ་ཤས་དང་བསྐྱར་པར་བྱས་པའི་ཤོག་བུ་འགའ་ཡོད་པར་བལྟས་ནས་བསྡད། དཔེ་དེབ་གཅིག་ཏུ་འཕྲེད་གཅོད་རི་རྒྱུད་ཀྱི་གནམ་གཤིས་དང་སྐྱེ་དངོས། ལོ་རྒྱུས་རིག་གནས་སོགས་ངོ་སྤྲོད་བྱས་འདུགད་དུང་རི་ཁྲོད་དུ་སྤྱང་ཀི་དང་དོམ།གཟིག་སོགས་གཅན་གཟན་མང་པོ་ཡོད་པ་གསལ་བཤད་བྱས།གསལ་བཤད་ཡི་གེའི་དཀྱིལ་དུ་པར་ཆུང་ཆུང་ཞིག་འདུག པར་དེའི་ནང་དུ་དོམ་ཞིག་ལྕེ་དམར་པོས་སྣ་རྩེ་ལྡག་བཞིན་ང་རང་སྡོད་སའི་སྤང་ཐང་འདི་དང་ཨ་ན་མ་ནའི་སྤང་ཐང་ཞིག་ཏུ་ཉུལ་བཞིན་འདུག པར་དེ་མཐོང་བ་དང་དོམ་ཞིག་ལྕེ་ལེབ་ཀྱིས་སྣ་རྩེ་ལྡག་བཞིན་ངའི་ཕྱོགས་སུ་འོང་བཞིན་པའི་སྣང་བ་སྐྱེས། ཡིན་ཡང་།ལོ་ངོ་གཅིག་རིང་གི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་འཕྲད་པའི་དཀའ་སྡུག་དང་བསྡུར་ན་སྐྲག་སྣང་དེ་ནི་ཉམ་ཆུང་བ་ཞིག་རེད། ཝ་པགས་གྱོན་མཁས་པའི་མི་ཞེས་པའི་སྲོགས་ཆགས་དེ་གཅན་གཟན་དང་ལྷ་འདྲེ་ཀུན་ལས་འཇིགས་སུ་རུང་ཡང་། བདག་མིའི་སྤྱི་ཚོགས་སུ་འཚོ་ནས་ལོ་ངོ་ཉི་ཤུའི་རིང་ཡང་སྐྲག་པ་དེ་ཙམ་མ་བྱུང་ན། ད་ཆ་ང་རང་གཅན་གཟན་དང་ལྷ་འདྲེས་ཁེངས་པའི་རི་མགོ་རུ་འཚོ་བ་ལ་སྐྲག་རྒྱུ་ཅི་ཡོད་སྙམ།

བསྐྱར་པར་བྱས་པའི་ཤོག་ལེབ་དག་ནི་རྒྱ་ཡིག་གི༼དབྱར་རྩྭ་དགུན་འབུ་ངོ་སྤྲོད༽དང་འཕྲེད་གཅོད་རི་རྒྱུད་ཀྱི་ས་ཁྲ་སོགས་རེད། པེ་ཅིན་ནས་ཆས་དུས་ས་ཁྲ་དེ་ང་ལ་དགོས་མཁོ་ཡོད་པ་ངོས་འཛིན་བྱས་ཀྱང་། དོན་གྱིས་ལམ་དུ་ཆས་ཚེ་ས་ཁྲ་འདི་ནི་ཤོག་སྟོང་དཀར་དཀར་ཞིག་དང་འདྲ་བོ་འདུག དེ་ཡང་། པེ་ཅིན་དང་སེམས་ཀྱི་ཉི་ཟླའི་བར་གྱི་གནམ་གྲུ་དེ་འཕྲེད་གཅོད་རི་བོའི་མཁའ་ལམ་དུ་སླེབས་ཚེ། རལ་གྲི་ལས་རྣོ་བའི་རི་བོའི་ཚོགས་ཀྱི་རྩེ་མོ་ནམ་མཁའ་དང་གནམ་གྲུ་ལ་གཏད་ཡོད་པ་མཐོང་བྱུང་། སྐབས་དེར་འཕྲེད་གཅོད་རི་རྒྱུད་ཁྲོད་དུ་འཚོ་དགོས་ན་ས་ཁྲ་ངོ་མ་ནི་རང་ཉིད་ཀྱི་སེམས་ཡིན་པ་རྟོགས་བྱུང་། སེམས་ཀྱི་ཉི་ཟླ་ནས་བྱིས་པ་གྲོངས་པའི་གནས་ཀྱི་བར་དུ་རླངས་འཁོར་ལ་བསྡད་ན་ཉིན་གསུམ་གྱི་ལམ་ཐག་འདུག བྱིས་པ་གྲོངས་བའི་གནས་སུ་འོང་བ་ནི་རང་ཉིད་སེམས་ལ་བརྟེན་པས་རེད། མཚོ་སྔོན་དང་ལྷ་སའི་ཕྱོགས་སུ་མི་འགྲོ་བའི་རྒྱུ་མཚན་ཡང་དེ་བཞིན་ཡིན། 

སྨར་ཁམས་རྫོང་ནས་བྱིས་པ་གྲོངས་བའི་གནས་བར་ང་རང་འདུད་འཐེན་འཁོར་ལོ་ཞིག་གི་ནང་དུ་བསྡད་ནས་འོང་བའི་ཚུལ་དེ་ངས་ནམ་ཡང་བརྗེད་མི་སྲིད། ལམ་བར་དུ་ང་རང་དེང་རབས་ནས་གནའ་བོའི་ཕྱོགས་སུ་འགྲོ་བའི་སྣང་བ་སྐྱེས། བྲག་རི་ནས་ཅི་ཙམ་མར་བསྐྱོད་ན་དེང་རབས་ཀྱི་དངོས་པོ་དེ་ཙམ་གྱིས་ཇེ་ཉུང་རེད། དེ་ནས་དེང་རབས་ཅན་གྱིས་བསྐྱུར་བའི་མེ་ཏོག་མཛེས་པོ་དང་ཆུ་བོ་དྭངས་མོ། བོད་ཁང་སྙིང་ཧྲུལ། གཡོ་ལོ་རྒྱས་པའི་ཤིང་ཏོག སྐེས་ཐེམ་བཞིན་གྱི་ཞིང་ཐང་བཅས་ཇེ་མང་ནས་ཇེ་མང་དུ་སོང་།

སྨར་ཁམས་རྫོང་ནས་བྱིས་པ་གྲོངས་པའི་གནས་ཀྱི་བར་དུ་ང་རང་འདྲུད་འཐེན་འཁོར་ལོ་ཞིག་གི་ནང་དུ་བསྡད་ནས་འོང་། འདྲུད་འཐེན་འཁོར་ལོའི༼ཐ་ཐ༽ཡི་སྒྲ་དང་བཅས་པའི་དུ་ཞགས་ཀྱིས་ངའི་གདོང་ཡང་ནག་པོར་བཟོས་པས་ང་དང་མཉམ་དུ་ཡོད་པའི་བོད་མི་རྣམས་ཀྱི་བར་ཐག་ཀྱང་ཉེ་བར་འཐེན། ངས་ཁ་པར་གྱི་ཅོག་ངོས་སུ་འཆར་བའི་རང་གི་གདོང་ལ་ཞིབ་ལྟ་བྱེད་དུས་ང་རང་བོད་མི་དང་ཤིན་ཏུ་འདྲ་བར་མཐོང་། ཁོ་ཚོས་སྒྲ་མི་དག་པའི་རྒྱ་སྐད་ཀྱིས“ཁྱོད་གང་དུ་འགྲོ”ཞེས་དྲིས་བྱུང་།ངས་ལན་དུ“ཡུལ་སྐོར་ལ་འགྲོ”ཞེས་ཟེར་བ་ན་ཁོ་ཚོས་ཧ་ལས་པའི་ཉམས་ཀྱིས་ང་ལ་ལྟ། ཡུལ་སྐོར་ཞེས་བཤད་དུས་ངའི་ཀླད་པའི་ནང་དུ་བརྙན་འཕྲིན་དང་ཚགས་ཤོག་ནང་མཐོང་མྱོང་བའི་སྨན་རྩྭ་ཁྱད་པར་བ་དེ་དྲན་བྱུང་།

ང་ཚོ་བྱིས་པ་གྲོངས་པའི་གནས་སུ་སླེབས་དུས།ཉི་འོད་རི་བོའི་རྩེ་ནས་ཡལ་འདུག འདྲུད་འཐེན་འཁོར་ལོའི་སྒྲ་ཐོས་པས་བྱིས་པ་མང་པོ་ཞིག་སྐད་ཅོར་རྒྱག་བཞིན་ང་ཚོར་རུབ། ཁོ་ཚོས་དང་པོ་ཕ་མ་རྣམས་ཀྱི་རྒྱབ་ཁུག་འཁུར་རོགས་བྱེད་ཅིང་། དེ་ནས་ཕ་མའི་པར་ཁུག་ཀུན་ཏུ་ལག་ཉུལ་བྱས་ནས་རྔན་པ་འཚོལ།ཡིན་ཀྱང་། བྱིས་པ་ལོ་བཞི་ཙམ་གྱི་ཕ་མ་འདྲུད་འཐེན་འཁོར་ལོའི་ནང་མེད་པ་འདྲ་ལ། རྔན་པ་སྤྲོད་མཁན་ཡང་མེད་པ་འདྲ། འདྲུད་འཐེན་འཁོར་ལོ་ལ་བརྟག་དཔྱད་བྱེད་པ་བཞིན་གང་སར་མཛུབ་མོས་རེག་ཙམ་རེག་ཙམ་བྱེད། དེ་ནས་ཁོས་འདྲུད་འཐེན་འཁོར་ལོ་བསྐྱུར་ནས་ང་ལ་ཞིབ་ལྟ་བྱས།སྣ་འགུལ་ཙམ་འགུལ་ཙམ་བྱེད་བཞིན་ངའི་ཕྱོགས་སུ་འོང་རྗེས། ཅི་ཞིག་ཤེས་སོང་བ་དང་འདྲ་བར་གློ་བུར་ཁ་ཕྱིར་བསྐོར་ནས་སྡེ་བའི་ཕྱོགས་སུ་བྲོས་སོང་། “ཨ་ཁུ་འབྲུག་རྒྱལ།ཨ་ཁུ་འབྲུག་རྒྱལ། རྫོང་གི་མགོ་ཁྲིད་སླེབས་འདུག” ཁོའི་སྐད་ཀྱིས་སྡེ་བ་དང་སྡེ་བའི་ཕ་རོལ་གྱི་རི་བོ་ལ༼བསླེབས་འདུག བསླེབས་འདུག༽ཞེས་པའི་བྲག་ཅ་མཆེད།

ངས་སྡེ་བ་འདི་ལ་ཞིབ་ལྟ་ཞིག་བྱེད་དུས། རྒྱ་ཆེ་བའི་ཞིང་ཐང་དུ་གྲོ་ནས་སྲན་གསུམ་གྱི་གཡུ་ལོ་རྒྱས་ནས་འདུག མུ་ཁ་ཀུན་ཏུ་ངས་མཐོང་མ་མྱོང་བའི་ཤིང་སྡོང་དུ་མ་སྐྱེས། བོད་ཁང་དཀར་པོ་རྣམས་ནི་གཡུའི་གཞོང་པའི་ནང་ངེས་མེད་དུ་བཀྲམ་པའི་མུ་ཏིག་རྡོག་པོ་རེ་རེ་དང་འདྲ།

དེ་ནས་ཞིང་གྲོང་དང་རྒྱ་ལམ་ཕྱོགས་སུ་འཐེན་པའི་རོལ་ནང་དུ་མི་ཞིག་རྒྱུག་མ་ལྡིང་གིས་བདག་ཕྱོགས་སུ་འོང་བ་མཐོང་། ཉེ་བར་སླེབས་ཚེ། དེ་ནི་རྒད་པོ་ཞིག་རེད་འདུག་ལ་ལག་ནང་དུ་དྲི་མས་སྦགས་པའི་ཁ་བཏགས་ཤིག་ཁུར་འདུག གཉེར་མས་ཁེངས་པའི་གདོང་ལ་རྒས་ཉམས་དོད་པོ་ཤར་ཡོད་ནའང་། ཁོའི་གོམ་པ་སྤོ་སྟངས་ནི་བདེ་ལ་མྱུར།

ཁོས“བཀྲ་ཤེས་བདེ་ལེགས”དང་བཅས་ཁ་བཏགས་དེ་ངའི་སྐེ་ལ་གཡོགས་རྗེས།“རྫོང་གི་མགོ་ཁྲིད་ཅིགའདྲུད་འཐེན་འཁོར་ལོ་ལ་བསྡད་ནས་ལྟ་སྐོར་ལ་འོངས་རབས་མེད།དཀའ་ལས་ཁག་སོང་”ཞེས་བཤད། ངས་གཞི་ནས་ཁོ་ནི་ད་ལྟ་བྱིས་པ་སྣ་འགུལ་ཤེས་པ་དེས་འབོད་པའི་ཨ་ཁུ་འབྲུལ་རྒྱལ་ཟེར་བ་དེ་ཡིན་པ་ཤེས་སོང་།

ལྕི་བ་དང་སྟུག་པས་ཁེངས་པའི་རོལ་དེ་བརྒྱུད་ནས་ཨ་ཁུ་འབྲུག་རྒྱལ་གྱི་ཁྱིམ་དུ་བསྐྱོད། རུལ་དུ་ཅི་ཞིག་འཚོལ་བཞིན་པའི་ཕག་དང་ཁྱི་འཁྱམ་ཁ་ཤས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག ས་ཆ་འདི་རུ་ཕག་ཡིན་ཡང་རང་དབང་ལྡན་འདུག་སྙམ།

ཁྱིམ་དུ་རྒད་མོ་ཞིག་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཇ་དང་ཟས་སོགས་གྲ་སྒྲིག་བྱེད་བཞིན་འདུག ཨ་ཁུ་འབྲུག་རྒྱལ་གྱིས་ང་རང་ཁྱིམ་ཕུག་གི་གདན་ལ་འདུག་ཏུ་བཅུག་ནས“མགོ་ཁྲིད་ལགས། ཁྱེད་རང་རྫོང་ནས་ཕེབས་པ་ལ་བརྡ་ཡང་མ་འབྱོར་བས།ཆང་དང་ཤ་སོགས་ཀྱང་གྲ་སྒྲིག་བྱེད་ཐུབ་མ་སོང”ཟེར་བ་ན་རྒད་མོས་ཇ་ཕོར་པ་གང་དང་། ཞོག་ཁོག་བརྔོས་མ། བག་ལེབ་སོགས་ངའི་མདུན་གྱི་སྒྲོག་ཙེའི་ཐོག་ལ་བཞག་བྱུང་།

ངས་ཁང་པའི་གང་སར་ཞིབ་ལྟ་ཞིག་བྱས།གང་སར་ཀ་བས་ཁེངས་པས་དེང་རབས་ཀྱི་ཁང་པ་དང་བསྡུར་ན་གུ་དོག་པའི་སྣང་བ་སྐྱེས།གྱང་ངོས་སུ་མེ་ཏོག་དང་རི་བོ། ལྷ་དང་ལྷ་མོ་སོགས་ཀྱི་རི་མོ་དཀར་ཁྲ་དམར་ཁྲས་ཁེངས་པར་བོད་ཁང་ཀུན་ངའི་མིག་ནང་དུ་གཅིག་ཏུ་མཐོང་།

“ང་རང་རྫོང་ནས་ཡོང་བའི་མགོ་ཁྲིད་མིན།” ངས་ཇ་ཁམ་གང་འཐུང་རྗེས། ང་ལ་གུས་གུས་ཞུམ་ཞུམ་བྱེད་བཞིན་པའི་མི་གཉིས་ལ་དེ་ལྟར་བཤད།

ཨ་ཁུ་འབྲུག་རྒྱལ་གྱིས“ཨ་་་་ཅི”ཟེར་བཞིན་ངའི་ལུས་ཀྱི་གང་སར་ཞིབ་ལྟ་ཞིག་བྱས། ངའི་རྡུལ་གྱིས་ཁེངས་པའི་གྱོན་གོས་དག་ལས་སྡོམ་ཚིག་ཅིག་རྙེད་སོང་བ་དང་འདྲ་བར“ཁྱོད་མགོ་ཁྲིད་མིན་ཨེ”ཟེར།

“དེས་ན་ཁྱོད།”

“ང་རང་ཡུལ་སྐོར་བ་ཞིག་ཡིན།”

“ཅི་ཟེར། ས་ཆ་འདི་ན་ཡུལ་བསྐོར་རྒྱུ་ཅི་ཡང་མེད།ཆོས་དང་དཔལ་འབྱོར་མ་དར་བའི་མཐའ་འཁོར་གྱི་ཡུལ།”

ངས་སྦྲང་སྐྱག་གིས་ཁེངས་བའི་ཁང་པའི་ཤེལ་སྒོ་ནས་ཕྱི་རོལ་གྱི་ཡུལ་ལྗོངས་ལ་བལྟ་དུས། གང་སར་ལྗང་ཐིང་ཐིང་དང་སྔོ་སིལ་སིལ་རེད། འཇོལ་མོའི་སྐད་གསལ་ལ་མི་གསལ་བའི་སྒོ་ནས་སྒེའུ་ཁུང་ཁ་གཏད་ཀྱི་རི་བོ་དེ་ནས་གྲགས་འོང་བ་ཐོས། ངས་རི་བོ་མཐོན་པོ་དེ་ལ་མཛུབ་མོ་བཙུགས་ནས། ང་རང་རི་བོ་འདི་ལ་འཛེག་འདོད“ཅེས་ཁོ་ལ་བཤད།

“ཅི་ཟེར།རི་བོ་འདི་ལ་ཅི་ཡང་མེད”ཁོས་ཀྱང་སྒེའུ་ཁུང་ནས་རི་བོ་འདིར་ལྟ་བཞིན་བཤད།

“ནགས་ཚལ་དང་སྤང་ཐང་།ཆུ་ཕྲན་བཅས་ཡོད་པས་ཆོག”

“རི་བོ་འདི་ནི་ནགས་ཚལ་དང་སྤང་ཐང་། ཆུ་ཕྲན་གྱིས་གྲུབ་པ་རེད”ཡང་ཁོས“རི་བོ་འདིར་གཞི་བདག་ཡོད་པས་མི་གང་བྱུང་འགྲོ་མི་ཆོགདང་པོ་སྡེ་བའི་མང་ཚོགས་དང་གྲོས་བསྡུར་བྱ་དགོས”ཞེས་ཤོད་ཀྱིན་ངའི་སྒྲོག་ཙེའི་ཐོག་བཞག་པའི་ཇ་དམ་དེ་མར་ལེན་ནས་རང་ཉིད་ཀྱི་ཤིང་ཕོར་དུ་ཇ་བླུགས་པ་དང་ཤུགས་ཀྱིས་ཁམ་གང་བཏུངས་སོང་།ཤིང་ཕོར་ས་ལ་བཞག་དུས་ཇ་རྫོགས་འདུག

ངས་དངུལ་ཁུག་ནས་སྒོར་མོ་གསུམ་བརྒྱ་བླངས་ཏེ་སྒྲོག་ཙེའི་ཐོག་ཏུ་བཞག་པ་ཡིན།

 རི་བོ་སྟག་མ་རྒྱས་པའི་རྩེར་ང་རང་དབེན་གནས་འདི་དང་གྲོང་ཁྱེར་བར་གྱི་ལམ་ཐག་རིང་བའི་འགྲུལ་བཞུད་ལ་རྗེས་དྲན་བྱེད་པའི་འཆར་ཡན་ནས་དལ་བུར་རྨི་ལམ་གྱི་ཞིང་ཁམས་སུ་ལྷུང་། རྨི་ལམ་དུ་འུར་འུར་ལྡང་བའི་གྲང་རླུང་ཐོས་བྱུང་།

ཕྱི་ཉིན་རྩྭ་ཐོག་གི་ཟིལ་བ་བསྐམས་རྗེས། ངའི་བྲང་ཁོག་ཞོགས་པའི་ཉི་འོད་ཀྱིས་མྱོས་པའི་སྤང་ཐང་ལ་བསླན་ནས་ཉལ། གྲོང་ཁྱེར་ནས་བྱ་བ་སྒྲུབ་པ་ལྟར་དབྱར་རྩྭ་དགུན་འབུ་བཙལ་བ་ལ་འཆར་གཞི་བཀོད། བོད་པ་བཞིན་སྤང་ཐང་དུ་གུག་མ་དུད་ཀྱིས་འབུ་འཚོལ་བའམ་ཡང་ན་ཙོག་བཞིན་རྒྱང་ཤེལ་གྱིས་དབྱར་རྩྭ་དགུན་འབུ་འཚོལ་ལམ།ཡིན་ཡང་གང་ལ་གང་འཚམ་གྱི་འཆར་གཞི་ཞིག་མ་རྙེད། ང་རང་སྤང་ཐང་ན་ཁ་སྦུབ་ཏུ་ཉལ་ནས་ཞོགས་རླུང་གཡོ་བའི་མེ་ཏོག་ཆུང་ཆུང་དང་རྩྭ་ཐུང་ཐུང་དག་ལ་ཞིབ་ལྟ་བྱས། མེ་ཏོག་ཆུང་ཆུང་ཞིག་ང་ལ་ཅོ་འདྲི་བྱེད་པ་བཞིན་ངའི་མིག་མདུན་དུ་བར་མེད་གཡོ།ངས་མེ་ཏོག་དེ་མཛུབ་མོས་བཏོག་སྐབས། མེ་ཏོག་དེའི་ལོ་མའི་འོག་དང་གཞུང་རྟའི་འགྲམ་དུ་རྒྱུས་ཡོད་ཀྱི་རྩྭ་ཞིག་སྐྱེ་བཞིན་པ་མཐོང་བྱུང་། རྩྭ་དེ་ལ་མེ་ཏོག་དང་འདབ་མ་གང་ཡང་མེད་པར་བསྐམས་ཟིན་པའི་རྩི་ཐུར་ཞིག་དང་འདྲ། ཞིབ་པར་བལྟས་ན་དེའི་ངོས་སུ་བ་སྤུ་ལྟ་བུ་ཞིག་སྐྱེས་འདུག་ལ་གསོན་ཉམས་ཀྱིས་འབར་ནས་འདུག ༼དབྱར་རྩྭ་དགུན་འབུ༽རང་དབང་མེད་པར་རྩྭ་དེའི་མིང་ཁ་ནས་ཤོར།ངས་འབུ་རྐོ་བྱེད་ཀྱི་སྟ་མ་སྟེའུ་བརྒྱབ་ནས་བརྐོས་པ་ན་རྭ་ཅོའི་འོག་ཏུ་ས་མདོག་གིས་པགས་པས་བཏུམས་པའི་དབྱར་རྩྭ་དགུན་འབུ་ཐོན་བྱུང་། ངས་དེ་མ་ཉིད་དུ་བླངས་ནས་པགས་པ་བཤུས་ཚེ་གསེར་མདོག་གི་རང་གཟུགས་མངོན་འོང་། དེ་ནི་སོ་རྒྱག་ཨེ་འོང་སྙམ་པའི་ཁ་དང་འགུལ་འགུལ་བྱེད་ཨེ་འོང་སྙམ་དགོས་པའི་རྐང་ལག་སོགས་ལ་བལྟས་ན་གསོན་པོ་འགྲོ་བཞིན་པའི་འབུ་དང་ཨ་ན་མ་ན་རེད། འབུ་དེས་ང་ལ་སྐྲག་སྣང་དུ་མ་བྱིན་ཡང་ཁོ་རང་གསེར་ལས་ལྡབ་གཅིག་གིས་རིན་ཐང་ཆེ་བར་བསམས་ཚེ་སྐྲག་སྣང་དལ་གྱིས་ཡལ།

དེ་ནས་གཡས་གཡོན་ཀུན་ཏུ་ནག་ཤིག་ཤིག་གི་འབུ་མང་པོ་སྐྱེ་བཞིན་པ་མཐོང་འོང་། འབུ་དེ་རྫུན་མ་ཨེ་ཡིན་སྙམ་ནའང༼དབྱར་རྩྭ་དགུན་འབུ་ངོ་སྤྲོད༽ནང་དུ“རང་བཞིན་གྱི་སྐྱེས་པ་ཐམས་ཅད་སྨན་རྩྭ་ཡིན། ལྷད་མེད”ཅེས་པའི་སྐད་ཆ་དེ་དྲན་པས་རང་བྱུང་ཁམས་ནང་སྐྱེས་པ་ཐམས་ཅད་རྫུན་མ་མིན་པར་གོ ངས་མིག་གིས་མཐོང་ཚད་བརྐོས་ནས་ཁུག་མའི་ནང་དུ་བླུགས།ཉིན་གང་པོར་ཟས་དང་དགོང་ཐོག་གི་ཉི་མ་ཚ་བོ་གཉིས་ཀ་མཉམ་དུ་བརྗེད་འདུག

ཉི་མ་ནུབ་ན་ལྷུང་ཚེ། ང་རང་ལྗིད་ཏིག་ཏིག་གི་ཁུག་མ་ཁུར་ནས་གུར་དུ་ལོག སྐབས་དེར་ངའི་མིག་ནང་སྐར་མ་ཁྲ་ལམ་ལམ་ཤར་བར་མ་ཟད་ཕོ་བ་གཟེར་ནས་ཁ་ཆུ་ཡང་ཡང་བསྐྱུགས།

མཚན་གང་པོར་འབུའི་པགས་པ་བཤུས་ནས་བསྡད།གསེར་མདོག་གི་འབུ་དག་ལས།ངས་ཀྱང་གསེར་མདོག་གི་མ་འོངས་པ་ཞིག་མཐོང་བྱུང་། འབུ་སྦོམ་པ་དག་ཞིམ་ཉམས་ཀྱིས་ཤི་འདུག་ལ་ཕྲ་བ་རྣམས་འཕག་འཚག་རྒྱག་གིན་ཤི་འདུགཞིམ་ཉམས་དང་འཕག་འཚག་རྒྱག་བཞིན་ཤི་བ་གང་ཡིན་རུང་། ཡོད་ཚད་སྲོག་དང་བྲལ་ནས་རང་གར་བ་མ་ཡིན་པའི་རྩྭ་ཕྲན་ཞིག་ཏུ་གྱུར། ཚེ་སྲོག་ལས་ལྡབ་ཀྱིས་རིན་ཐང་ཆེ་བའི་རྩྭ་ཕྲན་ཞིག་ཏུ་གྱུར། ཉིན་དེར་ངའི་ཁུག་མའི་ནང་ལ་འབུ་སྦོམ་ཕྲ་མི་འདྲ་བ་ཁྲི་ལས་བརྒལ་འདུག

 ཐོ་རངས་སྐར་ཆེན་ཤར་བ་ན་ད་གཟོད་ང་ཡང་རྨི་ལམ་གྱི་ཞིང་དུ་ལྷུང་།རྨི་ལམ་དུ་ཕྱི་ཚུལ་འདྲ་ཡང་ལྟ་བ་མི་འདྲ་བའི་ང་གཉིས་འདུག ང་དང་པོ་དང་ང་གཉིས་པ་གཉིས་ཁ་རྩོད་ཤོར།

ང་དང་པོས“འབུ་འདི་དག་བཙོངས་ནས་པེ་ཅིན་དུ་ཆང་ཁང་ཞིག་ཉོ་དགོས”ཟེར།

ང་གཉིས་པས“པེ་ཅིན་གྱི་མེ་འཁོར་འབབ་ཚིགས་སུ་དཔེ་ཚོང་ཁང་ཞིག་ཉོ་དགོས”ཟེར།

ང་དང་པོ་དང་ང་གཉིས་པ་ཁ་རྩོད་ཤོར་རྗེས་ཕན་ཚུན་ཐུག ང་དང་པོས་ང་གཉིས་པའི་སྐྲ་ལོར་འཇུས་ནས་ཐང་ལ་ཡང་ཡང་བརྡབས་རྗེས། མགོ་ལ་རྡོག་ཐོ་སྐར་མ་ཤར་བ་ཞིག་བརྒྱབ་པས་ང་གཉིས་པ་རིག་པ་འཐོམས་སོང་།

ང་གཉིས་པས་ང་དང་པོ་དབྱར་རྩྭ་དགུན་འབུས་ཁེངས་པའི་ཁུག་མ་འཁུར་བཞིན་ནུབ་ཁའི་མཚམས་སྤྲིན་དུ་ཡལ་བ་མཐོང་ནའང་མགྲིན་པ་ནས་སྐད་མ་ཐོན་ལ་ཟུག་གཟེར་གྱིས་ཁེངས་པའི་ལུས་པོ་འདི་འགུལ་ཙམ་ཡང་བྱེད་མ་ཐུབ།

 གཉིད་ལས་སད་དུས་ཉི་མ་ཤར་འདུག རྨི་ལམ་ནི་རྨི་ལམ་རེད་མངོན་སུམ་ན་ང་གཅིག་མ་གཏོགས་མི་འདུག འབུ་བླུགས་པའི་ཁུག་མ་ཡང་རང་སར་འདུག དེ་ནས་བཟུང་། སྐབས་རེར་ངས་ཞོགས་པར་འབུ་བརྐོས་ཕྱི་དྲོར་པགས་པ་བཤུས། ལན་རེར་ཉིན་དཀར་འབུ་བརྐོས་མཚན་མོར་པགས་པ་བཤུས། མཚམས་རེར་ཉིན་དཀར་པགས་པ་བཤུས་མཚན་མོར་གློག་སྒྲོན་འོག་ཏུ་འབུ་བརྐོས། ཉིན་མཚན་མགོ་རྟིང་ལོག་ནས་ཉིན་ཁ་ཤས་ཕར་འདས་ངེས་མེད་འདས་སོང་།

ཁུག་མའི་ནང་ཡུན་རིང་བཞག་པའི་དབྱར་རྩྭ་དགུན་འབུ་ལས་སུངས་དྲི་བྲོ་བའི་ཉིན་ཞིག་གི་ཕྱི་དྲོར། ངས་སྤང་ཐང་ཐོག་རྡོ་གསུམ་བཙུགས་པ་དང་སྤང་ཐང་གི་ཟུར་དུ་ཡོད་པའི་ཤུག་སྡོང་སྐམ་པོ་ཞིག་གི་ཡལ་ག་མེ་ལ་སྒྲོན། རྡོ་གསུམ་གྱི་ཐོག་ཏུ་རྡོ་ལེབ་ཆེན་པོ་ཞིག་བཞག་ནས་དབྱར་རྩྭ་དགུན་འབུ་དེའི་ཐོག་ཏུ་ཚོམ་བུ་ཚོམ་བུར་བྱས་ནས་བསྐམས། རྡོ་ལེབ་ཚ་བོ་དང་སྨན་རྩྭའི་བར་ནས་འཕྱོ་བའི་དྲི་མ་ཞིམ་པོ་དེས་ང་རང་ཁ་ཆུ་ཡང་ཡང་མིད་དགོས་པར་གྱུར། དེ་ནི་པེ་ཅིན་གྱི་ས་སྲོས་སུ་སྲང་ལམ་གཡས་གཡོན་དུ་ཤ་བསྲེགས་པའི་དྲི་མ་དང་འདྲ། འབུའི་དྲི་མ་འདི་ལ་སུར་པན་གྱི་རོ་དང་མི་ཚོགས་ཀྱི་ཟང་ཟིང་མི་མངའ་ཡང་། ངའི་ཕོ་བས་འབུ་ཟ་འདོད་ཀྱི་སྐད་ཡང་ཡང་རྒྱག སྐད་དེ་ངའི་རྣམ་ཤེས་ཀྱིས་ཀྱང་བཟོད་ཐབས་མི་འདུག

ངས་འབུ་རྐང་གཅིག་བླངས་ནས་འཆའ། ཤ་སྐམ་གྱི་རོ་དང་འདྲ་བའི་བྲོ་བ་ཞིག་ངའི་ལྕེ་ལེབ་ནས་མགྲིན་པ། མགྲིན་པ་ལ་ཕོ་བ།ཕོ་བ་ནས་རྩ་ལམ་གང་སར་ཁྱབ། དེ་ནས་ངའི་ལུས་པོ་འདི་ཆང་དང་སྦྲང་རྩི་གང་རུང་ཞིག་གིས་མྱོས་པའི་སྣང་བ་འཆར་བྱུང་།ངས༼དབྱར་རྩྭ་དགུན་འབུ་ངོ་སྤྲོད༽ནང་གི་ཕན་ནུས་ཀྱི་སྐོར་དྲན་བྱུང་། “ལུས་སྟོབས་གསོ།ལྷག་ཏུ་མཁལ་མའི་ནད་ལ་ཕན”ངས་ང་རང་ལུས་སྟོབས་ཞན་པ་རྒྱུ་མཚན་དུ་བྱས་ནས་སླར་ཡང་རྐང་གཅིག་བཟས་པ་ཡིན།

ཉིན་དེའི་མཚན་མོར་སྐར་འོད་ལམ་ལམ་གྱི་འོག་ཏུ་སྨན་རྩྭའི་དྲི་མས་ཁྱབ། སྨན་རྩྭའི་དྲི་མའི་ཁྲོད་དུ་ཡོད་པའི་ངས་དབྱར་རྩྭ་དགུན་འབུ་རྐང་བརྒྱ་ཕྲག་ཙམ་ཞིག་བཟས་པ་ཡིན། དབྱར་རྩྭ་དགུན་འབུ་བཟས་ནས་གྲོད་པ་ཡང་འགྲངས་སོང་།

དབྱར་རྩྭ་དགུན་འབུ་བཟས་པས་ཡིན་ནམ། ཉིན་དེར་ང་རང་གཉིད་སྐྱིད་པོ་ཞིག་ཁུགཡིན་ན་ཡང་རྨི་ལམ་ནི་སྐྱིད་རྒྱུ་གང་ཡང་མི་འདུག རྨི་ལམ་ནང་དུ་ངས་སླར་ཡང་རང་ཉིད་མཐོང་བྱུང་།ང་རང་གུར་ནང་དུ་གཉིད་འདུག ཁའི་ཟུར་ནས་ཁ་ཆུ་རིང་པོ་ཞིག་མར་འཐེན་འདུག སྐྲ་ལོ་ཟིང་ཞིང་ངོ་གདོང་ཀྱང་ཉི་འོད་ཀྱིས་ཚིག་ནས་དམར་ནག་ཏུ་གྱུར་ཟིན།ངས་ལག་པ་ཕར་བརྐྱངས་ནས་ཉལ་བཞིན་པའི་རང་ཉིད་ཀྱི་གདོང་ལ་བྱིལ་བྱིལ་བྱེད། དུས་རྒྱུན་རང་ཉིད་ཀྱིས་རང་གི་གདོང་ལ་བྱིལ་བ་དང་མི་འདྲ་བར་མི་གཞན་ཞིག་གི་གདོང་ལ་བྱིལ་བའི་སྣང་བའམ་མི་གཞན་ཞིག་གིས་ངའི་གདོང་ལ་བྱིལ་བཞིན་པའི་སྣང་བ་འཆར།

ཞིབ་པར་བལྟས་ཚེ།མལ་གོས་དང་གྱོན་ཆས་གང་ཡང་གྱོན་མེད་པའི་གཅེར་བུའི་རང་ལུས་མཐོང་བྱུང་། མི་གཞན་གྱིས་ངའི་ནུ་མ་དང་གསང་གནས་སོགས་ལ་ལྟ་བཞིན་པ་ལྟར་ངའི་ལུས་སེམས་གཉིས་ཀར་ག་ག་ཚལ་གློག་འཁྱུག་པ་བཞིན་ཡང་ཡང་བྱུང་། ཡང་ན་ངས་མི་རྒྱུས་མེད་ཅིག་གི་ལུས་གཅེར་བུ་ལ་ལྟ་བཞིན་པ་དང་འདྲ་བར་ངའི་གདོང་ཡང་ཚར་ལམ་ལམ་དུ་གྱུར།

ཡང་ཞིབ་པར་བལྟས་ཚེ། ངའི་པགས་པ་མེད་པར་གྱུར་ནས་དོན་ལྔ་སྣོད་དྲུག་ཡོད་ཚད་མཐོང་བྱུང་། གནམ་གྲུའི་སྒེའུ་ཁུང་ནས་མཐོང་བའི་འཕྲེད་གཅོད་རི་རྒྱུད་ཇི་བཞིན་ཀླད་པའི་རི་མོ་དག་སྔས་མགོར་ཟགས་གྲབས་བྱེད། སྙིང་དམར་ནི་སྐར་ཆའི་འཕར་འགྲོས་དང་འདྲ་བར་དྲག་ཏུ་ལྡིང་བཞིན་འདུག གློ་བ་དང་མཆིན་པ། མཁལ་མ་སོགས་ནི་རང་མལ་ན་འཇམ་ཐིང་ཐིང་དུ་གནས་ཀྱང་། ང་རང་གི་ལུས་ནང་གི་ཡོད་ཚད་ནི་དྲ་བའི་ཐོག་ཏུ་མི་སེམས་འཇིགས་བྱེད་ཀྱི་འདྲ་པར་དག་ལས་འཇིགས་སྣང་ཆེ།འབུར་དུ་ཐོན་པའི་ཕོ་བ་ཆེན་པོ་དེ་འགུལ་བཞིན་པ་མཐོང་བས། ངས་སླར་ཡང་རང་གི་ཕོ་བ་ལ་ཞིབ་ལྟ་ཞིག་མི་བྱེད་ཀ་མེད་བྱུང་། ཞིབ་ལྟ་ཞིག་བྱས་པ་ན། དབྱར་རྩྭ་དགུན་འབུས་ཁེངས་པའི་རང་གི་ཕོ་བ་མཐོང་བྱུང་། མཇུག་མ་མེད་པའི་འབུ་དག་གི་རྭ་ཅོ་རྣོན་པོས་ངའི་ཕོ་བ་ལ་བསྣུན་བཞིན་འདུག འབུ་ལ་ལས་ཕོ་བའི་ནང་གི་ཁྲག་དམར་ཤུགས་ཀྱིས་འཐུང་ལ། མགོ་མེད་པའི་འབུ་རྣམས་ཕོ་བ་ན་འཕག་འཚག་རྒྱག་བཞིན་འདུག འབུ་ཁ་ཤས་ནི་ཅི་ཞིག་འཚོལ་བ་བཞིན་རྒྱུ་མ་ནས་ཉུལ་བཞིན་འདུག འབུ་བརྒྱ་ཕྲག་ནང་གི་ཆེས་ཆེ་བ་དེས་ངའི་ཕོ་བའི་ནང་དུ་ཤ་དང་ཁྲག་གིས་གྲུབ་པའི་སྐྱག་པ་ཆེན་པོ་ཞིག་བཏང་རྗེས་དལ་བ་དལ་བུར་དྲག་ཏུ་ལྡིང་བཞིན་པའི་སྙིང་དམར་གྱི་ཕྱོགས་སུ་འཛེགས་སོང་། འབུ་དེའི་རྣམ་འགྱུར་ནི་དགྲ་ཕྱོགས་སུ་རྒྱུག་བཞིན་པའི་དཔའ་བོའི་གདོང་དང་གཅིག་པ་རེད། ཚུལ་དེ་དག་དང་རྣམ་པ་འདི་དག་མཐོང་མ་ཐག ངའི་ཕོ་བའི་ནང་གི་ཡོད་ཚད་གླུ་བུར་དུ་བསྐྱུགས་བྱུང་། ངའི་ཕོ་བ་དང་རྒྱུ་མ་ཡང་མགྲིན་པ་ན་འཐེན་པས་ཁ་ནས་སྐྱུག་ཉམས་བྱས། ངའི་རྐང་འགྲམ་གྱི་སྐྱུག་པའི་ནང་ལ་ཞིབ་ལྟ་ཞིག་བྱེད་ཚེ། ཁྲག་གིས་ཁེངས་པའི་སྐྱུག་པའི་ནང་དུ་མགོ་མེད་པ་དང་རྔ་མ་མེད་པའི་འབུ་མང་པོ་འཕག་འཚག་བྱེད་བཞིན་པ་མཐོང་འོང་།

 ཕྱི་ཉིན་ཉི་འོད་ཁྲོད་དུ་ང་རང་གཉིད་ལས་སད་དུས། ང་རང་སྐྱུག་མི་འདུག་ལ་ལུས་ལ་མི་བདེ་བའི་སྣང་བ་སྤུ་ཙམ་ཡང་མི་འདུག ཡིན་ཡང་འཇིགས་སུ་རུང་བའི་རྨི་ལམ་འདི་དོན་དངོས་སུ་བྱུང་མྱོང་བ་བཞིན་ངའི་སེམས་ནས་དོར་ཐབས་མི་འདུག ངའི་སྙིང་ངམ་ངའི་སྲོག་གམ་ཅི་ཞིག་འབུས་ཟོས་ཟིན་པ་བཞིན་ངའི་ལུས་པོ་འདི་འགྲོ་ཤེས་པའི་བེམ་པོ་ཡིན་པའི་སྣང་བ་སྐྱེས།

ཞོགས་པའི་ཉི་འོད་ས་ལ་ཟུག་པ་བཞིན་དུ་གྲོང་ཁྱེར་ནས་གཏོང་ཡོང་བའི་སྐད་དེ་ངའི་ཁ་པར་ལ་ཟུག་པ་དང་སྒྲ་གྲགས། དེ་ནི་ངའི་སྦྱིན་བདག་གི་ཁ་པར་རེད།

“ཝེ།”

“ཟླ་༦པའི་ཚེས་༡༦ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་པའི་ཐོགཔེ་ཅིན་ཞི་བདེ་ལམ་གྱི་སྒོ་རྟགས༡༢༡པའི་སྒོ་ཁར་ཤོག”

“ཝེ་ཝེ།”ངས་ཁོར་ཅི་འདྲ་འབོད་ཀྱང་ཁ་པར་གྱི་སྒོ་ཧྲབ་སྒྲ་དང་བཅས་ཏེ་བརྒྱབ་སོང་།

ཁ་པར་གྱི་ཅོག་ངོས་སུ་ཚེས༥འཆར་འདུག གང་ལྟར་རྒྱགས་ཀྱང་ཆད་རན་པས་མགྱོགས་པོར་གནས་འདི་ནས་འབྲལ་དགོས་སྙམ།

ཉིན་དེར་ང་རང་སྔར་བཞིན་དབྱར་རྩྭ་དགུན་འབུ་རྐོ་བར་ཕྱིན། ཉིན་གུང་ལ་སླེབས་ཚེ་ང་རང་རླུང་བུའི་ལྡང་ཕྱོགས་སུ་ཁ་གཏད་ནས་ངལ་གསོ་ཞིག་བྱས། སྐབས་དེར་རླུང་བུས་གསལ་ལ་མི་གསལ་བའི་དྲིལ་སྒྲ་ཞིག་ངའི་རྣ་ལམ་དུ་ཁུར་བྱུང་། རིམ་གྱིས་དྲིལ་སྒྲ་གསལ་བར་གྱུར་ལ་ཇེ་མང་དུ་ཡང་གྱུར། དུས་ཡུན་ཅུང་ཙམ་སོང་རྗེས། མཛོ་ཆེན་པོ་ཞིག་སྤང་ཐང་གི་ཟུར་ནས་ཐོན་བྱུང་། ཁོས་ང་རང་མ་མཐོང་བ་བཞིན་བློ་རྩེ་གཅིག་སྒྲིམ་གྱིས་རྩྭ་ཟ་བཞིན་ངའི་སར་འོང་། ཁོའི་རྗེས་ནས་མཛོ་མོ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་བྱུང་། རིམ་གྱིས་ངའི་གཡས་གཡོན་གང་སར་ཁེངས། ཡང་རྗེས་ནས་རང་གཏམ་ལྷུག་ལྷུག་བཤད་མཁན་གྱི་མི་ཞིག་ཐོན་བྱུང་། ཁོས་རང་གཏམ་འཆད་ཀྱིན་འཆད་ཀྱིན་རྩྭ་ཐང་གི་ཁྱོན་ཡོངས་ལ་ཞིབ་ལྟ་བྱེད་བཞིན་འདུག ཁོས་ང་མཐོང་མ་ཐག་རང་གཏམ་འཆད་རྒྱུ་བརྗེད་པར་མ་ཟད། ཡུན་རིང་ཞིག་ལ་ཧད་ནས་ལུས།

ཁོ་ངའི་འགྲམ་དུ་སླེབས་དུས་ངའི་རྒྱབ་ཀྱི་དཔྱིད་ཀའི་ཞིང་ཐང་ལྟར་གྱུར་བའི་སྤང་ཐང་ལ་ཧད་སོང་། དེ་ནི་ངས་འབུ་བརྐོས་པ་ལས་བཞག་པའི་ཞབས་རྗེས་ཆེན་པོ་ཞིག་རེད། ཁོའི་གདོང་ལ་སྐྲག་སྣང་ལས་ཁོང་ཁྲོའི་ཉམས་མི་འདུག་པས་ངའི་སེམས་པ་ཡང་ལྷོད་དུ་གྱུར།

“ཁྱོད་ཀྱིས་ཅི་བྱེད་ཀྱིན་ཡོད” ཁོས་ཤེས་བཞིན་དུ་དྲིས།

“འབུ་རྐོ་བཞིན་ཡོད།”

“འདི་གཞི་བདག་གི་བཙན་ས་རེད། སུས་ཀྱང་འབུ་རྐོ་མི་སྤོབས།”ལག་གི་ཕྲེང་བ་མགྱོགས་མགྱོགས་བགྲང་བཞིན་ཁ་ནས་ཅི་ཞིག་འདོན་ཉམས་བྱེད། ངས་གཞི་ནས་ད་གིན་ཁོས་རང་གཏམ་བཤད་པ་མིན་པར་འདོན་པ་འདོན་གྱིན་པ་ཤེས་བྱུང་། ཁོས་འདོན་མཚམས་བཞག་པ་དང་ང་ལ“སྙི་བ་ནི་རི་བོའི་སྙིང་དང་དབྱར་རྩྭ་དགུན་འབུ་ནི་རི་བོའི་སྲོག་ཡིན”ཟེར།

“ང་ཚོ་རྒྱ་མི་གཞི་བདག་ལ་མི་དད”ཅེས་ལན་བཏབ་པ་ན། ཁོས་འུར་རྡོ་སྤང་ཐང་ཐོག་ཏུ་གཡུགས་རྗེས་ལུས་ས་ལ་ལྷུང་བ་འདྲ་པོ་ཞིག་བྱས་ནས་ངའི་འགྲམ་དུ་ཙོགབོད་ཀྱི་མི་རྒན་ཀུན་རྒྱ་མིའི་མིག་ནང་དུ་མི་གཅིག་བཞིན་མཐོང་བས། ཁོ་རང་གི་རྣམ་པ་ཞིབ་འབྲི་བྱེད་དཀའ། གང་ལྟར་མགོ་སྐྲ་དང་ངོ་གདོང་། གོས་གྱོན་ལུགས་སོགས་ཨ་ཁུ་འབྲུག་ལྷ་དང་འདྲ་པོ་འདུགཁོའི་གདོང་ལ་རྔུལ་ཆུས་ཁེངས་ཡོད་པ་མ་གཏོགས།

ཁོས་རུམ་ནས་གྲོང་ཁྱེར་དུ་མཐོང་རྒྱུ་མེད་པའི་གཡག་མགོ་རྟགས་ཅན་གྱི་ཐ་མག་བག་ཆ་གཅིག་ལེན་པ་དང་ཁ་ནང་དུ་རྐང་གཅིག་བཅུག་རྗེས་ཙག་སྒྲས་མེ་སྒྲོན་སོང་། ཙག་སྒྲའི་མེ་དེར་ཕུ་བཏབ་ནས་བསད་རྗེས།ཁོས་ཐ་མག་ཤུགས་ཀྱིས་འཐེན་སོང་བས་དུ་རྐང་ཐོག་གི་མེ་སྟག་ཁོའི་མཆུ་ཏོའི་ཕྱོགས་སུ་རྒྱུག་བཞིན་པ་མཐོང་། བཞིབས་ཚར་རྗེས་དུ་རྐང་ཕྱེད་ཙམ་ཚིག་འདུག ངས་ཁོའི་ཁ་ནས་དུ་བ་དཀར་ལྷོག་ལྷོག་ཏུ་འཕྱུར་བར་ཅི་ལྟར་སྒུག་ཀྱང་དང་པོ་ཁོའི་ཁ་ནས་ཐོན་འོང་བ་ནི་དུ་བ་མ་རེད་སྐད་ཆ་རེད། “རེད་ཡ། རྒྱ་ཆོས་མེད་ལུང་པ་་་་” ཁོས“རེད་ཡ”ཞེས་པ་དེ་རྒྱ་སྐད་ཀྱི་ལམ་ནས་བཤད་ཀྱང་རྗེས་ཀྱི་སྐད་ཆ་མང་པོ་ཞིག་བོད་སྐད་ཀྱིས་བཤད་པས། ངས“རྒྱ་ཆོས་མེད་ལུང་པ”ཞེས་པ་དེ་ལས་མ་གོ ཁོས་སྐད་ཆ་དེ་དག་བཤད་རྗེས།  དབུགས་རིང་ཞིག་དང་མཉམ་དུ་ཁོག་པའི་ནང་ཡུན་རིང་བསགས་བའི་དུ་བ་རྣམས་དཀར་ཐོལ་ཐོལ་དུ་བཏོན་བྱུང་།

དུ་བ་ཁོའི་ཁོག་པའི་ནང་དུས་ཡུན་རིང་པོ་དེ་འདྲར་བསགས་ནས་བསྡད་པ་ལ་ངས་ཧ་ལས་པའི་ཚུལ་གྱིས་ཁོ་ལ་བལྟས། ཁོས་ཕྱེད་ཙམ་ཚིག་ཟིན་པའི་དུ་རྐང་ལ་བལྟས་ནས་བཤད་རྒྱུར“ཕོ་གསར་གྱི་སྐབས་སུ་སྣ་ཐ་འཐེན། ད་སྣ་ཐ་ཉོ་དཀའ་མོ་རེད། མི་རྒན་གྱི་སྐབས་སུ་ཐ་མག་མ་འཐེན་རང་འཐེན་རེད”ཟེར་བའི་སྐབས་དེར་མཛུབ་བར་གྱི་ཐ་མག་ལས་ཐལ་བ་རིང་པོ་ཞིག་མར་ལྷུང་སོང་བ་དང་། ཁོས་སླར་ཡང་ཐ་མག་དེ་ཁ་ནང་བཅུག་རྗེས་ཤུགས་ཀྱིས་འཇིབས། ད་ཐེངས་ཐ་མག་གི་མེ་རྟག་དུ་རྐང་གི་སྐེ་རྩ་མཚམས་སུ་འཚིག་སོང་།  ཁོས་མཆིལ་མ་ཞིག་རྩྭ་གསེབ་ཏུ་འཕངས་པ་དང་དུ་རྐང་མགོའི་མེ་སྟག་ཀྱང་མཆིལ་མའི་ནང་སབ་སྒྲ་དང་བཅས་བསད། ངས་ཁོའི་ཐ་མག་འཐེན་ལུགས་ལ་ཞིབ་ལྟ་བྱས་པ་ལ་ཁོས་ཀྱང་བྱམས་བརྩེ་ལྡན་པའི་མིག་ཟུང་ང་ལ་གཏོད་བཞིན“བུ་མོ་ཁྱོད་རང་ཕ་ཡུལ་དུ་ལོག་རྒྱུགས། དབྱར་རྩྭ་དགུན་འབུ་ལ་དུག་ཡོད”ཟེར། ངས་ཁོའི་ཁོག་པའི་་ནང་གི་དུ་བ་དེ་བཏོན་པ་ལ་ཅི་ལྟར་སྒུག་ཀྱང་ཁ་ནས་དཀར་ཐོལ་ཐོལ་དུ་འཐོན་རྒྱུ་མི་འདུག

ཁོས་ཐ་མག་རྐང་གཅིག་དེ་ཁམ་གཉིས་ཀྱིས་འཐེན་ཚར་རྗེས། འུར་རྡོ་བྱང་ཆ་ལྡན་པའི་ངང་ནས་ཀླད་ལ་སྐོར་བཞིན་མཛོ་དང་མཛོ་མོ་དག་དེད་ནས་ཡལ་སོང་། དྲིལ་སྒྲ་གསལ་བ་ནས་རབ་རིབ་དང་རབ་རིབ་ནས་མེད་པར་གྱུར།

སྦྱིན་བདག་གི་ཁ་པར་ནང་གི་དུས་ཀྱི་ཁ་ཆད་དེ་ཡིན་ན་འདྲ། མི་རྒན་གྱི་སྐད་ཆས་ཡིན་ནའང་འདྲ། ཉིན་དེའི་ཕྱི་དྲོར་ང་རང་གྲོང་ཁྱེར་དུ་ལོག་པའི་སྟ་གོན་བྱས།

 ད་ལྟ་ནི་ཚེས༡༦གི་མཚན་མོའི་ཆུ་ཚོད་དགུ་པ་རེད།ངས་རང་ལས་ཆེ་བའི་རྒྱབ་ཁུག་ཅིག་འཁུར་བཞིན་པེ་ཅིན་ཞི་བདེ་ལམ་ནས་སྒོ་རྟགས༡༢༡པ་འཚོལ་བཞིན་ཡོད།རྒྱབ་ཁུག་ནང་ཡོད་པའི་དབྱར་རྩྭ་དགུན་འབུ་དག་གི་ཕ་ཡུལ་བོད་ཁམས་དང་བསྡུར་ན་འདི་ནི་འཇིག་རྟེན་གཞན་ཞིག་རེད།ནམ་མཁའ་རུ་ཟླ་བ་མཐོང་དུ་མི་འདུག་ལ་སྐར་མ་ཡང་མཐོང་རྒྱུ་མི་འདུགསྲང་ལམ་ན་ཉུལ་བའི་མི་དག་ཨེམ་རྗེ་ལྟར་ཁ་ཁེབས་གོན་འདུག

ང་རང་སྲང་ལམ་ན་ཉུལ་བཞིན་སྦྱིན་བདག་ལ་ཁ་པར་བརྒྱབ།

ཕ་རོལ་པོས་ཁ་པར་ཁ་ཕྱེ་བ་དང་མི་མང་པོ་ཞིག་གི་གསལ་ལ་མི་གསལ་བའི་སྐད་ཅོར་ཐོས།“ཝེ།སྦྱིན་བདག་ལགས།ངས་ཁྱོད་འཚོལ་བཞིན་ཡོད།”

“ཧ་ཧ།” ཁོའི་དགོད་སྒྲ་ཤིན་ཏུ་ཆེ་བ་མིའི་སྙིང་ཁ་འདར་དགོས་པ་ཞིག་རེད།

“ཧ་ཧ། སྐར་མ་གཅིག་གི་རྗེས་སུ་ང་རང་དམྱལ་བ་ན་ཡོད་ངེས། ཁྱོད་ཀྱང་འོང་བསམ་པ་ཨེ་རེད།”

“སྦྱིན་བདག་ལགས།ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་།”

“དོན་དག་ཅི་ཡང་བྱུང་མེད། ང་འཆི་འདོད་པ་ཙམ་ལས”ཁོས་གདངས་མཐོན་པོས་བཤད། དང་པོ་ཁོས་ང་ལ་ཁ་མཚར་བཤད་བསམ་མོད། ཁ་པར་ནང་དུ་མི་ཚོགས་ཀྱི་སྐད་སྒྲ་གསལ་བོར་ཐོས་ལ་སྐད་སྒྲའི་ནང་དུ་ཉེན་རྟོག་པའི་མོ་ཊའི་སྒྲ“ཏིང་ཏུང་།ཏིང་ཏུང”ཞེས་གྲག་གིན་པ་ཐོས་པས་ཁོའི་སྐད་ཆ་བདེན་པར་འཛིན་དགོས་བྱུང་།

“སྦྱིན་བདག་ལགས།སྦྱིན་བདག་ལགས། ཁྱོད་གང་ན་ཡོད།”

“ང་སྒེའུ་ཁུང་གི་ཁ་ན།”

“སྦྱིན་བདག་ལགས།སྐུ་མཁྱེན་ཁ་པར་གྱི་ཁ་བརྒྱབ་པ་མ་གནང་། ང་མགྱོགས་པོར་སླེབས་ཡོང”ཟེར་བཞིན་ང་རང་ཤེད་ཤུགས་ཡོད་ཚད་ཀྱིས་མདུན་དུ་བརྒྱུགས།

ང་རང་སྲང་ལམ་གྱི་བཞི་མདོ་ཞིག་ན་སླེབས་དུས། གང་སར་མི་ཚོགས་ཀྱིས་ཁེངས་ལ་མི་རྣམས་མ་གྲོས་གཅིག་མཐུན་གྱིས་མགོ་བོ་ཡར་ལ་བཀྱགས་ནས་ཐོག་བརྩེགས་ཁང་ཆེན་ལ་ཅེར་བཞིན་འདུག ངས་ཀྱང་ཐོག་བརྩེགས་ཁང་ཆེན་ལ་ཅེར་དུས། ཐོག་བརྩེགས་བཅུ་པའི་སྒེའུ་ཁུང་གི་གློག་འོད་ན་མི་ཞིག་ཙོག་ཡོད་པ་དུག་སྤྲིན་ཁྲོད་དུ་རབ་རིབ་ཀྱིས་མཐོང་འོང་། ཁོ་ལྷུང་ལ་ཁད་ལྷུང་ལ་ཁད་བྱེད་པ་ན་འོག་གི་མི་ཚོགས་ཀྱིས་སྐད་ཀྱང་ཆེ་རུ་ཕྱིན།

“སྦྱིན་བདག་ལགས། ང་སླེབས་ཡོད།” ང་རང་སྲང་ལམ་གྱི་བཞི་མདོའི་མི་འགྲོ་ལམ་ནས་ཕར་སོང་བས་རླངས་འཁོར་རྣམས་ཤུགས་ཀྱིས་ངའི་འགྲམ་ནས་འུར་རེར་བརྒྱུགས། མའི་འགྲོ་ལམ་ཟང་ཟིམ་དེ་རྒྱུད་སྐབས་སྐྲག་སྣང་ཞིག་གིས་ང་རང་གང་དུ་ཡོད་དང་ཅི་ཞིག་བྱེད་བཞིན་པའམ་མི་ཤེས་པར་གྱུར།

“ང་ལ་སྦྱིན་བདག་ཅེས་འབོད་མི་དགོས། དངུལ་ལོར་གཅིག་ཀྱང་མེད་པའི་སྦྱིན་བདག་ང་འདྲ་བ་ཞིག་ཡོད་དམ། བུ་ལོན་ཁྲི་སུམ་ཅུ་ཙམ་ཆད་པའི་སྦྱིན་བདག་ང་འདྲ་བ་ཞིག་ཡོད་དམ”ང་རང་རིག་པ་ཅུང་གལས་དུས་ཁོས་སྐད་ཤུགས་ཆེན་པོས་བཤད། ཡང་ཁོ་གླུ་བུར་དགོད་བྱུང་། “ལྟོས་དང་།  སྲང་ལམ་གྱི་བཞི་མདོ་ན་མོ་ཊ་ཞིག་གིས་མི་བརྡུངས་སོང་། ཨ་ལ་ལ།མོ་ཊ་དེ་ཤུགས་ཆེ་བ་ལ། ཁོའི་རོ་ངའི་འོག་དུ་འཕུར་འདུག”ཅེས་བཤད་པ་དང་མཉམ་དུ་དྲག་ཏུ་རྒྱུག་བཞིན་པའི་རླངས་འཁོར་རྣམས་དལ་འཇགས་སེ་བསྡད་སོང་། མི་ཚོགས་ན“མི་བརྡུངས་སོང་། མི་བརྡུངས་སོང”ཟེར་བའི་སྒྲ་གྲགས། སྐབས་དེར་ང་རང་ཡང་སྲང་ལམ་བཞི་མདོ་བརྒལ་ནས་མི་ཚོགས་ཀྱི་ནང་དུ་སླེབས།

ཁོས་བཤད་པ་བཞིན་མུ་ཏྲས་རྡུང་བའི་མི་དེའི་རོ་ཐོག་བརྩེགས་ཁང་ཆེན་གྱི་འགྲམ་དུ་ལྷུང་འདུག རོ་དེ་ནི་སྐྲ་ལོ་རིང་བའི་གཞོན་ནུ་མ་ཞིག་རེད། ལུས་པོ་ཡོངས་སུ་ཁྲག་གིས་ཁེངས་པས་གསལ་པོར་མཐོང་དཀའ། མི་ཚོགས་རྣམས་རོ་དེར་རུབ་བཞིན་ཁ་པར་གྱིས་པར་རྒྱག་བཞིན་འདུག པར་ཆས་ཀྱི་འོད་དཀར་ལམ་ལམ་འཕྲོ་བ་དང་རྣམ་ཤེས་བོར་བའི་ཁེར་རྐྱང་གི་བེམ་པོ་ཞིག་མུན་ན་གསལ་ལེར་འཆར། ཡིན་ཡང་ང་ལ་དེར་ཞིབ་ལྟ་བྱེད་པའི་སེམས་པ་ག་ལ་ཡོད།

“ཁྱོད་ཀྱིས་ངའི་གཏམ་རྒྱུད་ལ་ཨེ་ཉན།”སྦྱིན་བདག་གིས་ཁ་པར་ནས་ང་ལ་དྲིས། ཁོ་རང་སྔར་བཞིན་གློག་འོད་ཀྱིས་གསལ་བའི་སྒེའུ་ཁུང་ན་ལྷུང་ལ་ཁད་འདུག ཁོ་ལ་ལྟད་མོ་བ་ང་རང་ཉིད་ལས་ལྷག་མེད། མི་ཚོགས་རྣམས་གཞོན་ནུ་མ་ཞིག་གི་རོའི་མཛེས་སྡུག་ལ་རོལ་འདུག

“ཁྱོད་ཀྱིས་ཅི་བཤད་ཀྱང་ངས་ཉན་ཆོག”  ངས་ཁ་པར་ནས་ངུ་འབོད་བྱེད།

སྔོན་མ་ཁོས་བཤད་མྱོང་བའི་སྐད་ཆ་ཞིག་བཤད་བྱུང་།

“ཁྱོད་རང་མཛེས་མ་ཞིག་ཡིན་ནམ། ཁྱོད་ཀྱི་སྐད་སྙན་པ་ལ”ཟེར།

ངས་ང་རང་མཛེས་མ་ཡིན་མིན་མི་ཤེས་ནའང“ང་མཛེས་མ་ཡིན”ཞེས་ཡང་ཡང་འབོད།

ཁོས“ཁྱོད་མཛེས་མ་ཡིན་ན་དང་པོ་ངའི་གཏམ་རྒྱུད་ལ་ཉན་རོགས”ཟེར།

 ན་ནིང་ངས་དབྱར་རྩྭ་དགུན་འབུ་མི་ཉུང་བ་ཞིག་ཉོས་ནས་པེ་ཅིན་གྱི་དཔོན་ཆེན་ཞིག་ལ་བཙོངས་ནས་ཁེ་བཟང་སྒོར་ཁྲི་བརྒྱ་ཙམ་བྱུང་། ད་ལོ་ཡང་ཁོས་རིན་གོང་ལྡབ་གསུམ་གྱིས་མང་བར་སྤྲོད། ང་ལ་དབྱར་རྩྭ་དགུན་འབུ་ཁུར་ཤོག་ཟེར། ད་ལོ་ངས་སྒོར་ཁྲི་བརྒྱའི་དབྱར་རྩྭ་དགུན་འབུ་ཉོས་ནས་པེ་ཅིན་དུ་སླེབས་དུས། དཔོན་ཆེན་ཁོས་མི་དམངས་ཀྱི་རྒྱུ་ལྐོག་ཟ་བྱས་པ་མང་དྲགས་པས་རྒྱལ་ཁབ་ཀྱི་ཁྲིམས་ལ་ཚུད་འདུག དབྱར་རྩྭ་དགུན་འབུ་དག་གོང་ཆུང་ཆུང་བྱས་ནས་ཚོང་པ་ཞིག་ལ་མི་འཚོང་ཀ་མེད་བྱུང་བས། ང་ལ་གྱོང་གུན་ཁྲི་ལྔ་བཅུ་ཙམ་བྱུང་བས་ད་ཆ་བུ་ལོན་ཡང་ཁྲི་སུམ་ཅུ་ཙམ་བཞག་ཡོད་ཟེར། གནས་ཚུལ་འདི་དག་ཤེས་རྗེས་ངའི་ཆུང་མ་ཡང་བུ་མོ་ལོ་གཅིག་ལ་སོན་ཙམ་དེ་ཁྲིད་ནས་ཕ་ཡུལ་དུ་ལོག་སོང་ཟེར། ང་རང་ཉིན་བཅུ་ཙམ་ལ་ཁང་པའི་ནང་ལ་ཨ་རག་འཐུང་ནས་བསྡད་མཐར་ང་ཤི་འདོད་བྱུང་ཟེར།

ཁོ་རང་སླར་ཡང་སྒེའུ་ཁུང་ནས་མཆོང་གྲབས་བྱེད་པ་ན། མི་ཚོགས་རྣམས་སླར་ཡང་གཉིད་ལས་སད་པ་བཞིན་སྐད་རྒྱག་འགོ་ཚུགས། ཉེན་རྟོག་པ་རྣམས་ཀྱིས་འོག་ཏུ་ཆུ་ཤོག་བཏིང་ནས་ཁོ་རང་མར་ལྷུང་བར་སྒུག་འདུག

“ཁྱོད་རང་ང་ལ་དགའ་འམ།” ངས་སྐད་ཤུགས་ཡོད་ཚད་ཀྱིས་ཁོ་རང་འབོད། ངས་མི་སུ་ལའང་བཤད་མ་མྱོང་ལ་འདྲི་ཡང་མ་མྱོང་བའི་དྲི་བ་འདི་ཁོ་ལ་དྲིས། སྐབས་དེ་དུས་མི་ཚོགས་ཀྱི་དཀྱིལ་དུ་ལུས་པའི་ངའི་འཇིག་རྟེན་ན་ཁོ་རང་མ་གཏོགས་ལྷག་མི་འདུག ཁོ་རང་མ་གཏོགས་འཆར་རྒྱུ་མི་འདུག

མི་ཀུན་ང་ལ་ལྟ་བཞིན་འཇམ་ཐིང་ངེར། སྐབས་དེར་མི་ཚོགས་ནས་ཕོ་གསར་ཞིག་གིས་སྐད་ཤུགས་ཆེན་པོས། “ཝེ། ད་ཁྱོད་སྐྱེས་པ་ཕོ་ཡིན་ན་མར་འཕུར་ཤོག དེ་རིང་ངས་ཁྱོད་ལ་བལྟས་ནས་སྐེ་ཡང་གཟེར་བྱུང་། བརྩེ་དུང་གི་དོན་དུ་ལྕེབས་པ་ནི་རླབས་ཆེན་པོ་ཡིན་པ་ཤེས་པ་བྱོས”ཞེས་འབོད།

ངས་སླར་ཡང“ང་ཁྱོད་ལ་དགའ། ངའི་རྒྱབ་ཁུག་གང་པོ་དབྱར་རྩྭ་དགུན་འབུ་ཡིན་པས་ཁྱོད་ཀྱི་བུ་ལོན་འཇལ་ཐུབ།ཁྱོད་ལྕེབས་ན་ང་གཅིག་པོ་མི་ཡུལ་དུ་ལུས་པ་བཟོད་ཐུབ་བམ”ཞེས་ངུ་བཞིན་འབོད་པས་ཁོ་རང་ཡང་ངུས་བྱུང་། སྐྱེས་པ་ཞིག་གི་ངུ་སྒྲ་ནི་བུ་མོ་དང་ཕྲུ་གུའི་ངུ་སྒྲ་དང་རྩ་བ་ནས་འདྲ་པོ་མི་འདུག ངུ་སྒྲ་ཡོངས་སུ་སེམས་པ་འདར་བྱེད་ཀྱི་ང་རོས་ཁེངས།ཁ་པར་ནང་མ་ཟད་ཐོག་བརྩེགས་ཁང་ཆེན་ལ་ཡང་བྲག་ཅ་མཆེད་ཀྱིན་འདུག

ཁོ་རང་དུས་ཡུན་རིང་པོ་ཞིག་ངུས་ནས་ངལ་བ་འདྲ། ཡང་ན་ཁོའི་སྡུག་བསྔལ་ཐམས་ཅད་འཇིག་རྟེན་འདི་ལ་བརྗོད་ཟིན་པ་དང་འདྲ། ངུ་སྒྲའི་ཁྲོད་དུ་ངལ་དྲགས་པའི་ཁོ་རང་ཡལ་སོང་། བརྩེ་དུང་གི་ཟློས་གར་དང་ལྕེབས་པའི་མཛེས་སྡུག་མ་མཐོང་བའི་མི་རྣམས་ཀྱིས་དམའ་འབེབས་ཀྱི་སྐད་ཅོར་ཡང་ཇེ་ཆེར་གྱུར།

དམའ་འབེབས་ཀྱི་སྐད་ཅོར་ཁྲོད་དུ་ཁོ་རང་སྒོར་ཁར་ཐོན་བྱུང་། མི་ཚོགས་ཀྱིས་ཁོ་ལ། “སྡར་མ། སྙིང་ཆུང་། སྐྱེས་པ་ཕོ་མ་རེད”ཅེས་ཡང་ཡང་སྨད་ཀྱང་ལངས་ནས་འགྲོ་བའི་སྲོག་ཆགས་དེ་ཚོ་ཁོ་དང་འབྲེལ་བ་མེད་པ་བཞིན་ཁ་ཡ་མི་བྱེད། ཁོ་རང་ནི་ངའི་འཆར་ཡན་ཁྲོད་ཀྱི་གྲོད་པ་བུར་དུ་ཐོན་པའི་སྦྱིན་བདག་དང་འདྲ་པོ་མི་འདུག རིང་བའི་སྐྲ་ལོ། སྐྱོ་སྣང་གི་འོད་འཕྲོ་བའི་མིག རང་དབང་གིས་སྐྱེས་པའི་ཁ་སྤུ། ལུས་སྟོབས་དང་གོས་གྱོན་ལུགས་ཐམས་ཅད་གློག་བརྙན་ནང་གི་ཇག་པ་ཚོ་དང་ཨ་ན་མ་ན་རེད། ཡིན་ཡང་སྐྱོ་སྣང་གིས་ཁེངས་པའི་ཁོའི་ལུས་ནི་ཞུ་ལ་ཁད་ཀྱི་ཆབ་རོམ་དང་འདྲ།  ང་ཁོ་ལ་ཧད་པ་བཞིན་ཁོ་ཡང་ང་ལ་ཧད་འདུག

ཁོས་ངའི་སྐད་ཆ་ཉན་རྒྱུར་རེ་བ་བཞིན་ཁ་པར་སྔར་བཞིན་རྣ་ཅོག་ལ་གླན་འདུག་པ་མཐོང་ཚེ། ང་རང་དབང་མེད་པར་ཁོའི་ཕྱོགས་སུ་བརྒྱུགས། ངས་ཁོ་ལ་དམ་དུ་འཐམས། ངས་ཁོའི་ལུས་ཀྱི་གཏིང་ཟབ་ས་ནས་གྲང་འདར་བར་མེད་དུ་རྒྱག་བཞིན་པ་ཚོར། གྲང་བའི་ལུས་ལ་ཆང་དང་ཐ་མག་གི་དྲི་སྟུག་པོ་ཞིག་འཐུལ། དྲི་མ་དེས་ང་ལ་ཁོ་རང་གསོན་དུ་ཡོད་པའི་སེམས་གསོ་བྱས།

ཁོ་དང་ངའི་ལག་ཐོགས་ཁ་པར་ཨར་འདམ་ཐོག་ཏུ་ཐག་སྒྲ་དང་བཅས་ལྷུང་སོང་།ང་རང་མིག་བཙུམས་ནས་ཁོ་ལ་ཤུགས་ཀྱིས་འཐམས།

དུས་གང་ཙམ་ཞིག་སོང་བ་ཆ་མ་འཚལ། མིག་ཕྱེ་དུས་ངའི་རུམ་དུ་ཁོ་རང་མི་འདུག ངའི་མདུན་ཕྱོགས་ཀྱི་ཡོད་ཚད་གསལ་བར་འཆར་བྱུང་། ད་ལྟའི་སྣང་བ་འདི་འཁྲུལ་སྣང་ཞིག་སྟེ། དོན་ངོ་མར་ཁོ་རང་སྒེའུ་ཁུང་ནས་མར་ལྷུང་འདུག ངའི་ངུ་སྒྲ་ཁོག་པ་གང་བོ་དེ་མགྲིན་པ་ནས་ཐོན་མ་ཐུབ། དོན་དངོས་ཀྱི་སྐྱོ་གར་སྙིང་རྗེ་མེད་པར་འཁྲབ་བྱུང་། ཁོའི་མགོ་བོ་སྒོ་འགྲམ་གྱི་རྡོ་སྐས་ལ་བརྒྱབ་འདུག་པས་ཀླད་པ་དཀར་པོས་རྡོ་སྐས་དང་ཉེ་འགྲམ་གང་སར་བརླན། མིའི་ཀླད་པ་ནི་འདི་འདྲའི་མང་ལ་འདི་འདྲའི་སྣུམ་དང་ལྡན་པ་ཞིག་ཡིན་པ་དེ་རིང་གཞི་ནས་ཤེས། ཡང་ཞིབ་པར་བལྟས་ན། ཁོའི་ཀླད་པ་གང་སར་དབྱར་རྩྭ་དགུན་འབུས་ཁེངས་འདུག་པ་མཐོང་།ངའི་གཡས་གཡོན་གྱི་མི་རྣམས་ཀྱིས་ཁོའི་ཕུང་པོའི་གང་སར་ཁེངས་པའི་དབྱར་རྩྭ་དགུན་འབུ་རྣམས་སྒྲུག་བཞིན་པ་མཐོང་། ད་དུང་ཕོ་གསར་ཞིག་གིས་ཕྲག་དང་ཀླད་པ་ནང་གི་དབྱར་རྩྭ་དགུན་འབུ་ཡང་སྒྲུབ་བཞིན“དབྱར་རྩྭ་དགུན་འབུས་ཨ་ཁུ་ཆོས་རྒྱལ་གྱི་ལུས་སྟོབས་གསོ་མི་ཐུབ་པས་ཁྱོད་ཀྱིས་ཅི་ཞིག་བྱེད་དམ”ཞེས་མིག་དཀར་པོ་བགྲད་ནས་ཤི་སོང་བའི་སྦྱིན་བདག་ལ་འདི་ལྟར་ལབ། དབྱར་རྩྭ་དགུན་འབུ་དེ་དག་གི་འབྱུང་ཁུངས་འཚོལ་བ་ན་མོ་ཊས་བརྡུངས་པའི་བུ་མོ་དེ་ཡིན་པ་མཐོང་། མོའི་ཁྲག་དང་བེམ་པོ་ཡོད་ཚད་རྭ་ཅོ་ཅན་གྱི་དབྱར་རྩྭ་དགུན་འབུས་ཁེངས་ཤིང་། མོའི་རྒྱབ་དུ་ངའི་ཁུག་མ་དང་ཨ་ན་མ་ནའི་རྒྱབ་ཁུག་རལ་པོ་ཞིག་འདུག དེ་ནས་མོའི་སྐྲ་དང་མོའི་གདོང་། མོའི་གོས་ཐམས་ཅད་ང་རང་ཉིད་དང་ཨ་ན་མ་ན་ཡིན་པ་མཐོང་།

ངས་སྤང་ཐང་ཐོག་ཏུ་རྨིས་པའི་རྨི་ལམ་དེ་དྲན་བྱུང་། དབྱར་རྩྭ་དགུན་འབུས་པེ་ཅིན་དུ་ཆང་ཁང་ཉོ་དགོས་ཟེར་བའི་ང་དང་པོ་དེ། ང་གཉིས་པ་ལ་སྙིང་རྗེ་མེད་པར་བརྡབས་མཁན་གྱི་ང་དང་པོ་དེ། དབྱར་རྩྭ་དགུན་འབུ་རྒྱབ་ཁུག་གང་ཁུར་ནས་མཚམས་སྤྲིན་ན་ཡལ་བའི་ང་དང་པོ་དེ་་་་་་་ འོ། དེ་རིང་མོ་ཊས་རྡུང་སོང་བ་ནི་ང་དང་པོ་ཡིན་འདུག

སྐབས་དེར་ངའི་འགྲམ་གྱི་རྒད་མོ་ཞིག་གིས“ཁོ་གཉིས་ཀ་སྲོག་ཆད་འདུག”ཟེར་བ་ཐོས།

ངས་རྒད་མོ་དེ་ལ“ང་ཤི་མེད། ང་འདི་ན་འཚོ་བཞིན་ཡོད། ཁྱོས་ཀྱིས་ལྟོས་དང”ཞེས་སྐད་ཡང་ཡང་བརྒྱབ་ཀྱང་མོས་ཐོས་ཀྱི་མི་འདུག ངས་ལག་པས་མོའི་སྟོད་ཐུང་ཡང་ཡང་འཐེན་ཡང་མོས་ཚོར་གྱི་མི་འདུག ང་རང་འཚོ་བཞིན་པའི་བདེན་དཔང་ཞིག་མ་རྙེད་པས། འཇིག་རྟེན་འདིས་ཀྱང་ང་འཚོ་བཞིན་པ་ཤེས་ཀྱི་མི་འདུག

ངས་རང་ཉིད་ཀྱི་ལུས་ལས་ང་རང་འཚོ་བཞིན་པའི་བདེན་དཔང་འཚོལ། ངས་རྒྱབ་ཁུག་ཆེན་པོ་དེ་ཕབ་པ་ན་རྒྱབ་ཁུག་རལ་འདུག་ལ་དབྱར་རྩྭ་དགུན་འབུ་ཁ་ཤས་རྣམས་ཀྱང་རང་དབང་ཐོབ་པ་བཞིན་སར་ལྷུང་བཞིན་པ་མཐོང་། ངས་རང་གི་ངོ་གདོང་ལ་བྱིལ་བྱིལ་ཞིག་བྱས་ངའི་ངོ་གདོང་བརླན་ཤིག་ཤིག་ཡིན་པ་ཚོར། ངས་འདི་ནི་རྔུལ་ཆུ་ཡིན་པ་བསམ་ཡང་རང་གི་ལག་པར་ཞིབ་ལྟ་ཞིག་བྱས་པས་ཁྲག་གིས་བརླན་འདུག དེ་ནས་ངའི་སྙིང་འཕར་གྱིན་མེད་པ་ཚོར་ལ་ངའི་ལུས་སེམས་གཉིས་ཀ་རླངས་པ་ལྟར་མཁའ་རུ་ཡར་འཕགས་ཀྱིན་པ་ཚོར་བྱུང་།

ཡོད་ཚད་མག་མོག་ཏུ་འགྱུར་ཡང་རྒད་མོ་དེས་འགྲམ་དུ་ཡོད་པའི་རྒད་པོ་དེ་ལ་སྐད་ཆ་ཞིག་བཤད་ཀྱིན་པ་ཐོས

ཞིབ་པར་ཉན་ཚེ་མོས༼དེ་རིང་ལྟད་མོ་མཛེས་སོང༽ཟེར།

        དེ་རིང་ལྟད་མོ་མཛེས་སོང་།

                                                           
                                                                རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།