ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། ཟབ་མོ་དག་སྣང་གི་འཇིག་རྟེན།

ལོ་ངོ་གསུམ་རིང་གི་སློབ་ཆེན་གྱི་ཟང་ཟིང་གི་ཁོར་ཡུག་ནས་ངའི་སེམས་ཀྱང་ཟང་ཟིང་གི་ཁྲོད་དུ་འདས་སོང་།  དེ་རིང་ང་རང་འཇམ་ཐིང་ཐིང་ངང་སློབ་རའི་རྒྱ་ལྕང་འདབ་གསེབ་ཁྲོད་ཀྱི་འདུག་སྟེགས་སྟོང་པ་ཞིག་གི་ཐོག་ཏུ་ཙོག་ནས། ནམ་མཁའ་ལ་ཅེར་བ་ན། མཚམས་སྤྲིན་གྱིས་ནམ་མཁའ་དམར་འདུག མཚམས་སྤྲིན་དེ་དགུང་དཀྱིལ་ནས་གཡོ་འགུལ་ཅི་ཡང་མེད་པར་ནུབ་ནས་ནུབ་དུ་ཇེ་དམར་ཕྱིན།  གདོང་ལ་མཛེས་བཟོས་ཀྱི་ཁེངས་པའི་མཛེས་མ་དག་ལམ་ཕྲན་ནས་མགྱོགས་ཤིག་ཤིག་གི་ཡར་འགྲོ་མར་འགྲོ་བྱེད་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཡིན་མོད། ངོ་ལ་འོ་མ་བཞིན་གྱི་དཀར་འཇམ་གྱི་རྣམ་པ་ལྡན་མེད་པར་དམར་དམར་ལྷང་ལྷང་དུ་གྱུར་འདུག  དཀར་བ་ལ་དཀར་བའི་མཛེས་ཉམས་ཡོད་པ་བཞིན། དམར་བ་ལ་དམར་པའི་མཛེས་ཉམས་ཀྱང་འདུག  བདག་དང་ཉེ་སའི་ལུས་རྩལ་ཐང་དུ་རྐང་རྩལ་སྤོ་ལོ་རྒྱག་བཞིན་པའི་བུ་རྣམས་ཀྱི་རྔུལ་ཆུས་བརླན་པའི་ངུ་གདོང་ནི་ཁྲག་དམར་བྱུགས་པ་ལྟར་སྣང་།  ཁོ་ཚོའི་འཛུམ་སྣང་ནི་འཛུམ་སྣང་དང་མི་འདྲ་བ་ང་ལ་སྐྲག་སྣང་སྦྱིན་བྱུང་།  སྐར་མ་གཅིག་གི་རིང་འཇམ་ཐིང་ཐིང་གི་སེམས་པ་དེ། དེ་མ་ཐག་ཟང་ཟིང་དུ་གྱུར།

  རྣ་བའི་ནང་དུ་དགོད་སྒྲ་དང་སྤོ་ལོ་རྒྱག་སྒྲས་ཁེངས་ཞིང་འར་འར་འུར་འུར་གྱི་ཅི་ཡིན་མ་ཤེས་པའི་བྲག་ཅ་ཞིག་ཀྱང་བར་མེད་དུ་མཆེད། ད་དུང“ཐག ཐག”སྙིང་གི་འཕར་སྒྲ་རྣ་བའི་གཏིང་ནས་ཕྱིར་ཐོན། ངས་སྟོད་ཐུང་གི་པར་ཁུག་ནས་སྨན་རྩྭའི་དྲི་མ་ཅན་གྱི་ཐང་ཆུ་ཞིག་བླངས་ནས་ཤུགས་ཀྱིས་འཆའ་བ་ཡིན། སྒྲ་འདི་ཚོ་རྣ་བ་ནས་བདའ་ཅི་ཐུབ་བྱེད། ཉིན་གང་བཟུང་བའི་འཕྲིན་པ་དེ་སྤར་མོ་ན་བརླན་པར་གྱུར་ཡང་འཛུམ་མོ་རྣམས་སྦྲིད་ནས་རེ་ཞིག་ལེན་མ་ཐུབ། ངས་འཛུབ་མོ་རེ་རེ་ནས་རེ་རེ་ཞིབ་བཞིན་འཕྲིན་པ་དེ་ལེན་ཐབས་བྱེད། ཉིན་མོ་གང་བོར་ངས་རང་གིས་རང་ལ་སེམས་གསོ་ཅི་འདྲ་བྱས་ཀྱང་འཕྲིན་ཡིག་འདི་ཁ་ཕྱེ་བའི་སྤོབས་པ་ང་ལ་མི་འདུག སེམས་གསོ་ནི་སེམས་གསོ་ཉིད་དེ་དོན་དངོས་ལ་འགྱུར་བ་སྤུ་ཙམ་ཡང་གཏོང་མ་ཐུབ། ངས་མིང་ཤེས་པའི་ལྷ་བླ་མ་ཡོད་ཚད་ལ་ལག་ནང་གི་འཕྲིན་པ་འདི་སུས་ཀྱང་མི་ཤེས་པར་ག་སོང་ཆ་མེད་དུ་འགྱུར་བའི་གསོལ་བ་ཡང་ཡང་བཏབ་ཀྱང་ཁོ་རང་སྔར་བཞིན་ངའི་ལག་མཐིལ་གྱི་རྔུལ་ཆུ་ན་ཉལ་འདུག  ངས་མིག་ཟུང་འཚུམ་བཞིན་ཁོ་གློ་བུར་དུ་མེད་པར་གྱུར་ཟིན་པའི་ཡིད་ཆེས་བྱས་ཀྱང་མིག་ཕྱེ་ཚེ་ཁོ་སྔར་བཞིན་ངའི་ལག་ན་འགྱུར་བ་མེད་པར་གནད།

འཕྲིན་པ་འདི་ཟླ་བ་འོད་ཟེར་དུ་འབོད་པའི་ཕོ་གསར་དེས་དེ་རིང་ཞོགས་པར་ང་ལ་སྟེར་བྱུང་།  ཟླ་བ་འོད་ཟེར་ནི་མི་རྒྱུས་མེད་གང་ཡང་མིན་པར་ལོ་ངོ་གསུམ་གྱི་རིང་ང་ལ་བརྩེ་དུང་གི་མངར་ཁ་སྦྱིན་མཁན་གྱི་ཕོ་གསར་དེ་རང་ཡིན།  དེ་རིང་ཞོགས་པ་ཁོའི་རྣམ་འགྱུར་ནི་ད་ལྟ་སྤོ་ལོ་རྩེད་བཞིན་པའི་ཕོ་གསར་དེ་དག་གི་གདོང་བཞིན་འཇིགས་སུ་རུང་བ་ཞིག་རེད་ཨང་། དམར་ལྷང་ལྷང་ད་ལྟ་ཡང་ངའི་མིག་འདུན་དུ་གསལ།  མདང་སུམ་གྱི་ཁ་རྩོད་དྲག་པོ་དེ་དང་། སྐད་འཕྲིན་དངqqདར་ཁྱབ་ཆེ་བའི་དུས་སྐབས་སུ་ང་ལ་སྤྲིངས་པའི་འཕྲིན་ཡིག་འདི།  མེ་ཏོག་དང་སྙན་ངག་གང་གིས་ཀྱང་མ་བརྒྱན་པའི་འཕྲིན་ཡིག་འདིའི་ཕྱི་ངོས་ལས་ངས་འཕྲིན་ཡིག་འདི་ལ་མ་བལྟ་ཡང་ནང་དོན་ཤེས་ཀྱི་ཡོད།  ཁ་བྲལ།  ཚིག་འདི་གཉིས་བདག་ལ་མཚོན་ན་ཅི་འདྲའི་འཇིགས་རུང་བ་ཞིག་རེད་ཨང་།

 ངས་ཐང་ཆུ་འཆའ་བཞིན་ད་ནི་ཅིས་ཀྱང་འཕྲིན་པ་འདི་ཁ་དབྱེ་རྒྱུ་ཐག་བཅད་པ་ཡིན། ངས་འདར་སིབ་སིབ་ཀྱི་ལག་པས་སྟབས་བདེ་ངང་ཆག་པ་བརྒྱབ་པའི་འཕྲིན་པ་ཁ་ཕྱེ་བ་ན། རྒྱུས་ཡོད་པའི་ཡིག་འབྲུ་དག་གསལ་བ་ཐོན་བྱུང་།  ཤོག་དཀར་གྱི་དཀྱིལ་དུ་ཅུང་ཆེ་བའི་ཡིག་འབྲུ་ལྔ་པོ་ནི“ང་གཉིས་ཀ་བྲལ་ལོ”ཟེར་བ་དེ་ཉིན་གང་བློ་ངོར་ཤར་མྱོང་བ་བཞིན་ད་ནི་དངོས་སུ་ངའི་མིག་མདུན་དུ་གསལ། གཞན་འཕྲིན་པ་འདི་མགོ་མི་འདུག་ལ་མཇུག་ཀྱང་མི་འདུག གུས་འདུད་དང་བཅས་མི་འདུག་ལ་སྨོན་ཚིག་ཀྱང་མི་འདུག   དེའི་རྗེས་ནི་འཕྲིན་ཡིག་བྲིས་མཁན་གྱི་མིང་སྟེ“ཟླ་བ་འོད་ཟེར”ཞེས་གསལ་བོར་བྲིས་འདུག ཁོ་མོས་རྨི་ལམ་ནང་ནས་ཡང་ཡང་འབོད་མྱོང་བའི་མིང་འདི་ད་ཆ་བདག་དང་འབྲེལ་བ་ཅི་ཡང་མེད་པ་བཞིན་རྒྱུས་ཡོད་ཀྱི་ཡིག་གཟུགས་སུ་སིམ་ནས་རང་གཟུགས་ཕྱིར་མ་མངོན།  ངའི་མིག་ལས་མིག་ཆུ་ཐིགས་པ་གཅིག་ཀྱང་ཟགས་མ་ཐུབ། ལག་ནང་གི་ཤོག་ལེབ་འདི་མཚམས་སྤྲིན་འོག་ཏུ་ངའི་ཁོག་གཏིང་ནས་སྐྱུགས་པའི་སྙིང་བཞིན་དམར་ལྷང་ལྷང་། མཚམས་སྤྲིན་གྱི་དམར་མདངས་ནི་ཤིན་ཏུ་མཛེས་ཀྱང་འདི་ནི་ནུབ་ཁའི་མཚམས་སྤྲིན་ཡིན་ཨང་།  འདོད་ཀྱང་རུང་མ་འདོད་ཀྱང་རུང་ང་ལ་མུན་པ་སྦྱིན་ངེས། ངའི་ལག་པས་རང་བཞིན་གྱིས་ཤོག་ལེབ་དེ་རྡོག་རྡོག་བཟོས་རྗེས་རང་བཞིན་གྱིས་ཁ་ནང་བརྫངས་། ངས་ཐང་ཆུ་དང་མཉམ་དུ་ཤེད་ཤུགས་ཡོད་རྒུས་འཆའ་བ་ཡིན། དུས་གང་ཙམ་ཞིག་ལ་སླེབ་ཚེ། ངའི་འགྲམ་པ་ན་ནས་འགུལ་མ་ཐུབ་ལ། རང་གི་ཁ་ནང་དུ་སྨན་རྩྭ་དང་ཁྲག་འདྲེས་པའི་དྲི་ཁྱད་པར་བ་ཞིག་ཀྱང་བྲོ་བྱུང་། སྐྱུགས་འདོད་ཀྱི་ཆུ་དྭངས་མོ་ཕོ་བའི་གཏིང་ནས་འགྲིན་པར་ཡང་ཡང་བརྒྱུགས་ཡོང་བས།  ང་རང་མགྱོགས་པོ་ཡར་ལངས་ནས་ཁ་ཆུ་དང་ཐང་ཆུ།  ཤོག་བུ་གསུམ་པོ་ལྕང་སྡོང་གི་འགྲམ་དུ་སྐྱུགས།  ཧ་ལས་དགོས་པ་ཞིག་ལ་ངའི་རྐང་འགྲམ་ན་ལྗན་ལྗིན་གྱིས་སྦགས་པའི་ཤོག་བུ་དེ་ལ་རྨ་ཁ་གང་ཡང་མེད་པར་ཡིག་འབྲུ་དག་གསལ་བོར་མཐོང་ཐུབ་གྱི་འདུག ང་ལ་རྨ་ཁ་བཟོ་མཁན་གྱི་ཡིག་འབྲུ་དག་ངའི་སྐྱོ་སྣང་ལ་ཅོ་འདྲི་བྱེད་པ་དང་འདྲ་བར་གསལ་ལྷང་ལྷང་། ངས་བརླན་ཤིག་ཤིག་གི་ཤོག་བུ་དེ་ཡར་བླངས་རྗེས་སླར་ཡང་རྡོག་རྡོག་བཟོས་ནས་ལྕང་སྡོང་ལ་གླན་པ་ཡིན།  ལྕང་སྡོང་གི་ངོས་སུ་ཡར་རྒྱུག་མར་རྒྱུག་བྱེད་བཞིན་པའི་གྲོག་མ་གཉིས་གསུམ་ཞིག་ཀྱང་དེ་མཉམ་དུ་གླན་སོང་།

             ང་རང་སླར་ཡང་འདུག་སྟེགས་ཐོག་ཏུ་ཙོག་དུས། མུན་པ་ཁུར་ནས་ཡོང་བའི་རླུང་བུ་གྲང་མོ་ཞིག་ཤ་ཁྲག་རུས་པ་གཤགས་ནས་བྲང་ཁོག་ན་ལྡང་བྱུང་།  ངའི་དོན་ལྔ་སྣོད་དྲུག་ཐམས་ཅད་སྟོང་ཟིན་པ་འདྲ།  བྲང་ཁོག་ན་བྲག་ཅ་འུར་རེར་མཆེད། ཡིན་ཡང་། ང་ངུ་མ་ཐུབ་ལ་མིག་ཆུ་ཐིགས་པ་གཅིག་ཀྱང་མ་ལྷུང་།
     
              ང་རང་འདུག་སྟེགས་སྟོང་པ་འདིའི་ཐོག་ཏུ་གན་རྐྱལ་དུ་ཉལ་ནས་བསྡད།  ཉེ་འགྲམ་དུ་ཡར་རྒྱུག་མར་རྒྱུག་བྱེད་པའི་མཛེས་མ་དང་ལྕགས་གི་དྲ་བའི་ཕ་རོལ་ཏུ་སྤོ་ལོ་རྩེད་བཞིན་པའི་ཕོ་གསར་དག་ནི་མཚན་མོར་རྒྱུ་བའི་གཟུགས་མེད་ཀྱི་མི་མ་ཡིན་དག་དང་འདྲ་བར་ངའི་མིག་ནང་གསོན་ཉམས་བྲལ།  གན་རྐྱལ་དུ་ཉལ་ནས་བསྡད་དུས་མཐོང་བ་ནི་དུས་རྒྱུན་དང་མི་འདྲ་བར་ནམ་མཁའ་ནི་འོག་དང་ས་ནི་ནམ་མཁའི་སྟེང་དུ་གནས་པ་ལྟ་བུའི་སྣང་བ་སྐྱེས། སྣང་བ་དེས་ང་ལ་འཇིག་རྟེན་གཞན་ཞིག་སྦྱིན་བྱུང་། མགོ་སྟེང་ལོག་པའི་འཇིག་རྟེན་ཞིག རྨ་ཁ་དང་སྐྱོ་བ་མེད་པའི་འཇིག་རྟེན་ཞིག འཇིག་རྟེན་འདི་ན་ལྗོན་པ་རྣམས་ལྡོག་ནས་སྐྱེས་འདུག་ལ་མི་རྣམས་ལྡོག་ནས་འགྲོ་བཞིན་འདུག མགོ་བོ་ཡར་ལ་མ་བཀྱགས་ཀྱང་མུ་མེད་པའི་ནམ་མཁའ་དང་དམར་མདངས་ལྡན་པའི་མཚམས་སྤྲིན་ངའི་མིག་ནང་རང་བཞིན་གྱིས་གསལ།

     མཚམས་སྤྲིན་ཡལ་རྗེས། སྐར་མ་རེ་གཉིས་རེས་གསལ་རེས་མོག་གིས་མཁའ་མཐར་ཐོན།  མུན་པས་རིམ་གྱིས་ང་རང་རུབ། དེ་ནས་གསོན་ཉམས་བྲལ་བའི་སྐར་མ་རེ་གཉིས་ཙམ་གྱིས་མིག་རྡེབ་བཞིན་ང་ལ་མར་ལྟ་བཞིན་འདུག ངས་ཀྱང་ནམ་མཁའི་ཐོག་ཏུ་ཇེ་མང་དུ་འགྱུར་བཞིན་པའི་ངའི་སྐྱོ་སྣང་ལ་གབ་ལྟ་བྱེད་མཁན་རྣམས་ལ་བལྟས། ང་ཚོའི་བར་ནི་གཏིང་རིང་བའི་རྨི་ལམ་རིང་པོ་ཞིག་དང་འདྲ།

སྣང་བ་ཞིག་ལ། མུན་པ་དང་གློག་འོད་མཚམས་སུ་མི་ཞིག་མགོ་མཇུག་ལྡོག་ནས་ངའི་ཕྱོགས་སུ་འོང་བཞིན་འདུག། ངས་ཁོ་ལ་ཞིབ་ལྟ་བྱེད། གནག་ཅིང་ཐུང་བའི་སྐྲ་ལོའི་ངོས་སུ་མུན་པའི་ནང་དུའང་འཇམ་སྣང་གི་འོད་ཕྲ་མོ་ཞིག་འཕྲོ་བ་རབ་རིབ་ཀྱིས་མཐོང་། སྟོད་གོས་དཀར་པོ། འོག་འཇུག་ནག་པོ།  ལྷམ་སྔོ་ལྗང་ཞིག་གྱོན་ནས་འདུག རྔུལ་ཆུ་དང་སྦྲང་ནག་ཀུན་ཁོ་ལ་སྐྲག་ནས་བྲོས་བ་འདྲ་ཞིང་གྱོན་གོས་དང་ངོ་གདོང་ལ་དྲི་མ་ཕྲན་ཙམ་ཡང་མཐོང་རྒྱུ་མི་འདུག ཁོ་ནི་ལྷོ་ཁོ་རེ་ཡའི་གློག་བརྙན་ན་ཡོད་པའི་ཕོ་གསར་དང་ཨ་ན་མ་ན་རེད། ང་རང་སློབ་གྲོགས་བུ་མོ་གཞན་དང་འདྲ་བར་ལྷོ་ཁོ་རེ་ཡའི་གློག་བརྙན་ལ་དགའ་པོ་དེ་ཙམ་མེད་ཀྱང་རང་ཉིད་བུ་མོ་ཞིག་ཡིན་པའི་ཆ་ནས་ལྷོ་ཁོ་རེ་ཡའི་གློག་བརྙན་ནང་གི་ཕོ་གསར་དག་ལ་དགའ་པོ་ལོས་ཡོད། ངས་ཁོ་ལ་ཞིབ་ལྟ་བྱས་པ་བཞིན་ཁོས་ཀྱང་ང་ལ་ཞིབ་ལྟ་བྱས་བཞིན་འདུག ཚུལ་དེ་ཁོ་ནི་སྐར་མ་ཡིན་པ་འདྲ་ལ་ང་རང་ནི་ང་རང་ཉིད་ཡིན་པ་འདྲ། ང་གཉིས་ཐག་ཅི་ལྟར་ཉེ་ནའང་སོ་སོའི་ངོ་བོ་མཐོང་ཐབས་བྲལ། ཡིན་ཡང་ང་ལ་ངོ་མཚར་གྱི་སྣང་བ་ཅི་ཡང་མི་འདུག ཁོའི་མིག་ནང་དུ་ལྡོག་འོད་ཀྱིས་འཆར་བའི་ང་རང་ནི་ཅི་འདྲ་བ་ཞིག་ཡིན་ནམ་སྙམ་བཞིན་ངས་ཁོའི་མིག་ལ་ཞིབ་ལྟ་བྱས། སྔོན་མར་ང་རང་མི་གཞན་གྱི་མིག་ལ་ཡུན་རིང་ཧད་མྱོང་མེད། ཟླ་བ་འོད་ཟེར་ཕུད། ངའི་མིག་འདུན་གྱི་ཕོ་གསར་འདིའི་མིག་ལ་ཟླ་བ་འོད་ཟེར་གྱི་མིག་བཞིན་རྣོ་ངར་མི་འདུག སྐྱོ་སྣང་གི་ན་བུན་དཀར་པོ་ཞིག་ལང་ཚོའི་མིག་ངོས་སུ་འཁྲིགས་འདུག་པ་མཐོང་བྱུང་།

   ཁོ་རང་ངའི་རྐང་པའི་འགྲམ་གྱི་སྟོང་སར་ཙོག ང་རང་ཡང་སྣང་བ་སྤུ་ཙམ་ཡང་མེད་པར་ཉལ་ནས་བསྡད། ཁོས་སྟོད་ཐུང་གི་པར་ཁུག་ནས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཞིག་བླངས་ནས་ཁ་ཕྱེས་སོང་། ཁ་པར་གྱི་ཅོག་ངོས་ནས་འཕྲོས་བའི་འོད་ཀྱིས་ཁོའི་ངོ་གདོང་གསལ་ལྷང་ལྷང་འགྱུར། སྔར་ལས་དཀར་ལ་སྔར་ལས་མཛེས། མུན་ཁྲོད་དུ་ཁོས་ཁ་པར་བཟུང་ནས“ངའི་མིང་ལ་ཉི་མ་འོད་ཟེར”ཞེས་རང་ཉིད་མཚམས་སྦྱར། ངས་སྐད་ཆ་འདི་ཐོས་པ་དང་ངའི་དགའ་རོགས་ཟླ་བ་འོད་ཟེར་ནི་ཉི་མ་དང་འདྲ་བ་དང་ངའི་འགྲམ་དུ་ཉི་མ་འོད་ཟེར་འབོད་པའི་ཕོ་གསར་འདི་ནི་ཟླ་བ་དང་འདྲ་འདུག་སྙམ། ཡིན་ཡང་ངས་བསམ་ཚུལ་འདི་ཁོ་ལ་མ་བཤད། སྐད་ཆ་དེ་ནི་ཁོས་རང་གིས་རང་ལ་བཤད་པ་དང་འདྲ་ལ། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལ་བཤད་པ་དང་འདྲ།  ང་ལ་བཤད་པ་དང་ཡང་འདྲ། ཡང་ན་དེ་རིང་གི་ནམ་མཁའི་ཟླ་བ་དང་སྐར་ཚོགས་བཅས་གཞན་ཅི་ཞིག་ལ་བཤད་པ་དང་ཡང་འདྲ། ངས་ཀྱང་ངོ་མི་ཤེས་པའི་ཁོ་དང་ངོ་མི་ཤེས་པའི་འཇིག་རྟེན་འདི་ལ་རང་ཉིད་ངོ་སྤྲོད་ཞིག་བྱ་འདོད། ངས“ང་ལ”ཞེས་བཤད་མ་ཐག་ཁོས་རང་ཉིད་ཀྱི་ལག་པས་རང་གི་མཆུ་ཏོ་བཀབ་སོང་། ཁོའི་ལག་པས་བཀབ་པའི་མཆུ་ཏོ་དེ་ཁོའི་མཆུ་ཏོ་མ་ཡིན་པར་ངའི་མཆུ་ཏོ་ཡིན་པ་བཞིན། སྙིང་ནས་ཐོན་པའི་སྐད་ཆ་དག་མགྲིན་པ་ན་ཐོགས། ཁོས“ཁྱོད་ཀྱིས་མིང་ང་ལ་ངོ་སྤྲོད་བྱེད་པའི་དགོས་པ་མི་འདུག”ཟེར། ཡང“མིང་ངོ་སྤྲོད་བྱེད་ཐུབ་ནའང་། སེམས་ངོ་སྤྲོད་བྱེད་མི་ཐུབ”ཟེར། སླར་ཡང“ངས་ཁྱོད་ཀྱི་སེམས་ངོ་ཤེས། ཁྱོད་ཀྱི་སེམས་ནང་གཏམ་རྒྱུད་ཀྱི་ཁེངས་ནས་ཡོད། ང་ལ་མཁོ་བ་ནི་གཏམ་རྒྱུད་ཡིན”ཟེར་རྗེས་མུན་པའི་འོག་ཏུ་ཁོའི་མིག་གི་ན་བུན་ཐམས་ཅད་གློ་བུར་དུ་ཡལ་སོང་། ཁོའི་མིག་ལས་གློག་འོད་དང་འདྲ་བའི་གསལ་ལ་རྣོ་བའི་འོད་ཅིག་འཕྲོས་བྱུང་། འོད་དེ་ང་ལ་གཏད། ང་རང་ཁོའི་འགྲམ་དུ་གཅེར་བུ་ཉལ་བའམ་ངའི་དོན་ལྔ་སྣོད་དྲུག་ཁོས་གསལ་བོ་མཐོང་སོང་བ་ལྟ་བུའི་སྣང་བ་སྐྱེས། བ་སྤུ་འུར་རེར་ལངས། གྲང་འདར་ཤོར།

 སྐད་ཆ་གང་ཡང་མེད་པར་ང་རང་ཡུན་རིང་ཉལ་ནས་བསྡད། ཁོ་རང་ངའི་འགྲམ་དུ་ཡུན་རིང་ཙོག་ནས་བསྡད། མགོ་ཐོག་གི་སྐར་མ་རྣམས་འཇམ་ཐིང་ཐིང་གིས་འདར་བཞིན་འདུག  ལང་ཚོས་འབར་བའི་ངོ་མི་ཤེས་པའི་ཕོ་མོ་གཉིས་མཉམ་དུ་ཡུན་རིང་ཙོག་ཀྱང་ཉེ་འགྲམ་དུ་ཡར་འགྲོ་མར་འགྲོ་བྱེད་བཞིན་པའི་སློབ་གྲོགས་དག་ལ་སྣང་བ་ཅི་ཡང་མི་འདུག གང་ལྟར་ང་གཉིས་རྒྱུས་མེད་ཡིན་ནའང་འདྲ། ང་གཉིས་བརྩེ་ལྡན་གྱི་ཕོ་མོ་ཆ་གཅིག་ཡིན་ནའང་འདྲ། ཁོ་ཚོ་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པ་དང་འདྲ། ནང་མ་ཁང་ནང་བྲོ་འཁྲབ་པ་དང་སློབ་གྲོགས་ལྷན་འཛོམས་སོགས་ཟ་ཟིང་ལ་དགའ་བའི་ང་རང་། འཇམ་ཐིང་ཐིང་གི་ཕོ་གསར་ཞིག་དང་མཉམ་དུ་འཇམ་ཐིང་ཐིང་གི་ཆུ་ཚོད་གཅིག་ཙམ་བསྡད་ཀྱང་སྙིང་གི་འཕར་སྒྲ་ལ་འགྱུར་བ་མི་འདུག 

  ངའི་འགྲམ་དུ་ཡོད་པའི་ཉི་མ་འོད་ཟེར་ཟེར་བའི་ཕོ་གསར་དེས་ཤར་རི་ནས་དལ་བར་ཐོན་བཞིན་པའི་ཟླ་བ་ལ་ཅེར་བཞིན་ཁ་ཆུ་ཁམ་གང་མིད་པའི་སྒྲ་གསལ་བ་ཐོས་བྱུང་། ཁ་ཆུ་དེ་སྦྲང་དང་བརྩེ་དུང་གི་རོ་ལས་མངར་བ་དང་འདྲ་བར་ཁོའི་གདོང་ལ་ཞིམ་མངར་གྱི་མྱོས་པའི་རྣམ་པ་ཞིག་མངོན་འདུག “མཚན་མོ་དང་ཟླ་བ་ལ་གདོང་གཏོད་པའི་ཕོད་པའི་ང་། ད་ལྟ་ཡང་འཚོ་ནས་ཡོད”ཉི་མ་འོད་ཟེར་གྱིས་ནམ་མཁའ་ལ་ཅེར་ནས་སྙན་ངག་འདྲ་བ་ཞིག་གྱེར་བྱུང་། ངས་ཁོ་ལ“ཁྱོད་རང་ཟླ་བ་ལ་དགའ་བ་བཞིན་ངས་ཀྱང་ཉི་མར་དགའ་བའི་གྲོགས་པ་ཞིག་ངོ་ཤེས”ཅེས་བཤད་པ་ཡིན།

ངས་སླར་ཡང་ཟླ་བ་འོད་ཟེར་དྲན་བྱུང་། ཟླ་བ་འོད་ཟེར་ཉིན་མ་ཤར་བ་དང་རྒྱུག་ཤར་གློད་ཅིང་སྤོ་ལོ་རྒྱག་པར་དགའ་བ་མ་ཟད། ད་དུང་མི་གཞན་དང་མི་འདྲ་བར་ཉི་མ་ལ་མིག་གཏད་ནས་ཡུན་རིང་བསྡད་ཐུབ་ཀྱི་ཡོད་པས་སློབ་གྲོགས་རེ་འགས་ཁོའི་མཚང་མིང་ལ“སྤྲ་མིག”ཀྱང་ཟེར། མིང་དེ་ནི་སྤྲས་ཉི་མ་ལ་མིག་ཐད་ཀར་གཏད་ནས་བསྡད་ཐུབ་པས་རྗེས་གྲུབ་ཀྱི་ཆ་ནས་བཏགས་པ་རེད། ཞོགས་པའི་ཉི་མ་ཤར་བ་དང་མཉམ་དུ་ཁོའི་གདོང་ལ་ཉི་མ་ལྟ་བུའི་འོད་སྣང་ཞིག་མཐོང་ཐུབ་ཀྱི་ཡོད། ཁོ་ནི་ཨ་རིའི་ལུས་རྩལ་དུས་དེབ་ངོས་ཀྱི་ཕོ་གསར་གཅེར་བུ་བ་དང་འདྲ་བར་ལུས་ཡོངས་སུ་སྲ་ཞིང་མཁྲེགས་པའི་ཤ་རྡོག་གི་ཁེངས་ནས་ཡོད། ཡིན་ཡང་།  མཚན་མོ་སླེབས་དུས་ཁོ་རང་ནི་གླང་ཆེན་སྨྱོ་བ་ཞིག་དང་ཨ་ན་མ་ན་ཡིན། ཆང་ཁང་དང་ནང་མ་ཁང་དུ་ཉུལ་ནས་ཆང་མང་པོ་བཏུང་བར་དགའ། ཆང་བཏུང་རྗེས་ཁ་ཕོ་བཤད་ནས་ཕོ་གསར་གཞན་དང་འཛིང་མོ་རྒྱག་གི་ཡོད།

 “ཁྱོད་ཀྱི་གྲོགས་པོ་འབོད་པ་དེ་ཁྱོད་ཀྱི་དགའ་རོགས་ཡིན་ནམ”ཉི་མ་འོད་ཟེར་གྱི་དྲི་བ་དེས་ང་རང་ཟླ་བ་འོད་ཟེར་དྲན་པའི་འཆར་ཡན་ལས་སད་དུ་བཅུག ངས་སླར་ཡང་ངའི་འགྲམ་དུ་བསྡད་པའི་ཉི་མ་འོད་ཟེར་ལ་ཞིབ་ལྟ་ཞིབ་བྱེད་དགོས་བྱུང་། ཁོའི་ལུས་ངོས་སུ་ཟླ་འོད་ལྟ་བུའི་འོད་ཅིག་ཆགས་འདུག ལུས་དང་རྐང་ལག་ཐམས་ཅད་བུ་མོ་ལས་ཕྲ་བ་འདུག བུ་མོ་སུས་ཁོ་རང་མཐོང་ན་ཡིད་དབང་འཕྲོག་པར་མ་ཟད་སྙིང་རླུང་ཡང་ལངས་སྲིད་སྙམ། ཕྲ་ཞིང་རིང་བའི་འཛུབ་མོ་རྣམས་ཀྱི་རུས་པ་འབུར་དུ་ཐོན་པ་མ་ཟད་ཕྱི་གསལ་ནང་གསལ་དུ་མཐོང་ཐུབ་བ་ལས་ཁོ་རང་བུ་ཞིག་ཡིན་པ་ར་སྤྲོད་བྱས། ཁོའི་འཇམ་མཉེན་གྱི་དྲི་བ་དེའི་ལན་དུ་ངས “སྔོན་མ་དགའ་རོགས་ཡིན། ད་ལྟ་ང་གཉིས་དགའ་རོགས་མིན”ཞེས་ལན་བཏབ།

  ཡལ་ཟིན་པའི་ཉི་མ་དང་འཆར་བཞིན་པའི་ཟླ་བའི་བར་དུ་ང་རང་ཡར་ལངས་དུས། དྲན་སྣང་ཁྲོད་ཀྱི་ཟླ་བ་འོད་ཟེར་དང་ངའི་འགྲམ་དུ་ཙོག་བཞིན་པའི་ཉི་མ་འོད་ཟེར་གཉིས་ཀྱི་བར་དུ་ང་རང་ཉལ་ལས་ལངས་ནས་འདུག་སྟེགས་ཐོག་ཏུ་ཙོག སྐབས་དེར་ངའི་ལུས་ནང་གི་ཆུ་ཐམས་ཅད་ཟླ་བས་བཏུང་བ་བཞིན་ལུས་ཀུན་སྐོམ་སྣང་གི་ཁེངས་བྱུང་། ང་རང་ཁ་ཆུ་གཅིག་རྗེས་གཉིས་མཐུད་ཀྱི་མིད་བཞིན་མཁའ་རླུང་བཞིན་གྱི་ཉི་མ་འོད་ཟེར་འགྲམ་དུ་ཙོག ཁོ་རང་མིག་འཚུམ་བཞིན་ཟླ་བའི་འོད་ཟེར་མྱོང་བ་ལས་ང་ལ་ཁ་ཡ་ཅི་ཡང་བྱེད་ཀྱི་མི་འདུག ངས་ཁོ་ལ“ང་ཁ་སྐོམ་བྱུང་།  བཏུང་བྱ་ཞིག་ཉོ་བ་འགྲོ་རྒྱུ་ཡིན། ཁྱོད་ཀྱིས་ང་རང་སྒུག་རོགས”ཅེས་བཤད། ཁོའི་མིག་ཕྱེ་ནས་ང་ལ་གཏད་བྱུང་། ཆེ་ཞིང་ནག་པའི་མིག་འབྲས་ལས་ཟླ་བ་སྒོར་སྒོར་ནི་ལྡོག་འོད་དང་བཅས་འཆར་བཞིན་པ་མཐོང་། དེ་ནི་མཚན་མོར་པད་མའི་རྨི་ལམ་དང་མཉམ་དུ་མྱོས་པའི་རྫིང་བུ་ཞིག་དང་ཡང་མཚུངས། མིག་དེ་ང་ལ་འཛུམ་བཞིན་པ་དང་འདྲ་ལ་ང་ལ་སྐད་ངག་མེད་པའི་ལན་ཞིག་ཀྱང་བརྒྱབ་པ་དང་ཡང་འདྲ།

     ལྗོན་ཤིང་་གི་ཡལ་ག་དང་མེ་ཏོག་གི་འདབ་མ་འཛིངས་པའི་ཨར་འདམ་གྱི་ལམ་ཐོག་ནས་ང་རང་ཕར་ཕར་བསྐྱོད། དེ་རིང་གི་མཚན་ལྗོངས།  ཐག་རིང་ནི་མག་མོག  ཉེ་ས་ནི་གསལ་ལྷང་ལྷང་། དུས་བཞི་གང་ཡང་མེད་པའི་ཁ་དོག་ལ་བསྐལ་བའི་བར་ཡང་ཉམས་པ་མེད་པའི་མཛེས་སྡུག་ཞིག་འདུག གཉིད་ལ་ཤོར་བའི་མིའམ་ཟང་ཟིང་ལ་དགའ་བའི་མིས་མཛེས་སྡུག་འདི་འདྲ་བ་མཐོང་པའི་སྐལ་བ་བྲལ།  མདུན་ཕྱོགས་ཀྱི་ལམ་སྣེ་རུ་གློག་འོད་དམར་པོའི་ཚོང་ཁང་དེས་ང་རང་འབོད་བཞིན་པ་འདྲ། མུན་པའི་ནང་དུ་འོད་ལམ་ལམ་འཕྲོ་བཞིན་པ་མིག་ལམ་དུ་གསལ་འོང་།

    ཚོང་ཁང་དེ་ནི་ང་ཚོ་སློབ་གྲྭའི་དཀྱིལ་དུ་ཡོད་ལ་ཆུ་ཚོད་ཉི་ཤུ་རྩ་བཞིར་སྒོ་ཕྱེ། ཚོང་ཁང་གི་ཕྱི་རོལ་དུ་་ཚ་ལུ་མ་དང་ལེ།  ཀུ་ཤུ།  ཁམ་བུ།  ཞི་ཀཱ ངང་ལག་སོགས་ཤིང་ཏོག་གིས་ཁེངས།  ནང་ནི་གཞན་བཏུང་བྱ།  བཟའ་རྒྱུ་རྐྱང་རྐྱང་ཡིན། སྔོན་མ་ཁ་སྐོམ་ན་ཁུ་ལོ་དང་གཏེར་ཆུ་སོགས་ཅི་དགའ་བཏུང་ཆོག་ནའང་། དུས་ད་ལྟ་ཁུ་ལོ་བཏུང་ན་ཞིམ་ཉམས་ཁྱད་པར་བ་ཅི་ཡང་མི་འདུག་ལ་ལུས་ལ་གནོད་པའི་སྣང་བ་ཡང་སྐྱེས། ཆུ་གྲང་མོ་བཏུང་ན་ལུས་གྲང་ནས་ཆམ་པ་ན་བ་སྐྲག་གི་འདུག མཐར་ངས་ཞི་ཀཱ་ཆུང་ཆུང་ཞིག་གི་ཆ་ཤས་ཅིག་ཉོ་བ་ཡིན། ཆ་ཤས་དེ་ལ་སྒོར་མོ་གསུམ་ལས་མི་དགོས་ལ་སྒོར་གསུམ་གྱི་འགྲང་ཚད་ཅིག་ཟ་ཆོག་པ་འདུག ལམ་བར་དུ་མངར་ལ་ཆུ་མང་བའི་ཞི་ཀཱ་དེ་ཟ་བཞིན་ཟ་བཞིན་ལོག ཞི་ཀཱ་ལ་ཆུ་མང་བས་ཡིན་ནམ་ཡང་ན་རོ་ཞིམ་པས་ཡིན་ངས་ང་རང་སྒུག་བཞིན་པའི་ཉི་མ་འོད་ཟེར་བརྗེད་འདུག ཟོས་ཟོས་ནས་འདུག་གནས་སུ་བསླེབས་དུས་པགས་པ་མ་གཏོགས་ལྷག་མི་འདུག ངས་པགས་པའི་ངོས་ཀྱི་དམར་ཉམས་ཅུང་ཙམ་ཡོད་པ་རྣམས་ཀྱང་ཟོས་ནས་མིད་རྗེས། གཞི་ནས་ཉི་མ་འོད་ཟེར་གྱི་མིག་རྣོ་པོ་དེ་ང་ལ་གཏོད་ཀྱིན་པ་ཚོར། ཕར་བལྟས་པ་ན། ཁོས་འགྲིན་པ་འགུལ་འགུལ་བྱེད་ཀྱིན་ཁ་ཆུ་མིད་བཞིན་འདུག ངས་ད་ལྟ་ཞི་ཀཱ་ཉོ་དུས་ཉི་མ་འོད་ཟེར་དྲན་མ་ཐུབ། མཉམ་དུ་བསྡད་དུས་ཁོ་རང་དྲན་ཐུབ་པ་མ་གཏོགས། མཉམ་དུ་མེད་ན་འཇམ་ཐིང་ཐིང་གི་མི་ནི་རྗེས་དྲན་གྱི་ནང་དུ་ཐོན་དཀའ་བ་སྣང་། ཁོས་མཆི་མ་ཞིག་སྐད་སྒྲ་དང་བཅས་སྟེ་མིད་རྗེས“ང་ཡང་ཁ་སྐོམ་བྱུང”ཟེར། ཧ་ལམ་ཁོ་ཁ་སྐོམ་པ་དེ་ང་དང་འབྲེལ་བ་ཆེན་པོ་ཡོད་པ་བཞིན། ངའི་ལག་ནང་གི་བརླན་ཤིག་ཤིག་གི་ཞི་ཀཱ་སྐོགས་ཤུན་དེ་ཁོ་ལ་སྟེར་བ་ན་ཁོས་ལེན་མ་སོང་།

ང་མར་ཙོག་རྗེས། ཁོས་ངའི་སྐད་ཆ་ལ་ལད་མོ་བྱེད་པ་བཞིན “ཁྱོད་ཀྱི་ང་སྒུགས་དང་། ངས་ཆུ་ཞིག་བཅས་ཀྱང་ཉོ་དགོས”ཅེས་བཤད་ཀྱིན་ཡར་ལངས་སོང་། ཟླ་འོད་འོག་ཏུ་ཉི་མ་འོད་ཟེར་གྱི་རྒྱབ་གཟུགས་ནི་རླུང་དང་འདྲ་བར་མགྱོགས་ལ་སྒྲ་ཡང་མི་འདུག ཚུར་འོངས་དུས་ཀུ་ཤུ་དམར་པོ་ཞིག་ཟ་བཞིན་ལོག

 ཁོས་ཀུ་ཤུ་དམར་པོ་ཟ་སྟངས་དེ་འཇམ་ལ་སྒྲ་མི་འདུག ཡིན་ཡང་ཀུ་ཤུའི་ནང་གི་སོ་རྗེས་གང་སར་ཁྲག་གི་ཁེངས་ཡོད་པ་མཐོང་། འོ་མ་འདྲ་བའི་ལུས་ནང་དུ་དམར་ནག་གི་ཁྲག་དེ་འདྲ་གསོག་ཡོད་པ་ནི་ཧ་ལས་དགོས་པ་ཞིག་རེད། ཁོས་ངའི་བསམ་ཚུལ་རྟོགས་སོང་བ་བཞིན“སྨན་པས་བཤད་པ་བལྟས་ན་སོ་ལས་ཁྲག་ཐོན་བའི་མི་དེ་ལུས་པོ་བདེ་ཐང་རང་མིན་ཟེར”ཞེས་ཤོད་བཞིན་མཆུ་ཏོའི་ཟུར་དུ་ཕྲུ་གུའི་འཛུམ་འདྲ་བ་ཞིག་ཐོན་རྗེས་སྐད་ཅིག་ཡལ་སོང་། ཁོས་བློ་རྩེ་གཅིག་སྒྲིག་གྱི་ཀུ་ཤུ་ཟོས། ཀུ་ཤུའི་ནང་གི་རང་ཉིད་ཀྱི་ཁྲག་ཀྱང་ཟོས་སོང་། ངས་ཁོ་ལ“ཀུ་ཤུའི་བྲོ་བ་ནི་ཅི་འདྲ་ཞིག་ཡིན་ནམ’ཞེས་དྲིས། ཁོས་ཀུ་ཤུ་དམར་པོ་དང་སོ་ཁྲག་དམར་པོ་ལ་ལྟ་ཙམ་བྱས་རྗེས“ཞི་ཀཱ་དང་ཁྱད་པར་ཆེར་མེད”ཅེས་བཤད་པ་དང་ངའི་འགྲམ་དུ་ཡོད་པའི་ཞི་ཀཱའི་་པགས་པ་ལ་ལྟ་ཙམ་བྱས། ངས་ཧ་མ་གོ་བའི་ཚུལ་གྱི་ཨ་སྒྲ་སྦྱིན་པ་ཡིན། ཁོས་བཤད་རྒྱུ“གཉིས་ཀ་དམར་པོ་ཡིན་པས་སོ”ཟེར།

  ཁོས་ཀུ་ཤུ་ཟོས་ཚར་རྗེས། སོན་དག་ཀྱང་ཁྱིམ་བྱ་དེ་ཕོས་འབྲུ་དོག་འཐུ་བ་བཞིན་འཛུབ་མོས་རེ་རེ་བཞིན་བཏུས་ནས་ཟོས། ཁོའི་ཀུ་ཤུ་ཟ་སྟངས་ལ་བལྟས་ན་ཁོ་རང་བྱིས་པ་བསམ་མེད་ཅིག་དང་འདྲ་མོད་ཀྱང་། ཁོའི་མིག་ནི་འཇིག་རྟེན་འཁོར་བའི་སྡུག་བསྔལ་ཡོད་དོ་མཐོང་བའི་མི་རྒན་ཞིག་ལྟར་སྐྱོ་སྣང་གིས་ཁེངས་འདུག  

དེ་རིང་བོད་ཟླའི་ཚེས་པ་ག་ཚོད་ཡིན་པ་མི་ཤེས་ཀྱང་རྒྱ་ཡུལ་གྱི་ཟླ་བ་ནི་སྒོར་ལ་འོད་སྣང་དྭངས། ངས་ཟླ་བ་ལ་ཅེར་བཞིན་ང་རང་སྐྱུར་མཁན་གྱི་ཟླ་བ་འོད་ཟེར་དྲན་བྱུང་། ཁོ་དང་ཟླ་བའི་བར་དུ་འབྲེལ་གང་ཡང་མེད་མོད་ཟླ་འོད་དང་མཉམ་དུ་ངའི་མིག་ནང་ཁོ་རང་འཆར། དེ་ནི་ཟླ་བ་དང་ཟླ་བ་འོད་ཟེར་གཉིས་ཀྱི་མིང་དང་མིང་འདྲ་བའི་རྐྱེན་ཡིན་ནམ། ཡང་ན་ཟླ་བ་འོད་ཟེར་ནི་ཟླ་བའི་ཆ་ཤས་ཡིན་པའི་རྐྱེན་ཡིན། ངས་རང་ཉིད་ཀྱིས་ཀྱང་རྟོགས་མ་སོང་།  ཟླ་བ་མང་པོའི་སྔོན་གྱི་ཉིན་དགོང་ཞིག་ལ། ང་དང་ཟླ་བ་འོད་ཟེར་ཀྱང་འདུག་སྟེགས་འདི་ན་ཙོག་ཡོད། དེ་དུས་ཁོ་རང་སྤོ་ལོ་བརྒྱབ་ནས་ལོག་མ་ཐག་ཡིན། རྔུལ་ཆུས་ཁེངས་པའི་ཁོའི་གདོང་ལ་ཉི་མའི་འོད་ཟེར་ལྟ་བུའི་སྐྱེས་སྟོབས་ཀྱི་ཁེངས་འདུག གདོང་ལ་སུབ་ཐབས་བྲལ་བའི་འཛུམ་མདངས་དང་བཅས་དགོང་ཐོག་གི་འཕེལ་གྲིབ་བྲལ་བའི་ཉི་མ་ལ་མིག་གི་གཡོ་བ་མེད་པར་གཏད། ངས་ཁོ་ལ་ལྷོ་ཁོ་རེ་ཡའི་གློག་བརྙན་ནང་གི་སྐར་ཆེན་དག་གི་ཁ་ནས་ཐོན་པའི་མི་སེམས་མངར་བའི་བརྩེ་དུང་གི་སྐད་ཆ་དག་འཆད་བསམ་ཡང་ཁོའི་རྣམ་འགྱུར་དེ་དག་མཐོང་བས་སྐད་ཆ་ཁ་ནས་ཐོན་མ་ཐུབ། ཉི་མ་ནི་ཅི་ཙམ་ཚར་ཡང་ཟླ་བ་འོད་ཟེར་ལ་གདུང་བ་ཡོད་མི་སྲིད། སྐབས་སྐབས་སུ་ཁོས་དགའ་རོགས་འགྲིག་ཡུལ་ནི་ཉི་མ་ཡིན་ནམ་ང་རང་ཡིན་ཞེས་ངས་རང་ཉིད་ལ་འདྲི་དགོས་བྱུང་། ཉིན་དེར་རྔུལ་ཆུའི་རྡོག་པོ་གཅིག་ཁོའི་མ་ནེ་ནས་འཛག་ལ་ཁད་འཛག་ལ་ཁད་བྱེད་པ་དེ་ལ་ངས་ཞིབ་ལྟ་བྱས། མ་འཛག་གོང་དུ་ཁོས་སྣང་མདོག་སྤུ་ཙམ་ཡང་མེད་པར་སྤོ་ལོའི་རྗེས་ཀྱི་ཁེངས་པའི་ལག་པས་ཕྱིས་རྗེས། སྐྱེས་སྟོབས་འབར་བའི་ཉམས་ཀྱིས་ཉི་མ་ལ་ཅེར་བཞིན“ལྟོས་དང་། དེ་རིང་གི་ཉི་མ་མཛེས་པ་ལ་ཨང”ཟེར། ཁོའི་སྐད་ནི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་དག་གིས་སྙན་ངག་གྱེར་བ་དང་ཀུན་ནས་མཚུངས། ཡང་ཁོས“དྲན་རྟེན་ཞིག་འཇོག་དགོས”ཟེར་ནས་ངའི་ལག་ནང་གི་ཀུ་ཤུ་ཁ་པར་དེ་ཕྲོགས་སོང་། ཀུ་ཤུ་ཁ་པར་དེ་ཉི་མ་ལ་གཏད་ནས“ཁྲ”སྒྲ་དང་བཅས་པར་ཞིག་བརྒྱབ་རྗེས“དེ་རིང་གི་ཉི་མ་འདི་ཅི་སྲིད་བར་དུ་ཁྱོད་ཀྱི་ཁ་པར་ནང་གནས་ཐུབ”ཅེས་སྤོབས་པ་ཆེན་པོས་བཤད།

 དེ་རིང་ངས་ཟླ་བའི་འོག་ཏུ་ཀུ་ཤུ་ཁ་པར་གྱི་ཁ་ཕྱེ་ནས་ཟླ་བ་འོད་ཟེར་གྱིས་བརྒྱབ་པའི་པར་དེ་ལ་ཐེངས་གཅིག་བལྟ་དགོས་བྱུང་། མུན་ཁྲོད་དུ་ཟླ་བ་འོད་ཟེར་གྱིས་བརྒྱབ་པའི་པར་དེ་འཛུབ་མོ་མནན་ནས་ཐེངས་གཅིག་བལྟས་དུས། པར་དེ་ལས་འཕྲོས་བའི་འོད་སྣང་གིས་ང་དང་ངའི་ཉེ་འཁོར་ཀུན་གསལ་བར་བྱེད། མིག་ཟུང་ཡང་རུབ་རུབ་བྱེད་དགོས་པར་གྱུར། ངས་བློ་རིག་ཡོད་ཚད་ཀྱིས་པར་ནང་གི་ཉི་མ་དེ་ལ་བལྟས་ཀྱང་གསལ་དྲགས་པས་མིག་གིས་གསལ་བོར་མཐོང་གི་མི་འདུག གང་ལྟར། པར་དེས་སྐབས་དེའི་ཟླ་བ་འོད་ཟེར་གྱི་རབ་དུ་འབར་བཞིན་པའི་སེམས་ཁམས་དེ་གསལ་པོར་མཚོན་འདུག

  དེ་རིང་ངས་ཀུ་ཤུ་ཁ་པར་དེ་ནམ་མཁའ་ལ་གཏད་ནས་པར་ཞིག་བརྒྱབ་བསམ་བྱུང་། ཟླ་བ་དང་ཟླ་བའི་འོད་ཟེར་ཅི་སྲིད་བར་དུ་ཁ་པར་ན་གནས་ཆེད། ངས་ཁ་པར་གྱི་པར་སྒོ་ཕྱེ་རྗེས། ཡར་ལངས་ནས་ཟླ་བ་ལ་པར་བརྒྱབ་གྲབས་བྱེད། ཡིན་ཡང་། ངའི་འགྲམ་དུ་གཡོ་བ་མེད་པ་ཙོག་པའི་ཉི་མ་འོད་ཟེར་གྱི་ང་རང་མར་འཐེན།  ཁོས་དཀར་ཞིང་འཇམ་བའི་ལག་པ་ཚུར་བསྲིངས་ནས་ཁ་པར་ཁོ་ལ་སྤྲོད་དགོས་པའི་བརྡ་བསྟན། ངས་ཁ་པར་ཁོའི་ལག་ནང་བཞག་པ་དང་ཁོ་རང་ཡང་ཡར་ལངས་ནས་ཁ་པར་ནམ་མཁའ་ལ་གཏད་ནས“ཁྲ། ཁྲ”ཞེས་བྱང་ཆ་ལྡན་པའི་སྒོ་ནས་པར་བརྒྱབ་སོང་། ཁ་པར་གཅིག་གིས་ཉི་མ་ལ་པར་བརྒྱབ་པའི་སྒྲ་དང་ཟླ་བ་ལ་པར་བརྒྱབ་པའི་སྒྲ་གཉིས་པོ་རྣ་བའི་ནང་དུ་འཛུལ་དུས་འདྲ་པོ་མི་འདུག གཅིག་ནི་ཉི་མ་ལྟར་སྟོབས་ཤུགས་ཀྱི་ཁེངས་ཤིང་གཅིག་ཤོས་ཀྱིས་ཟླ་བ་ལྟར་འཇམ་པའི་གླུ་དབྱངས་ལེན།

    ངས་ཕོ་གསར་མི་འདྲ་བ་གཉིས་ཀྱིས་བརྒྱབ་པའི་པར་མི་འདྲ་བ་གཉིས་ལ་ཞིབ་ལྟ་ཞིག་བྱས། པར་དེ་གཉིས་བརྒྱབ་པའི་ས་ཆ་གཅིག་ལ་ནམ་མཁའ་ཡང་གཅིག་པ་རེད། ཡིན་ཡང་། རྒྱག་མཁན་མི་གཅིག་པའི་ཆ་ནས་ཁྱད་པར་ཆེན་པོ་འདུག ཉི་མའི་པར་དེའི་ཟུར་ཀུན་དུ་རྒྱ་ལྕང་གི་ལོ་མ་འོད་དང་འགྲོགས་ནས་སྔོ་ལྗང་དུ་མཐོང་ཐུབ་ལ་རྒྱ་ལྕང་གི་གསེབ་དང་ཉི་མའི་ཕྱོགས་བཞིའི་ནམ་མཁའ་སྔོ་ཞིང་དྭངས། དེ་ནི་ཉི་མས་རྒྱ་ལྕང་གློ་བུར་ཏུ་འཚིག་བཞིན་པ་དང་འདྲ་ལ། ནམ་མཁའ་ནི་རྒྱ་ལྕང་ཚིག་པའི་དུ་བ་དང་འདྲ། ཡིན་ཡང་གསལ་དྲགས་པའི་པར་དེའི་ནང་གི་ཉི་མའི་ཁ་དོག་ནི་ཅི་འདྲ་བ་ཞིག་ཡིན་པ་ཤེས་ཀྱི་མི་འདུག ཟླ་བའི་པར་དེའི་ནང་གི་ནམ་མཁའ་ནི་མུན་པའི་མདོག་རེད། ཞིབ་པར་བལྟས་ན་སྐར་མ་ཡིན་པ་འདྲ། འོད་ཚོམ་བུ་ཚོམ་བུར་གསལ་ལ་མི་གསལ་བའི་ངང་ནས་མུན་པ་རུ་མང་པོ་བཀྲམ་འདུག རྒྱ་ལྕང་ནི་རབ་རིབ་ཀྱི་གྲིབ་མ་དང་ཟླ་བ་ནི་ནམ་མཁའི་དཀྱིལ་ཀྱི་ཡལ་ལ་རན་པའི་རླངས་པ་དེའོ།།

   ངའི་མིག་ཟུང་ཁ་པར་དང་བྲལ་ནས། ངའི་འགྲམ་དུ་ཡུན་རིང་འཇམ་ཐིང་ཐིང་ངང་བསྡད་པའི་ཉི་མ་འོད་ཟེར་ལ་ཅེར་སྐབས། ཁོའི་ངོ་གདོང་ནི་མིག་ཆུས་ཡོངས་སུ་བརླན་འདུག ངུ་སྒྲ་ཕྲན་བུ་ཙམ་ཐོས་རྒྱུ་མི་འདུག མིག་ཆུའི་ཐིགས་པ་སྟོད་གོས་དཀར་པོའི་ཐོག་ལྷུང་བའི་སྒྲ་ནི་སྟོན་ལོ་ལྷུང་བའི་སྒྲ་བཞིན། མིའི་མིག་ལས་ཆུ་ཐིགས་པ་དེ་འདྲ་མང་པོ་དབབ་རྒྱུ་ཡོད་པ་ད་ཐེངས་མཐོང་བ་དང་པོ་ཡིན།

 “སྙིང་ཉེ་བའི་མི་དང་ཁ་བྲལ་བ་ཨེ་རེད”ངས་འདི་འདྲ་དྲིས་པ་ན་ཁོའི་མིག་ཆུ་ཇེ་མང་དུ་ལྷུང་བྱུང་། ངའི་སྐད་ཆ་དེས་ཁོའི་རྨ་ཁ་ལ་ཚྭ་བྱུགས་པ་ཨེ་ཡིན་སྙམ་པའི་སྐྲག་སྣང་སྐྱེས། དེ་ལས་ལྡོག་ཏེ་ཁོས་ལན་དུ “ང་ཟླ་བ་ལ་དགའ་ཤོར་སོང”ཟེར།

ངས “ཟླ་བ་ནི་སློབ་མ་ཞིག་གི་མིང་ཡིན་ནམ”ཞེས་འདྲི་ཚེ་ཁོས་མགོ་བོ་གཡུག་བཞིན“ང་རང་དགའ་ཤོར་བ་ནི་ནམ་མཁའི་ཟླ་བ་ཡིན”ཟེར།

ང་རང་ཟླ་བར་དགའ་ཤོར་བས། ཟླ་བ་འཆར་བ་དང་ངའི་སེམས་པའང་མཚོ་མོ་དང་མཉམ་དུ་འཕེལ་སོང་། ང་ཟླ་བར་དགའ་བའི་རྐྱེན་གྱིས་ཟླ་བའི་གྲོགས་མོ་མཚོ་མོ་འཚོལ་བ་ཡིན། མཚོ་མོ་བཅུ་ཕྲག་མང་པོའི་འགྲམ་དུ་ཉིན་ཞག་མང་པོར་བསྡད་ཀྱང་མཚོ་མོའི་ཁ་དོག་རྟོགས་མ་བྱུང་ཟེར། ཟླ་བ་ཤར་ན་མཚོ་མོ་ནི་ཟླ་བའི་མདོག་དང་ཉི་མ་འཆར་ན་མཚོ་མོ་ནི་ཉི་མའི་མདོག སྤྲིན་དཀར་འཕྱོ་དུས་མཚོ་མོ་ནི་སྤྲིན་དཀར་གྱི་མདོག་རེད་ཟེར། ད་ལྟར་མཚམས་སྤྲིན་གྱིས་རི་བོ་ཕ་རོལ་ཀྱི་ནགས་ཚལ་མེ་ལ་བསྲེགས་རྗེས། དེ་ལས་ལངས་བའི་དུ་བ་ནི་མུན་པ་ཡིན་ཟེར། དེའི་ཕྱིར། དེ་རིང་གི་མཚོ་མོ་དེ་མུན་པའི་མདོག་ཡིན་པ་ལས་ཟླ་བའི་མདོག་མ་ཡིན་ཟེར། ཡང་སྙིང་། མཚོ་མོའི་ཁ་དོག་ཅི་འདྲ་བ་ཡིན་ནམ་ཟེར་གྱིན་ངུས། མཚོ་མོ་ནི་ཟླ་བའི་མེ་ལོང་ལགས་ཀྱང་དེའི་ནང་དུ་སྤྲིན་པ་དང་ཉི་མ་ཡང་ཤར་འདུག་པ་འདི་ཅི་ཡིན་ཟེར།

 ངའི་ལག་པ་ཕར་བསྲིངས་ནས་ཁོའི་ལག་པར་འཇུས། ཁོའི་ལག་པ་ནི་ཆུ་ཤོག་ནང་དུ་འོ་མ་གྲང་མོ་བླུགས་པ་བཞིན་ཤིན་ཏུ་འཇམ་ལ་ཤིན་ཏུ་གྲང་། ཁོའི་ལག་པ་ལས་ཁོའི་ལུས་ཡོངས་གྲང་འདར་ཤིག་ཤིག་རྒྱག་བཞིན་པ་ཚོར་ཡོང་། ངས་ཁོ་ལ་སེམས་གསོའི་ཚུལ་དུ “འགྲོ ང་དང་མཉམ་དུ་ཁ་ཧྥེ་པེ་ཙི་གང་འཐུང་བར་འགྲོ”ཞེས་བཤད། ང་རང་ཡར་ལངས་པ་ན། ཁོ་ནི་ཤིན་ཏུ་སྐོམ་པའི་ཕྲུ་གུ་ཆུང་ཆུང་ཞིག་དང་འདྲ་བར་ངའི་རྗེས་སུ་འོང་། སྐབས་དེར་ཟླ་འོད་ནི་རྒྱ་ལྕང་གི་གྲིབ་མ་ན་ལྷན་འདུག

ང་གཉིས་སློབ་རའི་ལྷོ་ཕྱོགས་ཀྱི་ཁ་ཧྥེ་ཁང་གཏད་དེ་སོང་། སློབ་གྲོགས་ཀུན་གཉིད་ལ་བདེ་བར་གཟིམས་ཟིན་པ་འདྲ། འཇམ་ཐིང་ཐིང་རེད། སྲིན་འབུ་ཁ་ཤས་ཀྱིས་དྲིལ་བུའི་སྒྲ་དང་འདྲ་བའི་སྒྲ་སྒྲོག་ཀྱང་མུན་གྱི་འཇམ་ཐིང་དཀྲོག་ཐབས་བྲལ། དེ་བས་ཀྱང་འཇམ་ཞིང་ཐིང་བ་ནི་ངའི་རྗེས་དེད་ནས་འོང་བཞིན་པའི་ཉི་མ་འོད་ཟེར་ཀྱི་གོམ་སྒྲ་རེད། ཁོ་རང་ནི་ངའི་རྒྱབ་དུ་ལྡང་ཡོང་བའི་སྒྲ་མེད་པའི་རླུང་བུ་ཞིག་དང་འདྲ། ཁོའི་ལག་པས་ངའི་སྟོད་ཐུང་གི་ཟུར་ཞིག་བཟུང་ཡོད་པ་ལས་སྔར་བཞིན་ངའི་རྗེས་སུ་འོང་གིན་ཡོད་པ་ཤེས་སོང་།

ལམ་གྱི་གཡས་གཡོན་དུ་ཤུག་པ་དེ་དག་གི་སྡོང་པོ་དང་ཡལ་ག  ལོ་མ་སོགས་གང་ཅི་ཐད་ནས་མཐོ་སྒང་བོད་ན་ཡོད་པའི་ཤུག་པ་དང་གཅིག་པ་གཅིག་རྐྱང་རེད། མི་འདྲ་ས་ནི་མེ་ལ་སྲེག་དུས་ལྷ་བསང་གི་དྲི་ཞིམ་དེ་བྲོ་མི་སྲིད། ཤུག་པ་དེ་དག་རེ་རེ་བཞིན་རྒྱབ་དུ་དོར་ན་ཁ་ཧྥེ་ཁང་གི་སྒོ་སྟོང་ལྷང་ལྷང་ངང་ང་གཉིས་ཕྱོགས་སུ་ཕྱེ་འདུག

སྒོ་ནས་ཡར་འཛུལ་པ་ན་ཁ་ཧྥེའི་དྲི་མ་མར་ཐོན་བྱུང་། ཁ་ཧྥེ་ཁང་དེའི་ཁྱད་ཆོས་གཙོ་བོ་ནི་ཁང་པའི་དཀྱིལ་དུ་བཙུགས་ཡོད་པའི་འགྱིག་གིས་བཟོ་བའི་རྒྱ་ལྕང་རྫུན་མ་དེ་རེད། རྒྱ་ལྕང་གི་ལོ་མ་དུས་བཞི་ལ་འགྱུར་བ་མེད་མོད། དེའི་འོག་གི་སྒྲོག་ཙེའི་ཐོག་ཏུ་ཙོག་ན་གསོ་རླུང་ཡོད་སྙམ་གྱིས་སེམས་ཀྱང་ཇེ་སྐྱིད་དུ་གྱུར་ཐུབ།

ང་གཉིས་ནང་དུ་འཛུལ་ཚེ་མགྲོན་པོ་གཅིག་ཀྱང་མི་འདུག འགྱིག་གི་རྒྱ་ལྕང་འོག་གི་འདུག་སྟེགས་དང་སྒྲོག་ཙེ་སོགས་སྟོང་ལྷང་ལྷང་ངང་ཁང་པའི་ནང་དུ་ལྷག་སོང་བ་བཞིན། བྱང་ཕྱོགས་སུ་བཏུང་བྱ་མང་པོ་གྲལ་འགྲིག་ཡོད་པའི་ཚོང་ཁང་ནས་བརྙན་འཕྲིན་གྱི་སྐད་གསལ་ལ་མི་གསལ་བའི་ངང་ནས་གྲག་པ་ཐོས། ང་གཉིས་ཀྱང་དེའི་ཕྱོགས་སུ་སོང་། ཁ་ཧྥེ་ཁང་གི་ཞབས་ཞུ་མ་དེ་གློག་ཀླད་ཀྱི་མདུན་དུ་ལག་པ་གཉིས་སྔས་མགོ་བྱས་ནས་གཉིད་དུ་ཤོར་ཡོད་པ་མཐོང་། གློག་ཀླད་ཀྱི་ཅོག་ངོས་སུ་ལྷོ་ཁོ་རེ་ཡའི་མུ་འབྲེལ་གློག་བརྙན་ཞིག་སྟོན་བཞིན་འདུག གཉིད་ལ་ཤོར་བའི་བུ་མོ་དེ་ལ་བརྩེ་དུང་གིས་མྱོས་པའི་འཇིག་རྟེན་ཞིག་འཁྲབ་སྟོན་བྱེད། དེ་ནི་ཁོ་མོའི་རྨི་ལམ་ཡིན་ནའང་ཐང་། གང་ལྟར་ང་གཉིས་ནི་མོའི་རྨི་ལམ་དཀྲོག་མཁན་གྱི་ཇག་པར་གྱུར་སོང་།

ངས་ཞབས་ཞུ་མ་དེ་གཉིད་ལས་བསླངས། མོས་རང་གི་མིག་དང་སྐྲ་ལོ་ལ་བྱི་དོར་བྱས་རྗེས་གཞི་ནས་མིག་རུབ་རུབ་ཀྱི་ང་གཉིས་ལ་ཅེར་ནས “ཅི་དགོས”ཟེར། ངས “ཁ་ཧྥེ་པེ་ཙི་གཉིས་དགོས”ཅེས་བཤད་སྐབས་ངའི་རྒྱབ་ཀྱི་ཉི་མ་འོད་ཟེར་གྱིས་ཁ་གྲག་བྱུང“ཁ་ཧྥེ་མི་དགོས། རྒུན་ཆང་པེ་ཙི་གཉིས་ཀྱི་ཆོག”ཟེར། ཞབས་ཞུ་བས་རྒུན་ཆང་ཤེལ་དམ་གཅིག་དང་པེ་ཙི་སྟོང་པ་གཉིས་ང་གཉིས་ལ་སྤྲད་རྗེས་མར་ཙོག་ནས་བརྙན་འཕྲིན་ལྟ་བཞིན་བསྡད་སོང་། ཡིན་ཡང་ཁོ་མོའི་གདོང་ལ་གཉིད་ལས་སད་མ་ཐག་པའི་མི་སྡུག་པའི་རྣམ་པ་དེ་ཡལ་མི་འདུག ཁོས་མིག་ཕུར་ཚུགས་ཀྱིས་བརྙན་འཕྲིན་གྱི་ཅོག་ངོས་སུ་བལྟས་ཀྱང་ཁོའི་ཀླད་པའི་ནང་གི་རྨི་ལམ་རབ་རིབ་དེ་ད་དུང་རྒྱུན་མ་ཆད་པར་འདྲ།

འགྱིག་གིས་བཟོ་བའི་རྒྱ་ལྕང་རྫུན་མའི་འོག་ཏུ་ཙོག་ནས། པེ་ཙིའི་ནང་རྒུན་ཆང་ཕྱེད་ཙམ་ཕྱེད་ཙམ་རེ་བླུགས།

 ཕྱི་རོལ་ཏུ་བསྡད་དྲགས་པས་ཁང་པའི་ནང་དུ་གསལ་ཆ་དོད་པོ་འདུག ཉི་མ་འོད་ཟེར་གྱི་གདོང་ངོས་སུ་དགའ་བའི་རྣམ་པ་ན་བུན་ལས་སྲབ་བ་ཞིག་འཁྲིགས་ཡོད་པ་མཐོང་། མུན་ནང་གི་མག་མོག་ལས་ཁོའི་གདོང་ལ་མག་མོག་གི་མཛེས་སྡུག་ཡོད་པ་མ་ཟད། གསལ་སར་བསླེབས་ན་ཁོའི་གདོང་ལ་གསལ་བའི་མཛེས་སྡུག་ཀྱང་མཆིས། ཁོའི་འོ་མ་ལྟར་དཀར་བའི་པགས་པས་གློག་འོད་འཐུང་བཞིན་པར་སྣང་ལ་མཚེའུ་དང་འདྲ་བའི་མིག་ལས་ཟླ་བ་སྔར་བཞིན་འཆར་གྱིན་ཡོད་པ་སྣང་། ངས་ཁོའི་མིག་ནང་དུ་ད་དུང་ཡང་ཟླ་བ་འཆར་ཡོད་པའི་གསང་བ་དེ་ཁོ་ལ་བཤད་བསམ་ཡང་རྒྱ་ལྕང་འོག་ཏུ་མཚོ་མོའི་ཁ་དོག་མེད་རབས་བཤད་ནས་ངུ་བའི་ཚུལ་དེ་དྲན་པ་ན་རྨ་ཁ་ལ་ཚྭ་བྱུག་འགྲོ་བསམ་བཞིན་སྐད་ཆ་ཁ་ནས་ཐོན་མ་ཐུབ།

  ཁོས་སྟོད་གོས་དཀར་པོ་དེ་ཕར་ཕུད་ཚེ་འོ་མའི་མདོག་གི་སྐེ་ཕྲ་ལ་རིང་བ་དེ་ཕྱིར་མངོན། “མི་གྲང་ངམ”ངས་དྲིས། ཁོའི་ལན་དུ་རང་གི་ལག་པ་ངའི་ལག་པའི་ཐོག་ཏུ་བཞག་བྱུང་། ད་ལྟ་ཁོའི་ལག་པ་ནི་ཆུ་ཤོག་ནང་དུ་འོ་མ་ཚ་མོ་བླུག་པ་བཞིན་ཚ་ལ་དྲོད་ཆེ། “ཅི་འདྲས་དྲོས་སོང་བ་རེད”ཟེར་བའི་ཚུལ་དུ་ངའི་མིག་ཟུང་ཁོ་ལ་གཏད། ཁོས་ཀྱང་ངའི་མིག་གི་བརྡ་རྟགས་ཤེས་སོང་བ་འདྲ “སེམས་པ་སྐྱོ་དུས་ངའི་ལུས་པོ་གྲང་མོར་གྱུར། སེམས་པ་དགའ་བའི་དུས་ངའི་ལུས་པོ་དྲོ་པོར་གྱུར”ཅེས་ལན་བདེ་མོའི་ངང་བཏབ་བྱུང་།

 ཁོས་རྒུན་ཆང་ཁམ་གང་བཏུངས་རྗེས། པེ་ཙི་དེ་ངའི་པེ་ཙི་ལ་ཐུག་ཙམ་བྱེད་པ་དང “ངའི་སྐྱེས་སྐར་གྱི་རྟེན་འབྲེལ་ལ་ཞབས་དག་ཡིན་དྭ”ཟེར། ངས་སྐད་ཆ་གློ་བུར་བ་དེའི་ལན་གློ་བུར་ལོན་མ་ཐུབ།

“དེ་རིང་ཁྱོད་ཀྱི་སྐྱེས་སྐར་ཡིན་ནམ”

“མ་རེད”

“འོ་ན། ཅིའི་ཕྱིར་སྐྱེས་སྐར་གཏོང་ངམ”

“ང་ལ་སྐྱེས་སྐར་མེད། ཨ་མས་བཤད་པ་བལྟས་ན་ང་རང་ཁ་བ་འབབ་པའི་ཞོགས་པ་ཞིག་ལ་སྐྱེས་པ་རེད་ཟེར། ངའི་ཕ་ཡུལ་མཐོ་སྒང་ན་གནས་ཡོད་པས་དབྱར་ཁ་ཡང་ཁ་བ་འབབ་ཀྱི་ཡོད། ཁ་བ་དང་ཟླ་འོད་གཉིས་གཅིག་པ་རེད། འཇིག་རྟེན་ན་ཆེས་དྭངས་བའི་དངོས་པོ་ནི་དེ་གཉིས་རེད”ཟེར། སླར་ཡང“དུས་རྒྱུན་ང་རང་སེམས་མི་སྐྱིད་དུས། ངས་སྐྱེས་སྐར་གཏོང་གི་ཡོད”ཅེས་བཤད་རྗེས་རྒུན་ཆང་པེ་ཙི་གང་དེ་ཞིམ་ཉམས་ཀྱིས་ཞབས་དག་བརྒྱབ་སོང་།

  ཁོ་རང་ཉིན་རྟག་པར་སེམས་མི་སྐྱིད་པས་ཉིན་རྟག་པར་ཁོའི་སྐྱེས་སྐར་ཡིན་ཟེར།

  ངས“དེ་རིང་ཁྱོད་ཀྱི་སྐྱེས་སྐར་ཡིན་ན་ཁྱོད་ལ་ལག་རྟགས་ཅི་དགོས”ཅེས་དྲིས། ཁོས “ཅི་ཡང་ཆོག”ཟེར། སྐབས་དེ་དུས་མུན་པའི་ནང་གི་ལྟད་མོ་བ་བྲལ་བའི་མེ་ཏོག་དག་ངའི་དྲན་ངོས་སུ་འཆར་བྱུང་། མུན་པའི་ནང་གི་མེ་ཏོག་གི་ཁ་དོག་དེ་སྔར་བཞིན་རང་ཉིད་ཀྱི་ཁ་དོག་ཡིན་ནམ།  ཡིན་ན་མེ་ཏོག་དག་ཉི་མ་འོད་ཟེར་གྱི་ལག་རྟགས་སུ་བྱ་སྙམ།

ངས་ཁོ་ལ “ང་རང་ཕྱི་རོལ་ཏུ་གཅིག་འགྲོ་དགོས། ཁྱོད་ཀྱིས་ང་སྒུགས་དང”ཞེས་བཤད་པ་དང་ཡར་ལངས། ཁོས་ཀྱང་ངའི་བསམ་ཚུལ་རྟོགས་ནས་འཛུམ་མུལ་མུལ་བྱས་བྱུང་། ང་སྒོ་ལ་གཏད་ནས་ཕྱིན། སྒོ་ལེབ་ཡར་འཐེན་པ་ན་རླུང་བུ་གྲང་མོ་ཞིག་གིས་ངའི་སྐྲ་ལོ་སྒུལ་ཞིང་བ་སྤུ་བསླངས། ཡིན་ཡང་གྲང་ངར་གྱིས་ང་རང་མུན་པ་རུ་བསྐྱོད་པ་ལ་བར་ཆད་བཟོ་མི་ཐུབ། མི་ཞིག་ལ་ལག་རྟགས་སྤྲོད་པ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་། ང་དང་ང་འདྲ་བའི་ཤེད་མེད་པའི་མ་ལའང་དཔག་ཐབས་བྲལ་བའི་སྙིང་སྟོབས་བསྩལ་སྲིད།

ཕྱི་རོལ་གྱི་ནམ་མཁའ་སྔར་བཞིན། ཕྱི་རོལ་གྱི་ཟླ་བ་སྔར་བཞིན། ཟླ་འོད་སྔར་བཞིན། སྔོན་དང་མི་འདྲ་ས་ནི་དྲག་རླུང་འུར་འུར་ལྡང་། ཁང་པའི་གཡས་གཡོན་གྱི་མེ་ཏོག་དག་མུན་ནང་ན་ལམ་ལམ་འབར་བཞིན་འདུག ཟླ་བའི་འོག་ཏུ་སྐྱེས་ཀྱང་རང་ཉིད་ཀྱི་ཁ་དོག་འགྱུར་མི་འདུག ཡང་རིགས་དམར་སྨུག རྒྱ་སེར་དམར་པོ། སྐལ་བཟང་མེ་ཏོག་དཀར་པོ། ཤིང་པདྨ་སེར་པོ་སོགས་རང་གི་ཁ་དོག་རང་རང་གིས་བཞད་འདུག ངས་རླུང་གིས་གཡོ་བའི་རྒྱ་སེ་མེ་ཏོག་ཞིག་བཏོགས་པ་ན་མཛུབ་མོར་ཚེར་མ་ཟུག་བྱུང་།

ངས་ཚེར་མས་རྨས་པའི་མཛུབ་མོ་དེ་ལྕེས་ནུ་བཞིན་སྒོ་ནས་ཡར་ཐོན། ཉི་མ་འོད་ཟེར་གྱིས་ཅི་ཞིག་བོར་སོང་བར་ལྟར་ཡར་ལྟ་མར་ལྟ་བྱེད་བཞིན་འདུག་སྟེགས་ཐོག་འདུག་མི་བཟོད་པ་ལྟར་བྱེད་ཀྱིན་པ་མཐོང་། ང་རང་སྒོ་ནས་ཡར་ཐོན་འོང་བ་མཐོང་ཚེ། ཟླ་འོད་འདྲ་བའི་ཁོའི་ལུས་པོ་དེ་འཇམ་ཐིང་ངེར་འགྱུར་བ་མཐོང་། ཁོ་རང་ཞིམ་འཇམ་གྱིས་འཛུམ་བཞིན “ངའི་ལག་རྟགས”ཟེར་ནས་ལག་པ་ཚུར་བསྲིངས། ངས་མཛུམ་མོའི་རྨ་ཁ་དེ་བསྟན་ནས “ཁྱོད་ཀྱི་ལག་རྟགས་འདི་ཡིན”ཞེས་བཤད། ཁོས “ང་ལ་དེ་ལས་ཆེ་བའི་རྨ་ཁ་མང་པོ་ཡོད་པས་དགོས་པ་མི་འདུག”ཟེར། རྒུན་ཆང་པེ་ཙི་གང་དེ་ཞབས་དག་བརྒྱབ་སོང། ཁོའི་མགྲིན་པ་འཇམ་མཉེན་གྱི་ཡར་འགུལ་མར་འགུལ་བྱེད་ཀྱིན་འདུག

ཁོས“ངའི་ཤ་ཁྲག་རུས་གསུམ་ཟླ་འོད་ཡིན”ཟེར“ཁ་ཧྥེ་ཁང་གང་བཏུངས་ན་ནག་པོ་ཡིན་པའི་ཕྱིར་ཉིན་གསུམ་ཡང་གཉིད་ཁུག་མི་ཐུབ”ཟེར། མཛུབ་མོ་གཉིས་ཀྱིས་པེ་ཙི་བཟུང་ཞིང་མཆུས་པེ་ཙིའི་ཁ་ལ་འོ་བཞིན་ཁྲག་དང་འདྲ་བའི་རྒུན་ཆང་བསྟུད་མར་འཐུང་།

ངས་རྒུན་ཆང་ཁམ་གང་མ་བཏུང་གོང་དུ། ཁོས་ཤེལ་དམ་སྟོང་པ་བཟོས་ཟིན་འདུག

ངས་སྟོད་ཐུང་གི་ཁུག་མ་ན་ཡོད་པའི་རྒྱ་སེ་དམར་པོ་དེ་བླངས་ནས་ཁོའི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས།  ཁོས་རྒྱ་སེ་དེ་ཚུར་ལེན་རྗེས་ལོ་མ་རེ་རེ་བཞིན་འཐོག་གིན་ཁ་ནང་བཅུག་ཏེ། ཞིམ་ཉམས་ཀྱིས་ཟོས།   རྒུན་ཆང་མངར་མོ་འཐུང་བ་བཞིན།

ཁོས་རྒྱ་སེའི་འདམ་མ་ཟོས་ཚར་རྗེས་ཟེའུ་འབྲུ་ཡང་ཟ།

 ཟེའུ་འབྲུ་ཟོས་ཚར་རྗེས་ཚེར་མ་དག་ཟ།

ཞོར་དུ་ཀེང་རུས་འདྲ་བའི་རྒྱ་སེའི་སྡོང་པོ་དེ་ལྷག

དེ་ནས་ངའི་རྒུན་ཆང་པེ་ཙི་འཕྲོག་ནས་ནང་གི་རྒུན་ཆང་དབུགས་ཐེངས་གཅིག་གིས་བཏུངས་རྗེས། སྐར་མ་ལྔ་ཙམ་ཞིག་ལ་མིག་བཙུམས་ནས་བསྡད། མིག་ཕྱེ་དུས་ཁོས་ཅི་ཞིག་མཁྱེན་སོང་བ་དང་འདྲ་བར“རྒྱ་མཚོ་དང་རྒྱ་སེ་མེ་ཏོག་གཉིས་མི་འདྲ། རྒྱ་སེ་མེ་ཏོག་ཉི་འོད་འོག་ཏུ་དམར་པོ། ཟླ་འོད་འོག་ཏུ་དམར་པོ། གློག་འོད་འོག་ཏུ་དམར་པོ། ཁྱོད་ཀྱི་པར་ཁུག་ནང་དུ་དམར་པོ། ངའི་གྲོད་པ་ནང་དུ་ཡང་དམར་པོ་ཡིན། དེ་ན་བརྩེ་དུངས་ནི་ཅི་ལྟ་བུ་ཡིན་དགོས་་་་་་”ཁོས་བསམ་བློ་ཡུན་རིང་བཏང་རྗེས “བརྩེ་དུང་ནི་མཐོང་དུ་མེད་པས་དཔེ་ཞིག་འཚོལ་དཀའ”ཟེར།

ཁོའི་མིག་ནི་ན་བུན་གྱི་སྒྲིབ་པའི་ཟླ་བ་ལྟར་སྣང་། མིག་མག་མོག་ནང་ནས་མཐོང་བའི་ང་རང་ཡང་མག་མོག་ཡིན་ནམ། སྐབས་དེར་ཁོས་གློ་བུར་དུ་ཅི་ཞིག་ཐོས་པ་བཞིན“ཁྱོད་ཀྱི་ཉོན་དང”ཟེར་བཞིན་ཁོས་མུན་པ་རུ་རྣ་བ་གཏད་དེ་ཡུན་རིང་ཉན། ངས་ཀྱང་ཉན་ཁུལ་བྱེད་ཀྱང་ཅི་ཡང་ཐོས་རྒྱུ་མི་འདུག ཁོས་ཅི་ཞིག་གོ་སོང་བ་བཞིན“ཟླ་འོད་ལས་གཙང་བའི་མེ་ཏོག་ཞིག་གིས་ཐག་རིང་ནས་ང་རང་འབོད་ཀྱི་ཡོད”ཟེར།

“འཇིག་རྟེན་ན་ཟླ་འོད་བཞིན་དྭངས་ཞིང་གཙང་བའི་མེ་ཏོག་ཞིག་ཡོད་མི་སྲིད”ངས་ཁོ་ལ་འདི་ལྟར་བཤད།

“ཡོད།  ངའི་གྲོད་པ་ན་ཁོལ་བཞིན་པའི་རྒྱ་སེ་དེ་ཟླ་འོད་བཞིན་དྭངས་ཤིང་གཙང”ཁོས་སྐད་ཆ་འདི་བཤད་སྐབས་ངས་ཆུ་ཁོལ་ནང་ཁོལ་བཞིན་པའི་མདོག་ཡལ་བའི་རྒྱ་སེ་མེ་ཏོག་དྲན་བྱུང“ཡིན་ཡང་། རྙིད་ཟིན”

 སྐྱེས་ཁམས་ཞིབ་འཇུག་པ་ཞིག་གིས་མེ་ཏོག་ལ་ཁ་དོག་མེད་པར་གསལ་བཤད་བྱེད་པའི་དཔྱད་རྩོམ་ཞིག་དུས་དེབ་ཧྲིལ་པོ་ཞིག་གི་ནང་དུ་མཐོང་མྱོང་།

ང་གཉིས་ཕྱི་རོལ་དུ་ཐོན་སྐབས། ཟླ་བ་ནི་ནུབ་རྒྱུ་མེད་པ་དང་འདྲ་བར་དགོང་ཐོག་ཏུ་སྔར་བཞིན་འདུག རླུང་བུ་འཇམ་ཟིན་ལ་སྲིན་འབུ་རྣམས་གཉིད་ལ་ཤོར་བ་དང་འདྲ་བར་སྐད་སྒྲོག་གིན་མི་འདུག གློག་འོད་ཀྱིས་གསལ་བ་ནི་མི་སུའི་མདུན་ལམ་མ་ཡིན་པར་ལམ་བུ་སྟོང་པ་དེ།

 ངའི་མདུན་གྱི་ལམ་ཐོག་ཏུ་རླུང་གི་བཏོགས་པའི་ཐང་ཤིང་གི་འབྲས་རལ་ཆེན་པོ་ཞིག་འདུག  ངས་དེ་རྡོག་པས་འདེད་བཞིན་བསྐྱོད། ངའི་མདུན་ཕྱོགས་སུ་པར་ཁུག་ཏུ་ལག་པ་བཅུག་ནས་དལ་བུར་འགྲོ་བཞིན་པའི་ཉི་མ་འོད་ཟེར་གྱིས “རྒྱ་མཚོ་ལ་ཉན་པ”ཞེས་པའི་གླུ་དེ་དལ་བས་ལེན་བྱུང་།

ང་ལ་འཕྲིན་པ་བསྐུར་ནས་ཤོད་དང་།

དེ་རིང  རྒྱ་མཚོའི་ཁ་དོག་ཅི་འདྲ་རེད།

མཚན་གང་རྒྱ་མཚོ་འགྲོགས་ནས་བསྡད་པར།  སེམས་ཁམས་ཅི་འདྲ་རེད།

སྐྱ་བོས།  སྔོན་པོ་ནི་སྐྱོ་སྣང་གི་མཚོན་རྟགས་ཡིན་པར་བཤད་ལགས་སམ།

་་་་་་་་་་་་་་་་་་་་་

  ཁོའི་གླུ་ཚིག་རེ་རེ་ལ་ངུ་བའི་འདར་སྒྲས་ཁེངས་ཞིང་། ངུ་སྒྲ་རེ་རེར་ཁྲག་རྒྱུན་འགྲོགས་ནས་ངའི་སྙིང་གར་བརྡུངས་། ངའི་སེམས་པ་ནི་མུན་གྱི་རྒུན་ཆང་དམར་པོའི་ནང་གི་ཆབ་རོམ་བཞིན་ཞུས་སོང་། གླུ་དབྱངས་ལེན་མཁན་གྱི་བུ་དེ་ཟླ་འོད་དང་ཡོངས་སུ་འདྲེས་འདུག་ལ་རྒྱབ་གཟུགས་ནི་སྐྱོ་སྣང་གི་མཚོན་བྱ་ལས་ཅི་དང་གང་ཡང་མི་འོས།

  དུས་གང་ཙམ་ཞིག་ཉུལ་བ་མི་ཤེས་པ་གླུ་སྒྲ་ཡང་ཆད་པར་གྱུར་ལ་ངའི་འདེད་བཞིན་པའི་ཐང་ཤིང་གི་འབྲས་རལ་ཆེན་པོ་དེ་ཡང་བོར་ཚར་འདུག མདུན་ཕྱོགས་སུ་སུ་དང་གང་གི་གྲིབ་མ་ཡང་མི་འདུག ཟླ་འོད་སྔར་བཞིན་དྭངས་ཞིང་གསལ། ཟླ་འོད་དང་འདྲ་བའི་ཉི་མ་འོད་ཟེར་མཐོང་རྒྱུ་མི་འདུག

ཁོས་ང་ལ་རྩེད་མོ་རྩེ་བའི་ཚུལ་གྱིས་སྡོང་པོ་ཞིག་གི་རྒྱབ་དུ་གབ་ཡོད་པ་སྙམ་གྱིན།  ང་རང་ཤུག་སྡོང་དང་སྒྲོན་ཤིང་གི་སྡོང་པོ་རེ་རེ་ལ་བསྐོར་བ་ཡང་ཡང་བརྒྱབ་ནས་ཉི་མ་འོད་ཟེར་འཚོལ།  སྡོང་པོ་ཀུན་གྱི་རྒྱབ་དུ་ཤིང་སྡོང་གི་གྲིབ་མ་ལས་ཁོ་རང་མཐོང་རྒྱུ་མི་འདུག

 ངའི་མདུན་ནི་སྲང་ལམ་གྱི་བཞི་མདོ་རེད་འདུག ངས་ཁོ་རང་གི་རྗེས་ཨེ་རྙེད་སྙམ་ནས་ཕྱོགས་བཞིའི་ལམ་རེ་རེར་ཤེད་ཤུགས་ཡོད་ཚད་ཀྱིས་རྒྱུགས། “ཉི་མ་འོད་ཟེར། ཉི་་འོད་ཟེར”ཞེས་ཡང་ཡང་འབོད་ཀྱང་ལན་རྒྱག་མཁན་ནི་བྲག་རི་དང་འདྲ་བའི་ཐོག་བརྩིགས་ཁང་ཆེན་ལས་མཆེད་པའི“ཉི་མ་འོད་ཟེར།  ཉི་མ་འོད་ཟེར”ཞེས་འབོད་ཡོང་བའི་བྲག་ཅ་དེའོ།

  རྔུལ་ཆུས་ཁེངས་པའི་ང་རང་སྲང་ལམ་གྱི་དཀྱིལ་དུ་ཡུན་རིང་འགྲེང་ནས་བསྡད། ཆུ་གྲང་མོ་དང་འདྲ་བའི་སྐྱོ་སྣང་གིས་ངའི་བྲང་ཁོག་ཡོངས་སུ་ཁེངས་སོང་། དྲག་ཏུ་ལྡིང་བཞིན་པའི་སྙིང་དམར་ཆུང་དེའི་གཏིང་དུ་མར་ཟགས། རྣམ་ཤེས་བོར་བའི་ལུས་པོ་སྐྱོ་སྣང་གི་མལ་སར་གྱུར།

ཉི་མ་འོད་ཟེར། ཉི་མ་འོད་ཟེརང་རང་གཉིད་ལས་སད་དུས་ངས་རང་གིས་འདི་ལྟར་འབོད་བཞིན་པ་ཐོས། མིག་ཆུས་ཁེངས་པའི་མིག་གིས་མདུན་ཕྱོགས་སུ་བལྟས་པ་ན། དཔེ་དེབ་བཟུང་བའི་རྒྱ་མོ་ཞིག་ངའི་མདུན་དུ་འགྲེང་ནས་འདུག མོསསློབ་གྲོགས། ཁྱོད་ལ་ཅི་བྱུངཞེས་འབོད་བཞིན་པ་ཐོས། ངས་ཅི་ཡང་བྱུང་མེད་པའི་བརྡ་རུ་ཁོ་ལ་ལག་པ་དང་མགོ་གཡུག་གཡུག་བྱེད།  མོ་ཡང་བསྐྱར་ལྕང་སྡོང་གི་འོག་ཏུ་ཕར་འགྲོ་ཚུར་འོང་བྱེད་བཞིན་དབྱིན་ཡིག་གི་ཐ་སྙད་འདོན་བྱུང་། སྒྲ་དེ་དེ་འདྲའི་གསལ་ན་ཡང་ཉི་མ་འོད་ཟེར་གྱི་གླུ་དབྱངས་དང་རྡབ་བརྒྱ་ཙམ་གྱིས་ཁྱད་པར་འདུག ཅི་འདྲའི་བྲོ་བ་མེད་པའི་སྒྲ་ཞིག

ད་ལྟ་ངའི་མཐོང་ལམ་དུ་ཡོད་པ་འདི་དག་ནི་མངོན་སུམ་ཡིན་ནམ། ཡིན་ན་རྨི་ལམ་ལས་རབ་རིབ་ཡིན་པའི་རྒྱུ་མཚན་ཅི་ཡིན།

ང་རང་སྔོན་གྱི་རྒྱ་ལྕང་འོག་གི་འདུག་སྟེགས་ཐོག་ཏུ་ཅི་ལྟར་ཉལ་བ་བཞིན་ད་ལྟ་ཡང་དེ་འདྲ་ཉལ་ནས་འདུག ང་མར་ཉལ་དུས་ནུབ་ཁའི་མཚམས་སྤྲིན་ནི་ཅི་འདྲའི་དམར་ཞིང་ཅི་འདྲའི་མཛེས། ད་ལྟ་ནམ་མཁའ་ལ་སྐར་མ་མི་འདུག་ལ་ཟླ་བ་ནི་དེ་བས་ཀྱང་མི་འདུག ངའི་སྐྱོ་སྣང་བཞིན་གྱི་དུ་སྨུག་མག་མོག་དེས་ད་ལྟའི་ནམ་མཁའ་ཡོངས་སུ་བསྒྲིབས་འདུག རྒྱ་ལྕང་གི་འདབ་མ་ངའི་མགོ་བོ་བཞིན་མར་དཔྱངས།

ཉི་མ་འོད་ཟེར་དང་མཉམ་དུ་བསྡད་པའི་རྨི་ལམ་དེས་ངའི་ལུས་ཀྱི་ཡོད་ཚད་བརྐུས་ཚར་འདུག ད་ལྟ་ངའི་ལུས་ནི་ཡལ་ལ་ཁད་པའི་ན་བུན་བཞིན་སྐབས་སྐབས་སུ་རྩྭ་དང་རྩེ་ཞིང་གི་གཟུགས་སུ་གྲུབ་ལ་མཚམས་མཚམས་སུ་རི་དྭགས་ཀྱི་གཟུགས་སུ་གྲུབ། ད་དུང་རི་བོ་དང་ནམ་མཁའ་བཅས་པར་གྱུར། ངའི་ལུས་པོ་འདི་ནི་ན་བུན་བཞིན་སྣང་བའི་ཞིང་ཁམས་ཀུན་དུ་འཁྲིགས།

  པར་ཁུག་ནས་ཁ་པར་ཡར་བླངས་སྟེ། པར་གྱི་ཅོག་ངོས་གནོན་སྐབས་ངའི་འཛུབ་མོར་ན་ཟུག་བྱུང་། མཛུབ་མོའི་ཐོག་རྒྱ་སེ་མེ་ཏོག་གི་ཚེར་མའི་རྗེས་གསལ་བོར་ཕབ་འདུག ཁ་པར་ནང་ཤིན་ཏུ་གསལ་བའི་ཉི་མའི་པར་དེ་ཡོད་པར་མ་ཟད་ན་བུན་ལྟར་མག་མོག་ཡིན་པའི་ཟླ་བའི་པར་དེ་ཡང་རང་སར་འདུག སྐབས་དེར་ངའི་མིག་ཆུས་ཟླ་བའི་པར་དེ་རབ་རིབ་ནས་རབ་རིབ་དུ་བསྒྱུར།

 རབ་རིབ་ནས་གསལ་བར་འགྱུར་དུས། ངས་ཁ་པར་ཁ་བརྒྱབ་པ་ཡིན། ཁ་པར་ནང་གི་འཇིག་རྟེན་དང་ངའི་ཉེ་འགྲམ་ཀུན་མུན་པར་གྱུར། ང་རང་རྒྱ་ལྕང་འོག་གི་འདུག་སྟེགས་ནས་ཁ་ཕྱིར་བསྐོར་ནས་བལྟས་ཚེ། རྒྱ་ལྕང་གི་སྡོང་པོའི་ངོས་སུ་འཁྱུད་པའི “ཁ་གཉིས་ཁ་བྲལ་ལོ”ཞེས་བྲིས་པའི་འཕྲིན་པ་དེ་ངའི་མིག་ནང་དཀར་རེར་གསལ། ངའི་དགའ་རོགས་ཟླ་བ་འོད་ཟེར་གྱི་འཕྲིན་པ་དེ་གྲོག་མའི་དུར་ཁྲོད་བཞིན་གཡོ་བ་མེད་པར་ད་དུང་ཡང་ལྕང་སྡོང་ངོས་སུ་འཐམ་འདུག་པར་མཐོང་བྱུང་།

 ངའི་ཁ་ནང་དུ་ཐང་ཆུའི་འཆའ་བའི་སྨན་རྩྭའི་དྲི་མ་ཁ་བཞིན་འདུག་ལ་རྒུན་ཆང་དམར་པོའི་མངར་ཁ་ཡང་ཡལ་བར་མེད་པར་་་་་་་་་་

                                                                          རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། ཟབ་མོ་དག་སྣང་གི་འཇིག་རྟེན།

2016-05-02 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།