གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། སྒོ་སྲུང་།

2017-05-12 08:54:55 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

  

ཨ་ཁུ་ཚེ་གྲོལ་ང་གཉིས་སྒོ་ཆེན་པོའི་དེའི་ཁར་ཙོག་ནས་ཉི་མ་ལྡེ། ང་གཉིས་དུས་རྒྱུན་ཁ་བརྡ་འདྲ་བྱས་ཏེ་དུས་ཚོད་ཕར་བདས་ཅི་ཐུབ་བྱས། ཁ་བརྡ་བྱེད་ཞོར་དུ་ཁོས་ལག་ཐོགས་ཆུ་ཚོད་སེར་པོ་དེ་ལ་ཡང་ཡང་ལྟ་བཞིན་འདུག་ལ་ངས་ཀྱང་ཁ་པར་ཀྱི་ཁ་ཕྱེ་ནས་ངོས་ཀྱི་ཆུ་ཚོད་ག་ཚོད་ལ་སླེབ་ཡོད་མེད་ཡང་ཡང་ལྟ་བཞིན་ཡོད། དེ་ནི་ང་གཉིས་ཀྱིས་དོན་དག་ཆེན་པོ་ཞིག་སྒྲུབ་དགོས་པ་གང་ཡང་མ་ཡིན་ཏེ་ཆུ་ཚོད་དང་པོ་ཤར་བར་སྒུག་པ་ཙམ་ཡིན་ལ་ཆུ་ཚོད་དང་པོ་ཤར་བ་དང་ཟ་མ་བཟའ་དགོས་པ་ཙམ་ཡིན། དེ་རིང་ཡང་ཁ་བརྡ་གློད་ཞོར་དུ་ངས་པར་ཁུག་ནང་གི་ཁ་པར་ཡར་ནས་ཁ་དབྱེ་གྲབས་བྱེད་སྐབས། གློ་བུར་འཚུབ་མ་ཞིག་ལྡང་བྱུང་བས་ལམ་ཐོག་གི་ས་རྡུལ་དག་ངའི་གདོང་ལ་ཕྱོ། ངས་ཁ་པར་ངོས་ཀྱི་ཆུ་ཚོད་གསལ་པོ་མཐོང་མ་བྱུང་བས“སྤྲང་གནམ”ཞེས་སྡིགས་པ་ཡིན།

སྨར་ཁམས་སྒང་གི་གནམ་གཤིས་ནི་ཤུགས་མེད་པའི་གཞོན་ནུ་ཞིག་དང་འདྲ་བར་གློ་བུར་ཁ་བའི་འདབ་མ་རེ་གཉིས་ལྷུང་རྗེས་ཁད་ཀྱིས་ཆད་འགྲོ་བ་དང་ཉི་འོད་ཉམ་ང་བ་རེ་སར་ལྷུང་རྗེས་ཤི་འགྲོ་བའི་ཚུལ་དེ་དག་མཐོང་དུས་ངས་དུས་རྒྱུན“སྤྲང་གནམ”ཞེས་སྡིགས་ཐེངས་རེར་གནམ་ངོ་ནི་སྔ་ལས་ཀྱང་ཇེ་ངན་དུ་སོང་།
        ཨ་ཁུ་ཚེ་གྲོལ་གྱིས་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་སྒང་ཆུང་ཞིག་ནས་དུ་རྐང་གཅིག་བླངས་རྗེས་ང་ལ་ཡུན་རིང་ཅེར་ནས“དེ་རིང་གནམ་གཤིས་གྲང་གི རྐང་གཅིག་འཐེན་ཅིག”ཟེར་ནས་དུ་རྐང་གཅིག་དེ་ངའི་པང་དུ་འཕངས་བྱུང་། ངས་ཀྱང་ཁོའི་ལག་ནང་གི་མེ་ཆ་ཚུར་བླངས་ནས་མེ་སྒྲོན་པ་ཡིན།
         ངས་དུས་རྒྱུན་དུ་ཁོ་ལ“དུ་རྐང་འདི་ཐེངས་རྗེས་མ་དེ་ཡིན། དཔྱིད་ཀ་ཤར་སོང་ན་ངས་ཐ་མག་བཅད་རྒྱུ་ཡིན”ཞེས་ཡང་ཡང་དུ་བཤད་མོད། ཅི་ལྟར་བསྒུགས་ཀྱང་སྨར་ཁམས་སྒང་དུ་དཔྱིད་ཀ་ཞིག་ཤར་རྒྱུ་མི་འདུག ཟླ་ལྔ་པ་ཚེས་ཀྱང་རླུང་ནི་སྔར་ལྟར་གྲང་། ངས་ཀྱང་གནམ་གཤིས་གྲང་བར་ཁ་གཡར་ནས་དུ་བ་ཡང་ཡང་བརྔུབས་པ་ཡིན། 

ངས་དེ་རིང་ཆུ་ཚོད་ལ་མ་བལྟ་ཡང་ཟ་མ་བཟའ་བའི་དུས་ཚོད་དུས་ལྟར་ཚེས་པ་འདྲ། རྒྱ་ཁ་ཤས་དལ་ལྷོད་ལྷོད་ཀྱི་ངང་ནས་ཟ་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག ང་ཡང་ཁོ་ཚོའི་རྗེས་སུ་སོང་ནས་ཤ་ཁུ་དང་འབྲས། ཚལ་མང་པོ་ཁུར་ཡོང་བ་ཡིན། ང་གཉིས་སྒོ་ཆེན་པོ་དེའི་ཟུར་གྱི་ཁང་ཆུང་ནང་དུ་ཙོག་ནས་ཟ་མ་ཟོས། ཟོས་ཚར་བ་དང་ཁོའི་ཐོད་པའི་ཐོག་ཏུ་རྔུལ་ནག་བརྡོལ་འདུག དྲང་ཐད་དུ་ཡོད་པའི་ཁོ་རང་ནི་མེ་ལོང་ནང་ཤར་བའི་ང་རང་བཞིན།  ངས་ཁོའི་ཚུགས་ཀ་མཐོང་མ་ཐག  ང་རང་ཉིད་ཀྱི་སྐྲ་དག་ཐོད་པར་འཐམས་ཡོད་པ་ཚོར། ཁོས་ཐོར་མ་ཆ་གཅིག་དེ་ཕོར་བ་སྟོང་པའི་འགྲམ་དུ་ཐག་སྒྲ་དང་བཅས་བཞག་སོང་ལ་རུམ་ནས་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་ལེན་བྱུང་། ངས་ཟ་མ་རྒྱག་ཚོད་གཅིག་ཟོས་རྗེས་ཀྲུང་ཧྭ་རྟགས་ཅན་གྱི་དུ་རྐང་དེ་རྔུབ་བཞིན “ཉིན་ཕྱེད་ཀྱི་ཟ་མ་འདི་ཞིམ་འདུག ཕྱི་དྲོའི་ཟ་མ་ནི་ཅི་ཡིན་ནམ”སྙམ་ལ“ཨ་ཁུ་ཚེ་གྲོལ་གྱིས་བཤད་པ་ཅི་མ་བདེན། ཟ་མ་ཟོས་རྗེས། དུ་རྐང་གཅིག་འཐེན་ན་ངོ་མ་ཞིམ་པོ་འདུག”སྙམ་སྐབས་ངའི་ཁོག་པའི་ནང་དུ་འབྲུག་སྒྲ་གྲགས་བྱུང་ལ་གཟེར་ཟུག་དྲག་པོ་ཞིག་ལངས་བྱང་།  དེ་ནི་ཁོག་ནད་ཕོག་པ་མ་ཡིན། དེ་སྐྱག་པ་བཏང་དགོས་པ་ལོས་ཡིན་སྙམ་བཞིན་གསང་སྤྱོད་ཕྱོགས་སུ་རྒྱུག་འགྲོ
          ང་རང་གསང་སྤྱོད་ཀྱི་ཁུང་ཐོག་ཏུ་བསྡད་ནས་འབྲུག་སྒྲ་ཡང་ཡང་དུ་གྲགས་པ་ན་གཡས་སུ་ཙོག་ཡོད་པའི་རྒད་པོ་དེ“ཕེ”ཟེར་བཞིན་དེ་མུར་མར་བྲོས་སོང་། ངས་མཛུབ་བར་ན་ད་དུང་ཕྱེད་ཙམ་ཡོད་པའི་དུ་རྐང་དེ་བརྔུབས་པ་ན་ཅུང་དྲག་གི ཐ་མག་དེ་རྔུབ་བཞིན་རྔུབ་བཞིན་འོག་ནས་ལྡང་ཡོང་བའི་སྐྱག་དྲི་དག་རེ་ཞིག་བརྗེད་སོང་། སྐྱག་པ་གཏོང་བཞིན་ཐ་མག་རྔུབ་པ་དེ་ཡང་ཞིམ་པོ་ཞིག་རེད་བསམ་སོང་། འགྲོ་ཁར་སྐྱག་དོང་དུ་ལན་གཅིག་ལྟ་དུས་ཚལ་སྔོན་པོ་དང་འབྲས་དཀར་པོ། ཤ་རྡོག་པོ་ཡོད་ཚད་ད་ལྟ་ཅི་ལྟ་བཟའ་བ་བཞིན་དུ་སྔོན་པོ། དཀར་པོ། རྡོག་པོའི་ཚུལ་གྱིས་སྐྱག་དོང་དུ་གནས་འདུག ངས་དེ་དག་མཐོང་བ་ན་ཧ་ལས་མོད། སྐྱག་པ་ལ་ཡུན་རིང་བལྟ་རྒྱུ་ཅི་ཡོད་སྙམ་བཞིན་སྐྱག་ཁང་ནས་ཐོན་པ་ཡིན། སྐབས་དེར་གྲོད་པ་ཅུང་ཙམ་ལྟོགས་པའི་སྣང་བ་ཞིག་ཤར་བྱུང་།

ཁང་པ་ཆུང་ཆུང་གི་ནང་དུ་ཨ་ཁུ་ཚེ་གྲོལ་བསྡད་མི་འདུག   སྟོང་ལྷང་ལྷང་རེད། སྒོ་ཆེན་པོའི་དེའི་ཁར་ཀྲུ་རེན་ཟ་པ་གསོག་བཞིན་ལངས་འདུག
        ང་ལ“ཁྱོད་རང་སྐྱག་པ་ཟ་བར་གང་དུ་ཕྱིན་པ་ཡིན”ཞེས་སྐད་བརྒྱབ།
        ངས“ང་རང་སྐྱག་པ་གཏོང་བ་ཕྱིན་པ་ཡིན”ཞེས་དྲང་པོ་བཤད་པ་ཡིན།
         “སྐྱག་པ་གཏོང་ནས་སྐར་མ་ལྔ་འགོར་སོང་ཨ། ཁ་ཉིན་ཚོགས་འདུ་འཚོགས་དུས་ལས་རེས་ཁང་སྟོང་པ་སྐར་མ་ལྔ་ལ་ལུས་ན་ཅི་བྱེད་དགོས་ཟེར་གྲ”
         “ཁང་པ་སྟོང་པ་སྐར་མ་ལྔ་ལུས་ན་ཆད་པ་སྒོ་བརྒྱ་ཡིན་ཟེར་གྲ”
         “འོ་རེད། ངས་བརྗེད་འདུག ཁྱོད་རང་གི་དྲན་ཤེས་དཔེ་ཡག་པོ་འདུག ད་སྒོར་མོ་བརྒྱ་ཁུར་ཤོག”ཟེར་བྱུང་བས་ངས་དངུལ་ཁུག་ནང་སྒོར་མོ་བརྒྱ་ལོ་མང་པོ་ཡོད་པའི་ནང་གི་ཆེས་རྙིང་ཧྲུལ་ཡིན་པ་དེ་ཁོ་ལ་སྤྲད། ཁོ་རང་སྒོར་མོ་བརྒྱ་ལོར་རྙིང་པ་དེར་ལྟ་བཞིན་ལྟ་བཞིན་ཕྱིན་སོང་།

སྐབས་དེར་ངའི་ངོ་ཤེས་འོད་ཟེར་ཐོན་བྱུང་།
        “བརྙན་འཕྲིན་ཁ་པར་ཚོགས་འདུ་གཞི་ནས་ཚར་སོང”ཟེར། “ཨ་ཆུ་ཆུ”ཟེར། དེ་ནས“ཀྲུ་རེན་གྱིས་ཅི་ཟེར”ཞེས་དྲིས་བྱུང་།
        “ཀྲུ་རེན་གྱིས་ཆད་པ་སྒོ་མོ་བརྒྱ་ཁུར་ཤོག་ཟེར”
        “ཅིའི་ཕྱིར”
        “ང་རང་སྐྱག་པ་གཏོང་བར་ཕྱིན་པས་ལས་རེས་ཁང་འདི་སྐར་ལྔ་ལ་སྟོང་པར་ལུས་འདུག”
        ཁོས་སྐད་ཆ་ཞིག་བཤད་བསམ་མོད། དགོད་ཤོར་བས་སྐད་ཆ་དེ་ཁ་ནས་ཐོན་མ་སོང་།
        སྐད་ཆ་དེ་ཁ་ནས་ཐོན་ཐུབ་དུས“ཁྱོས་སྐྱག་རིན་ལ་སྒོ་བརྒྱ་སྤྲད་བཞག”ཟེར་རྗེས་སླར་ཡང་དགོད་སོང་།
        ང་རང་ཅང་མ་བཤད་པར་ཙོག་བསྡད། ཁོས་སྐྱག་བཤད་བྱས་རྗེས་ཟ་མ་བཟའ་དགོས་ཟེར་ནས་ཐོན་སོང་། འགྲོ་ཁར་ཚོགས་འདུའི་ཟིན་བྲིས་རེད་ཟེར་བའི་ཟིན་ཐོ་མཐུག་པོ་ཞིག་ང་སར་བཞག་སོང་།   ཁོ་འགྲོ་ཚར་དུས་ངས་ཤོག་ལེབ་རེ་རེ་བཞིན་ཁ་ཕྱེ་ནས་བལྟས། ཕྱི་ནས་བལྟས་ན་ཚོགས་འདུའི་ཟིན་བྲིས་ཡིན་ཁུལ་རེད། ཞིབ་པར་བལྟས་ཚེ་འདྲ་མི་འདྲ་མང་པོ་ཞིག་བྲིས་ཡོད་པ་མཐོང་། ཤོག་ལེབ་ཅིག་གི་མགོ་རུ“  ་་་་་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་འཛིན་སྐྱོང་ཐད་ཀྱི་འདུ་ཤེས་གསར་པ་དང་། བསམ་གཞིགས་གསར་པ། འཐབ་ཇུས་གསར་པ། ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་གལ་ཆེའི་འཐབ་ཇུས་དགོངས་པ་དང་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་་་་་”ཞེས་བྲིས་ཡོད་པ་དང་འཇུག་ཏུ།
              “ ཁྱོད་རང་རྒས་སོང་ན།
                 ཁྱོད་རང་རྒས་སོང་ན་སྐྲ་ལོ་དཀར་ཞིང
                 མེ་ཐབ་ཀྱི་འགྲམ་དུ་གཉིད་ཀྱིས་རྨོངས་དུས
                 དེབ་འདི་ཁ་ཕྱེ་ནས་དལ་བུར་ཀློགས་དང
                 རྨི་ལམ་དུ་ལོ་དེ་དག་གི་མིག་མདངས་དང
                 ཉམས་འགྱུར   གྲིབ་གཟུགས་ནག་སྨུག་བཅས་འཁོར་བར
                 མི་གང་ཙམ་ཞིག་ཁྱོད་ཀྱི་རྒྱབ་གཟུགས་ལ་སེམས་པ་ཤོར་མྱོང
                 མི་གང་ཙམ་ཞིག་དྲང་རྫུན་འདྲེས་མས་ཁྱོད་ཀྱི་མཛེས་པ་ལ་ཞེན་མྱོང
                 ཡིན་ཡང་མི་གཅིག་ཁོ་ནས
                 ཁྱོད་ཀྱི་གནས་མཇལ་བའི་སེམས་པར་དགའ་ཞིང
                  ཁྱོད་ཀྱི་ངོ་གདོང་ངོས་ཀྱི་ལོ་ཟླའི་ཞབས་རྗེས་ལ་དུང་མྱོང
                  མེ་ཐབ་ཀྱི་འགྲམ་དུ་མགོ་སྒུར་བཞིན
                  མནོ་བསམ་ཀྱི་ཀློང་དུ་ཚུད་པར
                  བརྩེ་དུང་ནི་ཅི་ལྟར་ཡལ་བ་ཡིན་ནམ
                  སླར་ཡང་རི་ཀླུང་མང་པོ་བརྒྱབ་ནས
                  ཅི་ལྟར་སྐར་ཚོགས་ཀྱི་ཁྲོད་ཏུ་ཁ་ངོ་བཀབ་པ་ཡིན་ནམ
                  རང་གིས་རང་ལ་འདི་ལྟར་དྲིས ”
                  སྙན་ངག་པ་Yealsགྱི་སྙན་ངག《ཁྱོད་རང་རྒས་སོང་ན》ཞེས་པ་འདི་བོད་ཡིག་ཏུ་འདི་ལྟར་བསྒྱུར་འདུག་པས་གོང་གི་ཚོགས་འདུའི་ཟིན་ཐོ་དང་མཉམ་དུ་བཀླགས་ན་འགྲོས་མི་མཉམ་བས་མཚར་འདུག་སྙམ།  ཡང་ཤོག་ལེབ་ཅིག་ཕྱེ་ནས་བལྟ་དུས་ཚོགས་འདུའི་མགོ་བརྗོད་ཞེས་པའི་ཁ་སྐོང་གི་ཚུལ་དུ“ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ”ཞེས་བྲིས་འདུག་ལ་འོག་ཏུ་བྲིས་ཡོད་པ་ནི་ཚོགས་འདུའི་ནང་དོན་རྐྱང་བ་རེད།

ང་རང་དང་པོར་རྫོང་མཁར་དུ་ལས་ཀ་བགོས་དུས་འོད་ཟེར་དང་ང་གཉིས་ཐོག་རྩིག་གསུམ་པའི་ཐོག་ཏུ་བསྡད་ཡོད། ཡིན་ཡང་དེ་དུས་ངས་ཁོ་རང་ངོ་ཤེས་ཀྱི་མེད། ང་གཉིས་སྒོ་ཁར་འཕྲད་ཐེངས་རེར་ཁོ་རང་ང་ལ་འཛུམ་བཞིན་འདུག ངས་ཁོས་ང་རང་ངོ་ཤེས་ཀྱི་ཡོད་ས་རེད། ཡིན་ཡང་ངས་ཕྱིར་དྲན་ཅི་ལྟར་བྱས་ཀྱང་ཁོ་རང་མཐོང་མྱོང་མི་འདུག རྗེས་སུ་མི་གཞན་གྱིས་ཟེར་ན“ཁོ་རང་ནི་སྲིད་གཞུང་ཡིག་སྒྱུར་ཁང་གི་ཡིག་སྒྱུར་བ་རེད”ཟེར། 
         ཉིན་ཞིག་ངས་ནས་ཆང་སྒམ་གཅིག་ཉོས་ནས་སྒོ་ནང་དུ་ཡར་འཛུལ་གྲབས་ཡོད་སྐབས། ཁོ་ཡང་སྒོ་ནས་མར་ཐོན་བྱུང་ལ“ལག་པའི་ནང་གི་དེ་ཅི་རེད”ཟེར། ངས“ནས་ཆང་རེད”ཟེར་བར་ཁོས“འོ། ཁྱོད་ནས་ཆང་འཐུང་རྒྱུར་དགའ་པོ་ཡོད་དམ”ཟེར་བཞིན་ངོ་ཤེས་རྙིང་པ་ཞིག་དང་འདྲ་བར་ངའི་སྡོད་ཁང་ནང་འཛུལ་བྱུང་ལ་ཧྲ་ཧྥེ་ཐོག་ཙོག་ནས་དུ་རྐང་གཅིག་ལ་མེ་སྒྲོན་བྱུང་། དུ་རྐང་གཞན་ཞིག་ངའི་ཕྱོགས་སུ་འཕངས་པ་དང“དུས་རྒྱུན་ནས་ཆང་ཅི་ལྟར་འཐུང་གི་ཡོད”ཅེས་དྲིས།“ཁ་ཕྱེ་ནས་ཐད་ཀར་འཐུང་བ་ཡིན”ཞེས་པ་ན“ད་ལྟ་དགུན་ཁར་ནས་ཆང་ཚ་མོ་བཟོས་ནས་དེའི་ནང་དུ་བུ་རམ་དང་ཅ་ག་བླུགས་ན་ཞིམ་པོ་ཡོད་རེད། ཁྱོས་སྒུག་ཨ”ཟེར་ནས་སྒོར་ཐོན་སོང་། ཕྱིར་ཐོན་ཡོང་དུས་བུ་རམ་དང་ཅ་ག་ཆང་ནང་བླུགས་ཆོག་ཆོག་བཟོས་ནས་ཁུར་བྱུང་།
          ནས་ཆང་ཚ་མོ་བཟོས་རྗེས་དེའི་ནང་དུ་ཅ་ག་དང་བུ་རམ་བླུགས་ནས་འཐུང་ན་ཧ་ཅང་ཞིམ་པོ་ཞིག་རེད་ལ་མང་པོ་འཐུང་ཡང་བཟི་དཀའ་མོ་རེད། ནང་ཆང་མངར་མོ་འཐུང་བཞིན་ཐ་མག་འཐེན་ནའང་ཞིམ་ཉམས་གཞན་ཞིག་འདུག
           ཁོས“ངས་སྔོན་མ་ནས་ཁྱོད་རང་ངོ་ཤེས་ཀྱི་ཡོད”ཟེར།
           ངས“ཆི་འདྲ་ངོ་ཤེས”ཅེས་དྲིས་དུས“ང་རང་ཆབ་མདོ་མཐོ་འབྲིང་དང་པོའི་ལོ་རིམ་གསུམ་པ་འདོན་སྐབས་ཁྱོད་རང་ལོ་རིམ་དང་པོ་རེད”ཅེས་བཤད་བྱུང་། 
            ཁོས“ངས་ཁྱོས་བརྩམས་པའི་རྒྱ་ཡིག་གི་སྙན་ངག《སྒོ་སྲུང》ཞེས་པ་དེ་བཀླགས་མྱོང”ཟེར།
            “དེ་བརྩམས་དུས་ང་རང་སློབ་ཆེན་ལོ་རིང་གསུམ་པའི་སློབ་མ་ཞིག་ཡིན”ཟེར་བར“ད་ལྟ་སློབ་ཆེན་ནས་ཐོན་མ་ཐག་ཏུ་སྒོ་སྲུང་དུ་འགྱུར་དགོས་པ་འདི་ཁྱོས་སྙན་ངག《སྒོ་སྲུང》ཞེས་པ་བརྩམས་པས་ལས་རྒྱུ་འབྲས་འཁོར་བ་རེད”ཟེར།
             དེ་རྗེས་སུ་ཁོས་ང་ལ‘གྲོགས་པོ’ཞེས་འབོད་བཞིན་འདུག་ལ་དུས་རྒྱུན་ལས་ཀ་མེད་དུས་ང་སར་འཛུལ་ཡོང་། “དོན་དག་ཅི་ཡོད”དྲིས་དུས“སྙན་ངག་ཅིག་བྲིས་ཡོད་དེ་གཅིག་བཅོས་རོགས”དང“ང་གཉིས་རྡོ་ལོ་གྲིལ་བ་འགྲོ”ཟེར། ཁོ་ལ་ལས་ཀ་དེ་གཉིས་ལས་གཞན་ཡོད་མི་སྲིད།

ངས་ཁོའི་ཚོགས་འདུའི་ཟིན་བྲིས་ཡ་མཚན་དེ་ཁ་བརྒྱབ་རྗེས་སྒོ་ཁའི་ལས་རེས་ཁང་ཆུང་ཆུང་དེའི་ནང་མིག་ཚུམ་བཞིན་ཙོག་བསྡད་པ་ཡིན། དེའི་སྐབས་སུ་སུ་ཞིག་སྒོ་ཕྱེ་ནས་ཁང་པའི་ནང་དུ་འཛུལ་ཡོང་བ་ཚོར་ལ“སྒོམ་ཆེན་གྱིས་ཡང་སྒོམ་རྒྱག་བཞིན་ཡོད་ཟིག”ཅེས་འོད་ཟེར་གྱི་སྐད་རེད། མིག་ཕྱེ་བ་ན་ཁོ་རང་རེད་འདུག
          ཁོས་རྣམ་འགྱུར་ནན་ཏན་ཞིག་བསྟན་ཁུལ་བྱས་ནས“སྒོམ་ཆེན་ལགས།  ང་གཉིས་ལྒང་ལིའི་སྤོ་ལོ་རྒྱག་ག་ཨེ་འགྲོ”ཟེར་བྱུང་། ཡིན་ཡང་རྣམ་འགྱུར་དེའི་ནང་ཤུགས་ཀྱིས་བསྲན་པའི་འཛུམ་མདངས་ཅིག་མག་མོག་ཏུ་མངོན་འདུག ཁོས་ང་ལ་བསྟན་བཤིག་འཆད་ཀྱིན་པ་ལོས་ཤེས། ཉིན་འགའ་ཡི་སྔོན་དུ་ང་གཉིས་སྒང་ལིའི་སྤོ་ལོ་རྒྱག་ཏུ་སོང་། སྤོ་ལོ་རྒྱག་བཞིན་རྒྱག་བཞིན་གནམ་ངོ་རུབ་བྱུང་། ཁ་བ་ཁད་ཀྱིས་གནམ་ནས་མར་བླུགས་པ་བཞིན་འབབ་བྱུང་། ངས“ད་ལོག་འགྲོ”ཟེར་དུས་ཁོ་རང་ཁ་བའི་ཁྲོད་དུ་སྤོ་ལོ་རྒྱག་པའི་སྤྲོ་སྣང་གིས་བརྟས་འདུག ངའི་སྤྲོ་བ་ཡང་ཆེས་ཆེ་འཕེལ་བྱུང་ལ་ཅི་བསམ་གང་དྲན་གྱིས་བརྒྱབ་པ་ཡིན། བར་སྐབས་ཤིག་ལ་ང་རང་ཤུགས་ཀྱིས་ཡར་འཕག་དུས་གངས་འདྲེད་ཤོར་སོང་ལ་ལུས་པོ་རྡོས་ཁེངས་ཡོད་པའི་སར་བརྒྱབ་སོང་། ངའི་མིག་མདུན་དུ་སྐར་མ་ཁྲ་ཆེམ་ཆེམ་ཤར་བ་དང་ཁོག་སྨད་ནས་སྔོན་མ་བྱུང་མ་མྱོང་བའི་ན་ཟུག་ཅིག་ལངས་བྱུང་། སྐར་མ་གཉིས་ཙམ་ནས་དབུགས་ཐམས་ཅད་གྲོད་པའི་ནང་འཚང་བསྡད་པ་ལས་མགྲིན་པ་ནས་གཏོང་མི་ཐུབ་པར་ལུས་སོང་། ང་རང་སད་དུས་ངའི་རོགས་པ་ནི་ཅི་བྱེད་འདི་བྱེད་མེད་པར་ང་ལ་ཧད་འདུག ཅུང་ཙམ་ནས་ང་རང་དལ་བར་ཡར་ལངས་ཐུབ་སོང་ལ་ང་གཉིས་བསྡད་གནས་ཚུར་ལོག སྐབས་དེར་ངའི་ཟུག་གཟེར་ཅུང་འཇགས་སོང་།
             ཁོས“ང་རང་སྐྲག་ཆིག་གྲ ཁྱོད་ཀྱི་ཁ་ངོའི་མདོག་རྩ་བ་ནས་འགྱུར་སོང”ཟེར།
             “དམར་དམར་རེད་འགྲོ་ཨ་རེད”དྲིས་དུས“ཁོས་མ་རེད། སྔོ་སྔོ་རེད་ཐལ”ཟེར།
              ཉིན་དེའི་ཕྱི་དྲོ་ཡང་ངའི་སྒལ་ཚིགས་ན་བཞིན་འདུག་པས་ངས་ཁོ་རང་འཁྲིད་ནས་ཉེ་འགྲམ་དུ་རྒད་པོ་ཚིགས་རྩི་མཁན་ཞིག་ཡོད་པའི་སར་སོང་། རྒད་པོ་དེ་ཁ་བདེ་ཞིག་རེད་ལ་རྩེད་མོ་ལ་དེ་བས་དགའ་འདུག ཁོས་ཚིགས་བལྟས་ཟིན་རྗེས་ངའི་སྒལ་བར་ཁུ་ཚུར་གཟེར་བྲེང་ངེར་བྱེད་དགོས་པ་ཞིག་གཞུས་བྱུང་། ད་དུང་ཡང་གཞུ་གྲབས་ཡོད་དུས་ང་རང་བྲོས་སོང་བ་ཡིན། བྲོས་ཞོར་དུ“ཁྱོད་ཚིགས་རྩི་བ་ཕར་ཞོག ཚིགས་ལྷག་མ་ཞིག་བཟོ་ས་རེད”ཅེས་བཤད་པ་ཡིན།  རྒད་པོ་དེ་ཧ་ཧ་དགོད་བཞིན་འདུག  “སྐྱོན་མི་འདུག ཉིན་གསུམ་གྱི་རྗེས་སུ་ང་སར་ཤོག”ཟེར། ཉིན་གསུམ་གྱི་རྗེས་སུ་དྲག་སོང་ལ་ང་རང་རྒད་པོའི་སར་འགྲོ་མ་ཕོད།  དེ་ནས་བཟུང་འོད་ཟེར་གྱིས“ལྒང་ལིའི་སྤོ་ལོ་རྒྱག་འགྲོ”ཞེས་འབོད་ཀྱིན་འདུག
               དེ་རིང་ལས་རེས་ཁང་དུ་ཁོས“ལྒང་ལི་རྒྱག་འགྲོ”ཟེར་ཡོང་དུས་མཁའ་དབུགས་ཁྲོད་དུ་སྒོག་དྲིས་ཁེངས་འདུག ངས་སྒོག་དྲི་དེ་ལས་ཁོ་རང་གང་དུ་ཟ་མ་བཟའ་བར་སོང་བ་ཤེས། དེ་ནི་སྒོ་ཆེན་པོའི་འདིའི་འགྲམ་དུ་བོད་ཐུག་ཁང་ཞིག་ཡོད། དེའི་ནང་དུ་སྒྲོག་ཙེའི་གཡས་གཡོན་གང་སར་སྒོག་པ་བླུགས་ཡོད། ཐུག་པ་འཐུང་བཞིན་འཐུང་བཞིན་སྒོག་པ་ཞིག་པགས་པ་བཤུས་སྟེ་ཟོས་ན་བྲོ་བ་ཆེ། ཉིན་མང་པོ་ཞིག་ལ་ང་གཉིས་གཉིས་ཀ་བྱ་བ་མེད་དུས་བོད་ཐུག་ཁང་དེའི་ནང་དུ་འཛུལ་འགྲོ་བ་ཡིན། ཉིན་དེ་དག་གི་རིང་ལ་སྲང་ལམ་ནས་ངོ་ཤེས་འདྲ་འཕྲད་དུས“ཕེ། སྒོག་གདུག”ཟེར་འདུག འོད་ཟེར་གྱིས“སྒོག་པ་ཟོས་ཚར་རྗེས། འོ་མ་འཐུང་ན་སྒོག་དྲི་བྲོ་མ་རེད”ཟེར། ངས་འོ་མ་རྒྱག་ཚད་གཅིག་འཐུང་རྗེས་སྲང་ལམ་ཐོག་ཏུ་འགྲོ་ན་རང་གིས་བསམས་པར་དྲི་མ་གང་ཡང་བྲོ་གི་མེད་པར་སྣང་མོད་ངོ་ཤེས་ཚོས་སྔ་བཞིན“ཕེ། ཕེ”ཟེར་གྱིན་འདུག
                ཅུང་མ་འགོར་བར་ཨ་ཁུ་ཚེ་གྲོལ་ཐོན་བྱུང་ལ་འོད་ཟེར་གྱི་ཁ་པར་གྱིས་སྐད་བརྒྱབ་བྱུང་། ཁོས“དོན་དག་ཐོན་ཐལ། མི་ཞིག་གིས་ང་འཚོལ་བཞིན་འདུག”ཟེར་བཞིན་ཐོན་ཐལ། ཕྱི་རོལ་དུ་དཔོན་པོ་འདྲ་ཞིག་དང་འཕྲད་སོང་། དཔོན་པོ་འདྲ་བ་དེས་འོད་ཟེར་ལ་སྐད་ཆ་མང་པོ་ཞིག་བཤད་ཀྱིན་ཡོད་ཀྱང་ཁོའི་རྣམ་འགྱུར་ལ་བལྟས་ན་རྩ་བ་ནས་ཉན་བཞིན་མི་འདུག ཁོ་གཉིས་སྒོ་ཆེན་པོ་དེ་ནས་ཡལ།   ཁོའི་ཚོགས་འདུ་ཟིན་བྲིས་ཡ་མཚན་དེ་ཡུན་རིང་པོ་ཞིག་ལ་འདི་གར་ལུས་སོང་།

ཨ་ཁུ་ཚེ་གྲོལ་ཐོན་མ་ཐག“ཕྱི་དྲོར་རྫོང་དཔོན་སྒོ་ཆེན་འདིའི་ནང་ནས་འཛུལ་ཡོང་རྒྱུ་རེད”ཟེར་ནས་ཟང་ཟིང་བྱེད་བྱུང་།  
         ཕྱི་དྲོ་ཟ་མ་བཟའ་བའི་དུས་ཚོད་ལ་རྫོང་དཔོན་ཐོན་བྱུང་།
         མི་དམངས་པོ་ཞིག་རྫོང་དཔོན་གྱི་རྔ་མ་བཞིན་རྗེས་འབྲངས་འདུག དེ་ན་རྫོང་དཔོན་ལ་རྔ་མ་ཉི་ཤུ་སུམ་བཅུ་ཞིག་ཡོད་ས་རེད།
         རྫོང་དཔོན་དང་ཁོའི་རྔ་མ་ཉི་ཤུ་ལྷག་ཙམ་དེ་ཟ་ཁང་ནང་དུ་འཛུལ་ནས་དུས་ཡུན་རིང་པོ་ཞིག་འགོར་བས་ངའི་གྲོད་པས་ཚུལ་དེ་ལ་བསྟོད་གླུ་ཡང་ཡང་བླངས་བྱུང་།
          ངས་ཨ་ཁུ་ཚེ་གྲོལ་ལ“རྫོང་དཔོན་ཟ་མ་བཟའ་དུས་ཀྱང་དུས་ཡུན་འདི་འདྲ་ཐོགས་སོང”ཞེས་བཤད་པ་ན་ཁོས“རྫོང་དཔོན་གྱིས་ཁོ་ལ་ཞབས་དག་རྒྱག་མཁན་རྣམས་ལ‘ཡག་པོ་རེད། ཡག་པོ་རེད’ཅེས་བཤད་བཞིན་ཡོད་ཅིང་ཅི་ཡང་མི་བཤད་པ་ཙོག་པོར་བསྡད་མཁན་རྣམས་ལ‘ཡག་པོ་མ་རེད། ཡག་པོ་མ་རེད’ཅེས་བཤད་བཞིན་ཡོད་རེད”ཟེར།
           མུན་རུབ་དུས་རྫོང་དཔོན་གཞི་ནས་ཐོན་བྱུང་། རྗེས་ཀྱི་རྔ་མ་རྣམས་མ་ཆད་པ་མ་ལྷག་པར་འདུག་ལ་ཞིབ་ལྟ་བྱས་ན་རྫོང་དཔོན་གྱི་གྲོད་པ་ཆེན་པོ་དེ་སྔ་ལས་ཀྱང་ཆེ་རུ་སོང་ཞིག འགྲོ་བ་ཡང་ཤིན་ཏུ་དལ་འདུག
           རྫོང་དཔོན་སྒོ་ནས་མར་འགྲོ་དུས་ཨ་ཁུ་ཚེ་གྲོལ་ཡར་ལངས་ནས་དམག་མི་ལྟར་གུས་འདུད་ཞུས་སོང་། ཁོའི་ལག་པ་གཡས་གཡོན་ནོར་འདུག་ཀྱང་ངས་ཡོ་བསྲང་མ་བྱས། གང་ལྟར་རྫོང་དཔོན་གྱིས་རང་གི་རྔ་མ་རྣམས་ལ་སྐད་ཆ་འཆད་བཞིན་འགྲོ་བ་ལས་ཨ་ཁུ་ཚེ་གྲོལ་ང་གཉིས་མཐོང་མ་སོང་ལ་ཨ་ཁུ་ཚེ་གྲོལ་གྱིས་ཡར་བཀྱགས་ཡོད་པའི་ལག་པ་དེ་ཡང་མཐོང་མ་སོང་། ཐ་ན་སྒོ་འགྲམ་གྱི་ཁང་པ་ཆུང་ཆུང་འདིའང་མཐོང་མེད་པའི་ཁུལ་རེད།  རྫོང་དཔོན་སྒོ་ནས་ཡལ་མ་ཐག་ཨ་ཁུ་ཚེ་གྲོལ་གྱི་གུས་འདུད་ཞུ་བའི་ལག་པ་དེ“fuck”བཟོ་ལྟ་རུ་དཀྱིལ་འཛུབ་ཡར་འགྲེང་སོང་།
            ང་གཉིས་དེ་མུར་ཟ་ཁང་དུ་རྒྱུགས་འགྲོ་བ་ཡིན། ཡིན་ཡང་ཟ་ཁང་དུ་ཉའི་སྒྲོ་དང་ཕག་གི་རུས་པ་ཁ་ཤས་ལྷག་ཡོད་པ་ལས་གཞན་བཟའ་རྒྱུ་འཐུང་རྒྱུ་གང་ཡང་ལྷག་མི་འདུག་པས་ད་ཉིན་གང་བསྒུགས་བསྒུགས་པའི་ཟ་མ་ནི་འདི་འདྲ་ཞིག་ཡིན་ཞིག་སྙམ་བཞིན།  ང་གཉིས་ཀྱི་སེམས་པ་ཧ་ཅང་སྐྱོ་བྱུང་།
             ཟ་མ་མ་རག་པའི་ང་གཉིས་ཁང་པ་ཆུང་ཆུང་འདིའི་ནང་དུ་ཁ་པར་གྱི་རྩེད་མོ་འདྲ་རྩེད་ནས་བསྡད་དགོས་བྱུང་། རོགས་པ་ཨ་ཁུ་ཚེ་གྲོལ་གྱིས་དུས་རྒྱུན་ལྟར་ལག་གཡས་པས་ཁ་པར་རྩེད་ཅིང་གཡོན་པས་མ་ཎི་བགྲང་འདུག  ཡུད་ཙམ་སོང་རྗེས་ཁོའི་ཁ་པར་ནས་བུ་མོ་ཞིག་གིས་མནར་བཅོད་ཚད་མེད་མྱོང་བ་ལྟ་བུའི་ང་རོ་གྲགས་བྱུང་། འུད་ཆེན་པོ་བརྗོད་པའི་སྐད་དེ་ཐོས་མ་ཐག་མི་སུས་ཀྱང་ཁོས་འདོད་བརྙན་ལ་ལྟ་བཞིན་པ་ལོས་ཤེས། ཁོའི་ཁ་པར་གྱི་སྐད་ཡོད་རྒྱུ་མེད་རྒྱུ་ཆེན་པོ་བཟོས་འདུག་པས་ཁང་པའི་ཕྱི་རོལ་དུ་འགྲོ་བཞིན་པའི་མི་རྣམས་ཀྱིས་ཅི་བྱུང་མི་ཤེས་པར་ང་གཉིས་བསྡད་སའི་ཁང་ཆུང་དེའི་ནང་དུ་ལྟ་བཞིན་འདུག ཡིན་ཡང་མུན་རུབ་དུས་ཀྱང་ཁང་ཆུང་ནང་གི་གློག་བཀར་མེད་པས་ཁོ་ཚོས་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་ཤར་བའི་རང་ཉིད་ཀྱི་གཟུགས་བརྙན་ལས་ཅི་ཡང་མཐོང་མི་ཐུབ། ཡིན་ཡང་ཨ་ཁུ་ཚེ་གྲོལ་གྱི་ཁ་པར་ནས་ཐོན་པའི་ནག་མོའི་ང་རོ་དེས་མུན་པ་བརྟོལ་ནས་ཁོ་ཚོའི་སར་འགྲོ་བཞིན་ཡོད་ནའང་ཁོ་ཚོས་དེའི་འབྱུང་ཁུངས་རིག་གི་མེད།
              ངས“འདི་རིགས་བལྟས་ན་ཡག་པོ་མ་རེད”ཅེས་བཤད་པར་ཁོས་བལྟས་མཚམས་བཞག་ནས“ཅི་ཟེར། ཆོས་དཔེ་ནང་དེ་འདྲ་བཤད་ཡོད་དམ”ཞེས་དྲིས་བྱུང་བར“ཆོས་དཔེ་ལས་དེ་རིགས་བྱེད་པའི་མི་རྣམས་ནི’བ་ཚྭའི་ཆུ་བཐུང་བ’དང’རང་ཉིད་ཀྱི་མགོ་ལ་རང་གིས་སྟ་རེ་བརྒྱབ་པ’ལྟ་བུ་ཡིན་ཞེས་གསུངས་འདུག”ཅེས་བཤད་མ་ཐག ཁོ་རང་ཧ་ཅང་སྐྲག་སོང་། ལག་ཐོག་གི་ཁ་པར་དེ་ད་ནས་བཟུང་ཁོ་ལ་མི་དགོས་པ་བཞིན་ཕར་ཙམ་གཡུགས་ཅིང་མ་ཎི་འདོན་པའི་སྒྲ་ཇེ་ཆེར་སོང་།
                དུས་ཅུང་ཙམ་འདས་རྗེས་ནག་མོའི་ང་རོ་དེ་སྔར་ལས་ལྷག་པར་གྲགས་བྱུང་། ད་ནི་ཁོས་ཕྲེང་བ་དེ་ཕར་ཙམ་གཡུགས་འདུག་ལ་ལག་ཏུ་ཁ་པར་བཟུང་འདུག སྐབས་དེར་བུ་མོ་ཞིག་སྒེའུ་ཁུང་གི་འགྲམ་དུ་སླེབས་བྱུང་། མོས་སྐད་ཆ་འདྲི་དགོས་སམ་ཆ་ལག་ལེན་བསམ་པའམ་གཅིག་ཡིན་ས་རེད། ཡིན་ཡང་མོ་རང་སྒེའུ་ཁུང་གི་ཁར་སླེབས་དུས་གཞི་ནས་ཁང་པའི་ནང་ནས་གྲགས་ཡོང་བའི་ང་རོ་ལ་ཉམས་འཇོག་བྱེད་པ་འདྲ། དེ་མ་ཐག་ཁ་ཕྱིར་བསྐོར་ནས་བྲོས་སོང་།  ཨ་ཁུ་ཚེ་གྲོལ་ནི་བུ་མོ་དེ་བྲོས་འགྲོ་བའི་ཚུལ་ལ་ཉམས་འཇོག་ཅི་ཡང་མི་བྱེད་པར་སྔར་བཞིན་སྐད་ཆེ་ཆེར་བཏང་ནས་བལྟས་འདུག

བརྙན་དེ་མཐོ་རླབས་ཆེན་པོ་ཞིག་ཡོལ་རྗེས་གཞི་ནས་མཇུག་རྫོགས་པ་འདྲ། འཇམ་ཐིང་ངེར་གྱུར།
        འཇམ་ཐིང་ཐིང་གིས་ཆུ་ཚོད་དགུ་པར་ཟིན་སོང་བས་ང་གཉིས་ལས་ཀ་གྲོལ་ནས་སོ་སོ་བྲལ།

         ང་རང་སྡོད་ཁང་དུ་འགྲོ་དུས་རྫོང་གི་སྲང་ལམ་རྩེ་རུ་འགྲོ་དགོས།  སྲང་ལམ་རིང་པོ་དེའི་ཐོག་ཏུ་འགྲོ་དུས་ད་ལྟ་ནི་མཚན་མོ་མ་ཡིན་པར་ཉིན་དཀར་ཡིན་པ་བཞིན་གློག་འོད་གསལ་ལྷང་ལྷང་། ལམ་དེ་བརྒལ་དུས་ནམ་ཡིན་ཡང་ཆུང་དུས་ཀྱི་རྩེད་རོགས། སློབ་ཆུང་གི་སློབ་གྲོགས་སོགས་ངོ་ཤེས་མང་པོ་དང་འཕྲད་ངེས། དེརརིང་ཡང་མང་པོ་ཞིག་དང་འཕྲད་སོང་། སྔར་ལྟར། ཁོ་ཚོས་དྲི་བ་རེ་རེ་བཞིན་སྟོན་ཞིང་ངས་དྲི་བ་དེ་དག་ལ་ལན་རེ་རེ་བཞིན་བརྒྱབ་རྗེས་སོ་སོར་བྲལ། ཡང་ན་ངས་དྲི་བ་ཞིག་དྲིས་རྗེས་ཁོ་ཚོས་དེ་ལ་ལན་ཡིད་ཚིམ་པ་ཞིག་བཏབ་པ་དང་བྲལ་འགྲོ   ཆུང་དུས་དགའ་དགའ་སྐྱིད་སྐྱིད་འདྲ་བྱས། གྲོགས་པོ་ཟེར། སློབ་གྲོགས་ཟེར། ཆེན་པོ་ཆགས་དུས་ལམ་ནང་འདྲ་འཕྲད་ན་དྲི་བ་འདྲ་དྲིས། དེ་ལ་ལན་འདྲ་བརྒྱབ་རྗེས་སོ་སོ་བྲལ་བ་ལས་བྱ་རྒྱུ་གང་ཡང་མི་འདུག  
          ངའི་སྡོད་ཁང་འགྲམ་གྱི་གད་སྙིགས་སྤུངས་ཡོད་ས་ན་ཁྱི་འདྲ་བ་ནག་མུག་མུག་ཅིག་གིས“སུར་སུར”ཞེས་གད་སྙིགས་སློག་བཞིན་འདུག ཞིབ་ལྟ་ཞིག་བྱས་ཀྱང་དེ་ལ་རྔ་མ་ཡོད་པ་མ་མཐོང་བས་ང་རང་ཅུང་སྐྲག་ནས་ཁ་རོག་གེར་ཐོག་རྩིག་ཁང་གི་སྒོ་ནས་ཡར་འཛུལ་མ་མག དེས“ཨ་རོགས”ཅེས་འབོད་བྱུང་། རྐང་པ་སྦྲིད་ནས་སྒོ་ནས་ཡར་འགྲོ་མ་ཐུབ།
          ཕྱི་ལྟ་བྱེད་དུས་འོད་ཟེར་ཡིན་པ་ཤེས། མུན་ནག་དྲག་པས་ཁོའི་རྣམ་འགྱུར་གསལ་པོ་མཐོང་གི་མི་འདུག
           “ཁྱོས་འདི་ན་ཅི་བྱེད་བཞིན་ཡོད”
            ཕ་རོལ་པོས“ངས་སྙན་ངག་འཚོལ་བཞིན་ཡོད”ཟེར་བྱུང་།
            ང་གཉིས་མཉམ་དུ་ངའི་ཁང་པའི་ནང་འཛུལ་ཞིང་། ངས“སྙན་ངག་ལོན་ཨེ་ཐལ”ཞེས་འདྲི་དུས་ཁོས“སྙན་ངག་བོར་བ་ཞིག་བཙལ་བ་ཡིན། རྙེད་མ་ཐལ”ཟེར། དེ་དུས་ཁོའི་གདོང་ལ་ན་ཟུག་སྐྱེས་པའི་རྣམ་འགྱུར་དེ་འདྲ་ཞིག་བསྡུས་འདུག དེ་ནས“ཆང་འཐུང་དགོས”ཟེར།
             ཁང་པའི་ནང་དུ་ཉིན་གང་ལུས་པའི་ལི་ཕྲུག་དེས“མཱ་མཱ”ཟེར་ནས་ང་གཉིས་ལ་སྐད་ཆ་བཤད་བཅུག་གི་མི་འདུག   ང་རང་ཧྲ་ཧྥེ་ཐོག་ཏུ་ཙོག་མ་ཐག་ཁོ་རང་ངའི་པང་དུ་འཕུར་འོང་། ཁང་པའི་ནང་དུ་ཁོ་ལ་སྟེར་རྒྱུའི་བཟའ་རྒྱུ་ཅི་ཡང་མེད་པས་ང་རང་སླར་ཕྱི་རོལ་ཏུ་སོང་ནས་ཞི་མིའི་བཟའ་རྒྱུ་དེ་རིགས་ཅིག་ཉོ་བར་འགྲོ་དགོས་བྱུང་། འགྲོ་ཁར་ངས་ལི་ཕྲུག་དང་འོད་ཟེར་གཉིས་ལ“ཁྱོད་གཉིས་ཀྱི་ང་རང་སྒུགས་དང་། ང་མགྱོགས་པོར་སླེབས་ཡོང”ཞེས་བཤད། ལི་ཕྲུག་དེས་སྔ་བཞིན“མཱ་མཱ”ཟེར་འདུག་ལ་འོད་ཟེར་གྱིས་ཅ་ག་དང་བུ་རམ་གྲ་སྒྲིག་བྱས་ནས་ཆང་ཚ་མོ་བཟོ་བཞིན་པ་ལས་ང་ལ་ཁ་ཡ་བྱས་མ་བྱུང་།

ངས་ལི་ལི་གསུམ་གསོས་མྱོང་། ལི་ལི་དང་པོ་དེ་རྐུན་མ་ཞིག་ཡིན། ཁོས་ཉིན་གང་ཕོར་བའི་ནང་གི་ཆུར་བ་དང་གདང་ལ་གཟར་བའི་ཤ་དག་རྐུ་བ་ལས་བྱི་བ་གསོད་ཀྱི་མེད། ཁོས་ཤ་རྐུ་དུས་ཤ་གདང་ནས་མར་ལྷུང་འོང་སྟེ་བསད་འདུག ལི་ལི་གཉིས་པ་དེ་ཇག་པ་ཡིན། ཁོ་རང་ཉིན་གང་ཇག་ལ་སོང་བས་མིག་གི་རིག་སར་མེད། ཁོ་ལ་ལྡུད་པའི་འོ་མ་དག་ནམ་ཡང་ཕོར་བའི་རུལ་ཤོར། ངས་ཀྱང་ཁོ་རང་ཐེངས་གསུམ་བཞི་ཙམ་ལས་རིག་མ་མྱོང་། ཐེངས་ཤིག་ང་རང་ཞིང་ཁར་འཆམ་འཆམ་དུ་འགྲོ་དུས་ཁོ་རང་རྔ་མ་དགོང་ལ་འགྲེང་བཞིན་མུ་ཁར་འགྲོ་བཞིན་འདུག ངས“ལི་ལི”ཞེས་འབོད་པ་ན“མཱ་མཱ”ཟེར་བཞིན་ངའི་འགྲམ་དུ་སླེབས་བྱུང་། ཁོས་རང་གི་ལུས་པོ་ངའི་རྐང་པར་རྡར་བཞིན་དགའ་དགའ་བྱེད་བཞིན་འདུག་པས་ང་རང་ཧ་ཅང་དགའ་བྱུང་། ཁོས་ང་ལ་དགའ་དགའ་བྱས་ཟིན་དུས་སླར་ཡང་ལྗང་བུའི་ནང་དུ་ཡལ་སོང་། ངས་དེ་ནས་བཟུང་ཁོ་རང་མཐོང་མྱོང་མེད། ད་ལྟའི་ལི་ལི་འདི་ནི་བླ་མ་ཡིན། ཁོས་ཚོང་ཁང་ནས་ཉོས་ཡོང་བའི་ལི་ལིའི་བཟའ་བྱ་དེ་དག་བཟའ་བ་ལས་ཤ་མི་ཟ་ལ་རུས་པའང་མི་འཆའ། ཁོ་རང་གང་ལའང་དགའ་པོ་མི་འདུག ཉིན་གང་ཁང་པའི་ནང་དུ་རོ་ཉལ་བྱས་ནས་བསྡད། མིག་གཡོན་པ་ཕྱེ་ཡོང་དུས་ལྟོགས་པ་ཡིན་ལ་གཡས་པ་ཕྱེ་ཡོང་ནས་སྐྱག་གཅིན་གཏོང་དགོས་པ་ཡིན། གལ་སྲིད་ཉིན་གང་ཟ་མ་མ་རག་ན་གཞི་ནས་འུ་ཐུབ་སྟེ“མཱ་མཱ”ཞེས་སྐད་བརྒྱབ་སྲིད། ང་རང་ལི་ལིའི་བཟའ་བྱ་ཉོ་བར་འགྲོ་བའི་ལམ་བར་དུ་ལི་ལི་སྔོན་མ་གཉིས་ལྷག་ཏུ་དྲན་བྱུང་། ཁོ་གཉིས་ནི་རྔ་མ་དགོང་ལ་འགྲེང་བཞིན་ངའི་དྲན་པའི་གྱང་རྒྱབ་ཏུ་འཕུར་སོང་།

ང་ཚུར་སླེབས་ནས་ལི་ཕྲུག་དེ་ལ་བཟའ་རྒྱུ་བླུགས་པ་ཡིན། ཁོས་རྒྱགས་ཚད་ཅིག་ཟོས་རྗེས་མ་ཎི་འདོན་བཞིན་ཉལ་སོང་།

འོད་ཟེར་གྱིས་ཅ་ག་དང་བུ་རམ་དག་ཕར་ཙམ་གཡུགས་ཅིང་ཆང་གྲང་མོ་འཐུང་བཞིན་འདུག ཁོས་སྔོན་མར“ཆང་གྲང་མོ་འཐུང་ན་གློ་བུར་བཟི་འགྲོ”ཞེས་བཤད་མྱོང་བ་བཞིན། ཁོ་ངོ་མ་བཟི་འདུག “ཨ། གྲོགས་པོ་འདི་ཤོག་དང”ཟེར་།  ང་ཁོ་སར་སོང་བར་ཡང“གྲོགས་པོ། དེ་རིང་ངས་སྙན་ངག་བོར་སོང”ཟེར་བཞིན་ངུ་ལ་ཁད་བྱས། “སྙན་ངག་དེ་ནི་ངས་བྲིས་མྱོང་བའི་སྙན་ངག་ནང་གི་ཆེས་ཡག་པ་དེ་ཡིན། གལ་སྲིད་གྲོགས་པོ་ཁྱོས་མཐོང་ན་ཧ་ལས་ངེས”ཅེས་བཤད། “ཅི་སྐྱོན་མ་རེད། རྗེས་དྲན་བྱས་ནས་ཡང་བསྐྱར་བྲིས་ན་དེ་རེད”ཅེས་སེམས་གསོ་བྱས། ཡིན་ཡང་ཁོའི་སེམས་སྔར་ལས་སྡུག་ཏུ་སོང་།“ཅི་ཟེར། ངས་ཁ་བྱང་ཡང་དྲན་རྒྱུ་མི་འདུག བར་གྱི་སྙན་ངག་དུམ་བུ་ཞིག་ལས། འོ། དུམ་བུ་དེ་ངས་བཀླག་གོ ཁྱོས་ཡག་པོ་ཉོན་ཡ།
          མེ་ལོང་ན་ཤར་བའི་རང་ཉིད་དང་།
          འདྲ་པར་ནང་གི་རང་ཉིད་གཉིས་འདྲ་པོ་མི་འདུག
           མངོན་སུམ་ཁྲོད་ཀྱི་ང་རང་ནི་ངས་མཐོང་མ་མྱོང“
                           ཞེས་དུམ་བུ་དེ་རྫོགས་པ་དང་ཆང་དམ་བེ་ཁ་ལ་སྤྲད་ནས་འཐུང་སོང་། ཁོ་རབ་ཏུ་བཟི་སོང་ནའང་ད་དུང་བོར་ཟིན་པའི་སྙན་ངག་དེ་བརྗེད་མི་འདུག“དེ་རིང་ཞོགས་པར་གཉིད་ལས་སད་མ་ཐག་ཁད་ཀྱིས་སྙན་ངག་དེ་ངའི་ཀླད་པའི་ནང་གློག་བརྙན་བཞིན་ཤར་བྱུང་། ངས་བརྙན་དེ་དག་ཡི་གེ་རུ་ཕབ་དུས་ཆུ་བཞུར་བཞུར་རེད། ངས་ཡི་གེ་དེ་དག་སྣ་ལུད་ཕྱེས་བྱེད་ཀྱི་ཤོག་བུ་དེ་འདྲ་ཞིག་གི་ཐོག་ཏུ་ཕབ་པ་ཡིན།  ཉིན་ཕྱེད་ལ་གད་སྙིགས་སུ་འཕངས་པ་འདྲ། མུན་རུབ་དུས་རིག་རྒྱུ་མི་འདུག”ཁོའི་སྐད་ཆ་དག་ལ་ཉན་བཞིན་ཉན་བཞིན་ངའི་བློ་ཕམ་ཇེ་ཆུང་ནས་ཇེ་ཆུང་དུ་སོང་། མཐར་སྙན་ངག་བོར་བ་ནི་ཅ་ལག་ཕལ་བ་ཞིག་བོར་བ་དང་གཅིག་པ་རེད་བསམས་སོང་།
              ང་རང་ཉལ་བར་སོང་། ཁང་རང་མལ་ཁྲིའི་ཐོག་ཏུ་ཁུ་སིམ་མེར་ཡོད་དུས་འོད་ཟེར་ཁོ་རང་ངའི་ཧྲ་ཧྥེ་ནག་ཆེན་དེའི་ཐོག་ཏུ་ཙོག་ནས་སྐད་ཆ་མང་པོ་ཞིག་འཆད་ཀྱིན་པ་གོ་བྱུང་། ཞིབ་པར་ཉན་ན་སྐད་ཆ་དེ་དག་གི་ནང་དུ“སྙན་ངག སྙན་ངག”ཅེས་མང་པོ་ཐོན་ཡོང་གི་འདུག  ངས་ཁོས་སྐད་ཆ་དེ་དག་ཆང་དམ་ལ་བཤད་པ་ཡིན་ནམ་སྙམ།

ཁང་འོག་གི་གད་སྙིགས་ནང་དུ“སུར་སུར”ཟེར་བའི་སྒྲས་ང་རང་གཉིད་ལས་བཀྲོགས་སོང་། དེ་དུས་ཧ་ལམ་ནམ་ཕྱེད་ལ་སོན་ཡོད་ངེས།  གཉིད་ལས་སད་རྗེས་མལ་ཐུལ་གྱིས་མགོ་བོ་བཏུམས་ནས་གཉིད་ཨེ་ཁུག་བལྟས་ཀྱང“སུར་སུར”ཟེར་བའི་སྒྲ་དེ་གང་ས་གང་ནས་གྲག་ཡོང་གི ངས་ཅི་ཡིན་ནམ་སྙམ་གྱིན་གོས་ཀྱང་ཆ་ཚང་མ་གྱོན་པར་ཉི་ཁྱམས་སུ་སོང་། ཟླ་འོད་གསལ་པོ་ཞིག་གིས་ཕྱི་རོལ་གྱི་ཚད་དཀར་གསལ་ལེར་བཏང་འདུག ངས་ཟླ་འོད་དང་ཟླ་འོད་འོག་གི་འཇིག་རྟེན་མཛེས་པོ་འདི་དག་མཐོང་མ་ཐག་གཉིད་དང་བྲལ་བའི་སྡུག་བསྔལ་ཡོད་ཚད་བརྗེད་སོང་། ངས་མིག་ཚུམ་ནས་ཟླ་འོད་ཀྱི་རིག་བྱ་མེ་ཏོག་གི་དྲི་མ་བཞིན་མྱོང་དུས། ངའི་བསམ་འདུན་བཞིན་དྲི་མ་ཞིམ་པོ་གང་ཡང་བྲོ་རྒྱུ་མེད་པར།  དྲི་མ་སྐྱུག་བྲོ་བ་ཞིག་ངའི་སྣ་ནང་འཛུལ་བྱུང་བས་ཟླ་འོད་འོག་གི་ངའི་སྣང་བ་སྐྱིད་པོ་དེ་ཁད་ཀྱིས་དཀྲོགས་སོང་། ངས་རུལ་དྲི་སྣ་ལ་གཟན་པ་དེའི་ཡོང་ཕྱོགས་སུ་བལྟ་དུས།  འོག་གི་གད་སྙིགས་སྤུངས་པའི་དེའུ་འབུར་ཆུང་ཆུང་དེའི་རྩེ་རུ་ཚི་ལེན་དཀར་པོ་གྱོན་པའི་མི་ཞིག་འགུལ་བཞིན་པ་རིག ཟླ་འོད་དྭངས་མོས་ཁོའི་ཕྱོགས་ཀྱི་དྲི་ངན་དག་ངའི་ཕྱོགས་སུ་འདྲེན་བཞིན་འདུག

སྤྱི་ཟླ་ལྔ་པའི་མཚན་མོ་དེར་རླུང་བུ་གང་ཡང་མེད་ནའང་གྲང་ངར་གྱིས་ངའི་ཤ་རུས་གང་སར་བཙན་འཛུལ་བྱས་པས། ང་ཡང་རང་དབང་མེད་པར་མལ་ཁྲིའི་ཕྱོགས་སུ་བྲོས་འགྲོ་བ་ཡིན།
        “སུར་སུར”     “སུར་སུང”         “སུར་སུར”
 
                    ༡ རྡོ་ལོ་གྲིལ་བ། སྨར་ཁམས་ཀྱི་ཡུལ་སྐད་དེ་台球བརྒྱབ་པའི་དོན།
                      ༢ སྒོག་གདུག  སྨར་ཁམས་ཀྱི་ཡུལ་སྐད་དེ་སྒོག་དྲིའི་དོན།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།