གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟམ་འོག་ཟ་ཁང་གི་མཐོང་ཐོས།

2016-11-25 10:54:29 གཅོད་པ་འཚོ། ཀློག་གྲངས། མཆན ཡོད།

                            
IMG_0361.JPG           
གཅོད་པ་འཚོ། མདོ་སྨད་ལྷོ་རྒྱུད་ཀྱི་བསང་ཆུའི་ཁོང་གཏོགས་ཨ་མཆོག་ས་ཆར་སྐྱེས་ཤིང་། སློབ་གྲྭ་ཆེ་མ་ཆུང་གསུམ་གྱི་ཐེམ་སྐས་སུ་འཛེགས་རྒྱུའི་སྐལ་བ་ལྡན་ཏེ། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རམས་པའི་སློབ་གཉེར་ལ་འབད་མུས་སུ་མཆིས།


ལོ་དེར་ང་ད་དུང་སློབ་མཐར་ཕྱིན་མེད། སྟོན་མཇུག་གི་དུས་ཚིགས་ཀྱིས་པེ་ཅིན་གྱི་གནས་གང་དུ་ཡང་དགའ་སྐྱོ་ཟུང་གི་ཚོར་བ་སྦྱིན་པའི་ཡུལ་ལྗོངས་ཀྱི་རྣམ་པ་ཞིག་མངོན་འདུག གྲལ་འགྲིག་ཅིང་ཁ་མདོག་སྣ་ལྔ་འཛིན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ། གྲོག་ཚང་སློག་འདྲའི་ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ། དམར་སེར་དུ་གྱུར་བའི་སྟོན་མཇུག་གི་སྡོང་ལོ། གང་དགར་རྩེན་པའི་ལོ་མས་ལམ་ཆུང་གཡོགས་པའི་རྣམ་པ། རྒྱང་ལ་བལྟ་དུས་མཐོང་ལམ་དུད་སྨུག་གིས་བསྒྲིབས་ཤིང་། གྱེན་དུ་བལྟ་དུས་མགོ་བོ་ཁང་བརྩེགས་ལ་ཐོགས་འགྲོ་བ་ལྟ་བུའི་གྲོང་ཁྱེར་གྱི་འདུ་འཛི། ཁྲ་ཁྲ་རིག་རིག་གི་སྲང་ལམ་གྱི་ཚོང་འདུས་མགྲོན་པོ། ཟང་ཟིང་ལང་ལོང་དུ་གྱུར་བའི་གཟའ་མཇུག་གི་དུས་སུ། ངེད་ཀྱིས་ནི་ཚོད་ཚོད་ལ་སྣ་འདུས་འཕྲུལ་ཆས་ཀྱི་བར་གསེང་ཞིག་ནས་རྒན་སྨན་བླའི་བཞད་གར་《གསེར་མདོག་གི་ཕ་ས》ཞེས་པ་དེ་ཡིད་ལ་ཡང་ཡང་འཁོར་ཡོང་།

ཉི་མ་དེར་གཟའ་མཇུག་གི་དུས་སུ་རན་འདུག ངས་ལོ་ན་ལྔ་ལ་སོན་པའི་བུ་ཆུང་ནོར་བུ་བསམ་འགྲུབ་ཁྲིད་ནས་བྱང་ལྷོ་མའི་གནམ་གྲུ་འབབ་ཚུགས་སུ་བུ་ཆུང་གི་ཨ་ཕ་བསུ་རུ་ཕྱིན་པ་ཡིན། ངའི་ཁྱིམ་ནས་གནམ་གྲུ་འབབ་ཐང་བར་ཆུ་ཚོད་གཅིག་གི་ལམ་ཐག་མ་གཏོགས་མེད་མོད། འོན་ཀྱང་། ཉི་མ་དེར་གཟའ་མཇུག་ལ་འཁེལ་འདུག་པས་ཡིན་ནམ་ཅི། ཕལ་ཆེར་ལམ་ཐག་དུས་ཚོད་གསུམ་ཙམ་ཞིག་འགོར་སོང་། སྲོད་དུས་སུ་བསྐུར་གནང་ཡོང་བའི་བརྡ་འཕྲིན་ཞིག་དོན་དུ་ངས་རང་ཉིད་ཀྱིས་ཁ་ཕྱོགས་མི་ནོར་བའི་ལམ་ཐིག་དེ་སྙེགས་དགོས་སོང་།  རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ནས་རྒྱུས་ཡོད་ཀྱི་བརྡ་འཕྲིན་ཞིག་ཅིས་ཀྱང་ང་ཁོ་ནས་ཀློག་དགོས་སོང་། "ཤར་ལམ་བརྒྱད་པ"ཞེས་པའི་ཁྲོམ་སྲང་དེ་མཐོང་ཐེངས་རེ་རེར་སོས་དལ་བག་ཡོད་ངང་གནས་པའི་པེ་ཅིན་གྱི་བོད་པ་ཚོའི་ངོ་གདོང་ཡིད་ལ་དྲན་འོང་། བོད་པ་དེ་དག་ཡང་འབྲོག་ཐང་གི་བོད་པ་ཚོ་དང་གཏན་ནས་འདྲ་པོ་མི་སྣང་།  འཕྲིན་ཡིག་གི་མཇུག་ཏུ་ཟམ་འོག་ཟ་ཁང་གི་སྒོ་ཁ་ནས་མཇལ་ཞེས་བྲིས་འདུག གང་ལྟར། ངས་ཚོད་ཚོད་ལ་སྡོད་མི་ཚུགས་པའི་སེམས་འགྱུ་ཞིག་ལ་རྐྱེན་བཅས་ཏེ་སྲང་གི་འདུ་འཛུ་ལ་གནས་བཅའ་དགོས་སོང་། དེ་ནི་རང་ཉིད་ཀྱིས་ཀྱང་འགོག་ཏུ་མེད་པའི་ལང་ཤོར་གྱི་སེམས་འདུན་ཞིག་ལས་མ་འདས། པེ་ཅིན་མཁར་གྱི་གྲོང་གི་སྲང་ལམ་དེ་དག་ལ་འགྱུར་ལྡོག་ཤིན་ཏུ་ཆེ་ན་ཡང་། ཤར་ལམ་བརྒྱད་པ་དང་ཟམ་འོག་ཟ་ཁང་གི་ས་ཚུགས་གཉིས་ནི་པེ་ཅིན་གྱི་བོད་པ་ཚོར་ཆེས་ཆ་རྒྱུས་ཡོད་པའི་ས་ཆ་འབའ་ཞིག་གོ། གནའ་བོའི་ཏ་ཏུའུ་རུ་འབོད་པའི་པེ་ཅིན་མཁར་ནས་ཤར་ལམ་རེ་རེ་བཞིན་ཁོ་པ་ཚོའི་བློ་ཁོག་ཏུ་ལྷང་ལྷང་བཀྲ ཤར་ལམ་བརྒྱད་པ་ནི་ངེད་ཀྱི་སློབ་གྲྭའི་སྒོ་ཆེན་བརྒྱུད་ནས་འགྲོ་དགོས། ཤར་ལམ་དེ་ནི་ནོར་བུ་བསམ་འགྲུབ་ལ་མཚོན་ན་ཡང་མིག་བྱང་དུ་སོང་བའི་སྲང་ལམ་ཆུང་ཆུང་ཞིག་ཏུ་ཆགས་ཡོད། རྒྱུ་མཚན་གནས་འདི་དང་ཐག་མི་རིང་བའི་ས་ན་པེ་ཅིན་མཁར་གྱི་བྱིས་གཉོར་ཁང་གི་སློབ་གྲོགས་ཚོའི་རེས་སྐྱིད་རེས་སྡུག་གི་རྩེད་ར་ཡོད་པས་ཡིན། སྲང་ལམ་དེ་ནས་ནོར་བུ་བསམ་འགྲུབ་ཀྱིས་ཀྱང་རྒྱ་སྐད་ཀྱི་བྱིས་གླུ་མང་པོ་ཞིག་བློ་ལ་འཇགས་ཅི་ཐུབ་བྱས་མྱོང་། ཉི་མ་དེར། བརྡ་འཕྲིན་ཞིག་ལ་རྐྱེན་བྱས་ཏེ་ང་ནི་གང་ནས་ཡོང་བ་མི་ཤེས་པའི་བྲེལ་ཤ་ཞིག་དང་། སྡོད་མི་ཚུགས་པའི་སེམས་འགྱུ་ཞིག་གིས་དེད་དེ་པེ་ཅིན་མཁར་གྱི་ཤར་ལམ་བརྒྱད་པའི་ཕྱོགས་ནས་རིམ་གྱིས་བྱང་ལྷོ་མའི་གནམ་གྲུ་འབབ་ཚུགས་ཀྱི་ཕྱོགས་སུ་ཆས་པ་ཡིན

བུ་ཆུང་ནོར་བུ་བསམ་འགྲུབ་སྐྱེས་ནས་ཟླ་གཉིས་མ་གཏོགས་སོན་མེད། ལོ་དེའི་དབྱར་ཁར་ངའི་ཁྱོ་གས་ཨ་རིའི་མེར་སོན་སློབ་ཆེན་དུ་རྒྱུགས་འཕྲོད་དེ་ཕྱི་རྒྱལ་དུ་སློབ་གཉེར་དུ་འགྲོ་རྒྱུ་ཐག་གིས་བཅད། ཁྱོ་ག་ཕྱི་རྒྱལ་ལ་སློབ་གཉེར་དུ་འགྲོ་ཆེད་རྒྱུགས་སྤྲད་པ་ཡིན་མིན་དེ་རང་ཉིད་ཆུང་མ་ཞིག་གི་ངོས་ནས་ཅི་ཡང་མ་ཚོར། དོན་དག་ལ་ཤས་ཤིག་རང་ཉིད་ཀྱིས་རང་ཉིད་ཁོ་ནར་བཤད་པས་ཆོག དེ་ནི་ལོ་རབས་དགུ་བཅུ་བའི་རྗེས་ཀྱི་གཞོན་ནུ་ཚོའི་གསང་བའི་ཟློས་གར་ཞིག་ལས་མ་འདས། བསླུ་བྲིད་རུམ་གང་གི་དོན་དུ་སྙིང་གཏམ་ཚེ་གང་ལ་ལབ་དགོས་པ་དེ་ཡང་སྙིང་ཅི།

ལོ་དེར་ང་སློབ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་སློབ་མ་ཞིག་ཡིན། ད་དུང་ནར་མ་སོན་པའི་བྱིས་པ་ལོ་ཆུང་ཞིག་གི་ཨ་མ་ཡིན། ཚེགས་དགོས་པ་ནི་ཆུང་མ་ཞིག་གི་ལས་དོན་དུ་འཁྲུལ་མཁན་ནི་རང་ཉིད་ཁོ་ན་མིན། དོན་དག་ཆེ་མ་ཆུང་གསུམ་གྱི་འཚངས་ཀའི་བར་ནས་ངས་བྱིས་པ་ཆུང་ཆུང་ཞིག་གི་འཚར་ལོངས་ཀྱི་གོ་རིམ་ཁོ་ན་ལས་ཅི་ཡང་བསམ་བློ་བཏང་མ་མྱོང་།

ཕྱི་དྲོ་ཞིག་ལ། དེ་ཡང་མ་ཡིན་ཏེ། དེ་ནི་ཕལ་ཆེར་དགོང་མོ་ཞིག་ཡིན་པ་འདྲ། ངས་བསམ་བློ་གཏོང་ནོར་དུ་སོང་མེད་ན། ལོ་ངོ་དུ་མའི་སྔོན་གྱི་དགོང་མོ་ཞིག་རེད་འདུག ཁྱོ་ག་ནང་དུ་ལོག་བྱུང་། བྲེལ་བྲེལ་འཚབ་འཚབ་ཀྱིས་སང་ཉིན་ལམ་ལ་ཆས་དགོས་གསུང་བྱུང་། བུ་ཆུང་གིས་མལ་ཁྲིའི་སྒང་ནས་ངུ་འབོད་བྱེད་དེ་ངེད་ཀྱི་བྱ་བར་བར་ཆད་ཏོག་ཙམ་བཟོས་པ་མ་གཏོགས།གམ་གྱི་བྱ་དངོས་དག་ལ་ཁྱད་མཚར་ཅི་ཡང་མ་མཆིས། ཐ་ན་ཁྱོ་གས་ཀྱང་ཅི་ཡང་ཚོར་གྱིན་མི་འདུག ཁོས"རིག་གནས་རིན་ཐང་གསེར་ཡིན།"ཞེས་ཁྱིམ་ནས་སྒོར་འབུད་པར་བྲེལ་བཞིན་གདའ། བུ་ཆུང་ནོར་བུ་བསམ་འགྲུབ་ཀྱི་ངུ་སྒྲ།  ཁྱོ་གས་ཁྱིམ་གྱི་ཟོག་དངོས་བསྡུ་གསོག་བྱས་པའི་སྒྲ། དེ་མིན་བདག་གི་སྨྱུག་རྩེ་ནས་བརྡོལ་བའི་ཡིག་འབྲི་དག་དང་འབྲི་ཤོག་གི་འཕྲད་སྦྱོར་ལས་བྱུང་བའི"ཚག་སྒྲ། "འདི་གད་ཡོད་ཚད་ཀྱིས་པེ་ཅིན་གྱི་མཚན་མོའི་ལྷིང་འཇགས་དཀྲོགས་ལ་ཁད་དུ་གདའ། ངས་མཚན་མོ་དེར་སློབ་གླིང་རིག་པའི་རིག་གཞུང་གི་དཔྱད་རྩོམ་བགྲོ་གླེང་དང་འབྲེལ་བའི་ཤིས་ཚིག་དེ་བྲིས་ནས་ཁོམ་ལོང་ཞིག་བྱུང་མ་སོང་། སྟབས་མི་ལེགས་པ་ཞིག་ལ། དགོང་མོ་དེར་གློག་ཆད་སོང་། ཨ་ཙི། ས་རུབ་རྗེས་གློག་ཆད་སོང་། གྲོང་ཁྱེར་གྱི་མི་ཚང་མ་ད་དུང་སྔར་བཞིན་ལྷིང་འཇགས་གེར། ཅི་ཡང་མི་མཐོང་ལ། ཅི་ཡང་མི་ཐོས་ན་ཡང་རང་གི་ལས་ཚོགས་ལ་བྲེལ་ནས་ཡོད ། ངའི་ཚོར་བ་ཞིག་ལ་ང་གཅིག་པུས་ད་གཟོད་བསྒྲུབས་མི་ཚར་བའི་ལས་ཀ་དེའི་སྣེ་མོ་མི་བསྐྱོངས་ཐུ་མེད་རེད་སྙམ། རྒྱུ་མཚན་ང་སྐབས་དེར་བོད་ཀྱི་པེ་ཅིན་སློབ་གྲྭ་ཆེན་མོ་བ་ཞིག་དང་ནར་མ་སོན་པའི་བྱིས་པ་རློན་ནུ་ཞིག་གི་ཨ་མ། དེ་མིན་ད་དུང་པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་བདག་མོ། གང་ལྟར་མང་པོ་མང་པོ་ཞིག་གི་ནང་ན་ཅི་ཡང་བསྒྲུབས་སྟེ་ཡང་ཅི་ཡང་འགྲུབ་ཀྱིན་མེད་པ་དེའི་རིགས་ཡིན།

ནོར་བུ་བསམ་འགྲུབ་ཀྱིས་ངུས་ངུས་མཐར། ངུ་མཚམས་བཞག་ནས་ཨ་མ་ང་ལ་ཨུ་ཚུགས་མ་བྱེད། དེ་ནི་གནམ་རྒན་མར་སྐྱབས་སུ་བཅོལ་བའི་ལོ་ཆུང་གི་བྱིས་པ་ཞིག་གི་ཨ་མར་བཅངས་པའི་དུངས་པ་ཡིན་ཞེས་ལབ་ཆོག་གམ། ངས་སྟེགས་སྒྲོན་གྱི་འོད་སྣང་ལ་འཁེན་ནས་ཤིས་ཚིག་གི་མཇུག་སྐྱོངས་དགོས་སོང་།བྲེལ་ཟིང་དང་འགལ་འདུ་ཡི་བར་ནས་མང་པོ་ཞིག་བོར་སོང་།  སྒྲོན་འོད་ཀྱི་འོག་གི་ངའི་གྲིབ་གཟུགས། སྣ་མང་སྣེ་འཛེང་གི་གྱི་ཁྱིམ་གྱི་བྱ་དངོས་ཐ་དག སྨག་རིམ་ལ་ཞུགས་སྟེ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ཅིང་། ཡང་རིམ་བཞིན་ཇེ་ཆུང་ནས་ཇེ་ཆུང་དུ་སོང་། རྒྱ་མཚོར་གཡེང་བའི་རླབས་ཀྱི་གཟུགས་རིས་ནང་བཞིན་ཕྱིས་སུ་དེ་དག་ཀྱང་མི་སྣང་བར་གྱུར།  སྨྱུག་རྩེ་ནས་རང་དབང་གིས་སྐགས་སོང་བའི་སྣམ་ཞག་གི་ཐིགས་པ། ལུས་ཚེགས་དང་སེམས་ཚེགས་ཀྱིས་མནར་བའི་དཔྲལ་གཞུང་གི་རྔུལ་ཆུ། མིག་ཀོང་དུ་འཁྱིལ་བའི་མཆི་མའི་ཕྲེང་རྡོག ཐ་མར་གཤེར་གཟུགས་འདི་དག་གོང་བུ་གཅིག་ཏུ་གྲུབ་ནས་མཁྲིས་ཀྱི་འབྲི་དེབ་ཀྱི་སྟེང་དུ་ཟགས། ངས་དབུགས་ལྷོད་ལྷོད་ཅིག་བྱེད། དལ་མོར་ལག་པ་འབྲི་དེབ་ཀྱི་སྟེང་དུ་བསྔས་པ་ན་མིའི་གཟུགས་རིས་ཤིག་ངའི་རྒྱབ་ཕྱོགས་སུ་ལངས་འདུག ཁྲིགས་ཁྲིགས་མེད་ན་ངས་གཉིད་ཡོར་ཅུང་བྱས་པ་ཡིན་ཀྱང་སྲིད། གཟུགས་རིས་ནི་མུན་ནག་གི་ཀློང་ནས་གྱང་ངོས་ཀྱི་ཟུར་ཞིག་ཏུ་ཡིབ་སོང་། ངས་སྐྲག་མ་དངངས་ཀྱིས་འཁྲུལ་སྣང་ཞིག་གིས་གཟུགས་རིས་དེ་གྱང་ངོས་ཀྱི་ནག་ཐིག་ཅིག་ཏུ་སྒོམ་དགོས་སོང་།

ཁོས“མཚོ་མོ། ང་འགྲོ་རྒྱུ་ཡིན།”

“ཁང་་་་་ཁང་བ་འདི་ཁྱོད་ཀྱི་བྱོས།”

“འོ་་་་ད་དུང་བུ་ཆུང་ནོར་བུ་བསམ་འགྲུབ། དེ་ཡང་ཁྱོད་ཀྱི་བྱོས།”

སྐད་ཆ་ཚིག་གསུམ་མ་གཏོགས་ཁོས་ང་ལ་ཅི་ཡང་ལབ་རྒྱུ་མ་བྱུང་། ངས་ཚོད་ཚོད་མིག་ཆུས་བརླན་པའི་འབྲི་དེབ་ཀྱི་ཤོག་བུ་གཅིག་གཤགས། སྲན་མ་མ་ཆོད་པར་ཡོས་ཟེར་བའི་དཔེ་བཞིན་དུ། དབུགས་ཀྱིས་བརྒྱངས་པའི་དབུགས་ལྒང་དེ་གློ་བུར་འབྲི་དེབ་ཀྱི་སྟེང་དུ་ལྷུང་སོང་།  གདོང་གི་རྔུལ་ཆུ་ཕྱིས་མ་ཕྱིས་ཙམ་ལ་གཟུགས་རིས་དེ་མུན་ནག་གི་ཁྲོད་ནས་ཡལ་སོང་། ང་མྱུར་དུ་ཡར་ལངས་སྟེ་བུ་ཆུང་གི་མགོ་སྐྲ་ཉག་གཅིག་བལ། མུན་ནག་གི་ཁྲོད་ནས་ཁོ་བཙལ་བཙལ་མོད།  ཡེ་ནས་རྙེད་རྒྱུ་མ་བྱུང་། ཐ་མར་ང་རེ་ཐག་ཆད་དེ་མུན་ནག་གི་ཁྲོད་ནས་སྐྲ་རྐང་ཉག་གཅིག་པོ་དེ་རླུང་ལ་བསྐུར་བ་ཡིན། དུས་དེ་ནས་བཟུང་། ས་རུབ་རྗེས་སུ། པེ་ཅིན་ལ་གློག་ཆད་ཐེངས་རེར། ངས་ཀྱང་གྲོང་མི་ཚོ་ནང་བཞིན་མུན་ནག་གི་ཁྲོད་ནས་སྐྲ་ལོ་ཉག་གཅིག་པོ་དེ་རྙེད་ཐབས་བྱེད། གཏམ་རྒྱུད་དེ་གློ་བུར་དུ་བྱུང་རྗེས་གློ་བུར་དུ་མཇུག་རྫོགས། བཙལ་བཙལ་ནས་མི་ལོ་ལྔ་འགོར་ན་ཡང་ད་དུང་སྔར་བཞིན་རྙེད་མི་སྲིད་པའི་སྐྲ་ལོ། སྟོན་རླུང་གིས་བདས་ཏེ་རྒྱང་རིང་རྒྱང་རིང་གི་གནམ་མཐའི་མཚམས་ཀྱི་སྐར་འོད་ལ་འཐམས་ནས་འཕུར་སོང་བ་ཨེ་ཡིན། འདི་ལྟར་ངའི་པེ་ཅིན་གྱི་སློབ་མའི་གཏམ་རྒྱུད་རེ་ཞིག་མཇུག་མི་སྐྱོངས་ཐུ་མེད་བྱུང་སོང་།

 ནར་མ་སོན་པའི་ཚེ་སྲོག་ཆུང་ཆུང་ཞིག  ཚོད་ཚོད་ལ་ནག་ཉེས་པ་ཅི་ཡང་མེད་པར་ཨ་ཕའི་བྱམས་བརྩེ་དང་ཁ་ཐག་རིང་དུ་སོང་། ལོ་ངོ་དུ་མའི་རིང་ལ་གཅིག་སེམས་གཅིག་ལ་གཏད་པའི་ཁྱོ་ཤུག་གཉིས་ཀྱང་སྟོན་མཇུག་གི་ཁུར་མོང་ནང་བཞིན་རང་རང་ས་ལ་ཞོགས་སོང་། དེ་ནས་བཟུང་། པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་གསང་བའི་རྒྱུད་ཅིག ཕྱི་འགྲིམས་སློབ་མ་ཞིག་དང་འབྲེལ་ནས་མགོ་བརྩམས་ཤིང་མཇུག་ཀྱང་བསྡུས། དེ་ནི་གས་ཀ་ཤོར་བའི་ས་ངོས་ཀྱི་ཁུང་བུ་ནང་བཞིན་ཤི་ལ་ཉེ་བའི་ཕྲ་ཕུང་གིས་ཟོས་ཏེ་ལངས་མ་འགྱེལ་དུ་ཆགས་འདུག  གཏམ་རྒྱུད་དེ་རླུང་ནག་འཚུབ་མས་བདས་པའི་ཉམ་ཆུང་ལོ་མ་ནང་བཞིན། ཁ་ཁུ་སིམས་མེར། མིག་ཆུས་དག་པའི་ལོ་ཆུང་གི་དྲན་པ་ཞིག་ཀྱང་ག་ལེར་རྒས་གཉེར་གྱིས་ཕྱུག་པའི་ངོ་གདོང་གིས་འཚོས་ནས་གསོན།

ཟླ་ཕྱེད་ཀྱི་རྗེས་སུ། ཟླ་བ་སྒོར་ཞིང་། སྐར་འོད་བཀྲ ས་ཡི་བད་མོ་ཡལ། ཚེས་ཆེན་བཅོ་ལྔའི་དུས་སུ་རན་འདུག གནམ་སྔོན་མོར་ལས་དབང་བཅོལ་ཞིང་། ས་དོག་མོར་མིག་ཆུ་ཟགས་པའི་གྲོང་ཁྱེར་གྱི་ཨ་མ་ངས་ནོར་བུ་བསམ་འགྲུབ་བྱིས་གཉོར་ཁང་དུ་བསྐྱེལ་རྒྱུའི་སེམས་ཐག་བཅད།  ངའི་མ་འོངས་པའི་ཁྱིམ་ཚང་དང་བུ་ཆུང་གི་དོན་དུ་སེམས་ནས་དོན་དག་འདི་ལྟར་ཐག་གིས་བཅད་སོང་། ནར་མ་སོན་པའི་བྱིས་པ་ཆུང་ཆུང་ཞིག་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ནས་ལོ་ཆུང་གི་རྩེད་རོགས་ཚོ་དང་མཉམ་དུ་འཚོ་བ་རོལ་དགོས་སོང་། ནམ་རྒྱུན་གྱི་གཟའ་མཇུག་གི་དུས་སུ་ད་གཟོད་ངེད་མ་བུ་གཉིས་ལྷན་འཛོམས་བྱུང་། ངེད་གཉིས་གཟའ་མཇུག་གི་དུས་སུ་ལྷན་འཛོམས་བྱུང་དུས། ནོར་བུ་བསམ་འགྲུབ་ཀྱིས་ང་ལ་བློས་མི་དཔོག་པའི་དྲི་བ་ཏག་ཏག་འདྲི། འདི་དག་ལས་ཆེས་བརྗེད་དུ་མེད་པ་ནི་ཁོས་ཁོ་ཆུང་དུས་ནས་དྭ་ཕྲུག་ལ་མི་སྐྱེལ་དོན་དང་། ཁོའི་ཨ་ཕ་སུ་ཡིན་འདྲི་རྒྱུར་དགའ་བ་དེ་ཡིན། བྱིས་པར་གྲོང་ཁྱེར་གྱི་མི་རིགས་གཞན་པའི་བྱིས་པ་ཚོས་ཤན་ཤུགས་ཐེབས་པས་ཡིན་ཀྱང་སྲིད། གང་ལྟར། ང་ལྟ་བུའི་ཞིང་གྲོང་ནས་ནར་སོན་ཞིང་། ཐ་མར་གྲོང་ཁྱེར་ནས་འཚོ་དགོས་པའི་ཨ་མ་ཞིག་ལ་མཚོན་ན། བྱིས་པའི་དུས་སུ་ས་རྡོའི་སྡེར་ཁ་བསྒྲིགས་ནས་ཉིན་གང་བོར་རྩེད་མོར་གཡེང་བ་ལས་རྙོག་འཛིང་ཆེ་བའི་དྲི་བ་གཅིག་ཀྱང་ཡིད་ལ་དྲན་མ་མྱོང་། མཚམས་ལན་རེར། དབྱར་གཞུང་གི་དུས་སུ་བེའུ་རྫི་མ་ཐུབ་པར་བེའུ་ཨ་མར་ཁ་འཕྲོད་པར་བྱས་ན་ཨ་མས་སྡིགས་སྡིགས་མྱངས་པས་སེམས་པ་སྐྱིད་པོ་མ་བྱུང་མ་གཏོགས། ཉིན་གང་བོར་དགོད་སྒྲ་རྐྱང་རྐྱང་ལ་རེ་ནས་ཡོད་སྲིད། རྒྱུ་མཚན་དེའི་དབང་གིས་ངས་གྲོང་ཁྱེར་ནས་ཆེས་བརྗེད་དུ་མེད་པ་ནི་ཕ་ཡུལ་གྱི་ཡུལ་མི་དེ་དག་ཡིན། གྲོང་ཁྱེར་གྱི་བོད་པ་ཚོས་རི་མཐོ་ས་གཙང་གི་ཡུལ་གྲུ་ཞིག་དྲན་གྱི་ཡོད་ངེས།

ངས་སེམས་རྣལ་དུ་ཕབ་སྟེ་རླངས་འཁོར་མདུན་ནས་མདུན་དུ་བསྐྱོད་པ་ཡིན། བྱང་ལྷོ་མའི་གནམ་གྲུ་ཐང་དང་ཐག་མི་རིང་བའི་ཟམ་འོག་དེར་ཐོན་ཡོང་། ངའི་བུ་ཆུང་གིས་ལམ་འགྲམ་གྱི་ས་ལ་ལྷུང་བའི་སྡོང་ལོ་དེ་དག་ལ་མཛུབ་མོར་གེར་བཞིན། རྒྱ་སྐད་ཀྱིས་བསེར་བུས་འཁུར་འོང་བའི་ལོ་མ་ལྡོམ་པོ་འདི་དག་ནི་དྭ་ཕྲུག་ཁང་གི་ངའི་རྩེད་རོགས་དེ་དག་དང་ཅི་ཁྱད་ཅེས་ལོ་མ་དེ་དག་གི་གྲངས་ཀ་ལབ་ཡོང་དུས། ངས་ཁོའི་རྣ་ཅོག་གི་འཇུས་ནས་སླར་ཡང་བོད་སྐད་ཀྱིས་བརྩི་དགོས་པའི་རེ་བ་བཏོན་པ་ཡིན། ཁོས་ད་དུང་མགོ་བོ་རླངས་འཁོར་གྱི་དྲ་མར་གཏད་དེ་སེམས་ཞིབ་མོས་སྡོང་ལོ་དེ་དག་གི་གྲངས་ཀ་ཡང་བསྐྱར་རྒྱ་སྐད་ཀྱིས་བརྩི་མགོ་བརྩམས་ཡོང་དུས། ངའི་སེམས་པ་གྲང་ཤུར་ཤུར་བྱེད། དེ་ནི་བུ་ཆུང་གིས་བསམ་གཟས་ནས་ང་ལ་རླུང་བསླངས་པ་མིན། གོམས་ལོབས་སུ་སོང་བའི་གཤིས་ཀ་ཞིག་ཡིན། ངས་ནོར་བུ་བསམ་འགྲུབ་ལ་དུས་རྒྱུན་གྲོང་ཁྱེར་ནས་ཁ་བ་འབབ་ཐེངས་ཉུང་ན་ཡང་། སེམས་ནས་གངས་རི་འབོར་མི་ཉན་རབས་ལབ་པ་ཡིན་མོད། འོན་ཀྱང་། བྱིས་པ་འདིས་གངས་རི་ཞེས་པ་དེ་ཡང་སྙིང་ཅི་ཞིག་ཡིན་པ་ཧ་གོ་ཡི་མི་འདུག  ངས་ལོ་ན་ཆུང་བའི་བྱིས་པ་འདིར་གྲོང་ཁྱེར་གྱི་བྱིས་གཉོར་ཁང་དུ་འཇུག་དོན་དང་། ངས་སློབ་གྲྭ་ནས་ཨ་མ་ཞིག་གི་འགན་ལེན་དོན། ད་དུང་བུ་ཆུང་གི་ཨ་ཕ་ཕྱི་གླིང་དུ་འགྲོ་དོན། ཡོད་ཚད་བྱིས་པ་ཆུང་ཆུང་འདིའི་ནར་མ་སོན་པའི་བསམ་བློའི་སྟེང་ནས་གོ་ནོར་དུ་སོང་བ་རེད་དམ་ཡང་ན་ཅི།

ཉི་མ་ཉིན་གུང་ལ་ཡོལ་ཟིན། གལ་ཏེ་ཕ་ཡུལ་དུ་གནས་བཅས་ཡོད་ཕྱིན། ཡུལ་མི་ཚོས་ཟོག་ལུག་རི་ནས་ལྷས་མཐར་འདེད་པའི་དུས་སུ་རན་འདུག སུ་རུའི་མེ་ཏོག་གི་ཟེའུ་འབྲུས་ལུག་གཡང་དཀར་གྱི་བལ་ཁ་སྤྲས་པའི་རྣམ་པ་ནི་གྲོང་ཁྱེར་གྱི་འགྱིག་བཟོས་མེ་ཏོག་ལས་ཀྱང་གསོན་ཉམས་ལྡན་ན་ཡང་། ཡུལ་མི་ཚོའི་མིག་ལམ་དུ་གྲོང་ཁྱེར་ལས་མཛེས་པ་ཞིག་མ་ལྷག ནམ་རྒྱུན་དབྱར་གནང་དགུན་གནང་གི་སྐབས་སུ། ཕ་ཡུལ་ཏུ་ལོགས་ཐེངས་རེ་རེར་ཡུལ་མི་ཚོས་གྲོང་ཁྱེར་ཁོ་ན་གླེང་མགོ་བརྩམས་སྟེ་སླར་ཡང་གྲོང་ཁྱེར་ཁོ་ནའི་སྟེང་ནས་མཇུག་སྡུད། ས་སྲོད་ཀྱི་ཕ་ཡུལ་ནི་ངས་པེ་ཅིན་ནས་ཆེས་བརྗེད་དུ་མེད་པ་དེ་རུ་ཆགས་འདུག བྱིས་དུས་སུ་བྲག་ཐོ་སྐྱ་རིས་ཀྱི་སྒང་ནས་ལོ་སར་ལ་བྲེལ་བའི་ཡུལ་མི་ཚོར་མིག་སྐྱེལ་བྱེད་པ་ཡང་ཐེངས་གཅིག་ཐེངས་གཉིས་མིན། བྲག་ཐོ་ཁྲ་རིས་ནི་ཡུལ་མི་ཚོས་དགུན་མཚེར་དུ་གཟས་པའི་ས་གཡང་ཆགས་དེའི་མིང་། ངེད་མིང་སྲིང་གསུམ་གྱིས་དུས་རྒྱུན་སྲོད་སླེབས་ཐེངས་རེ་རེར། ཨ་མས་འབྲི་མོ་གཡང་གིས་བཞོ་བའི་བཞོ་དབྱངས་མཉན་བཞིན་སྤྲིན་དཀར་གྱི་རྒྱུ་བག་ལ་བལྟས་པ་ཡིན།  ལ་ལ་ནི་གཡང་དཀར་ལུག་གི་དབྱིབས་དང་། སེང་གེའི་དབྱིབས། རི་བོང་བློ་ལྡན་གྱི་དབྱིབས། སྤྲིན་པ་ལེབ་མོ་དག་ས་སྲོད་ཀྱི་དུས་སུ་མཚམས་སྤྲིན་ལ་འཁེན་ནས་ལྷོ་བྱང་གི་ཕྱོགས་སུ་རྒྱུགས་ཀིན་གདའ། འདི་དག་ཡིད་ལ་དྲན་ཐེངས་རེར། ངས་བུ་ཆུང་གི་སྐྲ་ལོ་རྐང་གཅིག་པུ་དེ་གྲོང་ཁྱེར་ནས་དུས་གཏན་དུ་བོར་སོང་བ་ཡིན་ནམ་ཞེས་རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་། གློ་བུར་མིག་གིས་ལྟ་ཕྱོགས་ཤིག་ལ། ངེད་ཀྱི་རླངས་འཁོར་སྡོད་སའི་ཟམ་འོག་དེ་རུ་སོ་མ་གསར་དུ་སྒོ་ཕྱེས་པའི་ཟ་ཁང་ཆུང་ཆུང་ཞིག་ཡོད་པ་མཐོང་། ཟ་ཁང་དེའི་སྒོ་བྱང་ལ་བོད་ཡིག་གི་ཡིག་འབྲུ་ཆེན་པོ་འགའ་ཐད་ཀྱིས་བཀལ་ཡོད་པ་མཐོང་མ་ཉིད། སེམས་སུ་རང་དབང་མེད་པར་སྤྲོ་སྣང་ཞིག་གིས་ཁེངས་ནས་བུད་ཡོང་།

“ཨ་མདོའི་ཟས་མཆོག་སྤྲོ་སྐྱིད་གླིང་།”ཞེས་པའི་དྲག་ཏུ་ལྡིང་བའི་ཡིག་འབྲི་འདི་དག་གིས་ང་རང་ཕ་ཡུལ་དུ་འཁྲིད་སོང་བ་ལྟ་བུའི་སྣང་བ་སྟེར། ངས་ཀྱང་ཅི་ཡིན་འདི་ཡིན་མེད་པར་རླངས་འཁོར་གྱི་བགག་ཟྭ་བསྡམས་དགོས་བྱུང་སོང་། བུ་ཆུང་ནོར་བུ་བསམ་འགྲུབ་པང་ནས་ཟམ་འོག་གི་ཟ་ཁང་དེའི་ནང་དུ་འཛུལ་པ་ན།   ཟ་ཁང་གི་ཕྱིའི་བཀོད་པ་མཛེས་ཤིང་། ནང་གི་སྒྲིག་གཞི་ལེགས་པའི་ཡིད་འོང་གི་གླིང་ག་ཞིག་ལས་མ་འདས། ཟ་ཁང་དེའི་སྒོ་ཆེན་དུ་འཛུལ་མ་ཐག་མི་ཚོགས་ཀྱིས་འཚང་ཁ་རྒྱག་ཀིན་འདུག་ལ། མང་ཆེ་བ་ནི་ཕྱི་གླིང་བའི་མགྲོན་པོ་དག་རེད། དེ་དག་གིས་མིག་རིག་རིག་དང་རྣ་ཅོར་ཅོར་སྒོས་ཟ་ཁང་དེའི་ཕྱི་ནང་གི་སྣོད་ཆས་དག་ལ་ཡ་མཚན་པའི་མདངས་ཀྱིས་བལྟ་བ་ལས། ནང་བཅུད་ཀྱིས་ཕྱུག་པའི་ཟས་རིགས་ལ་དེ་འདྲའི་སྣང་དོགས་བྱེད་ཀྱི་མེད། གཡུང་དྲུང་གི་རི་མོ་ཕབ་པའི་ཀོ་ཁུག་ཆུང་ཆུང་ཞིག་ལ་འཁྲེང་ནས་ཡོད་པའི་སིང་ག་ཕོར་གྱི་ཨ་ཅག་སྣ་རིང་མ། བལ་གྱིས་འཐགས་པའི་མགོ་དཀྲིས་ལ་ཞེན་པའི་ཨ་རིའི་ཨ་ཕོ་སྐྲ་སེར། ཁོ་པ་ཚོས་གནའ་རྫས་ཞེས་མིག་འཇུར་འཇུར་གྱིས་གནས་དེར་འཁྲེང་ནས་ཡོད། གནས་དེའི་གདོད་མའི་ཅ་ལག་དེ་དག་འཚོས་ནས་ཡོད།

“ཀོ་ཁུག་ལ་དངུལ་ག་ཚོད་རང་རེད་དམ།”ཨ་ཅག་དེས་འཛུམ་དམུལ་དམུལ་གྱིས་གོ་ཁུག་གི་རིན་གོང་འདྲི།

“ཀོ་ཁུག་དེ་བཤམས་པ་མ་གཏོགས་བཙོངས་ཀིན་ཡོད་ས་མ་རེད།”ངས་དེ་སྐད་ལབ།

"བཙོང་པའི་དབང་དུ་བཏང་ན་སུས་ཀྱང་མི་ཁུགས་པའི་རིན་གོང་ཞིག་ཡིན།"ངས་གཟབ་ནན་གྱིས་དེ་སྐད་ལབ།

"སུས་ཀྱང་མི་ཁུགས་པའི་རིན་གོང་དེ་ག་འདྲ་ཞིག་ལ་གོ་དགོས།"མོས་དེ་ལྟར་ནན་གྱིས་དྲིས་བྱུང་།

ངས“འཛམ་གླིང་ན་དངོས་པོ་དེ་གཅིག་པུ་མ་གཏོགས་མེད་པས་རིན་གོང་དུ་ཡིན་མིན་སུས་ཀྱང་ཐག་གིས་བཅད་མི་འདུག སའི་གོ་ལ་གཅིག་མ་གཏོགས་མེད། དེ་ཅིག་གིས་ཉོ་ན་རིན་གོང་ག་ཚོད་ཡིན་འདུག་བྲིས་མེད།”ཅེས་དབྱིན་སྐད་ཁྱ་མ་ཁྱོག་གིས་ལན་བཏབ་པ་ཡིན། ཨུ་ཚུགས་ཀྱི་དྲིས་ལན་དེ་ཁོང་ཁྲོ་དང་ཞེ་སྡང་གིས་བསྐྲུན་པའི་སྒམ་ཚིགས་ཤིག་ཏུ་མི་འགྱུར་བའི་ངེས་པ་ནི་གཏན་ནས་མེད། དཔེ་དེ་འདྲ་ཞིག་བཀོལ་ནས་གོ་ཁུག་དེའི་རིན་གོང་ལབ་ཡོང་དུས། བུད་མེད་དེས་ཀྱང་གོ་ཁུག་དེར་རེག་ཙམ་བྱས་ཏེ་ང་དང་རྒྱང་དུ་བཀྱེད་སོང་།

ནོར་བུ་བསམ་འགྲུབ་ཀྱིས་ངའི་ལག་པར་ཀློད་ཀིན་རྡབ་རྡིབ་ཅིག་ལབ་ཡོང་། བུད་མེད་དེས་ཟ་ཁང་གི་སྦྱིན་བདག་ལ་ལབ་གླེང་བྱེད་ཀྱིན་པའི་རྣམ་པས་ངའི་གདོང་པ་དམར་པོ་དམར་ནག་ཅིག་ཏུ་ཆགས་པར་བྱེད། ངའི་དབྱིན་སྐད་ཀྱི་ཆུ་ཚད་ནི་པེ་ཅིན་མཁར་གྱི་བོད་པའི་ཁྱིམ་ཚང་ཞིག་གི་བྲོ་བ་བསྣམས་ཡོད་པས་ཡིན། བུ་ཆུང་གི་ལག་པས་ངའི་ཨམ་ཕྲག་གི་ནང་དུ་ཏོག་ཙམ་སློག ཚོད་ཚོད་ལ་དྭ་ཕྲུག་ཁང་གི་བྱིས་པ་ཚོ་དང་མཉམ་དུ་སློབ་གྲྭར་འགྲོ་རྒྱུའི་རེ་བ་བྱེད། མགོ་བོ་ངའི་བྲང་གཞུང་ལ་བསྔས་སྟེ་སླར་ཡང་གཉིད་ཡོར་ཅིག་བྱེད་འདོད་པ་ཡིན་ནམ་ཅི། བྱིས་པ་འདིས་ཅི་ཞིག་ལ་བསམ་བློ་གཏོང་གྱིན་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། ཏག་ཏག་སྐབས་དེར་ཟ་ཁང་གི་སྦྱིན་བདག་གིས་གདོང་ལ་འཛུམ་ཞིག་ལངས་ནས་ངའི་གམ་དུ་སླེབས་ཡོང་། ཁོས་གྱོན་པའི་གླང་རྫིའི་དོར་མ་དེ་ཅུང་དོག་དོག་ཅིག་ཏུ་སྣང་ན་ཡང་། གཟུགས་རིང་སྟོབས་ཆེན་ཞིག་ཡིན་པས་ཕར་བལྟས་ཚོད་ཀྱིས་དེ་འདྲའི་ཚོན་པོ་ཞིག་གི་སྣང་བ་མི་སྟེར། གསེར་ནག་གི་གདུ་བུ་དེ་ཟམ་འོག་གི་ཟ་ཁང་གི་དགོང་དྲོའི་ཉི་ཐིག་གི་ཀློང་ན་འོད་ལམ་ལམ་བྱེད། གསེར་གྱིས་ཤན་པའི་སོ་སྒོ་གཉིས་པོ་ནི་ཟ་ཁང་གི་གྲུ་ཟུར་རེ་ན་ཁྲ་ལམ་ལམ་བྱེད། འོད་ཡུག་ཡུག་བྱེད་པའི་རྐང་གི་གོ་ལྷམ་ཆ་གཅིག་པོ་དེ་མཐོང་དུས། ངས་ད་གཟོད་ཚོད་ཚོད་ལ་མུན་ནག་གི་ཁྲོད་ནས་རླུང་ལ་བསྐུར་བའི་སྐྲ་རྐང་ཉག་གཅིག་པོ་དེ་ཡིད་ལ་དྲན་འོང་།

སྦྱིན་བདག་དེས་ཅི་ཡིན་འདི་ཡིན་མེད་པར། ངའི་བྲང་གི་ནུ་མར་བསྔས་ཏེ་གཉིད་དུ་ཡུར་བའི་བུ་ཆུང་གི་མགོ་ལ་བྱིལ་བྱིལ་ཐེངས་ཤིག་བྱས་ཡོང་། ཁོའི་གདོང་གི་རྣམ་འགྱུར་དེས་ང་ལ་སྐྲག་དགོས་པའམ། དགའ་དགོས་པ་ཡང་མི་ཤེས་པའི་ཚོད་དུ་བསྐྱལ།  ངའི་སེམས་སུ་རྣམ་རྟོག་དང་འཁྲུལ་སྣང་གིས་ཁྱབ་སྟེ་ལུས་ཧྲིལ་བོ་སྦྲིད་ནས་སོང་།  ཁོས་ངག་འཇམ་པོས"གསར་མོ་ཝུ་ཆང་ཏོག་ཙམ་བཞེས་རོགས" ཞེས་དབུས་སྐད་དང་ཨམ་སྐད་འདྲ་མ་འདྲེས་ཤིག་གིས་ཆང་ཕོར་གཏད་བྱུང་། སྐབས་དེར།  ས་རུབ་མེད། ཟ་ཁང་ནང་གི་ཡར་འགྲོ་མར་འོང་གི་མི་ཚོགས་ཀྱི་ཁྲོད་ནས་ཕར་འགྲོ་ཚུར་འོང་གི་ངོ་གདོང་གྲངས་མེད་ཅིག་ངའི་མིག་ཀོང་ནས་འཛུམ་ཡོང་། ཚོར་སྣང་ཞིག་ལ་དེའི་ཁྲོད་ཀྱི་ངོ་གདོང་ག་གེ་མོ་ཞིག ངེད་ཀྱི་རྣམ་ཤེས་ལ་འཐིམ་སོང་བཞིན་འཇིགས་སྣང་ཞིག་སྐྱེས་འོང་། སྲོད་དུས་ཀྱི་རླུང་བུས་མི་ཚོགས་ཀྱི་ཁ་རླངས་རྒུམ། དྲོད་མ་འཇམ་གྱིས་རེག་བྱ་ཞིག་གིས་ངའི་སྐྲ་ལོ་རྒུལ་བྱུང་། མ་གཞི་དེ་ནི་ཟམ་འོག་གི་གྱང་ངོས་སུ་བཏབ་པའི་འབུ་སྡོམ་ཞིག་ཡིན་འདུག

གློ་བུར། སྦྱིན་བདག་ངའི་གམ་ནས་ལངས་སྟེ་འཛེམ་དོགས་ཅི་ཡང་མེད་པར་ངའི་སྐྲ་ལོར་རེག་མགོ་བརྩམས། ངས་སེམས་ནས་ང་བོད་མོ་ཞིག་ཡིན་ཞེས་ལབ་འདོད་ཅིང་། བྱིས་པ་ཆུང་ཆུང་པང་ནས་གཞན་གྱི་ཟ་ཁང་གི་གྲུ་ཟུར་ཞིག་ནས་གནའ་བོའི་ལོ་རྒྱུས་ཤིག་ལ་ཕྱིར་དྲན་བྱ་རྒྱུ་ལས་ཐབས་གཞན་ཞིག་མ་རྙེད། ཅུང་ཙམ་འགོར་རྗེས། གཞོན་ནུ་དེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལག་པ་ངའི་པང་གི་བྱིས་པའི་སྟེང་དུ་བསྲིངས་ནས་ཡོང་། ཁོས་ཟ་ཁང་གི་ཕྱོགས་ཡར་མར་ལ་བལྟ་ཙམ་བྱས་མ་ཐག དལ་མོར་ངའི་གམ་དུ་བཙོག་སྟེ་སེམས་ཞིབ་མོས"ཁྱེད་ཀྱིས་དོན་དངོས་སུ་གནས་འདི་རུ་སུ་ཞིག་ལ་སྒུག་ཀིན་ཡོད"ཅེས་ཡང་དང་བསྐྱར་དུ་འདྲི ། སྦྱིན་བདག་གཞོན་ནུ་དེས་ཅི་ཞིག་བཤད་འདོད་ཀྱི་འདུན་པ་ཆེ་ན་ཡང་། ངའི་པང་གི་གཉིད་དུ་ཡུར་བའི་བུ་ཆུང་གི་གདོང་ལ་བལྟ་ཐེངས་རེ་རེར། སེམས་ཀྱི་སྐད་ཆ་དེ་ཁོག་ཏུ་མི་མིད་ཀ་མེད་རང་རེད་འདུག  སྦྱིན་བདག་གཞོན་ནུ་དེས་སྐད་ཆའི་བཤད་སྟངས་ནི་བུ་མོ་ལོ་ཆུང་ཞིག་དང་འདྲ་བར་ཟ་རི་ཟི་རེ་བྱས་ན་ལབ་ཡོང་། ཕར་བལྟས་ཚོད་ཀྱི་ཨ་མདོའི་འབྲོག་ཁྱིམ་ཞིག་ནས་ཐོན་པ་ལྟ་བུའི་གསར་ཉམས་ཡོད། མ་བསམ་ས་ནས། ཕར་སོང་ན་གོམ་པ་ཙག་ཙིག་སྤོ་བ་དང་། ཚུར་ཡོང་ན་ལག་པས་སྣ་མགོ་རེག་པ།  ད་དུང་གདོང་མདོག་ཀྱང་དམར་པོར་འགྱུར་འགྲོ ཁྲིགས་ཁྲིགས་མེད་ནས་ཟམ་འོག་ཟ་ཁང་ནས་བྱ་སྤྱོད་དེ་འདྲ་སྤེལ་ནས་གོམས་ལོབས་སུ་སོང་བ་ཡིན་ཀྱང་སྲིད། གང་ལྟར། མཚམས་རེར་མིག་གིས་ཚུར་ལ་བལྟ་དུས་གམ་གྱི་བྱ་དངོས་དེ་དག་ཟམ་ཟིམ་དུ་སྣང་བ་ནང་བཞིན་མིག་གིས་ཙམ་མེ་ཙུམ་བྱེད། ཁོའི་མིག་མདངས་ལས་ང་ལ་བྱིས་པ་རློན་ནུ་ཞིག་པང་ནས་འདུག་པ་ལས་ཟ་ཁང་ནས་གླ་གཏགས་ན་ཡོང་འབབ་བཟང་རབས་འཆད་ཀྱིན་པ་གཉིས་སུ་མ་མཆིས།

རེད་དེ།  སང་ག་ཕོར་ནས་ཡིན་པའི་བུ་མོ་གཞོན་ནུ་མ་དེ་ཕྱིར་སྦྱིན་བདག་ཡོད་སའི་གནས་དེར་སླེབས་ཡོང་། མོས་ཅི་ཞིག་བོར་སོང་བ་ནང་བཞིན་ཡར་མར་ལ་བལྟ་ཙམ་བལྟ་ཙམ་བྱས་མཐར། ཡང་བསྐྱར་གོ་ཁུག་ཆུང་ཆུང་དེའི་གམ་དུ་ལོག་སོང་། གོ་ཁུག་དེ་གནའ་དེང་མ་ང་བྱིས་པ་ཡིན་དུས་ཨ་མའི་ཨ་མྱེས་ཀྱི་བྲོ་ཁུག་ཡིན་ཟེར་བའི་ཁོ་ཁུག་རྙིང་བ་དེ་དང་འདྲ་བོ་འདུག གོ་ཁུག་སྙིང་རྗེ་པོ་དེ་ཡིད་ལ་དྲན་ཐེངས་རེར། ངས་བྱིས་དུས་ཀྱི་གངས་རི་དང་རྩྭ་ཐང་། ལུག་ཁྱུ་དང་གཙང་ཆབ། ད་དུང་རྩྭ་ཐང་གི་སྤོ་བོ་དག་དྲན་ནས་ཡོང་། ངས་ཀྱང་བེའི་རྫི་ལ་འགྲོ་དུས་ཐེངས་འགར་བྲོ་ཁུག་བྱས་ནས་རྫི་སར་འཁྱེར་མྱོང་བའི་གོ་ཁུག་དེ། ཕྱིས་སུ་ང་སློབ་གྲྭར་སོང་བ་ནས་བཟུང་། གོ་ཁུག་ཆུང་ཆུང་བོ་དེ་ཡང་མཐོང་རྒྱུ་མེད་སོང་། ཕལ་ཆེར་གནའ་རྫས་ཉོ་མཁན་གྱི་ཕྱི་གླིང་བ་ཞིག་གི་ལག་ཏུ་ཤོར་སོང་བ་འདྲ། སང་ག་ཕོར་ནས་ཡིན་པའི་བུ་མོ་གཞོན་ནུ་མ་དེས་ལག་ཏུ་ཆང་ཕོར་ཞིག་ཐོགས་ཤིང་། ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་གིས་ཡང་དང་བསྐྱར་དུ་ངའི་གམ་གྱི་སྦྱིན་བདག་གཞོན་ནུ་དེའི་ཕྱོགས་སུ་ཟུར་མདའ་འཕེན། ཟ་ཁང་གི་གླ་བ་གཞོན་ནུ་མ་དེ་དག་གིས་ཀྱང་འགྲིལ་བ་སྣེ་ལེན་བྱས་པའི་བར་གླགས་རེ་ནས་ང་དང་ངའི་གམ་གྱི་སྦྱིན་བདག་གཞོན་ནུ་དེར་མིག་གི་ཟུར་མདའ་གྲངས་མེད་ཅིག་འཕེན། མཚམས་རེར་སྒེའུ་ཁུང་གི་དྲ་མའི་ཁར་རུབ་ནས་བལྟས་ཡོང་དུས། ངའི་སེམས་སུ་གནའ་བོའི་རྒྱ་གར་གྱི་རྣམ་ཐར་འཁྲབ་གཞུང་གི་ཁྲོད་ཀྱི་མི་སྣ་དེ་དག་ཡིད་ལ་ཤར་ཡོང་། ཁོ་མོ་ཚོས་གཅིག་གིས་རྣ་བར་གཅིག་གིས་བཤད། ཕྱིས་སུ་ཁ་ཕུ་ཐང་གིས་བཅད་དེ་དགོད་ཀྱིན་དུ་རང་སར་བྲོས་སོང་།

ཟ་ཁང་གི་ཞབས་ཞུ་བ་ཞིག་རྒྱུགས་ཡོང་སྟེ་འཛུམ་གྱི་ལེར་་སྦྱིན་བདག་གཞོན་ནུ་དེའི་རྣ་ནང་དུ་ཁ་རོག་ཁ་རོག་གེར་ཅིག་ལབ་ཡོང་། དེ་ནས་ཅང་མ་འགོར་བར། ཨ་མྱེས་བགྲེས་པོ་ཞིག་གིས་ཨ་ཡེ་བགྲེས་མོ་ཞིག་བསྐྱོར་ནས་ཟ་ཁང་འདིར་སླེབས་ཡོང་དུས། ཟ་ཁང་གི་འུར་ཟིང་གི་རྣམ་པ་དེ་རེ་ཞིག་འཇགས་སོང་། ཁ་ཁུ་སིམ་མེར། ཡིན་ཡང་། ཟམ་འོག་གི་མེ་འཁོར་གྱི་རྐན་སྒྲ་ནི་སྔར་བཞིན་འཇགས་ཞིག་རྒྱུ་མ་བྱུང་། དུས་གཏན་དུ་དེ་འདྲ་རང་རེད་འདུག རྒད་པོ་དེ་ཕར་བལྟས་ཚོད་ཀྱིས་བོད་མི་ཡིན་པའི་ཚོར་སྣང་སྟེར། ཁོས་གམ་གྱི་རྒན་མོ་དེར་རྒྱ་སྐད་རྐྱང་རྐྱང་གིས་ཁ་བརྡ་བྱེད་པའི་ཚུལ་གྱིས་མི་རིགས་གང་ཡིན་ཆ་མ་འཚལ། རྒད་མོ་དེས་ཀྱང་ཤབ་བེ་ཤོབ་བེ་ཅི་ཞིག་ལབ་ཀྱིན་ཡོད་མོད། ཚིག་འབྲི་གསལ་བོ་ཞིག་མ་གོ ཁྱོད་འཁེན་ང་སྐྱོར་གྱི་རྒན་རྒོན་གཉིས་ཀྱིས་ཟ་ཁང་གི་འུར་ཟིང་ལ་ཨུ་ཚུགས་ཀྱིས་ལྷིང་འཇགས་ཤིག་བསྐྲུན་སོང་།   དཀར་བོང་བོང་གི་སྐྲ་ལོ། འཁྱར་འཁྱོར་གྱི་གོམ་འགྲོས། ཤུར་ཤུར་དུ་ལུས་པའི་གཉེར་རིས། ལོ་ཟླ་ནི་སྡོང་ལོར་ཟགས་པའི་བརྙན་རིས་ཇི་བཞིན་འདས་སོང་གི་ལམ་བུར་བསྟིམ་ནས་ཡུན་རིང་འདས། ལམ་རིང་ཐུང་། ཚེ་རིང་ཐུང་། རིང་ཐུང་ཞེས་པ་ནི་དོན་དམ་དུ་སུ་ཞིག་གིས་གཏན་ལ་ཕབ་པའི་འཇལ་བྱེད་རང་མཚན་པ་ཅིག་རང་རེད་དམ།

པེ་ཅིན་གྱི་གནམ་མཐའི་མཚམས་ནས་དུད་སྨུག་གི་དཀྲིགས་པའི་སྨག་རིམ་སྟུག་པོ་དེ་རིམ་གྱིས་ལམ་འགྲམ་གྱི་གློག་ འོད་ཀྱིས་གསལ་བོར་བཏང་སོང་།  ངས་ཀྱང་ཅི་ཡིན་འདི་ཡིན་མེད་པར་གམ་གྱི་སྦྱིན་བདག་གཞོན་ནུ་དེར་ས་རུབ་ཁར་ཟམ་འོག་ཟ་ཁང་དུ་ཡོང་བའི་བགྲེས་སོང་རྒད་པོ་དེའི་གནས་ཚུལ་གླེང་མགོ་བརྩམས་དུས། གཞོན་ནུ་དེས"མ་བསམ་ས་ནས་ཁྱེད་རང་གསར་འགོད་པ་ཞིག་རེད་མོད། ངས་གང་འདོད་དུ་བཅར་འདྲི་དང་ལེན་མི་བྱེད"ཅེས་ཀུ་རེའི་ཚུལ་གྱིས་ལབ་ཡོང་། གཞོན་ནུ་དེས་གློ་ལུད་ཅིག་རྒྱག་ཞོར། "ཆེད་ལས་ཀྱི་མནར་གཅོད་ཡོད་དམ།"ཞེས་བཤད། ངས་དགོད་ཞོར་དུ་ངའི་ཆེད་ལས་གསར་འགོད་པ་ཡིན་པ་དེ་བདེན། ཡིན་རུང་། གསར་འགོད་ལས་རིགས་གཉེར་ནས་ཡུན་རིང་སོང་མེད། སྒོས་སུ་ང་ད་དུང་སློབ་མཐར་ཕྱིན་མེད། གལ་ཏེ། མ་འོངས་པ་ན་ང་ཐེངས་གཉིས་པར་ཟམ་འོག་ཟ་ཁང་འདིར་གསར་འགྱུར་འགོད་དུ་ཡོང་རྒྱུ་རེག་ཚེ།ངས་ཆེས་ཐོག་མར་འདྲི་ན་འདོད་པ་ནི་ཁྱོད་དང་གཡུང་དྲུང་གི་རི་མོ་ཕབ་པའི་གོ་ཁུག་ཆུང་ཆུང་དེའི་བར་གྱི་གསང་བ་འདྲི་རྒྱུ་དེ་ཡིན། ཡིན་ཡང་། བགྲེས་སོང་རྒད་པོ་དེ་ངའི་ཨ་མྱེས་དང་འདྲ་བོ་ཡོད་པས་ཚོད་ཚོད་ལ་ཅིག་དྲིས་པ་ཡིན་ཞེས་སྐད་ཆ་དེ་ལྟར་མགོ་རྔ་འཆོལ་ཏེ་ལབ་དགོས་སོང་།

གཞོན་ནུ་དེས“བུ་མོ།ཁྱེད་ཀྱི་ཨ་མྱེས་གང་ན་ཡོད།"ཅེས་དྲིས་བྱུང་།

ཡང་ཁོས་ཅུང་མ་རུང་བའི་ཚུལ་གྱིས་ཁ་ལག་པས་བཅད་ནས། ཕེ་ཕེ་་་ང་འདི་མི་འདྲི་རྒྱུ་ཞིག་མེད་པར་ཟེར་ཞོར།”སྐད་ཆའི་རྔ་མ་མྱུར་མོའི་སྒོ་ནས་བསྡུས་སོང་།

ངས“སྐྱོན་མི་འདུག   ངའི་ཨ་མས་ང་ལ་ཨ་མྱེས་ནི་རིག་གསར་གྱི་སྔོན་ལ་གར་སོང་མ་ཤེས།  ཆུང་དུས་བག་ཆགས་ཤིག་གིས་བོད་མི་བགྲེས་སོང་རེ་མཐོང་མ་ཉིད།ངའི་ཁྱིམ་རྒྱུད་ཀྱིས་བོར་ཟིན་པའི་ཨ་མྱེས་དེ་འཚོལ་ཀྱིན་ཡོད།"

རིག་གསར་ནི་ཐོག་མར་པེ་ཅིན་ནས་ཡོང?

གཞོན་ནུ་དེས“འོ་ན་ཁྱེད་ཀྱིས་ད་སོ་མར་ལབ་པའི་སྐད་ཆ་དེ་་་་ཧུ་ཧུ་་་”དགོད་བཞིན་དུ་སྐད་ཆའི་མཇུག་བསྐྱངས།

ངས“འོ།རེད།ཨ་མས་རྒྱུན་དུ་སྡེ་བའི་ནང་གི་རྒད་པོ་ཞིག་ངའི་ཨ་མྱེས་དང་ཨ་ན་མ་ན་རེད་ཅེས་ལབ་པས་ཡིན།”ཞེས་ལན་གླན་པ་ཡིན།

དེ་ནས་གཞོན་ནུ་དེས་ཡུན་རིང་ཞིག་ལ་བསམ་བློ་བཏང་མཐར། དྲང་མོར་བཤད་ན་ང་ཡང་པེ་ཅིན་ནས་ནར་སོན་པ་མིན། སློབ་ཆེན་ལོ་རིམ་གསུམ་པ་འདོན་བཞིན་པའི་སྐབས་དེར། ཁྱིམ་གྱི་ཨ་མ་ཁོ་ནའི་ཡོང་འབབ་ལ་འཁེན་ནས་སློབ་མཐར་ཕྱིན་རྒྱུའི་རེ་བ་མ་བྱས་པར་ཟམ་འོག་འདི་ནས་གླ་བྱས་པ་ཡིན། ལོ་རེའི་དབྱར་དགུན་གནང་གི་སྐབས་སུ་ད་གཟོད་ཕ་ཡུལ་དུ་ལོག་པ་ཡིན། ཁོས་ད་དུང་བཟི་མ་གཏམ་གྱིས་སྙན་ངག་པ་འབྲོང་གི་སྙན་ཚིག་ཅིག་བློ་ལ་གྱེར་ཡོང་།“ང་་་ང་ཕ་ཡུལ་ན་ཡོད་དུས། ཕ་ཡུལ་ཧ་ཅང་ཆུང་། ང་ཕུལ་ནས་ལམ་ལ་ཆས་སྟེ་ཕྱིར་ཕ་ཡུལ་ལ་བལྟ་དུས་ཕ་ཡུལ་ཧ་ཅང་ཆེ་་་་་་།”ཁོས་ད་དུང་བགྲེས་སོང་རྒད་པོ་དེ་ནི་ཉེ་ས་ནས་ཡར་དེད་ན་ས་སྐྱ་མགྲོན་མགོན་འཕགས་པ་པེ་ཅིན་དུ་སླེབས་པའི་རྗེས་ཀྱི་ལོ་ངོ་དུ་མའི་ཁྲོད།ལོ་རྒྱུས་སུ་བོད་པ་སྐོར་ཞིག་པེ་ཅིན་དུ་ཐོན་པ་ཡོད་པ་གསལ།དེ་ནས་བཟུང་རྒད་པོ་བགྲེས་སོང་ཀན་ཚང་གི་ཁྱིམ་རྒྱུད་ཀྱིས་པེ་ཅིན་གྱི་ཤར་ལམ་འདི་ནས་དུས་གཏན་དུ་གནས་ཡོང་རབས་ལབ་ཡོང་། རིང་ས་ནས་ཡར་དེད་ན་རྒད་པོ་དེ་བོད་བཙན་པོའི་སྐབས་ཀྱི་དམག་གི་རྒྱུད་པ་ཡིན་རབས་སོགས་ལུང་བ་བཀང་ལབ་ཡོང་དུས། ངས་ཀྱང་ས་རུབ་ཁ་འདིར། ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་འཚང་ཀའི་དབུས་ནས་ས་སྐྱ་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཐང་ག་ཞིག་ལས་ཅི་ཡང་དྲན་གྱི་མི་འདུག

ས་སྲོད་དེར། ཁ་དཔེར"བདུད་རྩི་ཆང་གིས་བཟི་ན་དྭངས་ཐབས་ཡོད་ལ། བརྩེ་དུང་འོ་མས་བཟི་ན་དྭངས་ཐབས་མེད་ཅེས་པའི་དཔེ་ལྟར་རྒད་པོ་བགྲེས་སོང་དེས་ཀྱང་བུ་མོ་གཞོན་ནུ་མ་ཞིག་ལ་འཐམས་ནས་ཝུ་ཆང་བཞེས་མགོ་བརྩམས་བྱུང་། རྒད་པོ་དེའི་གདོང་གི་གཉེར་མས་ཐད་ཀྱིས་གཤགས་ཤིང་། ཁ་ཡི་གཉེར་མས་ཐུར་དུ་གཤགས་ཡོད་ན་ཡང་། མཚན་མོའི་དུས་སུ་གཞོན་ནུ་ཞིག་དང་འདྲ་བར་རོལ་དབྱངས་དང་སྙིང་གཏམ་མ་ཡིན་པའི་སྙིང་གཏམ་གང་དེའི་སྤྲོ་སྐྱིད་ཀྱི་ཀློང་ན་ཚེ་མཇུག་གི་སྤྲོ་སྐྱིད་རོལ་ནས་ཡོད། དགོད་བྲོའི་ཟློས་གར་གླིང་གི་བུད་མེད་གཞོན་ནུ་མ་དེ་དག་དང་མཉམ་དུ་ཟམ་འོག་གི་འདུ་འཛིར་གནས་བཅས་ནས་ཡོད།  ངས་མིག་གི་བལྟ་ཕྱོགས་ཤིག་ལ། གཡུང་དྲུང་གི་རི་མོ་ཕབ་པའི་གོ་ཁུག་དེ་མཐོང་རྒྱུ་མི་འདུག ངའི་གམ་གྱི་གཞོན་ནུ་དེས་ཀྱང་ཕལ་ཆེར་བཟི་ཡོད་པ་འདྲ། ངས་ཁ་རོག་གེར་གོ་ཁུག་དེ་མི་འདུག་ཅེས་ལབ་དུས། གཞོན་ནུ་དེས་ངའི་པང་གི་བུ་ཆུང་གི་གཉིད་དཀྲོགས་པར་དོགས།  སྐད་དམའ་མོས་ཉིན་འགའི་སྔོན་ལ་གོ་ཁུག་དེ་ཕྱི་གླིང་གི་བུ་མོ་ཞིག་ལ་བཙོངས་ཡོད། དེ་རིང་གི་དུས་ཚོད་འདི་གོ་ཁུག་དེ་ཡ་གླིང་གི་གྲོང་ཁྱེར་ཞིག་ནས་བཤམས་པའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན། ཡང་གཅིག་གི་བཤད་ན། གོ་ཁུག་དེ་བོད་ཡུལ་ནས་འཚོ་བའི་ཚེ་མཇུག་གི་ཉིན་མོ་ཡིན།

གཞོན་ནུ་དེ་བཟི་འདུག  ཆང་ཕོར་ཆག་འདུག ཆག་གྲུམ་ཤོར་བའི་ཤེལ་ཟེགས་ཀྱིས་ལུས་པོར་རྨ་ཁ་དོད་འདུག ཁྲག་ཙ་ར་ར། མིག་ཆུ་ཤ་ར་ར། ང་སྐྲག་ནས་འདར་སིག་སིག་བྱེད། སེམས་པ་དེ་ཚ་བེར་བེར། ངའི་པང་གི་བྱིས་པས་སྔུར་བ་འཐེན་གྱིན་འདུག

ཁོས“གོ་ཁུག་དེ་ཁོའི་ཕ་དྲིན་ཆེན་པོ་དེ་ཉི་མ་ལྷ་སར་ཇོ་བོར་མཇལ་སྐབས་ལམ་ནས་རྙེད་པ་ཡིན"ཞེས་བཤད།

གཞོན་ནུ་དེས་ཆང་དམ་ཆ་གཅིག་ལག་པ་གཡས་གཡོན་གཉིས་ཀར་ཐོགས་ཤིང་། མཚམས་རེར་ཤུབ་ཤུབ་ཏུ་ངུས་ཡོང་། ཡང་མཚམས་མཚམས་སུ་ལྷུག་ལྷུག་ཏུ་དགོད། ཁོས་མིག་བཙུམ་ནས་ཅི་ཡང་མི་བཤད་ལ། ཡང་ཅི་ཞིག་གིས་དྲན་པ་བསློང་ཀིན་པ་དང་འདྲ་བར་ཝུ་ཆང་དམ་བེ་དེ་ཧབ་ཀྱིས་འཐུང་བཞིན་གངས་རི་དྲན་རབས་སྐད། ཁོས་པེ་ཅིན་ནས་ཁྱིམ་ཚང་ཞིག་ཏུ་གནས་བཅས་ཡོད་རབས་དང་། བྱིས་པས་ཕ་སྐད་མི་ཤེས་རབས་ལབ་ཡོང་། གང་ལྟར། བསྡད་ཀྱིན་བསྡད་ཀྱིན་ཁོ་བཟི་སོང་། བཟི་ནས་རབ་བེ་རོབ་བེ་ཞིག་ཏུ་ཆགས་ཤིང་། ཁོས་པེ་ཅིན་ནས་ཁ་བ་འབབ་ཐེངས་ཉུང་བའི་ཁར་ཁ་ཐག་རིང་བའི་ཕ་ཡུལ་དྲན་རབས་སོགས་ཅི་ཡང་ལབ་ཡོང་། ལམ་ཐག་ཅི་འདྲ་རིང་ན་ཡང་པེ་ཅིན་དུ་ཡོང་མཁན་གྱི་བོད་པ་ལོ་རེ་ནས་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་སྐད་འདུག ཟམ་འོག་ཟ་ཁང་དང་ཁ་བྲལ་མ་མྱོང་བའི་ངའི་ཡུམ་ཆེན་དང་། ས་འོག་ལྕགས་ལམ་གྱི་མི་ཚོགས་ཀྱི་ཁྲོད་ན་ཚོད་ཚོད་ལ་བཟི་ནས་བོད་སྐད་བོར་སོང་བའོ་ངའི་ཕ་ཡར།ད་དུང“ཨ་མདོའི་ཟས་མཆོག་སྤྲོ་སྐྱིད་གླིང་།”ཞེས་པའི་ཡིག་འབྲི་འདི་དག་གི་དྲིན་གྱིས་གསོས་པའི་ཞོ་ལོག་པ།(ཞོ་ལོག་པ་ནི་ཨ་མདོའི་ལུང་སྐད་བྱེ་བྲག་པ་ཞིག་སྟེ། སློབ་གྲྭ་ནས་སློབ་མཐར་མ་ཕྱིན་པར་ལོག་པའི་སློབ་མ།)ཡིན་ཡང་། ཁོ་རང་ཚོའི་ཁྲོད་ན་ཅི་ཡང་འགྲུབ་ཀྱིན་མེད་པར་ཕྱིར་ལོག་མཁན་ཡང་མ་བྱུང་ཞེས་ཀི་རིང་ཞིག་བཏབས་བྱུང་། ཏག་ཏག་ཨག་སྐད་དེས་ངའི་པང་གི་བུ་ཆུང་ཀྱང་གཉིད་ལས་དཀྲོགས་བྱུང་།

ས་རུབ་ལ་ཉེ། བུ་ཆུང་གི་ཨ་ཕས་ཁ་པར་སླེབས་མ་སོང་། པེ་ཅིན་གྱི་གྲོང་མི་ཚོ་ཁྱིམ་དུ་ལོག་རྒྱུའི་སྟ་གོན་ལ་བྲེལ་མགོ་བརྩམས་བྱུང་། མེ་འཁོར་གྱི་རྐན་སྒྲ་ཡང་ཇེ་གསལ་ནས་ཇེ་གསལ་རེད། ཁོར་ར་ཁོར་ཡུག་ཀུན་ཏུ་འུར་སྒྲ་ཇེ་ཆེ་ནས་ཇེ་ཆེ་རུ་གྱུར་ནས་རིམ་བཞིན་ཟང་ཟིང་ཞིག་ཏུ་གྱུར་སོང་། ཟ་ཁང་གི་མགྲོན་པོ་ཚོས་ཀྱང་བྷི་རག་བཞེས་མགོ་བརྩམས་བྱུང་། སྦྱིན་བདག་གཞོན་ནུ་དེས་ཟ་ཁང་གི་ཞབས་ཞུ་མཁན། བུད་མེད་ལོ་ཆུང་ཞིག་དང་འགྲོགས་ཏེ་ཟ་ཁང་གི་ཟུར་ཞིག་ནས་མཐོང་རྒྱུ་མ་བྱུང་། ཟ་ཁང་གི་སྒྲོན་འོག་གི་གྲིབ་གཟུགས་འོག་ནས་སྦྱིན་བདག་གཞོན་ནུ་དེའི་ལག་པ་ཡ་གཅིག་མངོན་འདུག ལག་པ་ཡ་གཅིག་པོ་དེ་ཡུན་རིང་ཞིག་ལ་གྲིབ་གཟུགས་དེའི་འོག་ནས་ཡལ་རྒྱུ་ཞིག་མ་བྱུང་། ཟ་ཁང་གི་འགྲུལ་བ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཨ་རག་ལ་རོལ་བྱུང་། གཞོན་ནུ་ལོ་ཆུང་ཞིག་གི་ཨག་སྐད་དང་གསར་མོ་ལོ་ཆུང་ཞིག་གི་ངུ་སྐད་གཞི་གཅིག་ཏུ་འདྲེས་སྟེ་ཐ་མར་ཟ་ཁང་ཧྲིལ་བོ་འུར་ཟིང་སེ་བཏང་སོང་། ངའི་པང་གི་བྱིས་པས་ཀྱང་གཉིད་མ་སད་ཀྱིས་ཨ་མ་ཞེས་ཐེངས་ཆ་གཅིག་ལ་བོས་རྗེས་སླར་ཡང་གཉིད་དུ་ལོག་སོང་།

ཉིན་འདི་དག་གི་རིང་ལ། ས་རུབ་རྗེས་པེ་ཅིན་ལ་གློག་ཆད་པའི་གོམས་སྲོལ་ཞིག་ཆགས་འདུག ཟམ་འོག་འདི་ནས་ངས ་སྒུག་ནས་ཡུན་རིང་ཕྱིན་ཀྱང་། བཙལ་གྱིན་པའི་མི་དེ་སླེབས་རྒྱུ་མ་བྱུང་། གློ་བུར་དུ་ཟམ་འོག་འདིར་གློག་ཆད་སོང་། མུན་ནག་གི་ཁྲོད་ནས་ཅི་ཡང་མཐོང་རྒྱུ་མ་བྱུང་། ངས་བུ་ཆུང་པང་ནས་ཁྱིམ་དུ་ལོག་རྒྱུ་བྱས་ཀྱང་ཅི་ཡང་མི་མཐོང་། ཟམ་འོག་གི་མེ་འཁོར་གྱི་ཚོགས་ནི་སྔར་བཞིན་ལྡི་རུ་ལྡི་རུ་མདུན་ནས་མདུན་དུ་བསྐྱོད་ཀྱིན་གདའ།  དྭ་ཕྲུག་ཁང་གི་བྱིས་པ་ཚོའི་དགོད་སྒྲ་མི་ཐོས་པས་ཡིན་ནམ་ཅི། མཚན་མོ་དེར། ནོར་བུ་བསམ་འགྲུབ་ཀྱིས་ངའི་པང་ནས་ལྷུག་ལྷུག་ཏུ་དགོད་ཀྱིན་འདུག  ཡུལ་མི་ཚོས་བཤད་རྒྱུན་ལྟར་ན་བྱིས་པ་རློན་ནུའི་དུས་སུ་བགད་པ་དེར་ལྷ་དགོད་བྱེད་ཀྱིན་འདུག་ཟེར། ཡང་མཚམས་རེ་རེ་དངན་པ་འཐེན་པ་ལས་རྒྱ་སྐད་ཀྱི་བྱིས་གླུ་ཐན་ཐུན་དེ་དག་ལེན་རྒྱུའི་རེ་བ་ཅི་ཡང་མི་བྱེད། ནམ་རྒྱུན་ཡིན་ན། ང་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་ལམ་ཁར་བུ་ཆུང་གིས་དྭ་ཕྲུག་ཁང་གི་རྒྱ་སྒོ་བརྒྱུད་ནས་བསླབ་པའི་བྱིས་གླུ་དེ་དག་ཡིད་ལ་འཇགས་ཅི་ཐུབ་ལ་བརྩོན་སྲིད། ཡིན་ཀྱང་། དོ་ནུབ་བྱིས་པ་འདིས་ཅི་ལ་ཡང་རེ་བ་མི་བྱེད་པར་གཉིད་ནས་བསྡད་འདུག  ངའི་ལག་པ་ནས་འཇུས་སྟེ་མཚན་མོ་དེར་ཅིས་ཀྱང་མ་གློད། ངའི་སྣང་བ་ཞིག་ལག་པ་ནས་འཇུ་ཐེངས་རེར་ཇེ་དམ་ནས་ཇེ་དམ་དུ་གྱུར། ས་རུབ་ཁར་ནོར་བུ་བསམ་འགྲུབ་ཀྱིས་མིག་ཕྱེས་སྟེ་ཨ་མ་འུ་གཉིས་ཀྱིས་དོན་དངོས་སུ་ལ་སྒུག་ཀིན་ཡོད་ཅེས་ཡང་དང་བསྐྱར་དུ་དྲིས་ན་ཡང་ངས་ཅི་ཡང་མ་ལབ། རྒྱུ་མཚན་ས་རུབ་ཁར་ཟམ་འོག་ཟ་ཁང་གི་སྦྱིན་བདག་དེས་སླར་ཡང་ངེད་མ་བུ་གཉིས་ཀྱི་རྗེས་སྙེགས་བྱུང་། ཁོས་གོམ་ཆུང་འགའ་ངའི་རྗེས་སུ་སྤོ་ཞོར་ཟ་ཁང་གི་གླ་བ་བྱ་རྒྱུའི་བསམ་ཚུལ་འདྲི། ས་རུབ་ཁར། ངའི་ཞེ་ལ་ཐོགས་པ་ཞིག་ནི་སིང་ག་ཕོར་ནས་ཡིན་པའི་གཞོན་ནུ་མ་དེ་ཡིན། ཟ་ཁང་གི་སྒོར་བུད་དེ་ཟམ་འོག་ནས་ལམ་ལ་ཆས་གྲབས་ཡོད་དུས། གཞོན་ནུ་མ་དེ་སྔ་མོ་ནས་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེར་འགྲོགས་ནས་གཡུང་དྲུང་གི་རི་མོ་ཕབ་པའི་གོ་ཁུག་དེར་རེག་གིན་འདུག དེ་ནས་ཅུང་ཙམ་འགོར་རྗེས་གློག་ཆད་སོང་། ་ངའི་མིག་ལམ་ནས་ཕྱི་གླིང་གི་བུ་མོ་དེ་བོར་སོང་། དེ་དང་ཆབས་ཅིག་གཡུང་དྲུང་གི་རི་མོ་ཕབ་པའི་ཟམ་འོག་ཟ་ཁང་གི་གོ་ཁུག་དེ་ཡང་མི་སྣང་བར་གྱུར། དེ་ལོས་ཡིན། མ་གཞི་ནས་ས་རུབ་འདུག གློག་ཀྱང་ཆད་སོང་། ངས་ཁ་རོག་ཁ་རོག་གིས་ནོར་བུ་བསམ་འགྲུབ་ལ་ས་རུབ་རྗེས། ཁྱོད་སད་དགོས་ཨ་ཕ་ཡོང་རྒྱུ་རེད། ཅེས་ལབ་ན་ཡང་བྱིས་པ་འདིས་ནམ་མཁར་བལྟ་བ་ལས་ངས་བཤད་པའི་སྐད་ཆ་དེར་ཡེ་ནས་ཨ་ལན་མ་སྟེར།

དོན་དངོས་སུ་ངས་བརྡ་འཕྲིན་ཞིག་ལ་སྒུག་གིན་ཡོད། གཟའ་ལྷག་པའི་དགོང་མོ་དེར་ངས་དགོང་ཚོགས་གྲོལ་ནས་ཁྱིམ་དུ་ལོག་ལ་ཉེ་དུས། ཨ་རི་ནས་བརྡ་འཕྲིན་ཞིག་འབྱོར་འོང་།བརྡ་འཕྲིན་དུ“མ་གསང་དྲང་མོར་བཤད་ན་ལོ་ངོ་འདི་དག་གི་རིང་ལ་ངས་ཁྱེད་མ་བུ་གཉིས་ཀྱི་འཚོ་བའི་ཐད་དུ་སེམས་འཁུར་བྱས་ནས་བསྡད་ཡོད། ལྷག་དོན་ཉིན་འདི་དག་གི་རིང་ལ་བུ་ཆུང་ཡང་རྨི་ལམ་དུ་འཁོར་ནས་ཡོང་།  ངས་ཁྱེད་ལ་རེ་བ་ཞུ་རྒྱུ་ཞིག་ལ། ད་ཐེངས་ཀྱི་གཟའ་མཇུག་ལ་ང་ངེད་ཀྱི་ཀུང་ཟི་ཡི་ཚབ་བྱས་སྟེ་ཀྲུང་གོ་ནས་ཚོགས་འདུ་ཞིག་ལ་ཞུགས་དགོས་པས་ཞོར་དུ་བུ་ཆུང་ལ་ཅིག་བལྟ་རྒྱུ་བྱུང་ན་བསམ། ད་དུང་ཁྱོད་ཀྱང་སེམས་ནས་དྲན་ཀི་འདུག དུས་ཚོད་གཟའ་ཉི་མའི་ཉིན། ས་གནས་གསར་དུ་སྒོ་ཕྱེས་པའི་པེ་ཅིན་བརྒྱད་གཅིག་ལམ་གྱི་ཟམ་འོག་ཟ་ཁང་ནས་སྒུག ཅིག་བྱས་ན་བྱང་ལྷོ་མའི་གནམ་གྲུ་འབབ་ཐང་ཡིན་ན་ཐང་། གང་ལྟར། ངས་ནོར་བུ་བསམ་འགྲུབ་ཅིག་རིག་འདོད་ཆེ།སྐབས་དེར་འབྲེལ་བ་བྱེད་ཡོང་།”ཞེས་བྲིས་འདུག

ངས་དུས་ཚོད་ཡུན་རིང་ཞིག་ལ་སྒུག་ཀྱང་། ཁ་པར་ལ་སྔར་བཞིན་གྲགས་འགུལ་ཅི་ཡང་མེད། ངའི་པང་ན་གཉིད་དུ་ཡུར་བའི་བུ་ཆུང་གི་སྔུར་སྒྲ་དེ་རེ་འཇགས་རེ་ལངས་ཀྱིས་ཡོང་དུས། མེ་འཁོར་གྱི་རྐན་སྒྲས་ཡོངས་སུ་གཡོགས་སྟེ་ཅི་ཡང་མི་མཐོང་ཞིང་ཅི་ཡང་མི་ཐོས་པར་བྱེད། བྱིས་པ་ཆུང་ཆུང་འདི་ནམ་རྒྱུན་ཡིན་ན་ཤིན་ཏུ་པྲ་ཚག་ཅིག་ཡིན་མོད། ཟམ་འོག་ཟ་ཁང་ ནས་ཁོས་ཀྱང་སུ་ཞིག་ལ་སྒུག་གིན་པ་ནང་བཞིན་ཁ་རོག་གེར་ངའི་པང་ནས་ཉལ་འདུག  མཚམས་རེར་ཁོའི་གདོང་ལ་དགོད་ཁ་ཤོར་ཞིང་། ཡང་མཚམས་རེར་གདོང་གི་སྨིན་མ་སྡུད་ཅིང་ངོ་མདངས་མི་ལེགས་པར་འགྱུར།

ཟླ་འོད་མེད་པས་ཟམ་འོག་གི་ཟ་ཁང་འདི་ནས་ངས་ཅི་ཡང་མི་མཐོང་།ཟ་ཁང་གི་ཁང་མིག་རེ་རེ་ནས་ཞག་སྒྲོན་གྱི་འོད་མདངས་གསལ་ལ་མི་གསལ་བ་ཞིག་བཀར་ཡོང་། ངས་ཁ་ཕྱིར་འཁོར་ནས་བལྟ་དུས་ཁང་མིག་ཅིག་གི་དྲ་མའི་གྲིབ་གཟུགས་འོག་ན་མི་ཞིག་ད་དུང་ལངས་ནས་བསྡད་འདུག མུན་ནག་པའི་ཁར་ཟམ་འོག་ཅིག་ཏུ་གནས་པས་གསལ་བོ་ཞིག་ཡེ་ནས་མི་མཐོང་། ཡིན་ཡང་། སྒེའུ་ཁུང་ཞག་སྒྲོན་གྱི་འོད་མདངས་ལས་རྒན་མོ་བགྲེས་སོང་མ་དེ་ཡིན་པའི་ཚོར་བ་སྦྱིན། མོས་བྱུ་རུའི་ཕྲ་རྒྱན་བཏབ་པའི་སྐྲ་འཛེར་དེ་སྒེའུ་ཁང་གི་སྒྲོན་འོད་ཀྱི་འོག་ནས་འོད་ལམ་ལམ་བྱེད། ལོ་ན་བགྲེས་ན་ཡང་བོད་པའི་བོད་མོའི་གདོད་མའི་ཉམས་དེ་སྔར་བཞིན་ཡོད། མཚན་མོ་དེར། བུ་ཆུང་པང་ནས་སྒེའུ་ཁང་གི་གམ་ནས་ནང་དུ་བལྟ་དུས། རྒན་མོ་དེས་ཞག་སྒྲོན་གྱི་འོད་ལ་འཁེན་ནས་མ་ཎི་ཡིག་དྲུག་གི་རས་བྲིས་ཤིག་གཙགས་ཀིན་འདུག མོའི་ངོ་གདོང་སྡུག་གིས་མནར་ཞིང་མེ་འཁོར་གྱི་རྐན་སྒྲ་གློ་བུར་དུ་གྲགས་ཐེངས་རེར། མོས་ཡིད་ཙམ་ལ་ངལ་གསོས་ཤིང་། ཡང་མུ་མཐུད་དུ་ཁབ་སྐུད་གཅིག་རེ་གཅིག་རེ་བྱས་ནས་མོའི་ལས་དོན་དེ་འགྲུབ་ཅི་ཐུབ་ལ་འབད་ཀྱིན་འདུག ངས་རང་གིས་རང་ལ་གོ་ཁུག་ཆུང་ཆུང་བོ་དེ་ཡང་ཨ་ཡེ་རྒན་མོས་བཟོས་པ་ཡིན་ཐག་ཆོད་རེད་ཅེས་ཆིག་ལབ་ཅིག་རྒྱག་དགོས་སོང་། མོས་གཙགས་པའི་མ་ཎི་ཡིག་དྲུག་གི་གཙགས་དྲུབ་ཀྱི་ལས་དོན་དེ། ཉམ་ཐག་པའི་ཞག་སྒྲོན་ཞིག་ལ་འཁེན་ནས་མོའི་ཆེས་དུངས་པའི་ལྷ་དམ་པ་དེའི་མདུན་དུ་འཁྲིད་འགྲོ་ནང་བཞིན་གསོལ་བ་འདེབས་ཀྱིན་འདུག ཟམ་འོག་ཟ་ཁང་གི་ལྷིང་འཇགས་ཀྱི་བར་གསེང་དེ་དག་སྤྱད་ནས་དད་པའི་མཐུ་སྟོབས་དེ་མ་ཎི་ཡིག་དྲུག་གི་དབྱངས་རྟ་ལ་བརྒྱུས་ནས་གྲོང་ཁྱེར་གྱི་འཚོ་བའི་ཟང་ཟིང་ལ་ཀུ་ཡངས་ཐེངས་ཤིག་བཏང་བ་ཡིན་ཀྱང་སྲིད། རྒན་མོ་དེས་རྒས་གཉེར་གྱིས་བཏུམ་པའི་ཕྱག་ཟུང་གིས་མ་ཎི་གཙགས་མ་དེ་ལ་ཡང་ཡང་རེག་བྱུང་། སྒྲོན་འོད་ཀྱི་འོག་ནས་མོས་ཁབ་སྐུད་དེ་དག་གཅིག་རེ་གཅིག་རེ་བྱས་ནས་བརྒྱུས་བྱུང་། མོས་ལུས་ཧྲིལ་བོ་ཁེབས་པའི་གོན་པ་ཞིག་གྱོན་ཡོད་ལ། ལྭ་བ་དེ་ཡང་མོའི་ལུས་པོར་མི་མཛའ་རྒྱུ་ཡང་མི་འདུག དེ་ནི་ངའི་སློབ་ཆེན་སྐབས་ཀྱི་ཡུར་གར་མ་དེ་དག་གི་གྱོན་པའི་གྱོན་ཆས་དང་ཆ་འདྲ་བོ་ཡོད། རྐང་ལ་གྲོང་ཁྱེར་གྱི་རྒྱ་མི་ལོ་ལོན་ཚོས་གྱོན་པའི་རས་ལྷམ་ནག་པོ་ཆ་གཅིག་གྱོན་འདུག ཡུལ་མི་ཚོས་ལྷམ་དེ་ལ“ཀློའུ་གྱད”ཟེར། ཡུལ་མི་ཚོའི་ངག་རྒྱུན་གྱི་བཤད་ཚུལ་ཞིག་ལ་ལོ་སེམས་སྙེབས་ལོ་ཡིན་ཞེས་བཤད།(དེ་ནི་ཕ་ཡུལ་གྱི་བཤད་སྟངས་ཤིག་སྟེ་མི་ལོ་ལོན་ན་སེམས་བྱིས་པའི་སེམས་ལྟ་བུ་ཞིག་ཏུ་འགྱུར།)རླུང་གི་སྐྱོམས་པའི་སྒྲོན་མེས་འོད་ཀྱིས་མཚམས་རེར་མོའི་དྲན་ངོས་སུ་སྐྱོ་གདུང་གི་རི་མོ་ཞིག་ཕབ་པ་མོད། མཚན་མོ་དེ་མོས་ཅི་ཡང་ཚོར་གྱིན་མི་འདུག དྲ་མའི་ནང་ནས་ལྡིང་ཡོང་བའི་བསིལ་རླུང་གིས་མོའི་སྐྲ་ལོ་གཟེངས་ཤིང་མོའི་གཙགས་དྲུབ་སྒུལ་ན་ཡང་། མོས་སྣང་དོགས་ཅི་ཡང་མེད་པར་མགོ་བོ་སྒུར་སྒུར་གྱིས་ཡིག་དྲུག་གི་རི་མོ་དེ་རས་ངོས་སུ་གཙགས་ཅི་ཐུབ་བྱེད། གཏན་ནས་མཚམས་འཇོག་རྒྱུ་མ་བྱུང་།  ཞགས་སྒྲོན་གྱི་འོད་སྣང་ལ་འཁེན་པའི་ཟམ་འོག་ཟ་ཁང་གི་ཁང་མིག་ཆུང་ཆུང་དེ་མ་གཏོགས། གྲོང་ཁྱེར་ཧྲིལ་བོ་མུན་ནག་ཅིག་གིས་བཏུམས་ནས་ཅི་ཡང་མཐོང་རྒྱུ་མི་འདུག དཀར་མེའི་མེ་ལྕེ་དེ་དྲ་མར་རྒྱུ་བའི་རླུང་བུ་ལྡོམ་པོ་རེ་རེ་ཡིས་བསྐྱོམས་དུས། ང་ནི་ཚོད་ཚོད་ལ་འདར་གྱིན་འདུག  ཁོར་ར་ཁོར་ཡུག་ཚང་མ་སྔར་བཞིན་ལྷིང་འཇགས་གེར་ཅི་ཡང་ཐོས་རྒྱུ་མི་འདུག

མཚམས་མཚམས་སུ་རླུང་གི་རྒྱུ་ཕྱོགས་ཤིག་གིས་ས་འོག་ལྕགས་ལམ་གྱི་མི་ཚོགས་ཀྱིས་ཆོབ་སྒྲའི་ཟུར་ཙམ་ཞིག་ཐོས་ཡོང་། “ཆོས་ལ་སྐྱབས་བསུ་མཆིའོ།། དགེ་འདུན་ལ་སྐྱབས་བསུ་མཆིའོ།།་་་་་”ཞེས་སྐྱབས་འགྲོ་ཚར་གཅིག་ཟམ་འོག་འདི་ནས་ག་ལེར་ངའི་རྣ་ལམ་དུ་མཚན་གུང་གི་རླུང་བུའི་དེད་ནས་ཐོན་ཡོང་། རེད། མ་གཞི་རྒན་མོ་དེས་ཁ་འདོན་བཏོན་བྱུང་། ངས་རྣ་བ་བླགས་ནས་ཉན་པ་ན་ཡང་ཅི་ཡང་མ་ཐོས། འོན་ཀྱང་། མུན་ནག་གི་ཁྲོད་ནས་སྐྱབས་འགྲོ་ཚར་གཅིག་པུ་དེ་ངའི་རྣ་ལམ་ནས་ཡུན་རིང་ཞིག་ལ་གྲགས་ཀིན་འདུག ངས་པང་གི་བྱིས་པ་དེ་དམ་པོར་བསྡམས་ནས་ཡང་བསྐྱར་སྒེའུ་ཁུང་གི་དྲ་མའི་གམ་དུ་བཅར་ནས་ཞིབ་ཏུ་བལྟས་པ་ན། རྒན་མོ་དེས་གམ་གྱི་འགྱིག་ཤིང་གི་ཅོག་ཙེ་རྙིང་བ་དེར་བསྔས་ནས་གཉིད་ལྕོག་རྒྱག་ཀིན་འདུག ཞགས་སྒྲོན་དེ་ཡང་མཚན་གུང་གི་རླུང་བུའི་སྐྱོམས་སྟེ་ཚ་ཟད་ཅིག་ཏུ་བཏང་ཚར། བགྲེས་སོང་རྒན་མོ་དེའི་མིག་ཀོང་དུ་འཁྱིལ་བའི་མཆི་མའི་ཐིག་པ་དེ་དག་མེ་ལྩེའི་སྒང་ལ་ཟགས་ནས“ཚག་་་་་ཚག་་་་་ཚག”ཅེས་སྒྲ་ཞིག་རྒྱུན་མི་ཆད།

གཟིམ་ལ་ཉེ་བའི་ཞགས་སྒྲོན་རྐང་གཅིག་པོ་དེས་མོའི་གདོང་ལ་དྲོད་ཁོལ་ཞིག་བསྐྱིལ་ཡོད་ན་ཡང་། མོས་ཕལ་ཆེར་རེ་བ་དང་ཡིད་ཆེས་ཅི་ཡང་མེད་པར་ལེ་བདའ་དང་འཁང་ར་ཞིག་གི་ངང་ནས་གཉིད་སོང་བ་ལྟ་བུའི་ཚོར་སྣང་ཞིག་ངང་གིས་སྟེར་ཡོང་། མ་གཞི་འཇིག་རྟེན་འདི་བརྩེ་དུང་དང་རེ་སྨོན་གྱི་གྲུབ་པ་ཞིག་ཡིན་ནམ། འགྱོད་གདུང་དང་འཁང་ར་ཡིས་གྲུབ་པ་ཞིག་ཡིན་ནམ། གང་ལྟར། ངས་རང་གིས་རང་ལ་དྲི་བ་ཞིག་འདྲི་མགོ་བརྩོམས་དུས། རླུང་བུ་གྲང་མོ་ཞིག་གིས་ངའི་ཕྱི་ནང་གཉིས་ཀ་འཁྱགས་ཤུར་ཤུར་ཞིག་ཏུ་བཏང་སོང་། ནོར་བུ་བསམ་འགྲུབ་ཀྱིས་རྐང་ལག་འགུལ་ཙམ་འགུལ་ཙམ་གྱིས་སླར་ཡང་མགོ་བོ་ངའི་བྲང་གཞུང་དུ་བསྔས་ནས་དངན་པ་ཐན་ཐུན་ཞིག་འཐེན་བྱུང་། མཚན་མོ་དེར། ངའི་སེམས་སུ་རང་དབང་མེད་པར་མུན་ནག་གི་ཁྲོད་ནས་མི་ཞིག་གིས་ང་འཚོལ་གྱིན་པའི་གོམ་སྒྲ་ཐོས་ཤིང་། ངས་ཀྱང་དམིགས་ཡུལ་ཅི་ཡང་མེད་པར་མི་ཞིག་ལ་སྒུག་འདུག་པའི་ཚོར་སྣང་སྐྱེས་ཡོང་།

ཟམ་འོག་དེ་ནས་ངས་ཅི་ལྟར་སྒུག་ཀྱང་མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་། ངས་ཀྱང་ཟམ་འོག་ཟ་ཁང་གི་ཁང་མིག་ཅིག་གི་གྱང་ངོས་སུ་རྒྱབ་གཏད་དེ་ནམ་ལངས་རྒྱུར་རེ་བ་བྱས་པ་ཡིན། སྒུག་སྒུག་པའི་ཐ་མར་སོ་མ་སྐྱ་མདའ་འགྱོགས་ལ་ཉེ་དུས། ང་གཞི་ནས་གཉིད་དུ་ཤོར་ནས་ནམ་ལངས་པ་ཡང་མ་ཤེས། གཉིད་ལས་སད་དུས་ངས་ཟམ་འོག་ཟ་ཁང་གི་ཁང་མིག་ཅིག་ཏུ་བུ་ཆུང་རུམ་ནས་ཉལ་འདུག ནོར་བུ་བསམ་འགྲུབ་ཀྱིས་ངའི་བྲང་གཞུང་ལ་ཐོད་པ་བཞག་ནས་ལག་པས་ངའི་སྐེ་ཡི་སྲུང་འཁོར་དེར་རེག་གིན་འདུག ངས་མྱུར་དུ་མགོ་བོ་ཡར་བཀྱགས་ནས་ལ་བལྟ་ལུང་བལྟ་ཞིག་བྱས་དུས། ཟ་ཁང་གི་ཨ་ཡེ་རྒན་མོ་དེས་སྔ་མོ་ནས་མལ་ལས་ལངས་སྟེ་ཟམ་འོག་མི་ཚོགས་ལ་འགྲོ་ལམ་ཕྱགས་ཀྱིན་འདུག མ་གཞི་གྲོང་ཁྱེར་ལ་ཁ་བ་བབས་འདུག

ནོར་བུ་བསམ་འགྲུབ་ཀྱིས་ཅི་ཞིག་མཐོང་སོང་བ་ནང་བཞིན་སྒོའི་ཕྱི་རོལ་ཏུ་རྒྱུགས་ནས་སོང་། ཁོས་ཁ་བའི་མི་ཆུང་ཞིག་བཟོས། ཨ་ཡེ་རྒན་མོ་དེ་ཡང་བྱིས་པ་བསམ་མེད་ཅིག་དང་འདྲ་བར་ནོར་བུ་བསམ་འགྲུབ་དང་ལྷན་ཏུ་ཁ་བའི་མི་ཆུང་དེའི་གམ་ནས་ཡར་རྒྱུགས་མར་རྒྱུགས་བྱེད། མོས་དཀའ་སྣང་ཅི་ཡང་མེད་པར་ལག་གི་ཕྱགས་མ་བཟུང་ནས་ཁ་བའི་མི་ཆུང་དེ་ལ་མིག་དོད་ཅིང་།དེ་ནས་རིམ་བཞིན་ཁ་སོགས་དོན་ལྔ་སྣོད་དྲུག་ཚང་མ་བཟོས་སོང་། སླད་མར་ཅི་ཡང་འཛོམས་པའི་ཁ་བའི་བུ་མོ་ཆུང་ཆུང་ཞིག་ཏུ་ཆགས། ཁངས་མི་བུ་མོ་དེར་མོས་སྐུད་པ་ནག་ནག་གི་སྐྲ་ལོ་ཞིག་བཏགས་ཤིང་། མོའི་བྱུ་རུའི་སྐྲ་འཛེར་དེ་ཡང་ཁངས་མི་བུ་མོ་ཆུང་ཆུང་དེའི་སྐྲ་གསེང་དུ་འཛེར་བྱུང་། ནོར་བུ་བསམ་འགྲུབ་ཀྱང་རྒན་མོ་དེ་དང་ལྷན་དུ་ཞོགས་པའི་ཁ་བའི་ཀློང་ནས་ཕྱིར་ལོག་རྒྱུ་མ་བྱུང་།

ཟམ་འོག་ཟ་ཁང་གི་ཕར་འགྲོ་ཚུར་འོང་གི་མི་ཚོགས་ཀྱིས་འཆར་ཀའི་ཁ་བའི་ཀློང་ན་འདུར་རྒྱུགས་རྒོད་པའི་རྒན་མོ་དེར་བལྟ་ཙམ་བྱེད། སྤྱིར་གྲོང་ཁྱེར་ནས་ལོ་ལོན་ཚོ་སྔ་མོ་མལ་ལས་ལངས་པའི་གོམས་སྲོལ་ཞིག་ཆགས་ཡོད་ན་ཡང་། དེ་དག་གིས་ནི་སྤྱི་གླིང་གང་ཞིག་ཏུ་ཆས་པར་བྲེལ་བ་ལས་རང་ཁྱིམ་ནས་འདུག་པའི་སྲོལ་ཞིག་ཕལ་ཆེར་མེད་པ་འདྲ། སྒེའུ་ཁུང་ནས་ཕྱི་ལ་བལྟས་ན་ཁ་བའི་འཇིག་རྟེན་ཞིག་གིས་གྲོང་ཁྱེར་གྱི་ཁང་བརྩེགས་མནན་ནས་ཡོད་ཅིང་། ལམ་འགྲམ་གྱི་ས་ལ་ལྷུང་བའི་ལོ་མ་སེར་པོ་དེ་དག་གི་སྟེང་དུ་ཞོགས་པའི་ཉེ་ཟེར་གྱི་འོད་མདངས་གླན་རྗེས། ཟིལ་ཆུའི་ཐིགས་པས་གསེར་མདོག་གི་ལོ་མ་སྦངས་ནས་ནེམ་ནེམ་ཞིག་ཏུ་བཏང་འདུག ལོ་ན་བགྲེས་པའི་རྒན་མོ་དེའི་ལན་བུ་གཉིས་པོ་ཡང་ཟིལ་ཆུས་བརླན་བཞིན་འོ་ཟེའུ་ནང་གི་གསང་བ་མིག་ཆུའི་ནང་ལ་ལྷུང་སོང་།

 “བུ་ཆུང་། པེ་ཅིན་ནས་ཁ་བ་ང་རང་ཚོའི་ཚེ་བླ་སྲོག་གསུམ་ལ་འཐིམ་ནས་ཞུ་སོང་རུང་། ང་རང་ཚོ་ཁ་བའི་ནང་དུ་འཐིམ་ནས་ཞུ་མི་རུང་།” རྒན་མོ་དེས་དེ་སྐད་ལབ་བྱུང་།

 “ཨ་ཡེ། ཁྱོད་ངུ་དོན་ཅི་ཡིན།” ནོར་བུ་བསམ་འགྲུབ་ཀྱིས་དེ་ལྟར་ལབ།

 “པེ་ཅིན་ནས་ཁ་བ་བབ་ན་ལོ་ལོན་ཚོས་མིག་ཆུ་ཤོར་ཡོང་།”ཞེས་ལབ།

 “འོ།  རྒྱ་སྐད་བོད་སྐད་འདྲེས་མས་ཁ་བའི་ཁྲོད་ཀྱི་རྐང་རྗེས་བརྩི་ཞོར་བཤད་རྒྱུར།ཉི་མས་ཁ་བ་མ་ཞུ་ན།ངས་ཨ་ཡེ་དང་མཉམ་དུ་དུས་གཏན་ཏུ་ཁངས་མི་བཟོས་ཆོག  ”ཞེས་བཤད།

རྒན་མོ་དེས་རླུང་གིས་འཁུར་ཡོང་བའི་ལོ་མ་ལྡོམ་པོ་ཞིག་ཕྱགས་མས་མནན་བྱུང་། མོས་སྟོན་རླུང་གིས་བདས་ཡོང་བའི་ལོ་མ་དེ་ལག་ཏུ་བཟུང་ནས་སྟེང་གི་ཤུར་མོ་དེ་དག་གི་གྲངས་ཀ་བགྲངས། ཨ་ཡེ་དེས"གཅིག་་་་་གཉིས་་་་གསུམ་་་་་"ཞེས་རྩིས་ཡོང་དུས། ནོར་བུ་བསམ་འགྲུབ་ཀྱིས་ཀྱང་ཨ་མ་རྒན་མོ་དེའི་རྗེས་མཐུད་དེ་གསལ་ཞིང་དག་པའི་སྒོ་ནས་"གཅིག་་་་་གཉིས་་་་གསུམ"ཞེས་བརྩིས་བྱུང་། དེ་ནས་རིམ་བཞིན་རླུང་བུ་འཇགས་ཤིང་། ཉི་འོད་ཀྱང་ཟམ་འོག་གི་ཟ་ཁང་གི་གྱང་ངོས་ལ་འོད་ལམ་ལམ་གྱིས་འཕྲོས་འོང་། རྒན་མོ་དེས་ཀྱང་ག་ལེར་ཁངས་མི་བུ་མོ་ཆུང་ཆུང་དེའི་སྐྲ་གསེང་ནས་བྱུ་རུ་སྐྲ་འཛེར་དེ་བླངས་སྟེ་རང་ཉིད་ཀྱི་སྐྲ་གསེང་དུ་བཙུགས་སོང་། རྒན་མོ་དེས་རྒྱབ་གཟུགས་ཞོགས་པའི་ཉི་འོད་ལ་གཏད་ནས་ཡུད་ཙམ་ལ་ངལ་གསོས། ཉི་འོད་ཀྱི་ཀློང་ནས་དངུལ་གྱིས་ཤན་པའི་བྱུ་རུའི་སྐྲ་འཛེར་དེ་འོད་ལམ་ལམ་བྱེད་ལ། མཚམས་རེར་ཉི་འོད་ལྡོག་འཕྲོ་བྱས་སྟེ་ང་ཡོད་སའི་ཁང་མིག་དེའི་དྲ་མའི་ནང་དུ་བརྒྱབ་ནས་ངའི་མིག་ཀྱང་གཙེས་པར་བྱེད།

དེ་ནས་ཅང་མ་འགོར་སྦྱིན་བདག་གཞོན་ནུ་དེས་ཀྱང་་སྲིང་བལ་གྱི་ལྭ་རིང་ཞིག་ལ་གཡང་ཤམ་བྱས་སྟེ། ཟམ་འོག་ཟ་ཁང་གི་ཁང་མིག་ག་གེ་མོ་ཞིག་ནས་ཐོན་ཡོང་། ཁོའི་སྐྲ་ལོ་གཟེངས་ཤིང་། མིག་ཡ་གཅིག་ཕྱེས་ཤིང་མིག་ཡ་གཅིག་བཙུམ་ནས་སྒོར་བུད་བྱུང་། སྟོན་མཇུག་གི་རིང་ལ་དུབ་པའི་མཚན་ལྗོངས་ཤིག་ཕར་ལ་བསྐྱེལ་བས་ཡིན་ནམ་ཅི། ཁོས་ཀླད་སྒྱིང་ཐེངས་འགའ་བྱས་རྗེས། སྣ་གླུ་ཐན་ཐུན་ཞིག་ལེན་བཞིན་གང་ཞིག་ཏུ་འཛུལ་སོང་བ་ནང་བཞིན་ངས་ཅི་ཡང་མི་མཐོང་བར་གྱུར། གཞོན་ནུ་དེ་ཡང་གཡུང་དྲུང་གི་རི་མོ་ཕབ་པའི་ཟམ་འོག་ཟ་ཁང་གི་གོ་ཁུག་དེ་ནང་བཞིན་རིམ་བཞིན་རབ་རིབ་ཅིག་ཏུ་གྱུར་ནས་ཕྱིས་སུ་ཅིས་ཀྱང་མཐོང་རྒྱུ་བྱུང་།

རེད། དྲ་མའི་ངོས་སུ་རང་གི་ཁ་རླངས་བརྒྱབ་ནས་མི་མཐོང་བར་བྱས་སོང་མ་གཏོགས། གཞོན་ནུ་དེ་བོར་བ་མ་རེད། རྒྱའི་དཔེ་ཆོས་སུ"སྨུག་ཀློང་ནས་མེ་ཏོག་ལ་བལྟ་བ"ཞེས་པའི་དཔེ་ཇི་བཞིན་ངས་ཁ་བའི་ཁྲོད་ནས་མི་ཞིག་རྒྱབ་གཟུགས་བོར་ཅིང་། མི་དེས་ཀྱང་ཁ་བའི་ཀློང་ནས་མི་གཞན་ཞིག་གི་རྒྱབ་གཟུགས་བོར་སོང་ནང་བཞིན་ཅི་ཞིག་འཚོལ་གྱིན་ཡོད། བཙལ་ནས་རྙེད་ཀྱིན་མི་འདུག

ངས་དྲ་མའི་ངོས་ཀྱི་རླངས་པ་ཕྱིས་ནས་ཞིབ་ཏུ་བལྟས་པ་ན་ཟ་ཁང་གི་གྲུ་ཟུར་ཞིག་ན་བགྲེས་སོང་རྒད་པོ་དེས་རླུང་བུས ་བསུབ་ལ་ཉེ་བའི་རྐང་རྗེས་ཕྱེད་ཙམ་ཞིག་ལ་མཛུབ་མོས་བསྟན་ནས་ཅི་ཞིག་འཆད་ཀྱིན་ཡོད། རྒན་མོ་དེས་བགྲེས་སོང་རྒད་པོ་དེའི་རྐང་རྗེས་སྙེགས་ཀིན་པའི་ཚུལ་ནི་ཞིང་གྲོང་གི་བྱིས་པ་ཚོས་བདའ་རེས་བདའ་མ་རྩེད་པའི་རྣམ་པ་དང་ཇི་འདྲའི་མཚུངས་ཨང་། ཡིན་ཏེ། སྦྱིན་བདག་གཞོན་ནུ་དེས་ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་འདུ་འཛི་ལ་མིག་ཟུར་ཙམ་ཡང་མི་བལྟ་བར་ཨ་ཡེ་རྒན་མོ་དེས་རྐང་རྗེས་སྙེགས་ནས་བུད་འགྲོ ནོར་བུ་བསམ་འགྲུབ་ཀྱིས་མགོ་སྒུར་སྒུར་གྱིས་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེའི་རྐང་རྗེས་དེད་ནས་མུག་མུག་ཏུ་ཅི་ཞིག་འཚོལ་གྱི་ཡོད། དེ་ནི་ཕ་ཡུལ་ནས་ར་ལུག་རི་ལ་འདེད་པའི་རྣམ་པ་དང་མཚུངས་དྲག་ཨང་། སེམས་ནས་རྒན་རྒོན་ལོ་ལོན་འདི་གཉིས་དང་གཞོན་ནུ་དེའི་བར་དུ་གསང་བ་ཅི་ཞིག་སྦས་ཡོད་དམ། དེ་མིན་ད་དུང་ནོར་བུ་བསམ་འགྲུབ་ལྟ་བུའི་བྱིས་པ་བསམ་མེད་ཅིག་གིས་ཁ་བའི་ཁྲོད་ནས་མི་ཆེན་དེ་དག་གི་རྐང་རྗེས་སྙེགས་དོན་ཅི་ཡིན་ནམ། ཟམ་འོག་ཟ་ཁང་གི་ཕྱི་ནང་ཀུན་ཏུ་དེ་འདྲའི་འདུ་འཛིས་དབེན་ཡང་། ཞོགས་པ་དེར་ཁ་བའི་འདབ་མའི་གསེང་ན་བསུབ་ལ་ཁད་དུ་ཡོད་པའི་རྐང་རྗེས་དེ་དག་འཚོལ་དོན་ཅི་ཡིན་ནམ། འདི་ལྟར་ངས་སྒེའུ་ཁུང་གི་དྲ་མའི་ངོས་སུ་ཆགས་པའི་ཁ་རླངས་དེ་འབྱིད་ཞོར་མང་པོ་ཞིག་ལ་བློས་བསླངས་བྱས་མགོ་བརྩམས་སོང་། ཁྲི་ཁྲི་འབུམ་འབུམ་གྱིས་དྲི་བས་ངའི་ལུས་སེམས་དུབ་པར་བྱེད།

"གཞོན་ནུ་མ་ཞིག་གི་རྐང་རྗེས་ཡེ། མིན། མོ་མདང་དགོང་བཟི་ནས་བསྡད་ཡོད་ཡ།"ཞེས་སྦྱིན་བདག་གཞོན་ནུ་དེས་ལག་ཐག་ཆུ་ཚོད་འཁོར་ལོ་དེར་བལྟ་ཞོར་སྐད་ཆ་དེ་ལབ་བྱུང་། ཁ་བའི་ཁྲོད་ནས་གཞོན་ནུ་དེར་ཨ་ལན་སྟེར་མཁན་མ་བྱུང་། ཐ་མར་ཁོས་ཀྱང་མགོ་བོ་སྒུར་ནས་སླར་ཡང་ཅི་ཞིག་འཚོལ་ཀྱིན་འདུག 

ཏག་ཏག་སྐབས་དེར་ངས་སེམས་སུ་གཡུང་དྲུང་གི་རི་མོ་ཕབ་པའི་གོ་ཁུག་དེ་ཡིད་ལ་དྲན་འོང་། རང་གིས་རང་ལ་ཁོ་ཐག་གོ་ཁུག་དེ་བོར་སོང་རྒྱུ་རེད། དེ་ག་ལ་ཡིན།མདང་ནུབ་གཞོན་ནུ་དེས་ལབ་པའི་སྐད་ཆ་དེ་དག་གློག་བརྙན་བཞིན་དུ་ཡིད་ལ་ཤར་ཡོང་དུས། གོ་ཁུག་དེ་ཕ་མེས་ཡང་མེས་ཀྱི་རིང་ལ། ཡང་གཅིག་བཤད་ན་ས་སྐྱ་འགྲོ་མགོན་འཕགས་པ་མཆོག་པེ་ཅིན་དུ་ཕེབས་པའི་སྐབས་སུ་ལམ་ནས་བྲོ་ཁ་བསྡུ་བྱེད་དེ་ཡིན་ཞེས་བཤད་ཚུལ་ཞིག་ཀྱང་མཆིས། ཁོས་ད་དུང་སེམས་རྣལ་དུ་ཕབ་ནས་སྐད་ཆ་འདི་འདྲ་ཞིག་བཤད་སོང་། གོ་ཁུག་དེ་རྟ་གོ་ཡིས་བཟོས་པ་ཡིན་རབས། རྟ་གོ་དེ་རྟ་རྐྱང་དམར་ཞིག་གི་གོ་བ་ཡིན་རབས། དེ་ནི་ཁོང་རིན་པོ་ཆེས་སོག་ཡིག་གསར་གཏོད་མ་གནངས་གོང་ཀི་ཡར་སྔོན་ཡིན་རབས། ཁྱིམ་དེའི་ལོ་ལོན་ཚོའི་ངག་རྒྱུན་ནས་བརྒྱུད་པའི་བཤད་ཚུལ་ཞིག་ལ་གོ་ཁུག་དེ་རྗེ་ས་པཎ་རིན་པོ་ཆེ་ནས་ཁྱིམ་འདི་ལ་གཡང་རྟེན་དུ་བཞག་རབས། གང་ལྟར། གོ་ཁུག་དེ་ལོ་རྒྱུས་ཀྱི་གོ་ཁུག་ཅིག་ཏུ་ངོས་འཛིན་གྱིན་ཡོད་རབས་སོགས་མང་པོ་མང་པོ་ཞིག་ལབ་སོང་། སྦྱིན་བདག་གཞོན་ནུ་དེས་ཆང་དམ་གྱི་རྐུབ་ཐོ་ས་ཐོག་ཏུ་ལན་འགའ་གླན་ཞོར་དངན་པ་ཞིག་འཐེན་ནས་ཡུད་ཙམ་ལ་སྐད་ཆ་ཅི་ཡང་མ་བཤད། གཞོན་ནུ་དེས་མུ་མཐུད་དུ་སྐད་ཆའི་མཇུག་བསྐྱངས་ན་འདོད་ཀྱིན་པ་འདྲ་མོད། ངའི་པང་གི་བུ་ཆུང་ནོར་བུ་བསམ་འགྲུབ་ཀྱིས་ཀྱང་“ཨ་མ་ཨ་མ་”ཞེས་ངུས་བྱུང་།བྱིས་པ་ཆུང་ཆུང་གི་ངུ་སྐད་ལ་རྐྱེན་བྱས་སྟེ་གཞོན་ནུ་དེས་ཀྱང་མུན་ནག་གི་ཁྲོད་ནས་སྐད་ཆ་དེའི་མཇུག་སྐྱོངས་རྒྱུ་མ་བྱུང་།ཁོས་སྐད་ཆ་བཤད་མཚམས་མ་བཞག་གོང་ལ་ཟམ་འོག་ཟ་ཁང་གི་ཕྱོགས་ཀྱི་ཡར་མར་ཅིག་མིག་བལྟས་ཐེངས་ཤིག་རྗེས་སླར་ཡང་ཁ་རོག་ཁ་རོག་གིས་བགྲེས་སོང་རྒད་པོ་དེས་རིན་ཐང་གིས་ཟགས་པའི་གོ་ཁུག་དེ་གཞོན་ནུ་མ་ཞིག་ལ་བཙོངས་ཚར། ཁོས་ད་དུང་ཁ་ཕྱིར་འཁོར་ནས་གཞོན་ནུ་མ་དེ་སྐྲ་སེར་མ་ཞིག་རེད་འདུག་ཅེས་ནན་གྱིས་ཡང་བཤད་བསྐྱར་བཤད་ལན་འགའ་བྱས་སོང་། ཡིན་རུང་། མཚན་མོ་དེར་ནོར་བུ་བསམ་འགྲུབ་ཀྱིས་ངའི་པང་ནས་པྲ་ཚག་གིས་་ཟ་ཁང་གི་སྦྱིན་བདག་གཞོན་ནུ་དེའི་སྐད་ཆ་དེ་དག་སེམས་ཀྱི་གཏིང་དུ་ཤ་རུས་ཀྱི་སྦུབས་ཤིག་ཏུ་ཟུག་པར་བགེགས་སོང་།དེ་ཡང་ཁྲིགས་ཁྲིགས་མེད་ན་འཇིག་རྟེན་གྱི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཟུང་བའི་བརྩེ་འདང་དེ་ལན་སོང་བས་ཡིན་ཀྱང་སྲིད།ཡིན་ན་ཡང་། སྐད་ཆ་དེ་དག་གི་ཁྲོད་ནས་ཐ་མར་ངའི་དྲན་པའི་ངོས་སུ་ཟམ་འོག་ཟ་ཁང་ན་སྟེང་དུ་གཡུང་དྲུང་གི་རི་མོ་ཆ་གཅིག་ཕབ་ཡོད་པའི་གོ་ཁུག་ཆུང་ཆུང་དེ་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་བོར་སོང་བ་ཞིག་འཇགས་སོང་།

ཞོགས་པ་དེར། ཁ་བའི་ཁྲོད་ན་གྲལ་འགྲིག་པའི་རྐང་རྗེས་འཚོལ་མཁན་གྱི་རྒན་རྒོན་གཉིས་ཀ ཟ་ཁང་སྦྱིན་བདག་གཞོན་ནུ་ཞིག ད་དུང་ནོར་བུ་བསམ་འགྲུབ་ཟེར་བའི་ངའི་བུ་ཆུང་། དེ་དག་ནི་ཕ་ཡུལ་གྱི་རྐང་ལམ་དེད་ནས་བཤར་སོང་བའི་ཡུ་མོ་ཁྱུ་གཅིག་དང་གཉིས་སུ་མ་མཆིས། ཁོ་རང་ཚོས་ཞོགས་པ་དེར་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་རང་རང་གི་ས་ན་དོན་ངོ་མར་ཅི་ཞིག་འཚོལ་གྱིན་ཡོད། ཟམ་འོག་ཟ་ཁང་གི་ཕྱི་ནང་གང་རུང་ཞིག་ཏུ་དངོས་གནས་རུས་འཁོན་ཅན་གྱི་གདུང་རྒྱུད་ཅིག་ལྷག་ཡོད་དམ། ངས་མང་པོ་ཞིག་བསམ་བློ་གཏོང་མགོ་བརྩོམས་དུས། སྟོན་རླུང་གིས་འཁུར་བའི་ཁ་བའི་མེ་ཏོག་ཅིག་དྲ་མའི་སྒང་གི་མེ་ཏོག་གི་རྫ་བུམ་དེར་ལྷུང་སོང་། ཕལ་ཆེར་གྲོང་ཁྱེར་གློག་གྲྭས་གློག་བཏང་བྱུང་བ་འདྲ། པེ་ཅིན་མཁར་གྱི་ཁང་རྙིང་དེ་དག་ནས་དུད་སྤྲིན་འཕྱིར་ཞིང་ལམ་འགྲམ་གྱི་ས་ལ་ཟགས་པའི་ཇ་ཤིང་ལོ་མ་དག་ཀྱང་སྟོན་རླུང་གིས་བདས་ཏེ་བར་སྣང་ཞིག་བསྐྱོད་སོང་། སྲང་གི་མི་ཚོགས་ཀྱང་གོམ་སྟབས་ཀྱང་ཇེ་མྱུར་ནས་ཇེ་མྱུར་དུ་ཕྱིན་ཅིང་། ལམ་འགྲམ་གྱི་རླངས་འཁོར་གྱི་ཚོགས་ཀྱི་དུང་སྒྲ་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ཟམ་འོག་གི་ཟ་ཁང་ཀྱང་རིམ་བཞིན་འགྲོ་འོང་གི་ཁྲོད་ནས་སླར་ཡང་འདུ་འཛི་ཡི་གནས་སུ་བཅས་བྱུང་།

གློ་བུར་ནོར་བུ་བསམ་འགྲུབ་ཀྱིས་ཅི་ཞིག་རྟོགས་སོང་ཇི་བཞིན་ངའི་གམ་དུ་རྒྱུགས་ཡོང་། ཁོས་དཀར་པོར་གྱུར་བའི་སྐྲ་རྐང་ཉག་མ་གཅིག་ལག་ཏུ་ཐོགས་ནས་ཨ་མ་ཁྱེད་ཀྱིས་བོར་སོང་བ་དེ་འདི་ཡིན་ནམ་ཞེས་དྲིས། ཡང་བྱིས་པ་དེས་མཛུབ་མོས་ཟམ་འོག་ཟ་ཁང་གི་ཕར་འགྲོ་ཚུར་འོང་གི་མགྲོན་པོ་དེ་དག་གི་གྲངས་ཀ་བརྩིས་བྱུང་།གཅིག་་་་་གཉིས་་་་་གསུམ་་་་ཟམ་འོག་ཟ་ཁང་དང་ཐག་མི་རིང་བའི་ས་འོག་ལྕགས་ལམ་ན་བརྒྱུད་པའི་མེ་འཁོར་གྱི་རྐན་སྒྲས་ནོར་བུ་བསམ་འགྲུབ་ཀྱི་སེམས་པ་ཆུང་ཆུང་ལ་ནག་ནོག་གི་རྨ་ཁ་དོད་ན་ཡང་། བྱིས་པས་དགོད་ཞོར་དུ་ཟམ་འོག་ཟ་ཁང་གི་ཟང་ཟིང་གི་འདུ་འཛིའི་ཀློང་ནས་བོད་སྐད་ཀྱིས་མི་ཚོགས་ཀྱི་གྲངས་ཀ་དེ་དག་བློ་ལ་འཇགས་ཀྱིན་ཡོད།

སྐབས་ཤིག་ལ་ནོར་བུ་བསམ་འགྲུབ་ཀྱིས་ཨ་མ་ཞེས་འབོད་ཀྱིན་ཡོད་མོད། ངས་ད་དུང་ཟམ་འོག་ཟ་ཁང་གི་འདུ་འཛིའི་ཀློང་ན་སྔར་བཞིན་ཁ་པར་ཞིག་ལ་སྒུག་ནས་ཡོད། བུ་ཆུང་གིས་ཨ་མ་འབོད་པའི་སྒྲ་དེས་ཟམ་འོག་ཟ་ཁང་གི་འགྲིལ་བ་ཚོར་ཀྱང་སྙིང་ཉེ་བའི་འདང་ཞིག་ཆགས་པར་བྱས་འདུག ལྷད་མེད་དྭངས་གཙང་གི་བྱིས་སྐད་ཀྱིས་ཨ་མར་འབོད་པའི་སྒྲ་དེ་ནི་ཟམ་འོག་ཟ་ཁང་གི་ཟང་ཟིང་གི་ཁྲོད་ན་ད་གཟོད་ཆེས་ལྷད་མེད་ཅིག་ཏུ་གྲུབ་མོད། འོན་ཀྱང་། ངས་སེམས་སུ་གདོན་ཞུགས་པ་དང་འདྲ་བར་ཚོད་ཚོད་ལ་སུ་ཞིག་གིས་སྒུག་ཀིན་པས་ཅི་ཡང་ཚོར་གྱིན་མེད། “ཨ་མ།"ཞེས་སླར་ཡང་བོས་བྱུང་།

ཅོང་བརྡ་གྲགས་བྱུང་། ཅོང་བརྡ་གྲགས་མ་ཐག་ཏུ་སློབ་གྲོགས་ཚང་མ་ཤོབ་དིར་སེ་བགད་བྱུང་། དགེ་རྒན་གྱིས་སྐད་ཆ་ཆེས་རྗེས་མ་དེ་ད་དུང་བཤད་ཚར་མི་འདུག་མོད། འོན་ཀྱང་།  ནམ་རྒྱུན་དང་མི་འདྲ་བར་སློབ་གྲོགས་ཚོས་བྲེལ་བྲེལ་འཚབ་འཚུབ་ཀྱིས་སློབ་ཁང་གཞན་ཞིག་ཏུ་གནས་སྤོར་རྒྱག་གིན་འདུག ངས་གཉིད་མ་སད་ཀྱིས་སློབ་གྲོགས་ཚོའི་དགོད་སྒྲ་མ་གཏོགས་ཅི་ཡང་མ་ཐོས། ཅོང་བརྡ་དེ་མ་གཞི་སློབ་ཁྲིད་གྲོལ་བའི་ཅོང་བརྡ་རེད། ངའི་རྒྱབ་ཕྱོགས་ཀྱི་སློབ་གྲོགས་ཤིག་གིས་རྒན་དཔལ་མོས་སློབ་ཁྲིད་སྟེང་དུ་ཁྱོད་ལ་ཐེངས་དུ་མར་བོས་ཀྱང་ཁྱོད་ཀྱིས་ཨ་ལན་མ་བྱུང་ཞེས་ལབ་ཡོང་དུས། ངའི་སེམས་སུ་ད་གཟོད་སློབ་ཁྲིད་གཉིས་ཙམ་ལ་རང་ཉིད་གཉིད་དུ་ཡུར་བ་ཚོར། གཉིད་གོང་དུ་ངས་རྨི་ལམ་འཁྲིགས་པས་ལན་པ་ཡིན་ནམ་ཅི། ནམ་རྒྱུན་ངས་སློབ་ཁྲིད་སྐབས་སུ་རྣམ་རིག་ཅི་འདྲ་སྒྲིམ་ན་ཡང་ཐང་ཆད་པའི་སྣང་བ་ཞིག་སྐྱེས་མ་མྱོང་། རྨི་ལམ་དུ་པེ་ཅིན་གྱི་ཤར་ལམ་བརྒྱད་པ་ཟེར་བ་ཞིག་ཀྱང་རྨིས།ཤར་ལམ་དེ་དང་ཐག་མི་རིང་བའི་ས་ན་ཟམ་འོག་ཟ་ཁང་ཞིག་ཡོད། གནས་དེ་རུ་ངས་ཚོད་ཚོད་ལ་སུ་ཞིག་གིས་བསྐུར་ཡོང་བའི་བརྡ་འཕྲིན་དེ་སྒུག་དགོས་བྱུང་སོང་། ཡང་སེམས་པའི་གཏིང་རིམ་ཞིག་ན་མི་ཞིག་གིས་ཟམ་འོག་དེ་ནས་ང་འཚོལ་ཀྱིན་ཡོད་པ་མ་ཡིན་པར་ངའི་རྨི་ལམ་གྱི་བྱིས་པ་དེ་བཙལ་བཞིན་འདུག་པའི་ཚོར་སྣང་ཞིག་སྐྱེས།

ང་སློབ་ཁང་གི་སྐས་ཐེམ་ནས་མར་འབབ་སྐབས་རྣ་ལམ་དུ་བྱིས་པ་ཞིག་གིས་འབོད་སྐད་ཐོས་བྱུང་།སྙིང་དུ་སྡུག་པའི་་བྱིས་པའི་འབོད་སྒྲ་དེའི་ཁྲོད་ནས་ངས་ཡིད་དུ་འོང་བའི“ཨ་མ”ཞེས་པའི་ཚིག་འབྲི་དེ་གཉིས་རྙེད། ག་ལེར་རང་སེམས་ནང་དུ་བཀུགས་ནས་ཕྱིར་འདང་ཞིག་རྒྱག་དུས་ཁ་ནང་དུ་ད་དུང་ནོར་བུ་བསམ་འགྲུབ་ཅེས་ཟློ་བཞིན་མཆིས།

ནོར་བུ་བསམ་འགྲུབ།ངའི་རྨི་ལམ་ནང་གི་བུ་ཆུང་། ཁ་བའི་ཀློང་ནས་ཅིག་བཙལ་བཙལ་བའི་ཐ་མར་དཀར་པོ་གྱུར་བའི་སྐྲ་རྐང་ཉག་གཅིག་ཁྱེར་ནས་རྒྱུགས་ཡོང་། ཁོས་ཨ་མ་ཞེས་ཐེངས་འགར་བོས་ཀྱང་། ངས་ཅིས་ཀྱང་ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་དབུས་ནས་བྱིས་པ་དེར་ཨ་ལན་ཞིག་སྟེར་ཐུབ་མ་སོང་། དེ་ཡང་ཁྲིགས་ཁྲིག་མེད་ན་ངའི་རྨི་ལམ་གྱི་མཇུག་མ་རྫོགས་པས་ཡིན་ཀྱང་སྲིད་། སློབ་ཐུན་རྗེས་མ་འཚོགས་པའི་ཅོང་བརྡ་བརྒྱབ་བྱུང་། ངའི་མིག་ལམ་དུ་ནོར་བུ་བསམ་འགྲུབ་ཟེར་བའི་ངའི་རྨི་ལམ་གྱི་བུ་ཆུང་དེས་ཁ་བའི་ཀློང་ན་ཅིག་འཚོལ་ཀྱིན་པ་གསལ་བོར་བཀྲ ཅི་ཡིན་འདི་ཡིན་མེད་པར་སློབ་དེབ་ཀྱི་ཁ་ཕྱེས་པ་ན། དཔེ་དེབ་ཀྱི་བར་གླགས་ཤིག་ནས་ཟམ་འོག་ཟ་ཁང་གི་མི་ཚོགས་ཀྱི་དབུས་ནས་བྱིས་པ་དེ་ངུས་བྱུང་། དེ་ནས་ཅང་མ་འགོར་བར་བྱིས་པ་དེས་ང་བོར་སོང་། མ་གཞི་བྱིས་པ་དེ་བོར་མ་རེད། གཞི་ནས་གཉིད་ལས་སད་དེ་ངས་བྱིས་པ་དེ་བོར་སོང་བ་རེད།

སློབ་ཐུན་རྗེས་མར། ངས་ཟམ་འོག་ཟ་ཁང་གི་མཐོང་ཐོས་ཀྱི་མུ་འབྲེལ་ལས་རིམ་སྟེ། རྨི་ལམ་གྱི་ཞིང་ཁམས་ཤིག་ལ་འགྲིམ་རྒྱུའི་སྟ་གོན་ལ་རེམ་དུས། ཁ་ནས་སྔར་བཞིན་ནོར་བུ་བསམ་འགྲུབ་ཅེས་འབོད་ཀྱིན་གདའ། གམ་གྱི་སློབ་གྲོགས་ཚོས་ང་ལ་བལྟས་ནས་དགོད་ཀྱིན་འདུག ཚང་མ་བགད་་་་་


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།