གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐའ་ཡས་རྒྱ་མཚོ།

2017-01-26 11:21:26 ཞོགས་འོད། ཀློག་གྲངས། མཆན ཡོད།

                                                                
                                                 དང་པོ།

གྲོང་ཁྱེར་འདིའི་མཁའ་དབྱིངས་དུད་སྤྲིན་གྱིས་བཏུམས་ཤིང་དུས་རྒྱུན་དང་འདྲ་བའི་གནམ་གཤིས་ཉོབ་པོ་དེ་ཡིས་གནས་འདིའི་ཁོ་ར་ཁོར་ཡུག་ཀུན་ཏུ་སུན་སྣང་དང་སྐྱོ་ངལ་གྱི་འབོད་པ་ཞིག་སྒྲོག་གིན་ཡོད་པ་དང་ཀུན་ནས་མཚུངས།གཞུང་ལམ་སྟེང་དུ་རྒྱུ་བའི་རླངས་འཁོར་གྱི་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྒྲ་དུང་སྒྲོག་གིན་ཡོད་པ་དང་།གཞུང་ལམ་གྱི་བཞི་མདོའི་གཡོན་སར་ཡོད་པའི་རྨི་ལམ་གསར་བའི་གྱོན་ཆས་ཐོག་ཁང་གི་མདུན་ཐང་དུ་མི་ཚོགས་ཕར་འགྲོ་ཚུར་སྐྱོད་ཀྱི་རྒྱུན་ཆད་ཀྱིན་མེད་པ་ནི་གྲོག་ཚང་བརྡོལ་བ་དང་གཉིས་སུ་མ་མཆིས།ད་དུང་།མདུན་དུ་ཡོད་པའི་སྙིང་རྗེ་སྨན་ཁང་གི་འཕྲེད་ལམ་དུ་འཕྲུལ་རྟ་དང་ལྕགས་རྟར་ཞོན་མཁན་དག་གིས་གློག་ལྗང་འཆར་བར་བསྒུགས་ཡོད་པ་མཐོང་བས་མཐའ་ཡས་རྒྱ་མཚོ་གློ་བུར་དུ་དྲན་པ་སངས་བ་ལྟར་བྱིས་གཉོར་ཁང་དུ་རང་གི་བུ་མོ་ལེན་པར་འགྲོ་རྒྱུ་བརྗེད་ཡོད་པ་ཚོར།ཁོ་འཕྲལ་དུ་གདོང་འཁྲུད་སར་སོང་སྟེ་ཐོག་མར་སོ་འཁྲུད་བླངས་ཏེ་སོ་འཁྲུད་བཞིན་མདུན་དུ་ཡོད་པའི་མེ་ལོང་དེ་ལ་འཁྱུག་ཙམ་བལྟས་པས་ཁོའི་སེམས་ལ་དེ་རིང་གདོང་མ་བཀྲུས་ཀྱང་སྐྱོན་མི་འདུག་བསམས་ཏེ་ཐད་ཀར་གྱོན་པ་ཡོད་སའི་སྒམ་དེའི་སྒོ་ཕྱེས་ཤིང་གྱོན་པ་གྲལ་དག་ཅིག་གྱོན་ཏེ་སྔས་མགོའི་ཟུར་དུ་ཡོད་པའི་ཁ་པར་གྱི་འཆར་ངོས་སུ་བལྟས་པས་ཆུང་མའི་ཁ་པར་གཅིག་དང་རྒྱུས་མེད་ཀྱི་ཁ་པར་གཞན་ཞིག་བསླེབས་འདུགཁོས་དེ་སྣང་མེད་དུ་བསྐྱུར་ཞིང་ཁ་པར་གློ་ཁུག་ཏུ་བཅུག་སྟེ་ཁང་བའི་སྒོར་བུད།ཁོ་ཚང་གི་སྒོའི་གཡོན་ཕྱོགས་སུ་ཡོད་པའི་གློག་སྐས་ལས་མར་འགྲོ་གྲབས་བྱས་ཏེ་གློག་སྐས་ཀྱི་འཁྲིས་སུ་ཐོན་རྗེས་གློག་སྐས་ཀྱི་ཟུར་དུ། དགོངས་པ་མ་ཚོམས། དེ་རིང་གློག་སྐས་ལ་ཞིག་གསོ་བྱེད་ཀྱིན་ཡོད།ཅེས་བྲིས་ཡོད་པ་མཐོང་བས་མཐའ་ཡས་རྒྱ་མཚོ་སྐས་ཐེམ་བརྒྱུད་དེ་མི་འགྲོ་ཐབས་མེད་བྱུང་།ཁོ་ཚང་གི་ཁང་པ་ནི་བརྩེགས་བཅུ་བ་རུ་ཡོད་ཅིང་སྐས་ཐེམ་བརྒྱུད་དེ་མར་འབབ་པར་ཅུང་དཀའ་ངལ་ཆེ།མཐའ་ཡས་རྒྱ་མཚོ་བྲེལ་འཚབ་ངང་སྐས་ཐེམ་རེ་རེ་བརྒལ་ཏེ་སྒོ་ཆེན་ལས་མར་འབུད་སྐབས་ཁོ་ཚོའི་སྒོ་སྲུང་གི་རྒད་པོས་རྒྱ་མཚོ་ཁྱོད་འདིར་ཤོག་ཅེས་ལག་བརྡ་བསྟན་བྱུང་།ཁོ་རྒད་པོའི་གམ་དུ་འབྱོར་རྗེས་རྒད་པོས་ལག་ཏུ་ཁུག་མ་ཆུང་ཆུང་ཞིག་བཟུང་སྟེ་འདི་མྱུར་སྐྱེལ་ཀུང་ཟིས་འདིར་བཞག་ཐལ།  ཁོ་ཚོས་ད་ནངས་སྔ་མོར་ཁྱོད་ལ་ཁ་པར་བཏང་ཡང་ལེན་མཁན་མི་འདུག་ཅེས་ཁུག་མ་ཁྱེར་ཏེ་ཕྱིར་འགྲོ་གི་འདུགངས་ཁོ་ཚོ་ལ་ངའི་སར་ཞོག་དང་ངས་རྒྱ་མཚོ་ལ་སྤྲད་ཆོག་ཅེས་འདིར་བླངས་བ་ཡིན་ཟེར་ཞོར་ཁུག་མ་དེ་ཁོའི་ལག་ཏུ་བཞག   མ་གཞི་སྒོ་སྲུང་རྒད་པོ་ཁོ་ནི་གཤིས་ཀ་རྩུབ་མོ་ཅན་དང་ཁོང་ཁྲོ་ཚ་བོ་ཅན་ཞིག་ཡིན་ཡང་།  མཐའ་ཡས་རྒྱ་མཚོས་རྟག་པར་ཁོ་ལ་དུ་བ་སྟེར་བ་དང་།  བཏུང་བ་དང་ཞོར་ཟས་ཀྱི་སྐོར་གང་འདོད་དུ་སྟེར་མྱོང་བས་སྒོ་སྲུང་རྒད་པོས་ཀྱང་རྒྱ་མཚོ་མཐོང་དུས་བཙན་གྱིས་དགོད་འཛུམ་གྱི་རྣམ་པ་སྟོན་གྱིན་ཡོད།  མཐའ་ཡས་རྒྱ་མཚོས་དངོས་པོ་དེ་སུས་བསྐུར་བ་ཡིན་ནམ་སྙམ་ཞོར་ཁུག་མའི་སྟེང་དུ་བལྟས་པས་སྐུར་མཁན་དང་སྐུར་མཁན་གྱི་ས་གནས།  ད་དུང་འབྲེལ་གཏུག་གི་ཨང་གྲངས་སོགས་ཀྱང་རབ་རིབ་ཅིག་དང་མོག་མོག་ཅིག་མ་གཏོགས་མཐོང་གི་མི་འདུག   སྐབས་དེར་མཐའ་ཡས་རྒྱ་མཚོའི་ཆུང་མ་བདེ་གསལ་གྱིས་གློག་གི་འཕྲུལ་རྟ་བསྐོར་ཞིང་བུ་མོ་སྔུན་ལ་བཟུང་སྟེ་ཐོན།  ཁོས་ཆུང་མ་མཐོང་མ་ཐག་ཁྱེད་ཀྱིས་དེ་རིང་ཉིན་གུང་ཕྱིར་མི་ཡོང་ཟེར་བ་མིན་ནམ་ཞེས་དྲིས།  ཆུང་མ་བདེ་གསལ་གྱིས་དེ་རིང་ཕྱི་དྲོར་ངེད་ཚོའི་ལས་ཁུངས་ཀྱིས་ངལ་གསོ་བཞིན་འདུག  ངས་ཕྱི་དྲོར་གོན་པ་བཀྲུ་རྒྱུ་ཡིན་ཞེས་བཤད།   ངས་ཁྱེད་ལ་ཁ་པར་བཏང་སྟེ་དེ་རིང་བུ་མོ་ལེན་དུ་ང་འགྲོ་ཞེས་བཤད་བསམ་ཡང་ཁྱེད་ཀྱིས་ཁ་པར་མ་བླངས་ཐལ་ཟེར་ཞོར་ལག་གཡས་པས་གཡོན་པའི་ལག་ཤུབས་ནག་པོ་དེ་མར་ཕུད་ཅིང་རྣ་ནང་དུ་དྲང་བའི་རྣར་གཞུག་དཀར་པོ་མར་ཕབས་ཏེ་ཁྱོད་ཀྱི་ལག་གི་དངོས་པོ་དེ་སུས་རེད་ཅེས་དྲིས།   སུས་བསྐུར་བ་མི་ཤེས་ཀི  སྟེང་གི་ཨང་གྲངས་སོགས་ཀྱང་མི་གསལ་གི་ཟེར་ཞོར་ཆུང་མའི་སྔུན་དུ་ཡོད་པའི་སྙིང་རྗེ་བའི་བུ་མོའི་འགྲམ་པའི་སྟེང་དུ་འོ་ཞིག་བྱས།  ཆུང་མ་བདེ་གསལ་གྱིས་ཁྱེད་སོང་སྟེ་ཚོད་རིགས་ཉོས་ཤོག་དང་ངས་ཉིན་གུང་གི་ཟ་མ་གཡོས་སྦྱོར་བྱེད་ཅེས་མཐའ་ཡས་རྒྱ་མཚོར་བསྐུལ།  མཐའ་ཡས་རྒྱ་མཚོས་ཀྱང་འོ་ཡ་ཞེས་པའི་བརྡ་བྱིན་ཏེ་ཐད་ཀར་སྔོ་ཚོད་ཚོང་རའི་ཕྱོགས་སུ་གོམ་ཁ་བསྒྱུར།  ལམ་བར་དུ་ཁོས་ཡང་སྙིང་དངོས་པོ་འདི་སུ་ཞིག་གིས་བསྐུར་བ་དང་།  ཁུག་མ་འདིའི་ནང་དུ་ཅི་ཞིག་ཡོད་དམ་སྙམ་པའི་རྒྱུས་མེད་ཀྱི་དྲི་བ་མང་པོ་ཞིག་གིས་ཁོའི་སེམས་ལ་བྲེལ་ཤ་བསླངས།  ཁོས་དེ་མ་ཐག་སྦྱར་ཤོག་གིས་སྦྱར་བའི་ཁུག་མའི་ཁ་གཏེད་གྲབས་བྱས་ཀྱང་། ཁུག་མ་སྦྱར་ཤོག་རིམ་པ་གཉིས་གསུམ་ཞིག་གིས་སྦྱར་ཡོད་པས་ཁོའི་མཛུབ་མོ་དག་ལ་དེའི་ཁ་གཏེད་པའི་བྱེད་ཐབས་ཡེ་ནས་མེད་པར་གྱུར།   དེ་མ་ཐག་ཁོའི་སྐེད་དུ་བཏགས་ཡོད་པའི་ལྡེ་མིག་སོགས་ལས་གྲི་ཆུང་ཆུང་ཞིག་ཡོད་པ་བླངས་ཏེ་ཁུག་མའི་མགོ་ནས་ཕར་སེམས་ཆུང་ངང་གཏེད། མ་གཞི།  ཁུག་མ་རིམ་པ་གསུམ་གྱི་ནང་དུ་དངོས་པོ་ཆུང་ཆུང་ཞིག་བསྡུས་ཡོད་པ་དང་། ཁོས་གཏེད་པའི་ཁུག་མ་དེ་ནི་ཕྱི་ཐུམ་རེད།  ཁོས་ཕྱི་ཐུམ་དེ་ལམ་འགྲམ་གྱི་གད་སྙིགས་སྒམ་དུ་འཕངས་ཤིང་། མདོག་ནག་པོ་ཡིན་པའི་བར་ཐུམ་གཏེད་ཅིང་དེ་ཡང་གད་སྙིགས་སུ་འཕངས།   ནང་ཐུམ་དེ་ནི་རས་ཀྱིས་བཟོས་ཤིང་སྟེང་དུ་མཐའ་ཡས་རྒྱ་མཚོ་ ཞེས་གོས་སྐུད་སེར་པོ་ཡིས་གཙེགས་ཡོད་པ་དང་།  ཁུག་མ་དེ་ནི་ཆེ་རྒྱུའང་མེད་ལ་ཆུང་རྒྱུ་ཡང་མེད་པའི་ཁུག་མ་སྟབས་བདེ་བོ་ཞིག་ཡིན་ཞིང་། ཁུག་མའི་ཁ་མདུད་བྱེད་ཀྱི་རས་ཐག་དེ་ཁུག་མའི་ཁ་ནང་དུ་ཅུང་ཙམ་བལྟབས་ཤིང་དེ་སྐུད་པ་སེར་པོ་ཞིག་གིས་ཚགས་དམ་པོར་བཙེམས་ཡོད་པའི་ནང་དུ་དྲངས་ཡོད་པས་སྐུད་པའི་སྣེ་གཉིས་ལས་ཚུར་དཔྱངས་ཚེ་ཁུག་མའི་ཁ་མདུད་ཐུབ་པ་དེ་འདྲ་བྱས་ཏེ་བཟོས་འདུག  དེའི་ནང་དུ་རྒྱལ་སྲས་ལག་ལེན་གྱི་དེབ་གཅིག  མདུན་ཤོག་སྟེང་དུ་གངས་རི་དོད་ཡོད་པའི་གངས་ལྗོངས་བདེ་བའི་སྨོན་ལམ་ཕྱོགས་བསྡུས་ཞེས་པའི་དེབ་གཉིས་དང་།  ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བཏུས་ཞེས་པའི་དེབ་སྟབས་བདེ་བོ་གཅིག་བཅས་བསྡུས་འདུག  ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བཏུས་ཞེས་པའི་དེབ་དེའི་རྒྱབ་ཤོག་སྟེང་དུ་ཡིག་ཤུབས་དཀར་པོ་ཞིག་སྦྱར་ཤོག་ཆུང་ཆུང་ཞིག་གིས་སྦྱར་འདུག ཁོས་དེ་ཚུར་བླངས་ཏེ་ཡིག་ཤུབས་ཀྱི་སྟེང་དུ་བལྟས་པས་ཡིག་ཤུབས་སྟེང་དུ་ཡི་གེ་འབྲི་གཅིག་ཀྱང་བྲིས་མི་འདུག  དེ་མ་ཐག་ཡིག་ཤུབས་ཀྱི་ཁ་ཕྱེས་ཏེ་བལྟས་པ་ན་ཡིག་ཤུབས་ནང་དུ་ཚོན་པར་གཉིས་དང་། ཚོན་པར་གཉིས་ཀྱི་བར་དུ་འབྲི་ཤོག་གཅིག་ཟུར་གསུམ་བྱས་ཏེ་བཅུག་འདུག    ཁོས་འདྲ་པར་དེ་གཉིས་ལ་བལྟས་པས་འདྲ་པར་དེ་གཉིས་ནི་ཁོ་རང་སྨན་ཁང་དུ་བསྡད་དུས་ངོ་ཤེས་ཤིང་སེམས་དང་སེམས་པ་འོ་ཆུ་བཞིན་དབྱེར་མེད་དུ་འདྲིས་ཞིང་བརྩེ་བ་རྣམ་དག་ཆུ་བོ་བཞིན་དྭངས་གཙང་ངང་བཞུར་མྱོང་ས།  ཞེ་སེམས་བརྩེ་བའི་སྣང་བ་འཇའ་ཚོན་བཞིན་འཆར་མྱོང་ས།   དེ་དུས་ཀྱི་འཚོ་བའི་བརྒྱུད་རིམ་དག་ཕྱི་གསལ་ནང་གསལ་ངང་བཤད་མྱོང་ས་དང་། ཉིན་གཅིག་ལ་འབྲེལ་གཏུག་བྱེད་མ་ཐུབ་ནའང་སེམས་ལ་ན་བུན་འཐིབས་པ་ལྟ་བུའི་སྐྱོ་སྣང་སྟེར་མཁན་གྱི་དགེ་མ་མ་ཕམ་སྲས་མོ་དང་ཁོ་གཉིས་ཀྱིས་རྫོ་གི་པར་ལེན་ཁང་ཞིག་ཏུ་བླངས་བའི་པར་གཅིག་དང་།  ཅིག་ཤོས་ནི་ཁོ་གཉིས་རྒྱལ་ནང་དུ་གནས་སྐོར་ལ་སོང་དུས་པེ་ཅིང་དུ་ཡོད་པའི་སངས་རྒྱས་ཀྱི་ཚེམས་གདུང་ལྷ་ཁང་གི་མདུན་དུ་བླངས་བའི་པར་ཞིག་རེད།  ཁོས་པར་དེ་གཉིས་མཐོང་མ་ཐག་ཡིད་སེམས་ཀྱི་རྒྱ་མཚོ་དྲག་ཏུ་གཡོས་ཤིང་། མཐོང་སྣང་གི་འཇིག་རྟེན་སྐད་ཅིག་ངང་འགྱུར་ཏེ་མི་ལོ་བརྒྱད་ཀྱི་སྔོན་གྱི་འདས་དོན་དག་སེམས་ཀྱི་ངོས་ལ་བུ་ཡུག་དང་ཁ་ཆར་འཚུབས་པ་ལྟར་བྱུང་ཡང་།  མགྱོགས་པོར་ཚོད་རིགས་ཉོས་ཏེ་ཕྱིར་ཁྱིམ་དུ་ལྡོག་དགོས་པ་དང་། གུང་ཟས་ཟོས་རྗེས་བུ་མོ་བྱིས་གཉོར་ཁང་དུ་སྐྱེལ་དགོས་པ་སོགས་དྲན་ཙམ་བྱས་པས་ཟུར་གསུམ་བྱས་ཡོད་པའི་འབྲི་ཤོག་དཀར་པོ་དེ་སྟོད་ལྭའི་ནང་ངོས་ཀྱི་ཁུག་མ་རུ་བཅུག་ཅིང་། ཚོན་པར་གཉིས་ཀ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པའི་དེབ་ཀྱི་བར་དུ་བཅུག་སྟེ་དེབ་བཞི་བོ་ཁུག་མ་སྙིང་རྗེ་བོ་དེའི་ནང་དུ་ཕྱིར་བཅུག  སྐར་མ་བཅུ་ཙམ་གྱི་ཡུན་ལ་ཚོད་རིགས་གང་འཚམས་ཤིག་ཉོས་ཏེ་ཁྱིམ་གྱི་ཕྱོགས་སུ་གོམ་པ་གང་རེ་གང་རེ་སྤོ་བཞིན་ཡོད་ཀྱང་ཁོ་ནི་རྣམ་ཤེས་དང་བྲལ་བའི་བེམ་པོ་ལྟར་གང་ཞིག་ལ་འདང་ཕོག་གིན་མེད་པ་དང་། ཅི་ཞིག་ལ་མགོ་ཚོས་བཞིན་མེད་པ་ལྟར་འདང་རྒྱག་ཟབ་མོ་ཞིག་དང་།  ཕྱིར་དྲན་སྐྱུར་བོ་ཞིག་གིས་ཏག་ཏག་སྐར་མ་སུམ་ཅུ་ཙམ་གྱི་སྔོན་ལ་སྐས་ཐེམ་བརྒྱུད་དེ་སྒོར་བུད་ཅིང་། སྒོ་སྲུང་རྒད་པོ་དང་བདེ་གསལ་ལ་འཕྲད་པའི་ཕོ་རྒོད་སྣང་དྭངས་དེ་མིན་པ་ལྟ་བུ་ཞིག་ཏུ་བསྒྱུར།  ཁོ་དེ་ལྟར་འདང་རྒྱག་གི་ཁྲོད་ནས་སྒོ་སྲུང་རྒད་པོའི་ཟུར་དུ་ཇི་ལྟར་ཐོན་པའང་མ་ཤེས། སྒོ་སྲུང་རྒན་པོས་ཁོ་བསླེབས་ཡོད་པ་མཐོང་སྟེ་སྒོ་ཕྱེས་ཤིང་འཛུམ་ཙམ་བསྟན།  ཁོ་གློག་སྐས་ལ་འཛུལ་བསམ་ཡང་གློག་སྐས་སྔར་བཞིན་ཞིག་གསོ་བྱེད་ཀྱིན་ཡོད་པས་ཁོ་སླར་ཡང་སྐས་ཐེམ་བརྒལ་ཏེ་ཁྱིམ་ལ་མི་འགྲོ་ཐབས་མེད་བྱུང་། ཁོས་ལག་གཡོན་པས་ཚོད་རིགས་སྣ་ཚོགས་དང་ལག་གཡས་པའི་ནང་དུ་ཁུག་མ་སྙིང་ལ་རྗེ་བོ་དེ་བཟུང་སྟེ་དབུགས་ཧལ་ཧལ་དང་། ལུས་ཡོངས་རྔུལ་ཆུས་བརླན་ཏེ་བརྩེགས་བཅུ་བར་འབྱོར།  ཁོས་འདང་ཞིག་བརྒྱབ་རྗེས་ཁུག་མ་སྙིང་རྗེ་བོ་དེ་ལས་དེབ་གསུམ་ཕྱིར་བཏོན་ཞིང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཞེས་པའི་དེབ་དེ་དང་ཁུག་མ་གཉིས་ཁོ་ཚང་གི་གློག་ཁྲ་བཞག་ཡོད་སའི་ལྕགས་སྒམ་ཆུང་ངུ་དེའི་ནང་དུ་ཕར་བཞག ཁོས་དེ་ལྟར་འཇོག་དོན་ནི་ཁུག་མ་འདིའི་སྟེང་དུ་ཁོའི་མིང་བྲིས་ཡོད་པ་དང་། ད་དུང་ཚངས་མགུར་གྱི་དེབ་བར་དུ་ཁོ་དང་དགེ་མ་མ་ཕམ་སྲས་མོ་གཉིས་ཀྱི་ཚོན་པར་ཡོད་པས་ཆུང་མས་མཐོང་ཨེ་འགྲོ་བསམ་པའི་སེམས་ཁྲལ་ལམ་སྐྲག་སྣང་ཟ་ཟི་ཡིས་དེ་ལྟར་བཞག་པ་རེད།  ཁོ་ཁྱིམ་དུ་འབྱོར་རྗེས་ཆུང་མ་བདེ་གསལ་གྱིས་ཁྱེད་ཀྱིས་ཚོད་མ་ཉོས་ཡོང་རྒྱུ་ནི་ཇི་འདྲའི་འགོར་བ་ལ།  ཁྱེད་ལྷ་ས་ལ་ཉོ་རུ་སོང་བ་མིན་ནམ་ཞེས་རྩེད་དགོད་དམ་འཕྱ་ཚིག་གི་མདའ་མོ་མཐའ་ཡས་རྒྱ་མཚོའི་སྟེང་དུ་འཕངས།  སྤྱིར། མཐའ་ཡས་རྒྱ་མཚོ་ཡང་རྩེད་དགོད་བཤད་རྒྱུ་སོགས་ལ་བྱང་ཆ་ཡོད་མཁན་གྱི་གསར་བུ་ཞིག་ཡིན་ཡང་། ཉིན་དེར་ཁོ་རང་ལ་ཆུང་མར་ཚིག་ལན་སློག་རྒྱུའི་ཡི་ག་གཏན་ནས་མེད་པར་གྱུར་ཡོད།  ཁོས་ཚོད་རིགས་སྣ་ཚོགས་བཅུག་ཡོད་པའི་འགྱིག་ཁུག་དེ་ཆུང་མར་གཏད་ཅིང་ལག་གཡས་པའི་ནང་དུ་ཡོད་པའི་དེབ་དག་ཁོ་རང་གི་དཔེ་སྒྲོམ་དུ་བཞག་ཅིང་ཆུང་མས་བླུགས་པའི་ཕོར་ཇ་དེ་འཐུང་ཞོར་བུ་མོ་ལའང་རྩེད་དགོད་དང་། ཁྱེད་ཀྱིས་དེ་རིང་གླུ་དབྱངས་ལེན་ཨེ་ཤེས་ཐལ་ལྟ་བུའི་ཁ་བརྡ་ཚིག་གཅིག་ཀྱང་མ་བཤད་པར་སེམས་ལ་མ་ཕམ་སྲས་མོ་དང་ཁོ་གཉིས་ཀའི་འདས་དོན་གྱི་དྲན་པ་ཁ་བ་ལྟར་མར་བབས་ཤིང་རླུང་བུ་ལྟར་ཕར་གཡུགས།  གློག་དམར་ལྟར་གང་སར་འཁྱུགས་ཤིང་དྲག་ཆར་ལྟར་ཤེད་ཀྱིས་བྱུང་སྟེ་སྐབས་དེའི་ཁོའི་སེམས་ཁམས་ནི་སྨུག་ལང་ལོང་ནང་དུ་མགོ་འཁོར་བའི་ཡུ་མོ་ཞིག་དང་ཁྱད་མེད་པར་གྱུར།  ཁོང་བཟའ་མི་གསུམ་གྱིས་ཉིན་གུང་གི་ཟ་མ་ཟོས་རྗེས་མཐའ་ཡས་རྒྱ་མཚོས་ངལ་ཅུང་ཙམ་གསོ་དགོས་པར་ཁ་གཡར་ཏེ་ཁོ་གཉིས་ཀྱི་ཉལ་ཁང་དུ་སོང་ཞིང་མལ་ཁྲིའི་སྟེང་ལ་གན་རྐྱལ་དུ་འགྱེལ་ཏེ་མ་ཕམ་སྲས་མོ་ད་ལྟ་གང་དུ་ཡོད་པ་དང་། མོས་ཅི་ཞིག་བྱེད་ཀྱིན་ཡོད་པ།  མོ་ད་ལྟ་དགེ་མ་བྱས་ཏེ་བསྡད་ཡོད་མེད་ཀྱི་དོན་མེད་སྐོར་ལོག་གི་དྲི་བ་མང་པོ་ཞིག་གིས་ཁོའི་ཀླད་པའི་ནང་དུ་འཕག་འཚག་བརྒྱབ།

                                                གཉིས་པ།

མཐའ་ཡས་རྒྱ་མཚོ་ནི་ལོ་བཅོ་ལྔའི་སྟེང་དགོན་པར་ཞུགས་ཤིང་ལོ་བཅོ་བརྒྱད་ཀྱི་སྟེང་རང་ཡུལ་དང་རྒྱང་ཐག་རིང་བའི་ནང་ཆོས་སྦྱོང་སའི་སློབ་གླིང་དེ་རུ་སོང་སྟེ་རང་ལོ་ཉེར་བཞིའི་བར་དུ་གཉིད་ཆག་ཟས་བརྗེད་དང་། སྔ་ལངས་ཉལ་འཕྱིའི་ངང་སུམ་རྟགས་སོགས་ནས་དབུ་བཟུང་སྟེ་གཞུང་བཀའ་པོད་ལྔར་སྦྱང་བ་དཔྱིས་ཕྱིན་པ་བྱེད་མྱོང་མཁན་ཞིག་དང་ཁོ་རང་སློབ་གླིང་དེར་ཡོད་དུས་ཁོ་ཡིས་འཛིན་གྲྭའི་སྐྱོར་དཔོན་ཡང་ལོ་དུ་མར་བྱས་ཡོད་འདུག  ཁོས་རྒྱུན་དུ་ཆོས་འཆད་ཉན་གྱི་ཕྱོགས་ལ་འབད་བརྩོན་དང་མདུན་སྐྱོད་བྱེད་ཀྱིན་ཡོད་པས་རྟག་པར་རང་ཁྱིམ་དུ་ཟ་མ་གཡོས་སྦྱོར་བྱེད་བཞིན་མེད་པ་དང་། ཟ་མའི་ཕྱོགས་ནས་རྒྱུན་པར་མགྱོགས་ཐུག་འཐུང་བ་དང་། ཟས་ལྷག་ཟ་བ།   སྲང་དུ་འཚོང་གིན་ཡོད་པའི་འབྲས་ཚལ་སོགས་བཟའ་རྒྱུ་མང་དྲགས་པས་ཁོའི་ཕོ་ཁ་དེ་ཙམ་བདེ་བོ་མི་འདུག  ལོ་དེའི་དབྱར་མཇུག་ཏུ་ཁོ་རང་གི་ཕོ་ཁ་ན་རྒྱུ་ཅུང་ཚབས་ཆེན་དུ་གྱུར་ཏེ་ཁོ་རང་གི་གྲོགས་པོ་དག་གིས་ཡང་ཡང་སྐུལ་མ་གནང་བ་ལྟར་ཁོ་རང་ཁོའི་གྲོགས་པོ་སེམས་དཔའ་ཡི་འགྲོ་རོགས་འོག་ཞིང་ཆེན་སྙིང་རྗེ་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སོང་།  ཁོ་གཉིས་ཞིང་ཆེན་སྨན་ཁང་དུ་ཐོན་ཞིང་ཉིན་གསུམ་གྱི་རིང་ལ་སྨན་ཁང་དུ་བརྟག་དཔྱད་ཀྱི་འགྲོ་ལུགས་ཆ་ཚང་བསྒྲུབས་ཏེ་སྨན་པའི་ངག་བཞིན་གཟའ་འཁོར་གཅིག་ལ་སྨན་ཁང་དུ་འདུག་རྒྱུའི་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཏེ་གཟའ་མིག་དམར་ཉིན་སྨན་ཁང་དུ་བསྡད།   ཕྱི་ཉིན་གྲོགས་པོ་སེམས་དཔའ་ཉིན་བདུན་གྱི་གོ་སྐབས་དང་བསྟུན་ཏེ་རྒྱལ་ནང་དུ་ཡོད་པའི་ཁོའི་སློབ་མ་དག་ལ་སྐོར་རྒྱག་ཏུ་ཕྱིན།  མཐའ་ཡས་རྒྱ་མཚོ་ཡིས་ཉིན་རྒྱུན་སྨན་ཁང་ལས་གནམ་ཁབ་ཚར་བར་རེ་སྒུག་བྱས་ཤིང་སྨན་ཁང་གི་ཐག་ཉེར་ཡོད་པའི་སྤྱི་གླིང་དུ་འཆམ་འཆམ་བྱེད་དུ་འགྲོ་བར་བྲེལ་འཚབ་ལངས་ཀི་འདུག   ཁོ་རང་གནམ་ཁབ་གསུམ་པ་དེ་ཚར་མ་ཐག་ནད་ཁྲི་ལས་ལྡངས་ཏེ་སྨན་ཁང་གི་འཁྲིས་ཀྱི་ཟ་མ་ཟ་ས་དེར་སོང་སྟེ་ཟ་མ་བླངས།  ཉིན་དེར་ཟས་ཁང་དུ་ཟ་མ་ཟ་མཁན་གྱི་མི་ནི་རབ་ཏུ་མང་ཞིང་འདུག་སྟེགས་ཀྱང་གཅིག་གཉིས་རེ་མ་གཏོགས་ཕལ་ཆེར་གང་འདུག  ཁོས་འདུག་སྟེགས་ཤིག་བཙལ་ཞིང་ཕོ་བ་ཤིན་ཏུ་བཀྲེས་ཀྱིན་ཡོད་པས་ཟ་མ་རྔམ་ཟ་བྱས་ཏེ་ཟས།  མཆིན་ཁ་ཅུང་ཙམ་མནན་ཏེ་ཡར་མར་ལ་ལྟ་ཙམ་བྱས་པས་ཁོའི་རྒྱབ་ལོགས་སུ་དགེ་མ་ཞིག་གིས་ཀྱང་ཟ་མ་ཟ་བཞིན་འདུག  ཁོས་མཐོང་བའི་དགེ་མ་དེ་ནི་ངོ་མདོག་ཤིན་ཏུ་དཀར་ཞིང་སྨིན་མའི་རྫོང་མཐུག་པ། མིག་ཟུང་ནི་ཁོས་མཐོང་བའི་ཐང་གའི་ངོས་ཀྱི་ལྷ་མོ་དབྱངས་ཅན་མའི་སྤྱན་ཟུང་ལྟར་དཀྱུས་རིང་ཞིང་ཆ་ག་དོད་ཡོད་ཅིང་ཁ་སྣ་གཉིས་ནི་རི་མོོ་མཁན་གྱིས་པིར་གྱིས་བྲིས་པ་ལྟར་མཐོང་བ་ཙམ་གྱིས་མིག་དབང་ཅིག་ཆར་དུ་འགུག་ནུས་པ་དང་། གནས་དེར་ཚ་བ་ཆེ་བས་ཁོ་མོས་ནང་ལྭ་དམར་པོ་ཕུ་ཐུང་མེད་པ་ཞིག་གྱོན་ཡོད་ཅིང་། ཁོ་མོ་མར་བསྒུར་ཏེ་ཟ་མ་ཟ་ཐེངས་རེར་བྲང་ངོས་སུ་འབུར་བའི་ནུ་ཟུང་གཉིས་ཀྱིས་ཁོ་ལ་ཆགས་ཉམས་སྟོན་གྱིན་ཡོད་པ་དང་གཉིས་སུ་མེད་པར་གྱུར།  ཁོ་གཉིས་ཀྱི་ཟུར་དང་འཁྲིས་སུ་ཡོད་པའི་མི་དག་ནི་རྒྱ་མི་རྐྱང་བ་ཡིན་པས་ཁོའི་སེམས་སུ་མ་རབས་ཤིག་གམ་སྡོད་མི་ཚུགས་པའི་ངང་ཚུལ་ཞིག་སྐྱེས་ཏེ་དགེ་མ་དེ་ཡི་ཁ་པར་ཨང་གྲངས་ལེན་ཐབས་བྱེད་དགོས་ཀི་སྙམ་ཞོར་དེའི་མདུན་དུ་སོང་སྟེ། ཁྱེད་རང་བདེ་མོ། གང་ནས་ཡིན་ཞེས་བཤད། དེ་མ་ཐག་དགེ་མ་ཡིས་ངོ་ཚ་བའམ་ཅུང་གུ་དོགས་པའི་ཉམས་ཀྱིས་ལག་ཏུ་བཟུང་ཡོད་པའི་ཟས་ཐུར་གཉིས་མར་བཞག་སྟེ། ང་། ང་། ང་ལྷུན་རྫོང་ནས་ཡིན་ཞེས་ལན་བཏབ། མཐའ་ཡས་རྒྱ་མཚོས་བསྐྱར་དུ་ཁྱེད་རང་སྨན་ཁང་འདིར་བསྡད་ཡོད་དམ་ཞེས་དྲིས་པ་ན། མོས་ང་སྨན་ཁང་འདིར་བསྡད་ཡོད། འདིར་བསྡད་དེ་ཉིན་བཅུ་ཙམ་ཡིན། སང་ཉིན་སྨན་ཁང་ལས་བུད་ན་ཆོག་ཅེས་བཤད་དེ་ཁ་སྐྱེངས་བའི་ཉམས་ཀྱིས་མགོ་བོ་ནང་དུ་ཅུང་ཙམ་དུད་དེ་བསྡད། མཐའ་ཡས་རྒྱ་མཚོས་མོའི་ཉམས་འགྱུར་དེ་མཐོང་མ་ཐག་འཛེམ་དོགས་མེད་པའི་ངང་ཁྱེད་རང་གཅིག་པུ་སྨན་ཁང་དུ་བསྡད་ཡོད་དམ། ང་ཡང་གཅིག་པུ་ཡིན་པས་ཉི་མ་ཆོད་ཐབས་མི་འདུག་ཅེས་བཤད།  མོས་མོ་ལ་རོགས་པ་ཁ་ཤས་ཡོད་ཀྱང་ཉིན་འགའི་སྔོན་ལ་རི་བོ་རྩེ་ལྔར་གནས་མཇལ་དུ་བུད་ཐལ། ད་ལྟ་ང་རང་གཅིག་པུ་ཡིན་ཞེས་བཤད།  བར་སྐབས་དེར་ཁོའི་རྒྱབ་ཁུག་ཆུང་ངུ་དེ་ལས་ཁ་པར་གྱི་འབོད་བརྡ་གྲགས།  ཁོའི་བསམ་པར་ད་ནི་སྟབས་མ་བསྒྲིགས་རང་འགྲིག་ཏུ་གྱུར་ཐལ། ཁ་པར་ཐོན་པའི་གོ་སྐབས་འདི་བརྒྱུད་དེ་ཁོ་མོའི་ཨང་གྲངས་ངའི་ཁ་པར་ནང་དུ་གནོན་རོགས་ཞེས་བཤད་དགོས་སྙམ་ཞོར་ཁ་པར་ཡར་བླངས་མ་ཐག་ཁ་པར་གྱི་གློག་ཟད་དེ་རང་འགུལ་གྱིས་སྒོ་བརྒྱབ་བྱུང་།  དེར་མཐུད་ཁོས་ཐབས་ཇུས་གཞན་ཞིག་འཐེན་རྒྱུ་བློར་དྲན་ཏེ་འདི་གར་ཁྱེད་ལ་རོགས་བྱེད་རྒྱུ་ཅི་ཞིག་ཡོད་ན་ང་ལ་ཤོད་དང་ངས་ཁྱེད་ལ་རོགས་བྱེད་ཆོག་ཅེས་པ་དང་། ད་དུང་ངའི་ཁ་པར་ནང་དུ་གློག་མི་འདུག  ཁྱེད་ཀྱི་ཁ་པར་དུ་ངའི་ཨང་གྲངས་ཉར་ཚགས་བྱས་ཏེ་ང་ལ་ཁ་པར་ཐོོང་ཞེས་མོའི་སྐར་གསུམ་རྟགས་ཅན་གྱི་ཁ་པར་དེ་མདུན་ཅོག་ལས་ཚུར་བླངས་ཏེ་ངོས་ནས་ཐེངས་གཅིག་མནན་པས་གསང་ཟྭ་བརྒྱབ་ཡོད་པ་ཤེས་ཏེ་ཁོས་མོ་ལ་གསང་ཟྭ་འབྱེད་རོགས་ཞེས་ལབ།  མོས་ཀྱང་ཁོའི་ངག་བཞིན་གསང་ཟྭ་ཕྱེས་ཏེ་ཁོའི་ལག་ཏུ་བཞག  མོའི་ཁ་པར་གྱི་འཆར་ངོས་སུ་མོ་རང་གི་པར་ཞིག་བཞག་ཡོད་ཅིང་། པར་དེ་ནི་རི་ལུང་ཐམས་ཅད་སྔོ་ལྗང་གོས་ཀྱིས་བཀླུབས་པ་ལྟ་བུའི་དུས་ཚིགས་ཤིག་ལ་བླངས་བ་ནི་མོའི་མདུན་རྒྱབ་དང་གཡས་གཡོན་སོགས་ལ་བལྟས་པ་ཙམ་གྱིས་ཀྱང་གོ་ཐུབ། པར་དེའི་སྟེང་དུ་མོས་ཉི་ཞྭ་སེར་པོ་ཞིག་གྱོན་ཡོད་ཅིང་གཟན་དམར་པོ་ཞིག་སྐེ་དཀྲིས་ཀྱི་ཚུལ་དུ་སྐེར་འཕངས་ཡོད་པ་དང་། གདོང་ལ་དགོད་འཛུམ་དང་ཞི་དུལ་བག་ཡོད་ཀྱི་ཉམས་ཤིག་ངང་གིས་བསྡུས་ཏེ་ཚུར་ལ་བལྟས་འདུག  ནང་ལྭ་དམར་ནག་ཕུ་ཐུང་རིང་བོ་ཅན་ཞིག་དང་སྨད་ཤམ་སེར་ནག་ཡངས་ཤིང་སྲབ་མོ་ཞིག་གྱོན་ཡོད་པ་ལས་ཤམ་ཐབས་གྱོན་མི་འདུག  སྨད་ཤམ་དེ་ནི་ཧ་ཅང་སྲབ་མོ་ཞིག་ཡིན་པ་དངོས་སུ་མཐོང་ན་ལོས་ཤེས་ཏེ། པར་གྱི་སྟེང་ནས་ཀྱང་གསལ་བོར་ཤེས་ཐུབ་པས། གལ་ཏེ། དེ་དུས་མོར་པར་ལེན་མཁན་གྱི་ཕོ་མོ་གང་ཡིན་མི་ཤེས་པའི་མི་དེས་མོའི་བརླ་ཤ་ཡང་མཐོང་ཡོད་རྒྱུ་རེད་བསམ་པའི་ཀུན་སློང་ཞིག་མཐའ་ཡས་རྒྱ་མཚོའི་སྤྱི་བོའི་གཙུག་ནས་རྐང་བའི་མཐིལ་བར་དུ་ཁད་ཀྱིས་ཁྱབ།  ཁོས་མོའི་ཁ་པར་ནང་དུ་ཨང་གྲངས་མནན་ཞིང་ཉར་ཚགས་བྱས་ཏེ་ཁོ་གཉིས་ཟ་ཁང་གི་གློག་སྐས་ལས་མར་འབབ་སྐབས་མོའི་སྐྱེ་གཟུགས་དང་གོམ་པ་སྤོ་སྟངས་སོགས་ལ་ལྟ་བཞིན། གལ་སྲིད་ཁྱེད་རང་དགེ་མ་བྱས་མེད་ཚེ་གསར་བུ་མང་པོ་ཞིག་གིས་ཁྱེད་ཀྱི་དོན་ལ་རང་སྲོག་འབེན་དུ་འཇོག་ངེས་རེད་སྙམ་པའི་དོན་མེད་ཀྱི་རྟོག་པ་ཞིག་སེམས་ལ་བྱུང་། ཉིན་དེར་ཁོ་གཉིས་ཀྱིས་ཕན་ཚུན་ལ་བདེ་མོ་བཞག་སྟེ་རང་རང་སར་འདུག་སར་སོང་།

སྨན་ཁང་གི་སྒེའུ་ཁུང་ལས་མངོན་པ་ནི་རྔམ་བརྗིད་ཀྱིས་འགྱིང་བའི་ཁང་བརྩེགས་དག་དང་། སྒེའུ་ཁུང་དེའི་ངོས་ལ་མིག་ཟུང་གྱེར་མཁན་གྱི་མཐའ་ཡས་རྒྱ་མཚོའི་སེམས་སུ་དྲན་པ་ནི་ཁ་སང་འཕྲད་པའི་དགེ་མ་བཞིན་ལེགས་མ་དེ་ཁོ་ན་རེད། གནམ་ཁབ་ལས་མར་ལྷུང་གིན་པའི་སྨན་གྱི་ཐིགས་པ་རེ་རེ་ནི་མཐའ་ཡས་རྒྱ་མཚོ་ཚེ་སྲོག་གི་གཡུལ་ས་ལས་སྐྱོབ་པའི་གཉེན་པོ་དང་འདྲ་བར་ཁོའི་རྩ་ལམ་རེ་རེར་འཁྱག་སིབ་སིབ་ངང་འཐིམ་ཞིང་མཐའ་ཡས་རྒྱ་མཚོས་ཀྱང་ཁོས་ཨང་གྲངས་སྤྲོད་སའི་དགེ་མ་དེས་ཁོ་ལ་ཁ་པར་གཏོང་དང་མི་གཏོང་སོགས་ལ་འདང་རྒྱགས་ཞོར་ལག་མགོར་དཔྱངས་བའི་གནམ་ཁབ་ཚར་ཡོད་པའང་མ་ཤེས།    ཁོས་གནམ་ཁབ་ཀྱི་རྒྱུ་མ་མཐོང་མ་དག་རྒྱུ་མའི་དཀྱིལ་ཙམ་དུ་ཁྲག་བརྒྱུགས་ཡོད་ཅིང་སྐབས་དེར་ཁོས་ཀྱང་ལག་པ་འཁྱགས་ཤིང་ན་སྟེ་མཛུག་གུ་ཙམ་ཡང་འགུལ་མི་ཐུབ་པ་ཚོར།  སྔས་མགོའི་འཁྲིས་ཀྱི་བརྡ་གཏོང་བྱེད་ལས་ཞབས་ཞུའི་སྟེགས་བུ་ལ་བརྡ་བཏང་སྟེ་ཞབས་ཞུ་མ་བོས།  ཞབས་ཞུ་མས་ཁྱེད་མི་དར་མ་ཞིག་དང་མི་འདྲ་བར་རང་གི་གནམ་ཁབ་ཚར་གྱིན་ཡོད་པའང་མི་ཤེས་བར་ཟེར་ཞོར་གནམ་ཁབ་ཚོད་འཛིན་བྱེད་སྤྱད་ཀྱི་སྒོ་བསྒགས་ཤིང་གནམ་ཁབ་འབལ་བཞིན་པའི་དུས་དེར་ཁོའི་ཁ་པར་གྲགས་བྱུང་། ཁོས་ཁ་པར་སྟོད་ལྭའི་ནང་དུ་བཅུག་ཡོད་པས་ལག་པར་སྨན་བཅོས་བྱེད་བཞིན་པའི་སྐབས་དེར་ཁ་པར་ལེན་མ་ཐུབ། ད་དུང་ཁོའི་སེམས་སུ་དྲི་བ་ཞིག་ལྷག་ཡོད་པ་ནི་དགེ་མ་དེའི་མིང་ལ་ག་རེ་ཟེར་བ་དང་ད་ལྟར་གྲགས་བཞིན་པའི་ཁ་པར་དེ་མོས་བཏང་བ་ཡིན་ནམ་སྙམ་པ་དེ་རེད། ཁ་སང་ཁོས་ཁོ་མོའི་མིང་འདྲི་རྒྱུ་བརྗེད་ཡོད་པ་དང་བརྩེགས་དུ་བའི་སྟེང་དུ་ཡོད་པའང་འདྲི་རྒྱུ་བརྗེད་ཡོད། ཁོའི་ལག་མགོའི་གནམ་ཁབ་བླངས་ཚར་ཞིང་ཁོ་རང་ཟ་ཁང་དུ་འབྱོར་རྗེས་མི་ཁ་ཤས་མ་གཏོགས་མེད་ཅིང་ཁོ་འདུག་སྟེགས་སུ་བསྡད་ཅིང་ཁ་པར་བླངས་ཏེ་ལེན་མ་ཐུབ་པའི་ཨང་གྲངས་དེའིི་སྟེང་དུ་ཁ་པར་བརྒྱབ།   དེ་མ་ཐག་གཉོམ་ལ་དུངས་ཤིང་ཡིད་ལ་འགྲོ་བའི་སྐད་སྙན་མོ་ཞིག་གིས་ཁ་པར་བླངས་ཤིང་མཐའ་ཡས་རྒྱ་མཚོས་ཐད་ཀར་ཁྱེད་རང་ཁ་སང་གི་དགེ་མ་དེ་ཨེ་ཡིན་ཞེས་དྲིས་ཤིང་མོས་ཀྱང་ཡིན་ཞེས་ལན་ཡག་པོ་བྱིན། དུས་དེ་ནས་བཟུང་ཁོ་གཉིས་ཀྱིས་ཉིན་མཚན་གྱི་ལྟོ་སྦྱར་ཏེ་ངོ་མི་ཤེས་པ་དང་ཤེས་པའི་བར་དང་།  ཤེས་པ་ནས་འདྲིས་པའི་བར། འདྲིས་པ་ནས་ཕན་ཚུན་དབར་བརྩེ་དུང་བརྩེ་དུང་གི་ལྗང་མྱུག་རྒྱས་པའི་བར་དུ་ཁ་སེམས་དར་གྱི་མདུད་པ་གཅིག་ཏུ་མདུད་ཅིང་། ཞེ་སེམས་མར་གྱི་རིལ་བུ་མཉམ་དུ་ཟོས་ཏེ་མི་ལོ་ལྔ་ལྷག་འགོར།   ཉིན་ཞིག་མ་ཕམ་སྲས་མོར་ཟླ་མཚན་འབབ་ཀྱིན་ཡོད་པ་དང་། ཉིན་དེར་མོ་ལ་ཟླ་མཚན་འབབ་དུས་འཐུང་རྒྱུའི་སྨན་མེད་པ་ཤེས་རྗེས་མཐའ་ཡས་རྒྱ་མཚོ་ ཆེད་དུ་རྫོང་ཐོག་ལ་སྨན་ཉོ་རུ་སོང་།  ཁོ་རྫོང་ཐོག་ཏུ་ཐོན་རྗེས་སྟོད་ལྭའི་ཕུ་ཐུང་གིས་ཁ་སྣ་བསུམས་ཏེ་བོད་སྨན་ཁང་དུ་སྨན་ཉོ་རུ་སོང་ཡང་།  སྨན་ཁང་དུ་ཡོད་པའི་ཞབས་ཞུ་མ་དག་ནི་བོད་པ་རྐྱང་བ་ཡིན་པས་ཟླ་མཚན་འབབ་དུས་འཐུང་རྒྱུའི་སྨན་ཞིག་འཚོང་རོགས་ཞེས་བཤད་རྒྱུར་ངོ་ཚ་སྟེ་སྨན་འཚོང་སའི་སྒེའུ་ཁུང་གི་འགྲམ་དུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་བསྡད། སྒེའུ་ཁུང་འགྲམ་གྱི་སྨན་ལེན་མཁན་གྱི་མི་དག་གིས་སྨན་བླངས་ཏེ་ཡར་མར་ལ་སོང་མཐར་ཤུལ་དུ་ལྷག་ཡོད་པ་ནི་མཐའ་ཡས་རྒྱ་མཚོ་གཅིག་པུ་རེད། སྐབས་དེར་ཞབས་ཞུ་མ་ཞིག་གིས་མཐའ་ཡས་རྒྱ་མཚོ་མཐོང་སྟེ་ཨ་ཁུ་ཁྱེད་ལ་སྨན་ཅི་ཞིག་དགོས་ཞེས་བཤད། ཁོས་ཟླ་མཚན་འབབ་དུས་འཐུང་དགོས་པའི་སྨན་ཞིག་འཚོང་རོགས་ཞེས་བཤད་བསམ་ཡང་སེམས་སུ་སུ་ཞིག་གིས་ཕྱིར་ལ་འཐེན་པ་ལྟར་བཤད་ཐབས་གཏན་ནས་མ་སྤོབས་པར་ངས་འདི་ནས་མི་ཞིག་ལ་སྒུག་གི་ཡོད་ཅེས་རྫུན་ཞིག་བཤད།  ཁོ་འཕྲད་དུ་སྒོར་བུད་དེ་སླར་ཡང་སྟོད་ལྭའི་ཕུ་ཐུང་གིས་ཁ་སྣ་བསུམས་ཏེ་མདུན་དུ་གོམ་པ་འགའ་སྤོས་རྗེས་རྫོང་ཐོག་ཏུ་ཡོད་པའི་ཁོ་རང་གི་ནང་གྲོགས་དགེ་བོ་ཞིག་ལ་ཁ་པར་བཏང་སྟེ་སྨན་ཁང་དུ་ཁོ་ལ་རོགས་ཤིག་བྱེད་དུ་ཡོང་དགོས་པའི་རེ་བ་བཏོན།   དུས་ཚིགས་དེ་ནི་དགུན་ཁ་ཞིག་ཡིན་ཞིང་ཁོ་རང་འགྲོ་སའི་རྫོང་དེར་མཚོན་ན་མཚོ་ངོས་ནས་རྨི་སྟོང་ཕྲག་བཞི་ཙམ་གྱི་མཐོ་སྒང་གི་ཡུལ་དུ་ཆགས་ཡོད་པས་དགུན་ཁའི་དུས་སུ་གྲང་རླུང་གི་རྒྱུ་བ་རྒྱུན་མི་ཆད་པ་དང་། ངེས་མེད་དུ་ལྡང་གིན་པའི་གྲང་རླུང་རྒོད་པོ་བསམ་བཞིན་དུ་མཐའ་ཡས་རྒྱ་མཚོ་རྫོང་དུ་ཡོང་བཞིན་པ་ཤེས་ཏེ་ཁོའི་ཉེ་སར་བྱུང་གིན་ཡོད་པ་ལྟར་ཁོའི་གདོང་དང་ལུས་ལ་ཕོག་སྟེ་ཁོ་ལ་དེ་མ་ཐག་གྲང་འདར་ཞིག་ངང་གིས་བསླངས། ཅུང་ཙམ་འགོར་རྗེས་ཁོའི་གྲོགས་པོས་འཕྲུལ་རྟ་བསྐོར་ཏེ་མདའ་འཕངས་པ་ལྟར་ཁོའི་ཟུར་དུ་བསླེབས་ཤིང་གྲོགས་པོས་ཁོ་ལ་ལག་འཇུ་ཞིག་བྱས་ཏེ་ཁྱེད་རང་སྨན་ཁང་དུ་ཅིའི་ཕྱིར་ཡོང་བ་ཡིན་ཞེས་དྲིས། མཐའ་ཡས་རྒྱ་མཚོར་དགོད་རྒྱུ་ཞིག་དང་བཅས་གདོང་དུ་འཛུམ་ཙམ་ལངས་ཏེ་དངོས་པོ་རྩ་ཆེན་ཞིག་ཉོ་དགོས་ཀི་ཞེས་བཤད།  ཁོའི་གྲོགས་པོས་སྨན་ཁང་འདིར་རྩ་ཆེན་ཞིག་ཉོ་རྒྱུ་ཡོད་དམ།  གལ་ཏེ་ཉོ་བསམ་ན་སྲང་མགོ་རུ་སོངས་དང་དེ་རུ་འཚོང་མཁན་ཡང་མང་པོ་འདུག་ལ་ཉོ་མཁན་ཡང་མང་པོ་འདུག་ཅེས་མཐའ་ཡས་རྒྱ་མཚོ་ལ་ཀུ་རེ་བརྩེས།  མཐའ་ཡས་རྒྱ་མཚོས་ཁོའི་སྐད་ཆའི་མཇུག་མཐུད་དེ་ཁོ་ལ་སྨན་ཞིག་ཉོ་དགོས་ཞེས་བཤད་དེ་ཁུག་མ་ལས་སྒོར་ལྔ་བཅུ་བླངས་ཏེ་ཁོའི་གྲོགས་པོར་གཏད།  གྲོགས་པོས་དགེ་སློང་ཁྱེད་ཚང་གི་ཕྱག་ནས་སྒོར་མོ་ལེན་སྲོལ་ག་ལ་ཡོད། ང་ལ་རྒྱུན་དུ་ཐུགས་གཏད་སྐྱབས་འཇུག་རེ་བྱོས་དང་ངས་ཁྱེད་ལ་སྨན་ཉོ་ཞེས་དོན་དམ་དང་ཀུ་རེ་འདྲེས་མའི་གཏམ་ཞིག་བཤད་ཅིང་གཏམ་དེ་ཡིས་མཐའ་ཡས་རྒྱ་མཚོར་སླར་ཡང་ཟླ་མཚན་གྱི་སྨན་ཉོ་དགོས་ཞེས་སྐད་ཆ་བཤད་རྒྱུར་བར་ཆད་དམ་ངོ་ཚ་བའི་བར་གྱང་ཞིག་བརྩིགས། ཡིན་ཡང་། མཐའ་ཡས་རྒྱ་མཚོས་མ་ཕམ་སྲས་མོར་རང་གི་སྲོག་བཞིན་དུ་གཅེས་ཤིང་ནམ་ཞར་མོ་ལ་དགོས་རྒྱུ་དང་མཁོ་རྒྱུའི་དངོས་པོ་སོགས་གང་འདོད་དུ་ཉོ་ཞིང་། གལ་ཏེ་ཁོ་རང་ལ་སྒོར་མོ་མེད་པ་ཡིན་ཡང་། གནས་སྐབས་སུ་མི་གཞན་ལ་སྒོར་མོ་བསྐྱིས་ཏེ་ཉོ་ཐུབ་བྱེད་མཁན་ཞིག་ཡིན་པས། གལ་ཏེ་དེ་རིང་སྨན་ཉོ་མ་ཐུབ་ཚེ་དོ་ནུབ་ཀྱང་ཁོ་མོ་ན་སྟེ་གཉིད་ཐུབ་རྒྱུ་མ་རེད། དེ་ལྟར་གཉིད་མ་ཡོང་ཚེ་སང་ཉིན་གྱི་ཆོས་ཁྲིད་སྐབས་སུ་མོ་གཉིད་དུ་ཡུར་ཏེ་དགེ་མ་གཞན་དག་གིས་མོ་ལ་འཕྱ་ངེས་བསམ་པའི་ཚོར་བ་ཞིག་གིས་དེད་ཅིང་གྲོགས་པོ་དགེ་བོ་དེར་ཉོ་རུ་མ་བཅུག་ཚེ་ཁོ་དེ་རིང་རྫོང་དུ་ཡོང་བའི་དོན་གོ་མི་ཆོད་པ་ཤེས་ཏེ་བཙན་གྱིས་སྨན་གཞན་ཞིག་ལ་ཉོ་དགོས་པ་ཡིན། དེ་བས། སྒོར་མོ་ལོངས་དང་ངས་ཁྱེད་ལ་ཐུགས་གཏད་ལོས་བྱེད་ཅེས་ཀུ་རེ་བརྩེས།  གྲོགས་པོས་དོན་དམ་པར་སུ་ལ་ཉོ་དགོས་པ་ཡིན། མགྱོགས་པོར་ཤོད་དང་ངས་ཉོ་ཞེས་བཤད་རྗེས། གཟོད་མཐའ་ཡས་རྒྱ་མཚོས་ཅུང་དོགས་མི་བདེ་བའི་ཉམས་ཀྱིས་མ་ཕམ་སྲས་མོར་ཉོ་དགོས་པ་ཡིན་ཞེས་བཤད། ཁོའི་གྲོགས་པོས་འོ་ན་ཁྱེད་ཀྱིས་ཉོས་ན་མི་ཆོག་གམ།  མ་ཕམ་སྲས་མོར་ང་མ་ཡོང་ཚེ་ཉོ་མི་ཐུབ་པའི་སྨན་ཞིག་ཡོད་དམ་ཞེས་བཤད། སྤྱིར་ཁོའི་གྲོགས་པོ་ཡིས་མ་ཕམ་སྲས་མོ་དང་མཐའ་ཡས་རྒྱ་མཚོ་གཉིས་ཀ་ངོ་ཤེས་ཡིན་པ་སྔོན་ནས་མཐའ་ཡས་རྒྱ་མཚོས་ཁོར་གླེང་མྱོང་བ་དང་། ཁོ་རང་རྟག་པར་ཀུ་རེ་བཤད་རྒྱུར་སྤྲོ་བ་ཡོད་མཁན་ཞིག་ཡིན་པས།  མོ་ལ་སྨན་དགོས་རྒྱུ་དེ་སྨན་ཁང་དུ་ཡོད་པ་མ་རེད། དེ་ཁྱེད་ཀྱི་ལུས་སྟེང་དུ་ཡོད་པ་རེད། བུད་མེད་དག་ལ་དགོས་རྒྱུའི་སྨན་དེ་ནི་ངས་གསལ་བོར་ཤེས། ཁྱེད་ཀྱིས་མོ་ལ་སྨན་དེ་སྟེར་ཐུབ་མེད་ཚེ་ཁྱེད་རང་གསར་བུ་མ་རེད་ཅེས་དགོད་སྒྲ་དང་བཅས་ཏེ་བཤད། མཐའ་ཡས་རྒྱ་མཚོ་ཡིས་དེ་མ་རེད། མོར་ཟླ་མཚན་ན་གི་འདུག  དེ་ལ་སྨན་ཞིག་ཡོད་པ་རེད་ཟེར། ང་དེ་ཉོ་རུ་ཡོང་བ་ཡིན་ཞེས་བཤད་པས་ཁོའི་གྲོགས་པོ་དགོད་རྒྱུ་གཏིང་ནས་ཡོང་སྟེ་དགེ་སློང་ཉི་མ་འདྲ་བོ་ཁྱེད་ཡག་པོར་འདུག་རོགས། ལས་རྒྱུ་སྣོག་རྒྱུ་མང་ཚེ་ང་ལྟ་བུ་ཡིན་པ་རེད་ཅེས་བཤད་ཅིང་། ཁྱེད་ལ་དགོས་པའི་སྨན་དེ་འདིར་ཉོ་མི་དགོས། ངེད་ཚང་ལ་འགྲོ་དང་ངེད་ཀྱི་ཆུང་མ་ལ་སྨན་དེ་འདྲ་མང་། ཁྱེད་ཀྱིས་མོར་སློངས་དང་སྟེར་ངེས་ཞེས་མཐའ་ཡས་རྒྱ་མཚོར་སླར་ཡང་ངོ་དམར་པོར་འགྱུར་རྒྱུའི་ཀུ་རེ་ཞིག་བསླངས་ཏེ་ཁོ་འཕྲུལ་རྟ་ལས་མར་བབས་ཤིང་ཐད་ཀར་སྨན་ཁང་དུ་འཛུལ་བྱུང་། ཅུང་ཙམ་ནས་ཁོའི་ལག་ཏུ་ཤོག་ཁུག་ཆུང་ཆུང་ཞིག་བཟུང་སྟེ་གདོང་ལ་འཛུམ་ཞིག་ལངས་ཞོར་འདི་ེརེད། འདི་ནི་ཁྱེད་ཀྱི་མ་འོངས་པའི་ཆུང་མ་ལ་དགོས་པའི་སྨན་རེད་ཅེས་ཁོའི་ལག་ཏུ་གཏད་ཅིང་ཁོ་ལ་ངེད་ཀྱི་སར་འགྲོ་ཞེས་ཨུ་ཚུགས་བྱས་ཀྱང་། མཐའ་ཡས་རྒྱ་མཚོ་ཡིས་མགྱོགས་པོར་ཕྱིར་ལོག་སྟེ་མ་ཕམ་སྲས་མོར་ཐུགས་ཤིང་མོར་སྨན་སྦྱིན་དགོས་སྙམ་པའི་བྲེལ་འཚབ་སེམས་སུ་བྱུང་སྟེ་དེ་རིང་མི་འགྲོ་བར་བྱ། རྗེས་སུ་ཡོང་ཞེས་གྲོགས་པོར་བདེ་མོ་བཞག་སྟེ་གཟན་གྱིས་མགོ་དཀྲིས་ཤིང་ཕུ་ཐུང་གིས་ཁ་སྣ་བཏུམས་ཏེ་རླུང་འཚུབ་ཅིག་དང་ལྷན་དུ་རླངས་འཁོར་ས་ཚིགས་སུ་བསྐྱོད། ཉིན་དེར་ཁོས་ངོ་ཚ་གྲངས་མེད་ཉོས་བྱུང་ཞེས་ཟླ་འགའི་རྗེས་སུ་ཁ་པར་ལས་མ་ཕམ་སྲས་མོར་བཤད། སྐབས་དེར་མ་ཕམ་སྲས་མོས་ཀྱང་རྗེས་ཕྱོགས་ཁྱེད་ལ་ན་རྒྱུ་ཞིག་མི་འབྱུང་བའི་སྨོན་ལམ་འདེབ། བརྒྱ་ལ་ན་རྒྱུ་རེ་བྱུང་ཚེ་མོས་སྲོག་འབེན་ལ་བཞག་སྟེ་ཁྱེད་ཀྱི་དོན་ལ་འབད་ངེས་ཞེས་མ་བཅོས་སེམས་ཀྱི་གུར་ཁང་ལས་ལྷད་མ་འདྲེས་པའི་སེམས་གཏམ་སྙན་མོ་མཐའ་ཡས་རྒྱ་མཚོའི་ཐོས་འཛིན་གྱི་བུ་གར་བླུགས་ཤིང་གཏམ་དེ་ཐོས་མ་ཐག་ཁོ་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་ཀུན་ནས་བསྡམས།    དབྱར་གནང་གི་དུས་ཚོད་དང་བསྟུན་ཏེ་མཐའ་ཡས་རྒྱ་མཚོ་ཕ་ཡུལ་དུ་ཆས་ཤིང་། ཁོ་རང་ཕ་ཡུལ་དུ་འགྲོ་བར་ཉིན་གསུམ་ཙམ་འགོར་གི་འདུག  ཉིན་གཉིས་པའི་སྔ་དྲོར་མཐའ་ཡས་རྒྱ་མཚོ་རླངས་འཁོར་ཞིག་ཏུ་བསྡད་དེ་ཕ་ཡུལ་དུ་འགྲོ་བའི་ལམ་ཁར་ཁོ་དང་འདུག་སྟེགས་གཅིག་པ་ཡིན་ཞིང་བསྡུས་གྲྭའི་རིགས་ལམ་ལ་བྱང་ཆུབ་པའི་གྲྭ་བ་དེ་དང་ཁོ་གཉིས་ཀྱི་བར་ལ་དགེ་བཅུའི་སྲོོལ་བཟང་མི་བཟང་དང་། ཨོ་རྒྱན་པདྨ་འབྱུང་གནས་དངོས་སུ་བོད་དུ་བྱོན་མྱོང་ཡོད་མེད་ཀྱི་སྟེང་ནས་ལྟ་ཚུལ་མི་མཐུན་པ་ཆགས་ཤིང་ལམ་ཧྲིལ་བོར་རྩོད་པ་བྱས་ཏེ་ཡོང་བས་ཁོའི་ཁུག་མའི་ནང་དུ་ཡོད་པའི་ཁ་པར་ལ་ལན་གཅིག་ཙམ་ཡང་ལྟ་ཁོམ་མ་བྱུང་། མ་ཕམ་སྲས་མོས་སྔ་དྲོ་ནས་བཟུང་བསྟུད་མར་ཁོ་ལ་ཁ་པར་ལན་གྲངས་ཉི་ཤུ་ལྷག་བརྒྱབ་ཀྱང་གཏན་ནས་ཁ་པར་མ་བླངས་བས་མོའི་སེམས་ལ་མདང་ནུབ་ཀྱི་རྨི་ལམ་དེ་མངོན་དུ་གྱུར་བ་མིན་ནམ། གཏན་ནས་མི་སྲིད། དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད་སྙམ་ཞོར་སླར་ཡང་ཁོའི་ཁ་པར་གྱི་སྟེང་དུ་ཁ་པར་གསུམ་བཞི་ཞིག་བཏང་ཡང་ལེན་མཁན་མ་བྱུང་བས་མོའི་ཡིད་དུ་ཡང་བསྐྱར་མདང་དགོང་གི་རྨི་ལམ་འཇིགས་སུ་རུང་བ་དེ་ཐོལ་གྱིས་ཤར་བྱུང་། མ་གཞི་མོས་ད་ནངས་སྔ་མོར་མཐའ་ཡས་རྒྱ་མཚོ་ལ་རྨི་ལམ་དེ་བཤད་བསམ་ཡང་། དེ་རིང་ཁོ་རང་གིས་འགྲུལ་བཞུད་བྱེད་ཀྱིན་ཡོད་པས་ཁོ་རང་རྣམ་རྟོག་ལངས་ངེས་བསམ་སྟེ་མོས་ཅི་ཡང་མ་བཤད། རྨི་ལམ་དེ་ནི་མཐའ་ཡས་རྒྱ་མཚོ་དང་ཁོ་མོ་གཉིས་དཀན་གཟར་ལྟ་བས་མི་བཟོད་པ་ཞིག་སྟེ་མར་བལྟས་པ་ཙམ་གྱིས་མགོའི་སྐྲ་ཐམས་ཅད་སྐད་ཅིག་ལ་ཞོགས་ཤིང་དྲག་ཏུ་བཞུར་གྱིན་པའི་ཆུ་ཆེན་གྱི་ཁུགས་སོ་དག་བྲག་དང་རྡེབ་ཐེངས་རེར་ཡུན་ཙམ་ལ་བྲག་དངོས་གཞན་དག་རློན་པར་བྱེད་པ་དང་། ཆུ་ཆེན་གྱི་བཞུར་སྒྲའི་བྲག་ཅ་མཆེད་ཐེངས་རེར་ཐོས་འཛིན་གྱི་བུ་ག་འགད་ལ་ཁད་བྱེད་པ་དང་། བྲག་གི་སྐེད་པ་རུ་ངོས་མི་ཟིན་ཞིང་མིང་ཡང་མི་ཤེས་པའི་གཅན་གཟན་རི་དྭགས་སྣ་ཚོགས་ཀྱིས་ངར་སྐད་དང་མཆེ་བ་བགྲད་པའི་སྒྲ་དག་གིས་ལུང་བ་དེ་ནི་གཤིན་རྗེའི་འཕྲང་དང་གཉིས་སུ་མེད་པ་ལྟ་བུ་ཞིག་ཏུ་བསྒྱུར་ཞིང་། མཐའ་ཡས་རྒྱ་མཚོ་ཤར་ཕྱོགས་ཀྱི་དཀན་གཟར་དེའི་རྩེ་རུ་གོས་མེད་གཅེར་བུ་རུ་འགྲེང་ཡོད་ཅིང་ཁོ་མོ་ཡང་ལྷོ་ཕྱོགས་ཀྱི་དཀན་གཟར་དེའི་རྩེ་རུ་གོས་མེད་གཅེར་བུའི་ངང་འགྲེང་ཡོད་པ་དང་། ཁོ་གཉིས་ཀྱིས་ཕན་ཚུན་མཐོང་ཐུབ་ཀྱིན་ཡོད་ཀྱང་། ཕན་ཚུན་ལ་ཁ་བརྡ་བཤད་ཐུབ་ཀྱིན་མི་འདུག   དེའི་སྐབས་སུ་མཐོངས་ཡངས་བའི་ནམ་མཁའི་ཁྱོན་ནས་མཆུ་ཏོའི་མགོ་ཐུར་དུ་ཀུག་ཅིང་སྣེ་མོ་མདུང་ལྟར་རྣོ་བའི་བྱ་རྒོད་ཅིག་གིས་གཤོག་ཟུང་བརྐྱངས་ཤིང་ལྕགས་ལས་གྲུབ་པ་ལྟ་བུའི་སྡེར་མོ་རྣོན་པོ་དག་བགྲད་དེ་གཤོག་ཟུང་རྡེབ་ཐེངས་ཁ་ཤས་ཀྱི་ཡུན་ལ་མཐའ་ཡས་རྒྱ་མཚོར་གཟས་ཏེ་མར་བབས་ཤིང་དེ་མ་ཐག་རབ་ཏུ་རྣོ་བའི་མཆུ་ཏོ་ཡིས་ཁོའི་སྐེ་ལ་སོ་བཏབ་ཅིང་ཤིན་ཏུ་འཇིགས་སུ་རུང་བའི་སྡེར་མོ་རྣོན་པོ་དག་ཁོའི་མཆན་ཁུང་གཡས་གཡོན་གཉིས་ལ་བཙུགས་ཤིང་ཁོའི་མཇིང་ནས་ཁྲག་དམར་ཤམ་ཤམ་དུ་བརྡོལ་བ་ནི་ཤན་པ་དག་གིས་གཡག་གི་སྐེ་གྲིས་བཅད་པ་དང་གཉིས་སུ་མེད་པར་གྱུར། ད་དུང་ཁོའི་ལུས་སྟེང་དུ་བརྡབས་པའི་བྱ་རྒོད་ཀྱི་སྡེར་མོ་དག་གིས་ཁོའི་ལུས་པོ་ཧྲིལ་བོ་དམ་དུ་བཟུང་བས་དེ་ནས་ཀྱང་ཁྲག་གང་བྱུང་དུ་ཟགས་ཤིང་ཁོའི་ལུས་ཧྲིལ་བོ་དམར་ནག་ཁྲག་གིས་གཡོགས། མཐའ་ཡས་རྒྱ་མཚོ་ཁྲ་ཡིས་བྱིའུ་བཟུང་བ་ལྟར་ཁོ་མོས་མཐོང་མི་ཐུབ་པའི་རྒྱང་རིང་ཞིག་ཏུ་ཁུར་ཞིང་ཁོ་མོས་ངུ་འབོད་བྱས་ཤིང་མིག་ཆུ་བཏོན་ཡང་ཁོ་མོའི་ངུ་འབོད་ནི་སྟོབས་ཆེ་བའི་གཅན་གཟན་དག་གི་ངར་སྐད་ཀྱིས་ཉམ་ཆུང་ངུར་བཏང་ཞིང་། ཁོ་མོའི་གདོང་དུ་བཞུར་བའི་མིག་ཆུ་བྲག་ངོས་ལ་རྡེག་བཞིན་པའི་ཆུ་ཆེན་གྱིས་ཟིལ་མེད་པར་བཏང་བ་རྨིས་ཤིང་ཁོ་མོ་དེ་མ་ཐག་རྨི་ལམ་ལས་སད་དེ་ཡར་ལྟ་མར་ལྟ་ཅུང་ཙམ་བྱས་པས་ཁོ་མོ་ཉལ་ཁར་ཉན་གྱིན་པའི་འབྲུག་ཡུལ་གྱི་གླུ་གཞས་སྙན་མོ་དེ་ཟུར་གྱི་སྒྲ་སྒྲམ་ལས་ལྷང་ལྷང་ངང་གྲག་གིན་ཡོད་པ་ཐོས་པས་ཁོ་མོས་ཡོད་ཚད་རྨི་ལམ་ཡིན་པ་ཤེས་ཏེ་སེམས་བདེ་ལ་བབས་ཤིང་མྱུར་ཏུ་བར་ཆད་ལམ་སེལ་ཞིག་བཏོན་ཏེ་ལྡོག་སྒྱུར་ཞིག་བྱས་ཤིང་མཐའ་ཡས་རྒྱ་མཚོ་བདེ་བླག་ངང་ཕ་ཡུལ་དུ་འབྱོར་བར་དཀོན་མཆོག་གསུམ་གྱིས་མཁྱེན་ཞེས་གསོལ་འདེབས་ཤིག་བྱེད་ཞོར་སྒྲ་སྒྲམ་གྱི་སྒོ་གཏད་ཅིང་མགོ་རུམ་ལ་བཅུགས་ཏེ་གཉིད་ཨེ་ཡོང་གི་བལྟས། ཡིན་ཡང་།  དུས་ཚོད་ལྔའི་སྟེང་མ་གཏོགས་ཁོ་མོས་གཏན་ནས་གཉིད་མ་ཁུག    མ་ཕམ་སྲས་མོར་རྣམ་རྟོག་ཅིག་ལངས་ཞོར་དེ་རིང་ཁོ་ལ་དོན་དག་ངན་པ་ཞིག་བུད་པ་མིན་ནམ་བསམ་པའི་སེམས་མི་བདེ་བ་ཞིག་བྱུང་སྟེ་ཁོ་ལ།  ཁྱེད་རང་གང་དུ་འབྱོར་ཡོད།  ཁ་པར་མི་ལེན་དོན་ཅི་ཡིན། ཞེས་ཡིག་འཕྲིན་ཞིག་བསྐུར་ཡང་སྔར་བཞིན་ལན་འདེབ་མཁན་ཞིག་མ་བྱུང་། ཁོ་མོས་དེ་མ་ཐག་མོ་རང་གི་ངོ་ཤེས་ཤིང་རྒྱུན་པར་མོ་དང་འབྲེལ་ཡོད་ཀྱི་ཁྱིམ་མི་དག་གིས་མོ་འདེབ་སའི་ཨ་ཁུ་རྒན་པ་དེ་ལ་ཁ་པར་བཏང་སྟེ་མཐའ་ཡས་རྒྱ་མཚོ་ལ་མོ་ཞིག་འདེབ་དགོས་ཀི་སྙམ་ཞོར་ཨ་ཁུ་རྒན་པ་དེར་ཁ་པར་བཏང་ཡང་ཉིན་དེར་ཨ་ཁུས་ཁ་པར་སྒོ་བརྒྱབ་འདུག  མོ་རང་ཨུ་ཐུག་ཐབས་ཟད་དུ་གྱུར་ཏེ་མཐའ་ཡས་རྒྱ་མཚོས་མོར་ཉོས་པའི་རག་ཤའི་ཕྲེང་བ་དེ་ཚུར་བླངས་ཤིང་ཕྲེང་བའི་སྐེད་ཙམ་ནས་བཟུང་ཞིང་མོའི་བསམ་པར་མོས་ལག་གཡས་པ་ཡིས་ཕྲེང་རྡོག་གསུམ་རེ་གསུམ་རེ་བླངས་ཏེ་ཆེས་མཐའ་མར་ཕྲེང་རྡོག་གསུམ་ལྷག་ཡོད་ཚེ་མཐའ་ཡས་རྒྱ་མཚོ་ལ་དོན་དག་ངན་པ་ཅི་ཡང་བྱུང་མེད་པ་ཡིན། གལ་སྲིད། ཐེངས་གསུམ་ལ་དེ་ལྟར་བླངས་ཏེ་ཐེངས་གཉིས་ཙམ་ལ་གསུམ་རེ་ལྷག་ནའང་ཁོ་ལ་དོན་དག་བྱུང་མེད་པའི་རྟགས་ཡིན།  ཐེངས་གསུམ་ལ་བླངས་ཀྱང་ཐེངས་གཅིག་དང་། ཐེངས་གསུམ་ལའང་ཕྲེང་བ་གསུམ་རེ་ཤུལ་དུ་མ་ལྷག་མེད་ཚེ་ཁོ་ལ་དོན་དག་ཅིག་བྱུང་བ་ཡིན་སྙམ་པའི་བྱིས་བློ་དང་འདྲེས་པའི་སེམས་འདུན་ཞིག་གམ། མཐའ་ཡས་རྒྱ་མཚོའི་སླད་དུ་ཅི་ཡང་བྱེད་ཕོད་པའི་ཁོ་མོ་ཡིས་དེ་ལྟར་ལག་གཡས་པས་ཕྲེང་བ་གསུམ་རེ་གསུམ་རེ་བྱས་ཏེ་བླངས།  ཐེངས་དང་པོར་ཕྲེང་རྡོག་གཅིག་མ་གཏོགས་ཤུལ་དུ་མ་ལྷག   ཐེངས་གཉིས་པ་དང་གསུམ་པར་དང་དེ་ལྟར་བྱུང་བས་ཁོ་མོ་ཡིད་མི་བདེ་བའི་ངང་གློ་བུར་དུ་ཡར་ལངས་ཤིང་དགོན་པའི་རིམ་གྲོ་ཞུ་སར་བྲེལ་འཚབ་ངང་སོང་།  མོ་རིམ་གྲོ་ཞུ་སའི་ཁང་བའི་སྒོར་ཐོན་མ་ཐག་མོ་དང་ཕ་ཡུལ་གཅིག་པའི་དགེ་མ་ཁ་ཤས་ཀྱིས་མོ་མཐོང་སྟེ་ཁྱེད་རང་གང་དུ་འགྲོ་གིན་ཡོད་ཅེས་དྲིས། མོས་ཁྱིམ་མི་ཞིག་ལ་རིམ་གྲོ་ཞིག་ཞུ་དགོས་ཀི་ཟེར་ཞོར་ཤིང་སྐས་སུ་འཛེག་གྲབས་བྱེད་སྐབས་མོ་དང་ཕ་ཡུལ་གཅིག་པའི་བཙུན་མ་ཞིག་གིས། འོ་རེད་ཡ།  ངས་ཀྱང་རིམ་གྲོ་ཞིག་ཞུ་དགོས། གཏན་ནས་བརྗེད་འདུག  ཁྱེད་ཀྱིས་ང་ལ་དྲན་པ་བསླངས་བྱུང་ཞེས་ཁོ་མོའི་རྗེས་སུ་ཤིང་སྐས་ལ་འཛེགས། མ་ཕམ་སྲས་མོ་ཡིས་ཁོ་མོའི་མཐོང་སར་མཐའ་ཡས་རྒྱ་མཚོའི་མིང་བྲིས་ཏེ་རིམ་གྲོ་ཞུས་ཚེ་ཁོ་མོས་ཤེས་སྲིད་པས་དེ་ལ་ཉམས་འཇོག་བྱེད་དགོས་བསམ་སྟེ་ངས་སྒོར་མོ་བཟུང་མི་འདུག  ཕྱིར་ཁྱིམ་ལ་འགྲོ་དགོས་འདུག་ཅེས་ཕྱིར་ཤིང་སྐས་ལས་མར་བབས། དེ་མ་ཐག་ཕ་ཡུལ་གཅིག་པའི་དགེ་མ་གཞན་དེ་ཡིས་འདིར་ཤོག་དང་སྒོར་མོ་བཟུང་ཡོད་ཅེས་བཤད་ཀྱང་མ་ཕམ་སྲས་མོས་ང་ཁྱིམ་ལ་ལེན་དུ་འགྲོ་དང་ཐག་ཉེ་བོ་འདུག་ཟེར་ཞོར་མོའི་ཁང་བའི་ཕྱོགས་སུ་སོང་སྟེ་ཁོ་ཚོས་མི་མཐོང་བའི་ཁང་བ་ཞིག་གིས་ཟུར་ནས་ཁོ་ཚོ་ཡར་འགྲོ་མིན་ལ་ཟུར་ལྟ་བྱས་ཏེ་བསྡད།  རིམ་གྲོ་ཞུ་མཁན་གྱི་བཙུན་མ་དེས་ལག་ཏུ་ཤོག་ལྷེ་ཆུང་ཆུང་ཞིག་བཟུང་ཞིང་ཤིང་སྐས་ལས་མར་བབས་ཏེ་ཡར་ལ་སོང་།  མོས་ཅུང་ཙམ་བསྒུགས་ཤིང་སླར་ཡང་རིམ་གྲོ་ཞུ་སའི་སྒོེ་ཁར་ཐོན་ཏེ་སྒོར་ཁུག་ལས་སྒོར་ཉི་ཤུ་བཏོན་ནས་ལག་པ་ཕར་ལ་བསྲིངས་བས་རིམ་གྲོ་འབྲི་མཁན་ནི་མོའི་ཉེ་རིང་གི་ཨ་ནེ་ཞིག་ཡིན་འདུག་པས། གལ་སྲིད་མོས་མཐའ་ཡས་རྒྱ་མཚོ་ལ་བར་ཆད་མེད་ཕྱིར་ཞེས་རིམ་གྲོ་ཞུས་ཚེ་མོའི་ཉེ་རིང་ཡིན་པའི་ཨ་ནེ་ཡིས་དེ་སུ་རེད་ཅེས་ཚ་འདྲི་བྱེད་སྲིད་པ་དང་། གལ་སྲིད་ལག་པ་ཕྱིར་ལེན་དགོས་ཚེ་ཤིན་ཏུ་སྟབས་བདེ་བོ་མི་འདུག་པས་མ་ཕམ་སྲས་མོ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་ཎི་རེ་གསུངས་རོགས་ཞེས་བྲིས་ན་ཆོག་ཅེས་ཨ་ནེའི་ལག་ཏུ་སྒོར་མོ་གཏད།  ཨ་ནེ་ཡིས་ཁྱེད་ལ་སེམས་པ་བཟང་པོ་འདུག  ངོ་སོ་བསྟོད། ཚེ་ཆོས་མཐར་ཕྱིན་པར་ཤོག་ཅེས་གཅེས་གཅེས་དང་དགའ་དགའ་བྱས།  ཁོ་མོའི་སེམས་སུ་དེ་རིང་ནི་ལམ་འགྲོ་མེད་པའི་ཉིན་ཞིག་རེད་སྙམ་ཞོར་ཕྱིར་རང་ཁྱིམ་དུ་ལོག མོ་སྒོེ་ལས་ཡར་འཛུལ་མ་ཐག་ཁ་པར་སིང་སིང་སིང་གྲགས་ཀྱིན་ཡོད་པ་དང་། མོས་མཐའ་ཡས་རྒྱ་མཚོའི་ཁ་པར་ཡིན་ནམ་སྙམ་ཞོར་བྲེལ་མྱུར་གྱི་ཁ་པར་ལ་བལྟས་པ་ན། དེ་ནི་མཐའ་ཡས་རྒྱ་མཚོ་མ་ཡིན་པར་ཉིན་འགའི་སྔོན་ནས་བཟུང་ཉིན་མཚན་གཉིས་ཀར་ཁ་པར་བཏང་སྟེ་མོའི་ཁ་གཙེ་བ་དང་དགོས་མེད་ཀྱི་སྐད་ཆ་ཉག་ཉོག་བཤད་མཁན་གྱི་མི་དེ་རེད་འདུག  མོས་ཁ་པར་དེ་མ་བླངས་ཤིང་ཁ་པར་ཕྱིར་རང་གནས་སུ་བཞག  མོས་ལག་མགོའི་ཆུ་ཚོད་ལ་བལྟས་པས་ཏག་ཏག་ཆུ་ཚོད་བཞི་པར་བསླེབས་འདུག ཆུ་ཚོད་བཞིའི་སྟེང་དུ་མོ་རང་སྐྱོར་སྦྱང་དུ་འགྲོ་དགོས་པ་དང་འཛིན་གྲྭའི་ནང་དུ་ཁ་པར་འཁྱེར་མི་ཆོག་པས་ཁོ་མོས་མཐའ་ཡས་རྒྱ་མཚོའི་ཕྱོགས་སུ་སེམས་ཁུར་བྱེད་ཞོར་ཁང་བའི་སྒོར་ཟྭ་བརྒྱབ་སྟེ་སྐྱོར་སྦྱང་ལ་སོང་།   ནུབ་རིའི་རྩེ་རུ་འཕགས་པའི་ཉི་མ་དལ་མོར་ནུབ་རིའི་རྒྱབ་ཏུ་ཡིབས་ཤིང་བྱ་དངོས་མཐའ་དག་གི་གདོང་དུའང་ག་ལེར་མུན་པ་ལྷུང་བ་ནི་རེ་ཞིག་ཡོད་ཚད་ཀྱིས་ཉིན་གཅིག་གི་བྱ་བ་སྒྲུབ་མཚམས་བཞག་སྟེ་ངལ་གསོ་བ་དང་ཁྱད་མེད་པར་གྱུར། མཐའ་ཡས་རྒྱ་མཚོས་ཀྱང་ཉིན་གཅིག་ལ་ཚིག་རྩོད་བྱས་ཏེ་མིད་པ་སྐམ་ཞིང་སྐད་ཀྱང་འགག་ཞོར་ལྷུན་རྫོང་དུ་འབྱོར།  ཁོ་རླངས་འཁོར་ལས་མར་བབས་ཏེ་ཁ་ལོ་བར་རླངས་འཁོར་གྱི་གླ་སྤྲད་ཅིང་རྒྱབ་ཁུག་སྔོན་པོ་ཚུར་བླངས་ཤིང་ཁ་རྩོད་བྱེད་རོགས་ཀྱི་གྲྭ་བ་དེ་ལ་བདེ་མོ་བཞག་སྟེ་ཟ་ཁང་ཞིག་ཏུ་འཛུལ། ཉིན་དེེར་ཁོས་ཉིན་ཧྲིལ་བོར་ཟས་ཁམ་གང་ཡང་ཟོས་མེད་པས་ཁོའི་ཕོ་བ་རབ་ཏུ་ལྟོགས་ཡོད་པ་དང་། གྲྭ་བ་དེ་དང་མཉམ་དུ་སྐད་མགོ་མཐོན་པོའི་ངང་རྩོད་པ་བྱས་པས་ཁོག་ཏུ་མེ་འབར་བ་ལྟ་བུའི་སྐོམ་པ་ལངས་ཡོད་པས་ཟ་མ་བཤད་རྗེས་ཟ་ཁང་གི་ཞབས་ཞུ་བར་བཏུང་ཁུ་ཞིག་ཁྱེར་ཤོག་ཅེས་བཤད་དེ་ཁོལ་ཁོལ་ཁུ་ནག་ཅིག་ཧུབ་འདེབ་སྟངས་བཞི་ཡིས་འཐུང་ཚར་བར་བྱས།  མ་ཕམ་སྲས་མོ་ལ་ཁ་པར་ཞིག་གཏོང་དགོས་བསམ་སྟེ་ཁ་པར་བཙལ་བས་ཁོས་ཁ་པར་གར་བཞག་འདིར་བཞག་མ་ཤེས་པར་མགོ་བོ་འཐོམས།  རླངས་འཁོར་ལས་ལྷག་པ་ཡིན་ནམ་བསམ། རླངས་འཁོར་དུ་ཡོང་སྐབས་ཁོའི་ཟུར་དུ་ཡོད་པའི་སྐྲ་སེར་པོ་ཅན་གྱི་ལོ་ཆུང་དེས་བརྐུས་སོང་བ་ཡིན་ནམ་བསམ། མདོར་ན་ཁོའི་ཡིད་དུ་རྣམ་པ་སྣ་ཚོགས་ཤིག་དྲན་ཞོར་ཟས་ཁང་གི་བདག་པོ་ལ་ཁ་པར་ཞིག་གཡར་ཞིང་མ་ཕམ་སྲས་མོའི་ཨང་གྲངས་མནན་ཏེ་མོར་ཁ་པར་ལན་གསུམ་བཏང་ཡང་ལེན་མཁན་མེད་པར་གྱུར་བ་དང་། ཁོས་ཀྱང་མོ་རང་སྐྱོར་སྦྱང་དུ་བུད་སོང་བ་ཡིན་སྙམ་ཞོར་མོའི་ཨང་གྲངས་སྟེང་དུ། ང་ནི་མཐའ་ཡས་རྒྱ་མཚོ་ཡིན། ང་རང་བདེ་བླག་ངང་ལྷུན་རྫོང་ལ་ཐོན་ཡོད། ལམ་བར་ནས་ཁ་པར་བོར་བརླག་བྱུང་ཟིན་པས་སྐབས་སུ་ཁྱེད་ལ་འབྲེལ་གཏུག་བྱེད་ཐུབ་རྒྱུ་མ་རེད། ཁ་པར་འདི་གཞན་ལ་གཡར་ཏེ་ཁྱེད་ལ་ཡིག་འཕྲིན་བསྐུར་བ་ཡིན། རང་གི་ལུས་ཕུང་ལ་བདག་སྐྱོང་བྱོས། ང་ལ་སེམས་ཁུར་བྱེད་མི་དགོས།  ཞེས་ཡིག་འཕྲིན་ཞིག་བསྐུར་ཏེ་ཁ་པར་ལས་ཨང་གྲངས་དང་ཁོས་བསྐུར་བའི་ཡིག་འཕྲིན་བསུབས་ཏེ་ཟ་ཁང་བདག་པོ་ལ་བཀའ་དྲིན་ཆེ་ཟེར་ཞོར་ཁ་པར་ཕྱིར་གཏད།  མུན་དག་གིས་ཡོངས་སུ་བསྒྲིབས་ཤིང་ལམ་འགྲམ་དུ་ཀར་བའི་གློག་སྒྲོན་དག་གི་འོག་ཏུ་འབུ་མེ་ལྕེབས་ཀྱི་ཚོགས་ཡར་འཕུར་མར་འཕུར་བྱེད་ཀྱིན་པའི་སྐབས་དེར་མ་ཕམ་སྲས་མོ་སོགས་ཀྱི་འཛིན་གྲྭའི་སྐྱོར་སྦྱང་གྲོལ་ཞིང་ཁོ་མོ་ཡང་རང་ཁྱིམ་དུ་གོམ་པ་སྤོ་མགོ་བརྩམས། ཁོ་མོའི་སེམས་སུ་མཐའ་ཡས་རྒྱ་མཚོ་ཡིས་ཁ་པར་ཡོང་ཡོད་དམ། ཁོ་རང་བདེ་བླག་ངང་ཐོན་ཡོད་དམ་སྙམ་ཞོར་ཁྱིམ་དུ་འབྱོར། ཁྱིམ་དུ་འབྱོར་མ་ཐག་ཁ་པར་བླངས་ཏེ་བལྟས་པས་མོ་སྐྱོར་སྦྱང་ལ་མ་སོང་བའི་སྔོན་དུ་ཡོང་བའི་མོའི་ཁ་གཙེ་མཁན་གྱི་མི་དེས་ཐེངས་གཉིས་ལ་ཁ་པར་བཏང་ཡོད་པ་དང་། ད་དུང་ཆ་མེད་རྒྱུས་མེད་ཀྱི་ཨང་གྲངས་ཤིག་གིས་ཐེངས་གསུམ་ལ་ཁ་པར་བཏང་ཡོད་པ་ལས་མཐའ་ཡས་རྒྱ་མཚོས་ཁ་པར་གཅིག་ཀྱང་བཏང་མི་འདུག  ཡིན་ཡང་།  རྒྱུས་མེད་པའི་ཨང་གྲངས་ཤིག་གིས་ཡིག་འཕྲིག་ཅིག་བསྐུར་འདུག  ཁོ་མོས་ཡིག་འཕྲིན་གྱི་ཁ་ཕྱེས་ཏེ་བལྟས་པ་ན། ང་ནི་མཐའ་ཡས་རྒྱ་མཚོ་ཡིན། ང་རང་བདེ་བླག་ངང་ལྷུན་རྫོང་དུ་ཐོན་ཡོད། ལམ་བར་ནས་ཁ་པར་བོར་བརླག་བྱུང་ཟིན་པས་སྐབས་སུ་ཁྱེད་ལ་འབྲེལ་གཏུག་བྱེད་ཐུབ་རྒྱུ་མ་རེད། ཁ་པར་འདི་གཞན་ལ་གཡར་ཏེ་ཁྱེད་ལ་ཡིག་འཕྲིན་བསྐུར་བ་ཡིན། རང་གི་ལུས་ཕུང་ལ་བདག་སྐྱོང་བྱོས། ང་ལ་སེམས་ཁུར་བྱེད་མི་དགོས། ཞེས་བསྐུར་ཡོད་པ་མཐོང་རྗེས་འཁྱག་པའི་ལུས་ལ་དྲོད་སྦྱིན་པ་ལྟར་ཁོ་མོའི་སེམས་ཡོངས་སུ་བདེ་ལ་བབས་ཤིང་སྣང་བ་ཡང་སྐྱིད་པར་གྱུར།  ཡིན་ཡང་། མཚན་དེར་མོར་གཉིད་གཏན་ནས་མ་ཡོང་། རྒྱུ་མཚན་ནི་ནམ་རྒྱུན་ཁོ་གཉིས་ཀྱིས་མ་གཉིད་སྔོན་དུ་སོ་སོར་ཁ་པར་བཏང་སྟེ་རྩེད་དགོད་དང་ལ་ལུང་གི་སྐད་ཆ་མང་པོ་བཤད་རྗེས་ད་གཟོད་ངལ་གསོ་བའི་གོམས་གཤིས་ཤིག་རིང་ནས་ལོབས་ཡོད་པས། དེ་རིང་ཉིན་གཅིག་ལ་མཐའ་ཡས་རྒྱ་མཚོར་འབྲེལ་བ་བྱེད་ཐུབ་མེད་པ་དང་། དོ་ནུབ་ལ་མཚོན་ནའང་ཁ་བརྡ་ཚིག་གཅིག་ཀྱང་བཤད་ཐུབ་མེད་པས་མོའི་སེམས་པ་ཁེར་ཧྲེང་ཧྲེང་ཞིག་དང་སུན་སྣང་ཞིག་གིས་ཕྱི་ནང་ཀུན་ནས་གཙེས།  མཐའ་ཡས་རྒྱ་མཚོ་ཕ་ཡུལ་དུ་སོང་སྟེ་ཉིན་བཅོ་ལྔ་ཙམ་འགོར་བ་དང་དེའི་ཡུན་ལ་མོར་འབྲེལ་གཏུག་བྱེད་མ་ཐུབ་པས་སོ་སོའི་སེམས་སུ་ལོ་ཟླ་དུས་ཡུན་རིང་བོའི་བར་དུ་འབྲེལ་གཏུག་བྱེད་མ་ཐུབ་པ་ལྟ་བུའི་སྣང་བ་འགོག་མེད་དུ་སྐྱེ་བཞིན་ཡོད།

བཀྲ་མི་ཤིས་ཤིང་སེམས་མི་སྐྱིད་པའི་གཏམ་ཡན་དེ་བདེན་པ་ཡིན་ནམ།  དེ་འདྲ་བདེན་མི་སྲིད། མི་རྣམས་ཀྱིས་གང་འདོད་དུ་བཤད་ཀྱིན་ཡོད་པ་རེད་སྙམ་ཞོར་མཐའ་ཡས་རྒྱ་མཚོས་ཤག་ལས་དབུ་མ་འཇུག་པའི་དེབ་དེ་ཀློག་མགོ་བརྩམས།  འཇིག་རྟེན་གྱི་བཀྲ་མི་ཤིས་པའི་དོན་མང་ཤོས་བདེན་པ་ལྟར། ཁོས་ཉིན་འགའི་སྔོན་ལ་ཐོས་པའི་གཏན་ཡིད་ལ་མི་འགྲོ་བ་དེ་ཡང་མངོན་དུ་གྱུར་ཏེ་ཁོ་ཡོད་སའི་སློབ་གླིང་དེ་གར་མི་གྲངས་ཚོད་འཛིན་བྱེད་ཀྱིན་ཡོད་པའི་སྒྲིག་ལམ་ཞིག་གི་ཡོ་ལངས་མཆེད་དེ་མི་མང་པོ་ཞིག་ཕྱིར་རང་ཡུལ་དུ་འགྲོ་དགོས་ཀི་འདུག  མཐའ་ཡས་རྒྱ་མཚོའང་དེའི་གྲལ་དུ་ཚུད་འདུག  ཁོས་ཐོག་མར་མ་ཕམ་སྲས་མོར་རྫུན་བཤད་དེ་ཉེ་མི་ཞིག་ལ་ལྟ་རུ་འགྲོ་དགོས་ཞེས་རང་ཡུལ་དུ་མ་སོང་བར་གྲོང་ཁྱེར་དུ་ཡོང་ཞིང་ཉིན་འགའི་རིང་ལ་གྲོང་ཁྱེར་ལས་བཙུན་ཉམས་དང་ཚུལ་འཆོས་ཀྱི་གདོང་འབག་གྱོན་ཏེ་ཚུལ་མཐུན་ངང་གླིང་ཀ་གཏོང་བ་དང་།   ཟ་ཁང་དུ་འགྲོ་བ།  ཕ་ཡུལ་གཅིག་པའི་མི་དག་དང་མཉམ་དུ་ཚིག་ཇ་ཁང་དུ་འགྲོ་བ་སོགས་བྱས་ཏེ་གྲོང་ཁྱེར་གྱི་འཚོ་བ་ནི་ཇི་འདྲའི་སྐྱིད་པོ་ཞིག་རེད་སྙམ་པའི་ཚོར་བ་འགོག་མེད་དུ་སྐྱེས་ཤིང་རིམ་བཞིན་དགོན་པར་ལྷག་ཡོད་པའི་མ་ཕམ་སྲས་མོ་དང་འབྲེལ་འདྲིས་ཀྱང་ཇེ་ཉུང་དུ་ཕྱིན། ཟླ་གསུམ་གྱི་རྗེས་སུ་ཁོའི་གྲོགས་པོ་སེམས་དཔའ་ཁོ་ཡོད་སའི་གྲོང་ཁྱེར་དེར་ཐོན་ཞིང་སེམས་དཔའ་ཡིས་མཐའ་ཡས་རྒྱ་མཚོ་ཁྲིད་དེ་གནམ་འབྲུག་གྲོང་ཁྱེར་དུ་སོང་།  ཡུལ་དེའི་ཁོར་ཡུག་ནི་ཁོས་བརྙན་ལམ་ལས་མཐོང་བའི་ཡུལ་ལྗོངས་ཀྱི་བཀོད་པ་དང་གཉིས་སུ་མེད་པར་མཐོང་བ་ཙམ་གྱིས་ཡིད་ཀྱི་གཏིང་ལ་བདེ་སྣང་ཅིག་ཆར་དུ་སྦྱིན་འགྲོ་བ་ཞིག་རེད།  ཁོ་རྒྱུན་དུ་ཁོམ་སྐབས་རེ་བྱུང་ཚེ་མཚོ་མཐར་སོང་ཞིང་མཚོ་མཐར་བག་ལྷོད་དང་གུ་ཡངས་ངང་ངལ་གསོ་བཞིན་པའི་ཕྱི་གླིང་གི་ཕོ་མོ་དག་དང་། རྒྱའི་ཕོ་མོ་དག་གིས་མགོ་གཏུགས་ཏེ་འོ་བྱེད་ཀྱིན་ཡོད་པ་དང་།  ཆུ་རྩེད་བྱེད་ཀྱིན་ཡོད་པ།  པར་ཆས་སྣ་ཚོགས་ཀྱིས་པར་ལེན་བཞིན་ཡོད་པར་བལྟས་ཏེ་ཁོ་ཡང་ཕྱེ་མའི་ཕོན་པོ་ལས་སྐྱིད་ཉལ་བྱེད་ཀི་འདུག   ད་ལྟའི་ཁོའི་ཆུང་མ་བདེ་གསལ་ནི་ས་གནས་དེར་ངོ་ཤེས་ཤིང་རིམ་བཞིན་འབྲེལ་འདྲིས་གཏིང་ཟབ་པར་གྱུར་ཏེ་ཁོའི་མི་ཚེའི་འཕེན་པ་དང་། ལམ་གྱི་ཁ་ཕྱོགས། མི་ལོ་ཉེར་བཞིའི་རིང་གི་འཚོ་བའི་བརྒྱུད་རིམ་ཆ་ཚང་ལ་རྫོགས་ཚིག་བཀོད་དེ་མོའི་སྟེང་ནས་ཚུལ་ཁྲིམས་ཉམས་ཤིང་མོ་ལ་བརྩེ་འདང་ཟབ་མོ་ཆགས་ཏེ་ཁོ་མོ་དང་ལྷན་དུ་བསྡད་པ་རེད།

                                                 གསུམ་པ།

མཐའ་ཡས་རྒྱ་མཚོས་བུ་མོ་ཁྲིད་དེ་བྱིས་གཉོར་ཁང་དུ་བསྐྱལ་ཞིང་།  ཁོའི་སེམས་སུ་མ་ཕམ་སྲས་མོར་འབྲེལ་གཏུག་ཅིག་བྱེད་ཐུབ་ན་སྙམ་པའི་ཚོར་བ་རྦ་རླབས་འཁྲིགས་པ་ལྟར་བྱུང་ཡང་ཁོ་ལ་མཚོན་ན་མ་ཕམ་སྲས་མོར་འབྲེལ་བ་བྱེད་མ་ཐུབ་པར་ལོ་མང་པོ་འགོར་ཡོད་ཅིང་། མོས་བསྐུར་བའི་དངོས་པོ་དེའི་སྟེང་གི་ས་གནས་དང་ཨང་གྲངས་སོགས་ཀྱང་གསལ་བོ་མིན་པས་ཁོ་རང་ལག་རྡུམ་བྲག་ལ་འཛེགས་པ་ལྟར་མ་ཕམ་སྲས་མོར་འབྲེལ་གཏུག་བྱེད་པའི་ཐབས་ཤིག་གཏན་ནས་མེད་པར་གྱུར།  སྐབས་དེར་ཁོའི་སེམས་སུ་མོས་བསྐུར་བའི་འབྲི་ཤོག་ཟུར་གསུམ་མ་དེ་ལྟ་འདོད་ཀྱི་བློ་འགོག་མེད་དུ་སྐྱེས་ཤིང་། དེ་མ་ཐག་སྟོད་ལྭའི་ཁུག་མ་རུ་ལག་མགོ་བཏང་ཡང་ཁོའི་སྟོད་ལྭའི་ཁུག་མ་དེ་སྟོང་བ་ཡིན་པ་དང་། དེ་འབྲེལ་ངང་ཁོས་སྔ་དྲོར་གྱོན་ཡོད་པའི་སྟོད་ལྭ་བརྗེས་ཏེ་ཆུང་མའི་ལག་ཏུ་བཀྲུ་རྒྱུར་བཞག་ཡོད་པ་ཚོར་བས་སེམས་ལ་རི་ཉིལ་བ་ལྟ་བུའི་དངངས་སྐྲག་ཚད་མེད་ཅིག་བྱུང་སྟེ་གློག་གི་འཕྲུལ་རྟ་བསྐོར་ཏེ་ཕྱིར་རྒྱུག་མགོ་བརྩམས་ཤིང་སྐབས་དེའི་ཁོའི་སེམས་སུ་ཡང་སྙིང་འཕྲིན་ཡིག་ནང་དུ་ཅི་ཞིག་བྲིས་ཡོད་པ་དང་། འཕྲིན་ཡིག་དེ་ཆུང་མ་ཡིས་མཐོང་ཨེ་འགྲོ་སྙམ་པའི་འཇིགས་སྣང་གིས་ཡོངས་སུ་གཙེ་བཞིན་ཡོད། ཆུང་མས་ཁོའི་ལྭ་བ་རེ་རེའི་གློ་ཁུག་དང་ནང་ཁུག་རེ་རེ་བཞིན་བསློགས་ཏེ་ནང་དུ་ཅ་དངོས་ཡོད་མེད་ཞིབ་ལྟ་བྱས་ཤིང་རེ་རེ་བཞིན་གོས་འཁྲུད་སྒམ་དུ་བཅུག་ཅིང་དེའི་ཁྲོད་ནས་ཁོས་ཁ་སང་གྱོན་ཡོད་པའི་སྟོད་ལྭ་ནག་པོ་དེའི་ནང་ངོས་ཀྱི་ཁུག་མ་རུ་འབྲི་ཤོག་ཟུར་གསུམ་ཞིག་བཅུག་ཡོད་པ་མཐོང་སྟེ་དེའི་ཁ་ཕྱེས་ཏེ་ལྟ་མགོ་བརྩམས།  མཐའ་ཡས་རྒྱ་མཚོ་ བྲེལ་འཚབ་ཀྱི་རླུང་བུས་དེད་དེ་བྱ་རྒོད་ཀྱིས་གནམ་འཕང་བཅད་པ་ལྟར་གཞུང་ལམ་སྟེང་དུ་རྒྱུགས་ཀྱིན་པའི་སྐབས་དེར་གློ་བུར་དུ་ཁོའི་མདུན་གྱི་སྲང་བར་དེ་ལས་རླངས་འཁོར་དཀར་པོ་ཞིག་ཐད་དུ་བརྒྱུགས་ཤིང་ཁོ་རང་བྱ་སྒོང་བྲག་ལ་བརྒྱབས་པ་ལྟར་རླངས་འཁོར་དང་གདོང་ཀ་གཞུས་ཏེ་བསམ་དབང་དྲན་དབང་མེད་པའི་དུས་ཚོད་སྐར་མ་ཐུང་ངུ་དེའི་ཡུན་ལ་དྲན་པ་ནག་འཐོམ་མེར་བཏང་།  ཆུང་མ་བདེ་གསལ་གྱིས་འཕྲིན་ཡིག་དེར་ཞིབ་ཀྱིས་ལྟ་བཞིན་པའི་སྐབས་སུ་གློ་བུར་དུ་ཁ་པར་གྲགས་ཤིང་མོས་ཀྱང་མགྱོགས་མྱུར་ངང་ཁ་པར་བླངས།   རྒྱ་མི་ཞིག་གིས་ཁྱེད་རང་མགྱོགས་པོར་གསུམ་བརྒྱད་གཞུང་ལམ་གྱི་ལམ་འགྲམ་གྱི་ཟམ་པའི་ཟུར་ལ་ཤོག་དང་ནང་མི་ལ་དོན་དག་བྱུང་འདུག་ཅེས་གློ་རྙིང་བྲང་གསུམ་ཚལ་བུར་གཏུབ་བྱེད་དང་དྲན་ཤེས་རྒོད་པོ་སྡུག་གིས་གཟུར་བྱེད་ཀྱི་གཏམ་ངན་ཞིག་ཁ་པར་བརྒྱུད་དེ་མོའི་ལུས་སེམས་ཡོངས་ལ་ཁྱབ།  མོས་ཅི་ཡིན་འདི་ཡིན་མེད་པར་ལག་ཏུ་བཟུང་བའི་འཕྲིན་ཡིག་དེ་གོས་འཁྲུད་སྒམ་གྱི་ཁ་ལེབ་སྟེང་དུ་བཞག་ཅིང་མགྱོགས་མྱུར་ངང་སྐས་ཐེམ་བརྒལ་ཏེ་མར་བབས།  དོན་དག་འདི་འདྲ་ཞིག་གི་སྐབས་སུ་སྐས་ཐེམ་ལས་མར་འབབ་རྒྱུ་དེའང་ཅི་འདྲའི་འགོར་བ་ལ། མོ་ལ་མཚོན་ན་གཏམ་ངན་དེས་ཡིད་སེམས་ཧྲིལ་བོ་གཡོ་སྐྱོམ་བྱས་ཡོད་པ་དང་གར་ཡོང་འདིར་ཡོང་མི་ཤེས་པའི་སེམས་སྡུག་དྲག་པོ་དེ་ཡིས་ཡོངས་སུ་མནར་ཡོད་ཅིང་མགྱོགས་མྱུར་ངང་དམིགས་སའི་ས་གནས་དེར་ཐོན་དགོས་པས་སྐས་ཐེམ་ལས་མར་འབབ་རྒྱུ་ལའང་ཟླ་གཅིག་འགོར་བ་ལྟ་བུའི་ཚོར་སྣང་བྱུང་། ཁོ་མོ་ཕྱིར་འགྲོ་དུས་གོས་འཁྲུད་སྒམ་གྱི་གློག་སྒོ་བརྒྱབ་མེད་པས་ད་དུང་ཡང་གོས་འཁྲུད་སྒམ་གྱིས་རང་འགུལ་གྱིས་གོན་པ་འཁྲུད་ཞོར་ཅུང་ཙམ་འགུལ་གྱིན་འདུག   ཁོ་མོས་གོས་འཁྲུད་སྒམ་སྟེང་དུ་བཞག་པའི་འབྲི་ཤོག་དེ་གོས་འཁྲུད་སྒམ་འགུལ་བ་དང་བསྟུན་ག་ལེར་ག་ལེར་མར་ནུར་ཏེ་གོས་འཁྲུལ་སྒམ་གྱི་ནང་དུ་ལྷུང་།  གཡས་འཁོར་གཡོན་འཁོར་བྱེད་ཀྱིན་པའི་གོས་འཁྲུལ་སྒམ་གྱི་ནང་ལོག་གི་འཕྲུལ་ཆ་དེར་སྙིང་རྗེ་དང་ཚོད་འཛིན་སྤུ་ཙམ་ཡང་མེད་པར་མ་ཕམ་སྲས་མོའི་མ་བཅོས་སེམས་ནས་བརྡོལ་བའི་འཕྲིན་ཡིག་སྟེ་མཐའ་ཡས་རྒྱ་མཚོས་བལྟས་མེད་ཅིང་བདེ་གསལ་གྱིས་བཀླགས་མ་ཚར་བ་དེ་གོན་པ་བཀྲུ་བྱེད་ཀྱི་ཆུའི་ནང་དུ་ཟགས་ནས་སྟེང་གི་ཡིག་འབྲི་རེ་རེ་འབྱུང་བ་ཆུའི་ཀློང་དུ་མེད་པར་བྱས།    སྒྲུང་གཏམ་འདི་མཐའ་ཡས་རྒྱ་མཚོའི་སྐྱེ་བ་ཕྱི་མ་ཡིས་བྲིས་ཤིང་ཁོ་ལ་ད་དུང་ཡང་མ་ཕམ་སྲས་མོར་འཕྲད་འདོད་ཀྱི་སེམས་འདུན་དང་། མོས་བསྐུར་བའི་འཕྲིན་ཡིག་དེ་ལ་ལྟ་མ་ཐུབ་པའི་འགྱོད་སེམས། ད་དུང་ཕྱི་དྲོའི་ཆར་ཁོ་རང་ཐུགས་མ་ཐུབ་པའི་ཆུང་མ་དང་བུ་མོ་གཉིས་ལ་འཕྲད་འདོད་ཀྱི་རེ་བ་ནི་ཐང་སྟོང་དུ་བུ་ཡུག་འཚུབས་པ་ལྟར་བྱུང་ཞིང་དེ་འབྲེལ་སེམས་ལ་བཟོད་མི་ཐུབ་པའི་ན་ཟུག་གི་ཆུ་བུར་ཡང་མང་དུ་བརྡོལ།ཡིན་ཡང་། སྐྱ་ེབ་འདིར་ཁོ་ལ་ཐབས་བཀོད་གཞན་མེད་དེ།  ཁོ་རང་ད་ལྟའི་ཆར་མི་རིགས་བོད་མིན་པ་ཞིག་དང་།  གནས་སའང་བོད་ཡུལ་མ་ཡིན་པ།    སྐད་རིགས་ཀྱང་བོད་སྐད་མིན་ས་ཞིག་ཏུ་མིའི་སྐྱེ་བ་བླངས་ཡོད་ཀྱང་། ཁོ་རང་གིས་སྐད་ཆ་བཤད་ཤེས་པ་ནས་བཟུང་ཡུལ་དེའི་སྐད་རིགས་མ་ཡིན་པ་ཞིག་བཤད་ཀྱིན་ཡོད་པ་དང་། རྟག་པར་ཡུལ་དེའི་ཤར་ཕྱོགས་ལ་མཛུག་གུ་ཀེར་ཏེ་ཁོ་ཚོས་མི་ཚོར་བའི་ཁ་བརྡ་མང་པོ་ཞིག་བྱེད་པ་དང་།  ཕྱི་རྒྱལ་གྱི་སློབ་ཆེན་ཞིག་ཏུ་དགེ་རྒན་གྱི་ཕྱག་ལས་གནང་གིན་པའི་ཁོའི་ཨ་ཅེ་ལགས་ལ། ང་རང་ནར་སོན་རྗེས་བོད་ཁམས་སུ་འགྲོ་དགོས། ཁྱེད་ཀྱིས་ང་རང་འཁྲིད་རོགས་བྱོས་ཞེས་རྟག་པར་ཨ་ཅེར་བཤད་ཀྱིན་ཡོད། ཁོའི་ཨ་ཅེེ་ལ་མོ་དང་སློབ་གྲྭ་གཅིག་ཡིན་པའི་བོད་རིགས་གྲོགས་མོ་ཞིག་ཡོད་པ་དང་ཁོ་མོ་བོད་ནས་ཡིན་པ་དང་། མོའི་ནུ་བོས་བོད་དུ་འགྲོ་དགོས་ཞེས་བཤད་བཞིན་ཡོད་པར་བརྟེན་ཁོས་བཤད་པའི་སྐད་རིགས་དེ་ཡང་བོད་སྐད་ཡིན་ནམ་སྙམ་པའི་དོགས་པ་ཞིག་སྐྱེ་བཞིན། ཉིན་ཞིག་མོ་རང་གི་སློབ་གྲོགས་བོད་མོ་དེར་མོ་རང་ལ་ནུ་བོ་ཞིག་ཡོད་ཚུལ་དང་། ཁོས་རྟག་པར་སྐད་རིགས་མི་གོ་བ་ཞིག་བཤད་ཤེས་པ་དང་། ཁོ་རང་བོད་དུ་འགྲོ་དགོས་ཞེས་ནམ་ཞར་བཤད་ཀྱིན་ཡོད་པས་ཁྱེད་ཁོམ་དུས་ངེད་ཚང་དུ་སོང་སྟེ་ཁོས་བཤད་པའི་སྐད་ཆ་བོད་སྐད་ཡིན་མིན་ཉན་རོགས་ཞེས་བསྐུལ་ཡང་། ཉིན་འགའི་རྗེས་བོད་རིགས་བུ་མོ་དེ་གློ་རྡེག་ཏུ་རྒྱང་རིང་བའི་ཕ་ཡུལ་དུ་འགྲོ་དགོས་བྱུང་བས་ཁོ་གཉིས་ཀྱི་འཆར་གཞི་དེ་ལེགས་འགྲུབ་འབྱུང་མ་ཐུབ། ཡིན་ཡང་། མོས་ཐབས་བརྒྱ་ཇུས་སྟོང་འཐེན་ཏེ་ཁྱིམ་དུ་སོང་ཞིང་མོའི་ནུ་བོས་བཤད་ཤེས་པའི་སྐད་རིགས་གཞན་དེ་མོའི་སྐད་འཕྲིན་དུ་བཤད་དུ་བཅུག་སྟེ་བོད་རིགས་གྲོགས་མོ་དེར་བསྐུར་བ་དང་། ཉིན་དེའི་མཚན་མོར་བོད་རིགས་ཀྱི་གྲོགས་མོ་ཡིས་ངོ་མཚར་བའི་སྐད་གདངས་ཀྱིས་འདི་ནི་ཁྱེད་ཀྱི་ནུ་བོས་བཤད་པ་རེད་དམ། འདི་བོད་སྐད་དག་མ་རེད། ཁོས་བཤད་རྒྱུའི་ནང་དོན་ནི་ཁོ་རང་བོད་དུ་འགྲོ་དགོས། བོད་དུ་མཐའ་ཡས་པའི་རྩྭ་ཐང་དང་། རྟ་ནོར་ལུག་གསུམ། ད་དུང་མར་ཕྱུར་རྩམ་གསུམ། དྭངས་གཙང་གི་མཁའ་དབུགས། གཡའ་དྭགས་པའི་ནམ་མཁའ། ད་དུང་ཁོ་ལ་བརྩེ་ཞིང་དུངས་བའི་ཕ་མ་སྤུན་མཆེད་དང་ཁ་ཡ་ན་ཟླ། ཁོའི་ཆུང་མ་དང་བུ་མོ། ད་དུང་ཁོའི་སེམས་གྲོགས་མ་ཕམ་སྲས་མོ་ཞེས་པ་ཞིག་ཡོད། ཁོ་རང་གཉིད་ལས་སད་རྗེས་གནས་འདིར་ཐོན་འདུག  ད་ནི་ཁོ་མགྱོགས་པོར་ཕྱིར་བོད་དུ་འགྲོ་དགོས་ཞེས་བཤད་ཀི་འདུག  འདི་ནི་ངོ་མཚར་བ་ལ་ཞེས་དབྱིན་སྐད་ཀྱི་ལམ་ནས་བཤད། ལོ་དེའི་ལོ་དཀྱིལ་ཙམ་དུ་ཁོའི་བཤད་པའི་སྐད་ཆ་དེ་དག་ཁོའི་ཨ་ཅེ་ཡིས་དབྱིན་ཡིག་གི་ལམ་ནས་ཡུལ་དེའི་ཚགས་པར་གྲགས་ཤོས་ཤིག་གི་སྟེང་དུ་བཀོད་ཅིང་ཁོ་ལ་གསར་འགོད་པ་དང་ཞིབ་འཇུག་པ་མང་པོས་དོ་སྣང་དང་ཉམས་ཞིབ་ཀྱང་མང་པོ་བྱས། ཡིན་ནའང་། ཁོ་རང་རིམ་བཞིན་ནར་སོན་པའི་གོ་རིམ་ཁྲོད་ཁོས་འདས་དོན་དེ་དག་མི་དྲན་པར་གྱུར་བ་དང་ཡུལ་དེའི་སྐད་དང་མི་འདྲ་བའི་བོད་སྐད་ཀྱང་བཤད་མི་ཤེས་པར་གྱུར།

                                                                        རྒྱ་ནག་གྲོང་ཁྱེར་ཧྲིན་ཀྲིན་དུ་རྨང་བཏིང་ཞིང་གནའ་མཁར་ཟི་ལིང་དུ་མཇུག་རྫོགས་པར་བྱས།


རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།