གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་བུ་ཆེའི་བརྩམས་སྒྲུང་གསར་བ། ཨ་བྲ་རྔོན་པ།

2017-07-19 20:24:22 ས་བུ་ཆེ། ཀློག་གྲངས། མཆན ཡོད།

༄༅།  །བུ་ཡུག་ལྷོད་རྗེས།  ཕ་བུ་གཉིས་ཁ་བས་ཡོངས་སུ་བཀབ་པའི་ཐང་ཆེན་དེའི་ངོགས་ནས་འགྲོ་བཞིན་ཡོད་པ་གཟོད་ནས་མཐོང་ཐུབ།   ཨ་ཕས་ཆོན་ནག་ཅན་གྱི་སློག་པ་ཞིག་གྱོན་ཞིང་ཁྲ་རིང་ཞིག་རྒྱབ་ལ་ཁུར་ནས་མདུན་དུ་འགྲོ་བཞིན་པ་དང་།  ཁོའི་གོམ་ཞེང་ཆེན་པོའི་རྐང་རྗེས་དེའི་ནང་ལ་ཨ་བུས་གོམ་པ་ནན་ཏན་གྱིས་བརྫིས་ཏེ་རྗེས་ནས་འབྲངས་བཞིན་ཡོད།  ཨ་བུས་ཀྱང་སློག་པ་ཞིག་གྱོན་ཡོད།  འོན་ཀྱང་ཁོ་ལ་མེ་མདའ་མེད།  སྣབས་སྐྱ་ར་ཞིག་ཁོའི་སྣ་སྒོ་ལས་བུད་ཙམ་བྱས་ཏེ་ཡང་ཡར་ལ་ལྡོག་འགྲོ་བ་དང་།  སླར་ཡང་ཡ་མཆུ་བར་ཏུ་དྲུད་ཚེ་ན།  སྣ་ཡི་རྔུབ་སྒྲ་ཞིག་དང་བཅས་ཏེ་ཕྱིར་ལྡོག་འགྲོ་བ་རེད།  འོན་ཀྱང་ཨ་བུའི་ཕུ་རིང་ནི་ཁོའི་ལག་པ་ལས་ཀྱང་རིང་བས།   སྣབས་རྟུག་ཕྱི་ཐབས་མེད་ལ།   ཁོས་ཀྱང་གྲང་ལྷགས་འདི་འདྲ་ཞིག་གི་ཁྲོད་ནས་ལག་པ་འགུལ་ག་ལ་མོས།

བྱང་ཐང་འདི་ཅི་འདྲའི་ཆེ་བ་ལ།    ཁ་བ་ཡང་མིག་ལ་ཤིན་ཏུ་འཚེ།   ལྟས་ཚོད་ལ། ཨ་ཕའི་མིག་གཉིས་བཙུམ་འདུག་ཟེར་ཆོག  ཁོའི་ཕྱེས་མ་ཕྱེས་ཀྱི་མིག་ལྤགས་བར་ནས་ལམ་ཐིག་འཛིན་དགོས་མོད།  ཟུར་ཟ་ཆེན་པོ་ཞིག་ལ།  ཁོང་གཉིས་ཀྱི་བགྲོད་ལམ་ལ་འོད་སྣང་གིས་ཁེངས་མོད་མཐོང་ལམ་ལ་ཅི་ཡང་མེད།   ཁོང་གཉིས་ཀྱི་གོམ་ཁ་ནི་དཀར་གཙང་གི་གསར་གཏོད་རེ་རེ་ཡིན་མོད།    གསར་གཏོད་འདིས་ཁོ་གཉིས་གང་ལ་ཁྲིད་འགྲོ་མིན་སུས་ཀྱང་མི་ཤེས།  

་་  རྗེས་ཨེ་ཆོད་ཀི ་་   ཨ་ཕས་འགྲོ་མཚམས་བཞག་སྟེ་མདུན་གྱི་རི་བོ་མཐོ་ཤོས་དེ་ལ་ལྟ་བཞིན་དེ་ལྟར་དྲིས།   ཁོས་མདུན་གྱི་རི་བོ་དེ་མིག་རྟགས་ལ་བླངས་ནས་ལམ་ཕྱོགས་བསྐྱར་ནན་བྱས་པ་རེད། གོམས་པ་གསུམ་གྱི་འཕྲོས་ནས་ཨ་བུ་ཨ་ཕའི་གམ་ལ་སླེབས་པ་དང་།

་་ ཆོད་ཀི ་་  ཁོས་ཨ་ཕ་ལ་ལན་བཏབ། 

་་ ཡོས་རེད།    ཡོས་གནམ་གྱི་ཀ་བ་རེད། ་་  ཨ་ཕོས་མཛུབ་མོ་རི་བོ་ལ་བཙུགས་ནས་ངོ་སྤྲད་བྱས།   ཨ་བུའི་མིག་ཀྱང་སེན་ཁ་ཙམ་ལས་ཕྱེ་ཐུབ་ཀྱིན་མི་འདུག་མོད།  ཁོས་ཨ་ཕའི་སྟོན་ཕྱོགས་ལ་གཟབ་གཟབ་བྱས་ནས་ལྟ་སྐབས།  རི་བོ་ཆེས་ཆེ་བོ་ཆེ་བོ་དེ་ངོ་མ་གནམ་གྱི་ཀ་བ་ལྟར་འགྱིང་འདུག    རི་བོ་དེའི་ཉིན་སྲིབ་ལ་ད་དུང་དམར་རྗེན་དུ་ལུས་པའི་བྲག་རྡོ་གངས་ཀྱིས་མ་གཡོགས་པ་མཐོང་རྒྱུ་འདུག་པས།   གནམ་སྔོན་མོ་དང་ས་གཞི་དཀར་པོའི་བར་ལ་རི་བོ་འདི་ལས་གསོན་ཉམས་ལྡན་པ་ཞིག་མི་འདུག   ཨ་བུའི་སེམས་ལ།   གལ་ཏེ་གནམ་གྱི་ཀ་བ་འདིའི་རྩེ་མོར་འགོས་པ་ཡིན་ན།  ཅི་ཞིག་མཐོང་གི་ཡིན་ནམ་དྲན།

ཨ་ཕས་མགོ་བོ་ཕྱིར་འཁོར་གྱི་ལྟ་ལན་ཞིག་ནས་བུའི་སྣ་སྒོར་གྲང་ངར་གྱིས་དཀག་པའི་སྣབས་མཐོང་སོང་།  ཁོས་དེ་མ་ཐག་ལག་མགོ་ཡར་བཀྱགས་ནས་ཕུ་ཐུང་ལྷོད་ལྷོད་ཅིག་བྱས་རྗེས་མཐེ་བོང་དང་གོང་མཛུག་གཉིས་ཀྱི་བར་ནས་སྣབས་གོག་ཤེད་ཀྱིས་ཕྱིས་ཏེ་སྣབས་རོ་རང་གི་སྒ་ལེན་སྟེང་ལ་བགོས།  

་་ ཨ་ཕ།  འུག་གཉིས་ཀ་རིའི་རྩེ་ལ་འཛེག་དགོས་ནི་ཨེ་རེད། ་་

་་ དེ་རིང་འགོ་ནི་མ་རེད།  ཉིན་གཅིག་ཞིག་ལ་འུ་གཉིས་འགོ་ཨ། ་་

་་ འོ ་་  

་་ ད་འགྲོ ་་

ཁོང་གཉིས་ཡང་སྔ་གཞུག་བྱས་ནས་ལམ་ལ་ཞུགས་པ་དང་།   ཉི་འོད་ཀྱི་དྲོད་སྣང་སྔོན་ལས་ཆེ་ཙམ་འགྱུར་འདུག   ཨ་བུས་གོམ་པ་རེ་ནོན་རྗེས་མགོ་བོ་ཡར་བཀྱགས་ཙམ་རེ་བྱས་ནས་གནམ་གྱི་ཀ་བ་ལ་ལྟས།   གནམ་གྱི་ཀ་བ་ནི་ཤིན་ཏེ་ཉེ་ས་ཞིག་ན་འདུག་སྟེ་ཨ་བུས་རི་ཤོད་ཀྱི་ཁ་བའི་བརྩེགས་རིམ་དང་རི་སྐེད་ཀྱི་བྲག་གི་ཐེམ་རྐས་མཐོང་ཐུབ་པ་མ་ཟད།   སྨུག་པ་ལང་ལིང་གིས་བཏུམས་པའི་རི་རྩེའི་རྣམ་པ་ཡང་འཆར་ཡན་བྱེད་ཆོག་གི་འདུག    འོན་ཀྱང་ཁོ་ནམ་ཞིག་ལ་རི་རྩེར་དངོས་སུ་འགོ་ཐུབ་བམ།   ཁོས་ལྷམ་ཡུའི་ནང་ཏུ་ལྷུང་བའི་ཁ་བའི་གྲང་ངར་དེ་བརྗེད་ནས་འཆར་ཡན་བྱས།    དེའི་ལ་ཁ་ནས་བུད་དེ་རྒྱང་ལྟ་བྱས་ན་ངེད་ཚང་གི་རུ་གཞིས་མཐོང་གི་ཡིན་ནམ།   ཕལ་ཆེར་མཐོང་གི་རེད།    ཨ་མེས་ཀྱིས་བཤད་སྲོལ་ལ་ཀ་རིའི་སྒང་ནས་ཡར་ལ་ལྟ་སྐབས།  པོ་ཏ་ལའི་གསེར་འོད་ཀྱང་ལམ་ལམ་ཏུ་མཐོང་གི་རེད་ཟེར།   མར་ལ་བལྟས་ན་ཨ་མྱེས་རྨ་ཆེན་གྱི་དངུལ་འོད་འཁྱུག་འཁྱུག་དེའང་མཐོང་གི་རེད་ཟེར་ན།   ངེད་ཚང་གི་སྦྲ་དང་དུ་བ་མཐོང་ཐུབ་རྒྱུ་ལོས་ཡིན།    འོན་ཀྱང་ངས་རྒྱང་ཤེལ་ཞིག་ཁུར་དགོས།   ན་ནིང་ཨ་ཁུ་བན་ཁོས་སྐེ་ལ་ཡོད་པའི་རྒྱང་ཤེལ་དེ་འདྲ་ཞིག་ཡོད་དགོས།    ཁོས་དེ་ལྟར་འདྲ་མིན་དྲན་བཞིན་ཨ་ཕའི་རྗེས་སུ་སྙེག

ཇ་ཡུན་ལྔ་དྲུག་ཞིག་གི་རྗེས་སུ།   ཁོང་གཉིས་ཀྱི་རྐང་འོག་གི་ཁ་བ་ཇེ་སྲབ་ནས་ཇེ་སྲབ་ལ་གྱུར་ཏེ་ད་ལྟ་ཕྱི་རྟིང་དམན་ཙམ་ལས་མི་འདུག   དེ་ནས་ཡང་ཇ་ཡུན་གཅིག་ཙམ་སོང་དུས།    ཁོ་གཉིས་སྒང་ཁ་ཞིག་ལ་སླེབས་པ་དང་།   སྒང་ཁ་ནས་ཐུར་ལ་ལྟ་དུས།    ཆུ་བོ་ཆེན་པོ་ཞིག་གི་གཞུང་མཐོང་གིན་འདུག   ཆུ་བོ་དེ་ནི་དབྱར་ཆུ་ལྟར་འུར་གྱིས་སྤྲོས་མེད་ལ་ཤིན་ཏུ་འཁྱག་པའི་སྔོ་མདོག་ཞིག་འཇམ་ཐིང་ངེར་བཞུད་ཀྱིན་འདུག་ཅིང་དར་ལེབ་རེ་རེ་ཡང་གཅིག་རྗེས་གཅིག་གིས་དེད་ནས་ཐག་རིང་ལ་འགྲོ་བཞིན་འདུག  དར་ལེབ་ལ་གསོན་ཤུགས་ཅི་ཡང་མེད།  ཁོ་ཚོ་ནི་ཆུ་ཁར་ཕྱིང་བའི་རོ་ལྟར།   ལས་གར་སོང་གིས་ཁྲིད་ནས་འགྲོ་ལ་མཐར་རྒྱང་རིང་གི་ཡུལ་གྲུ་ཞིག་ནས་ཡལ་མེད་ཏུ་འགྱུར་རྒྱུ་རེད།   དར་ལེབ་དང་མི་འདྲ་བར།   ཆུ་གཞུང་གི་འགྲམ་གཉིས་ལ་གསོན་ཤུགས་དབུགས་མགོ་ཙམ་ཐོན་འདུག་སྟེ།    ཁུག་དང་ཁུག་བྱས་པའི་ས་ནག་གི་དབུས་ན་ཨ་བྲ་མང་པོ་འདུས་ནས་རུ་བཟུང་འདུག     ས་ཁུག་འདི་ནས་ས་ཁུག་གཞན་ལ་རུ་བཤེར་བྱེད་མཁན་གྱི་ཨ་བྲའང་འདུག

་་  ད་མི་འཁྱག་གི་ཡིན་ན། ་་   ཨ་ཕས་ཨ་བུ་ལ་དེ་ལྟར་བཤད།  ཁོས་མིག་གིས་སྔར་བཞིན་རྒྱང་རིང་ལ་ལྟས་འདུག་སྟེ།   ཕྲག་མགོའི་མེ་མདའ་སྲ་སྲ་ཞིག་བྱས་ཏེ་ལག་པ་གཡོན་པ་རྒྱབ་ཏུ་བཟེད།   རྐང་འོག་གི་ས་ལ་ནེམ་གཤིས་ཤིག་ལྡན།   ཨ་བུ་ཁ་བས་མ་གནོན་པའི་ཕ་བོང་ཞིག་གི་སྟེང་ལ་བུད་ནས་རྐང་མགོའི་ཁ་བ་དག་བརྡབ།  

་་ ཤོག་ག ་་ 

ཨ་བུས་ཡར་གོམ་མགྱོགས་གཉིས་སྤོས་ནས་ཨ་ཕའི་ལག་མགོར་འཇུས་པ་ན་ཨ་ཕས་གོམ་ཁ་བླངས།   སྒང་སྲིབ་ནས་ཐུར་ཏུ་འབབ་སྐབས་ཁ་བ་སླར་ཡང་མཐུག་པོར་ཆགས་ཡོད།   ཁོང་གཉིས་མཉམ་བཤིབས་བྱས་ཏེ་མར་བབ་པ་ན།    ཨ་ཕའི་ལུས་པོ་ལྗིད་པས་འགྱེལ་ལ་ཁད་ཐེངས་མང་བྱས།  དེ་སྐབས་ཨ་བུ་ནི་ཨ་ཕའི་ལག་རྟེན་ལྟ་བུར་འགྱུར་ནས་སྲ་སྲ་བྱེད་ཀྱིན་འདུག    དེ་ལྟར་གཅིག་གིས་གཅིག་ལ་རྟེན་ནས་ཕ་བུ་གཉིས་མགོ་ཐོན་ངང་གཞུང་ལ་བབ།

གཞུང་འདི་ནི་རུ་བའི་མཚེར་ས་ལས་དྲོད་ཙམ་འདུག   རུ་བའི་མཚེར་ས་ཆགས་ཡུལ་ལ་ཨ་ཕྱི་ཐང་ཟེར། ཨ་ཕྱི་ཐང་ནི་ཨ་ཕྱི་རྒན་པ་ཞིག་དང་འདྲ་བར་རྗེས་སུ་མ་ཆོད་པར་དཀར་ལེབ་སེ་ལུས་འདུག་ཡོད་པས་རེད།   ཨ་ཕྱི་ཐང་ནི་སྟོན་ས་རེད།    སྔ་སྲོལ་ཡིན་ན་ནམ་ཟླ་འདིའི་ཚོད་ལ་རུ་བ་དག་དགུན་སར་བབ་ཚར་ཡོད་རེད་མོད།  དེང་སང་འབྲོག་མཚེར་བརྗེ་སྤོ་ལ་གསར་བརྗེས་བྱས་ཡོད་པས་སྔ་སྲོལ་ལྟར་འདུག་གར་བསམ་འགྲོ་གར་ཡངས་མིན།   ཟླ་བ་གཉིས་ཀྱི་སྔོན་ནས་ཁ་བ་ཉིན་མཚན་མེད་པར་བབ་པས།  རུ་རོགས་ཐམས་ཅད་ཀྱི་ཟོག་ལུག་ཤི་བ་མ་ཟད།   འབུད་ལྕི་ཡང་ཆད་པ་རེད།   དུད་ཚང་བཅུ་གསུམ་པོས་ཐོག་མར་ཟོག་ལུག་གི་ཤི་ཤ་ཟོས་ནས་རུས་པ་མེ་ལ་བུས།  འོན་ཀྱང་ཁ་བ་འབབ་མཚམས་ད་དུང་མ་བཞག   དེ་ནས་ཟླ་གཅིག་གི་སྔོན་ཙམ་ནས་རུས་པ་དང་ཤ་ཡང་ཟད།   ཟ་ཆོག་པ་ཐམས་ཅད་ཟོས་ཚར་རྗེས་ད་ལྟ་ཆུ་འཁྱག་འཐུང་ནས་ཉི་མ་གསུམ་བཞི་འདས་ཟིན།  འོན་ཀྱང་ཁ་བ་ད་དུང་འབབ་མཚམས་མ་བཞག་ལ།   བུ་ཡུག་གི་འཕྲོད་ནས་སྦྲ་ཕབ་ནས་རུ་སྤོ་དགོས་ན་ཤིན་ཏུ་དཀའ།  ཁལ་འགེལ་ས་ཡང་མེད།  སྦྲ་མེད་ན་དགུན་དུས་ཅི་ལྟར་ཐུབ།  ཡིན་ནའང་བཟའ་སྤུས་དག་པའི་དུད་ཚང་ཁ་ཤས་ནི་རང་མགོ་གང་ཐོན་བྱས་ནས་མགོ་སྦྲ་སྐྱུར་ནས་བུད་སོང་།  ཁ་སང་རུ་རོགས་ཚང་གི་བཟའ་དཔོན་མགར་བ་དེའང་ཚེ་ལས་འདས།   ཤུལ་ཏུ་ཡུགས་མོ་མ་སྨད་གཉིས་ལྷག་ཡོད་པ་རེད།   ད་ལྟ་ཨ་ཕས་རུ་སྤོ་བསམ་ཡང་རུ་རོགས་སྐྱུར་རྒྱུ་ཡོད་མ་རེད།   འོན་ཀྱང་རེ་བ་ཅུང་ཙམ་ཡོད་པ་ནི།  གདང་ནུབ་ནས་བཟུང་ཁ་བ་འབབ་མཚམས་བཞག་སོང་།  དེ་བས་དེ་རིང་།  ཕ་བུ་གཉིས་སྔ་མོ་ལངས་ཏེ་ཀ་ཆུའི་ལུང་པར་ཨ་བྲ་རྔོན་སར་ཡོང་བ་རེད།   ཨ་ཕས་ཉི་མ་གཅིག་གཉིས་ལ་གནམ་འདི་ལྟར་དྭངས་ན་ཁོ་ཚོའི་རུའང་ཆུ་གཞུང་ལ་སྤོ་ཐུབ་ཀི་བསམ་ཡོད། 

ས་ནག་ཁུག་གི་ཨ་བྲ་ཚོས་མ་བོས་པའི་མགྲོན་པོ་འདི་གཉིས་ཚོར་ཡོད་ཚོད་རེད་མོད་ཁོ་ཚོས་མགྲོན་པོ་དེ་བཀྲ་མི་ཤིས་པ་ཞིག་ཡིན་མིན་ཅི་ལ་ཤེས།  འགའ་རེས་ཅི་ཞིག་འཆའ་བཞིན་ཙི་པི་ཙི་པི་ཞེས་ནས་ལྐོག་གཏམ་བྱེད་བཞིན་འདུག་ལ།  འགའ་རེས་དཀྲོགས་དཀྲོགས་བྱས་ནས་རྒྱང་ལྟ་བྱེད་བཞིན་འདུག   སྙིང་ཆུང་བའི་ཨ་བྲ་འགའ་ཤས་ཀྱིས་ནི་ལུས་ཕྱེད་ཁུང་བུའི་ནང་འཛུལ་ཚར་འདུག་ལ།  རྣ་མིག་སངས་སངས་བྱས་ནས་ཛ་དྲག་གི་དུས་འགྱུར་ཞིག་ལ་སྒུག་ནས་བསྡད་ཡོད་པ་འདྲ།  

་་ ད་འདི་ནས་ཡིན་ཨ། ་་  ཨ་ཕ་འགྲོ་མཚམས་བཞག་ནས་མིག་ལ་ལག་པས་བྱིལ་བྱིལ་ཞིག་བྱས།  ཨ་བུ་དེའང་གམ་ཏུ་ལངས་ནས་ཨ་བྲ་དག་ལ་ཧ་ལས།  ཧ་ལས་ཟེར་ན།  དེ་སྔོན་ཨ་བུས་ཨ་བྲ་མཐོང་མྱོང་མེད་པས་མ་རེད།  འོན་ཀྱང་གངས་ཐང་གི་དཀྱིལ་དུ་ཚོགས་པའི་ཨ་བྲ་འདི་དག་ནི་སྔོན་ཆད་ཀྱི་ཨ་བྲ་དང་མི་འདྲ་བ་ཞིག་རེད།    ཨ་བྲ་འདི་དག་ནི་བསྐལ་བ་འགྱུར་རྗེས་ཀྱི་ཁོ་ཚོའི་ཤོག་ཁ་དེ་ལ་འདྲ་འདུག་བསམ།   ལྟོས་དང་།   ཨ་བྲ་དག་ཀྱང་བཀྲེས་ལྟོགས་ཀྱིས་འཇིགས་ནས་རྩྭ་ལྡུམ་དང་ས་ནག་ལག་མཐིལ་ཙམ་ལ་བསྟེན་ནས་མ་ཤི་ཙམ་ཡོད།   ཨ་བྲ་དང་ཨ་བྲ་དག་གིས་ལྐོག་བཤད་བྱེད་པ་ནི།  མཚན་མོའི་མར་མེའི་འོག་ནས་ཨ་མེས་དང་ཁོའི་གྲོགས་པོ་དག་གིས་མ་ཎི་ལྐོག་འདོན་བྱེད་པ་ལ་ཅིས་མི་འདྲ།  ད་དུང་།   མགོ་བོ་ས་དོང་གི་ཁ་ནས་ཡར་མར་འཁྱུག་མཁན་དེ་ལ་ལྟོས་དང་།    དེ་ནི་དམར་སྲུང་བའི་གོམ་སྒྲ་ལ་སྐྲག་ནས་སྙིང་ཁ་གནམ་ལ་གཏགས་པའི་འབྲོག་བདག་ཞིག་མ་ཡིན་ནམ།  ཨ་བུས་དེ་ལྟར་དྲན་པ་ན།   ཁོས་སེམས་ལ་ཨ་བྲ་གསོད་མི་ཐེབ་པའི་སྙིང་རྗེ་ཞིག་ངང་གིས་སྐྱེས་བྱུང་།

་་ ཨ་ཕ། ་་

ཨ་ཕ་ད་ལྟ་ས་ཐོག་ལ་ཉལ་ནས་བོས་མཆུ་ཨ་བྲའི་ཕྱོགས་ལ་ཚད་ནས་འདུག   

་་ཨ་ཕ། ་་

་་  ཤུ།    མར་སྡོད། ་་

ཨ་བུས་ཨ་ཕའི་བཀའ་ལྟར་གམ་ཏུ་རྐང་འཇམ་ལག་འཇམ་བྱས་ནས་ཉལ།   ཁོས་སླར་ཡང་།

་་ ཨ་ཕ།   ཨ་བྲ་མ་གསད་ན་ཆོག་གི་མ་རེད་དམ། ་་ ཁོས་མིག་གིས་ཨ་བྲ་ཆུང་ཆུང་ཞིག་ཡོད་པ་དེར་ལྟ་བཞིན་དྲིས།

ཨ་ཕས་ཀམ་པའི་སྟེང་ལ་གནན་པའི་མཛུབ་མོ་ཕྱིར་བླངས་ནས་ཨ་བུ་ལ་བལྟས་པ་དང་།   ཡུན་རིང་ཙམ་ལ་སྐད་ཆ་བཤད་རྒྱུ་མ་བྱུང་།  ཁོས་ཨ་བུའི་མིག་མཐའ་ལ་འོད་དུ་འཚེར་བའི་མཆི་མ་ཞིག་འཁོར་ནས་ཡོད་པ་གསལ་བོ་མཐོང་ལ།  ཁོས་ཨ་བུའི་སེམས་ནང་ལ་ཅི་ཞིག་དྲན་གྱིན་ཡོད་པའང་གསལ་བོ་ཤེས།   ཁོའི་ཤ་ཁྲག་ལས་ཆད་པའི་ཚེ་སྲོག་ཞིག་ཡིན་པས་ཁོས་ཨ་བུ་འདི་ལ་རང་ལྟར་གསལ། 

་་ ཨ་ཕའི་གཅེས་ལོ།  དེ་རིང་འུག་གཉིས་ཀྱིས་སྙིང་རྗེ་ཤོར་ས་ཡོད་མ་རེད་ཨ། ་་  ཁོས་དེ་ལྟར་ལྗིད་པོ་ཞིག་བཤད་ནས་སླར་ཡང་བོས་ཁ་གཟབ་གཟབ་བྱས།

ཨ་བྲ་འདི་དག་ང་ཚོའི་རུ་བ་ལ་ཅིས་མི་འདྲ།  ཨ་བུས་སླར་ཡང་དེ་ལྟར་དྲན།    འོན་ཀྱང་ཨ་ཕའི་བཤད་པ་བདེན་ཀི་རེད།  དེ་རིང་སྙིང་རྗེ་ཤོར་ས་ཡོད་མ་རེད།    ཨ་མ་དང་ཨ་མེས།   ནུ་མོ་ཆེ་ཆུང་གཉིས་བཅས་བཟའ་མི་གང་པོས་ཆུ་འཁྱག་ཟས་སུ་བྱས་ནས་ཉིན་གསུམ་རེད།  རུ་རོགས་ཀྱི་མགར་བ་མུ་གེས་ཤི་མ་ཐག་རེད།  ཤུལ་ལ་ཨ་ནེ་དེ་དང་ཞི་མོ་ནུ་མ་མ་ཆད་པ་ཞིག་བཞག་ཡོད།  དུས་ཚོད་འདིའི་ནང་ལ།    ཁྱིམ་མི་དང་རི་རོགས་ཀྱི་སྲོག་མགོ་ལས་རྩ་ཆེ་བ་ཞིག་གང་ན་ཡོད།    ང་ནི་སྐྱེས་པ་ཕོ་ཞིག་ཡིན།  གལ་ཏེ་ཁྱིམ་མི་དག་མུག་ཤི་ཤོར་མ་ཐེབས་པ་ཡིན་ན།  ཚེ་རྗེས་མ་དམྱལ་བར་འགྲོ་དགོས་རུང་ཕྱིར་བསྐྱེད་བྱེད་ས་ཅི་ཡོད།   ཨ་བུས་དེ་ལྟར་སེམས་སྐབས།     ཨ་ཕས་ཀམ་པ་དང་པོ་གནན་པ་རེད།

་་ པགའུའུའུའུའུའུའུའུའུའུའུའུའུའུའུའུ ་་    ལྷིང་འཇག་གི་གནམ་སའི་བར་ནས་བོས་སྐད་དེ་རྒྱང་རིང་རྒྱང་རིང་ཞིག་ཏུ་མཆེད་པ་དང་།    ཆེས་ཉེ་ས་ན་ཡོད་པའི་ཨ་བྲ་དེ་རྡུལ་འཚུབ་ཞིག་གི་ཁྲོད་དུ་འགྱེལ།  གཞན་དག་འདྲོགས་སྟེ་འཁྱུག་རྒྱུགས་ཤིག་བྱས་མོད།  བོས་སྐད་ཡལ་ནས་ལྷིང་འཇགས་བསླར་ཡང་ཤར་ཚེ།  ཨ་བྲ་དག་དེ་གར་བསྡད་ནས་དོན་དག་ཅི་ཞིག་བྱུང་ཡོད་པར་བརྟག་དཔྱད་བྱེད་བཞིན་འདུག  ཁོ་ཚོ་གཉིས་གཉིས་གསུམ་གསུམ་ཚོ་ཚོ་བྱས་ནས་གྲོས་མོལ་བྱས་པ་ཡིན་མོད།  སུས་ཀྱང་མགོ་བོ་སྒུར་ནས་ཉེ་སར་ལྟ་མ་ཤེས་པས། མདུན་ནས་ཨ་བྲ་ཞིག་རོ་ལ་འགྱུར་ཡོད་པ་སུས་ཀྱང་མ་མཐོང་།  ཁོ་ཚོའི་ནང་གི་འགོ་བ་ལྟ་བུ་དག་གིས་ད་དུང་མགོ་བོ་དཀྲོགས་དཀྲོགས་བྱས་ནས་རྒྱང་ལྟ་བྱེད་བཞིན་འདུག

ཨ་བུའི་སེམས་ལ།    ཨོཾ་མ་ཎི་པད་མེ་ཧཱུཾ༔   ཨ་བྲ་འདི་ཚེ་རྗེས་མ་གཞན་ལག་ཏུ་འགྲོ་མི་དགོས་པར་ཤོག     དེ་རིང་ངས་ཁྱོད་ཀྱི་ཤ་འཁྱེར་ནས་ཁྱིམ་མི་རུ་རོགས་སྐྱོབ་རྒྱུ་ཡིན།   ཁྱོད་ཀྱི་སྲོག་གཅིག་གིས་ངེད་ཀྱི་སྲོག་བརྒྱད་དགུ་ཞིག་ཉོ་རྒྱུ་ཡིན།   འོན་ཀྱང་ངས་ཚེ་འདི་ཕྱི་གང་ནས་ཡིན་ཡང་ཁྱོད་ལ་སྲོག་ལན་མཇལ་ངེས།    ཉི་མ་གཉིས་གསུམ་ཞིག་ནས་ང་ཚོའི་ལུས་སྟོབས་ཁྱོད་ཀྱིས་གསོས་ཏེ་རུ་སྤར་ཐུབ་རྒྱུ་རེད།   དེ་དུས་ངས་ཁྱོད་ལ་མ་ཎི་མང་པོ་བསོགས་ཡོང་བསམ། 

་་ པགའུའུའུའུའུའུའུའུའུའུའུའུའུའུའུའུ ་་   ཨ་ཕས་བོས་ཁ་གཏད་སའི་ཨ་བྲ་གཞན་དེ་སླར་ཡང་ས་ལ་འགྱེལ།     དེ་ནི་ཨ་བྲ་གསུམ་དང་མཉམ་ཏུ་ལངས་ཡོད་པའི་ཨ་བྲའི་འགོ་བ་ཞིག་རེད།     ཨ་བྲ་གཞན་དག་གིས་ད་རེབ་མིག་སྔོན་ནས་རང་གི་འགོ་བ་ས་ལ་འགྱེལ་བ་མཐོང་པས།  གནམ་རྡིབ་ས་འགུལ་གྱི་གོད་ཆགས་ཤིག་ཁོ་ཚོའི་སྟེང་ལ་ལྷུང་ཡོད་པ་ཧར་གྱིས་ཚོར་ཏེ་འུར་བཞིན་ཕར་བྲོས་ཚུར་བྲོས་བྱས།  དངངས་ཚུབ་ཀྱི་འོག་ནས་འགའ་རེ་ཁུང་བུར་འཛུལ་ནོར་བྱས་སོང་བས།  སླར་ཡང་དོང་ཁ་ལས་བུད་དེ་དོང་གཞན་ཞིག་ཏུ་འཛུལ་བཞིན་འདུག    འགའ་རེས་ད་དུང་དོང་སྒོ་གང་ཡང་མ་རྙེད་པར་འཇིགས་སྐྲག་གིས་དེད་ནས་ཕར་འདུར་ཚུར་འདུར་བྱེད་བཞིན་འདུག    ད་དུང་གཅིག་ནི་སྐྲག་སྟེ་ལག་ཏུ་ལྡུམ་བུ་ཞིག་བཟུང་ནས་ས་དེ་ན་འགུལ་རྒྱུ་མེད་པར་ཧང་འདུག

ཨ་བུའི་སེམས་ལ།   ཤི་ཟེར་བ་དེ་ཅི་འདྲ་ཡིན་ནམ།    ཚང་མ་ཤི་རྒྱུར་བསྐྲག་མོད་ཤི་རྒྱུ་ལ་གཟུར་ཐབས་ནི་མི་འདུག ཁོའི་མིག་ལམ་ལ་མགར་བའི་རོའི་རྣམ་པ་ཤར།   མགར་བ་ཤི་དུས་ཁ་གདང་ནས་འདུག    བཤད་སྲོལ་ལ་ཤི་ཁར་འཁྲུལ་སྣང་མང་པོ་སྐྱེ་རེད་ཟེར།    ཁོ་ལ་འཁྲུལ་བ་སྐྱེས་ནས་ཟ་མ་ཟ་དགོས་དྲན་པ་ཡིན་ནམ།   ཡང་ན་རང་ཉིད་ཤི་རྒྱུ་ཡིན་པ་ཤེས་ནས་རྒན་མོ་མ་སྨད་ལ་སྐད་ཆ་མཐའ་མ་ཞིག་བཤད་དགོས་བསམ་པ་ཡིན་ནམ།    ཨ་བྲ་ཤི་དུས་གང་འདྲ་ཡིན་ནམ།     ཁོ་ཚོས་ཀྱང་བྱི་མ་བྱི་བུ་དག་ལ་སྐད་ཆ་བཤད་ཁོམ་མ་བྱུང་བས་ཁ་གདང་ནས་འགྱེལ་སོང་ཡིན་ནམ།     འོན་ཀྱང་ཤི་མི་དགོས་པ་ཞིག་གང་ན་ཡོད།   

ཨ་ཕས་མདེལ་ཞིག་བོས་ཁོག་ཏུ་དེད་ཚེ་ན།   ཨ་བུས་སླར་ཡང་།  གང་ལྟར་ཤི་དགོས་ན་གོ་ཆོད་ཅིག་ཤི་ན་བཟང་།    མགར་བས་ནི་ཟ་མ་རང་གིས་མ་ཟོས་པར་རྒན་མོ་བུ་མོ་ལ་སྦྱིན་ནས་ལྟོགས་ཤི་སོང་བ་རེད།  ཨ་བྲ་འདི་དག་ནི་མི་མགོ་བདུན་བརྒྱད་ཀྱི་སྲོག་མགོ་ཐོན་ཆེད་ཤི་བ་རེད།    ཤི་ལུགས་ཤི་སྟངས་ཤིག་ཡོད་ན་འདི་འདྲ་ཡིན་ས་རེད་བསམ།

་་ པགའུའུའུའུའུའུའུའུའུའུའུའུའུའུའུའུ  ་་   ཨ་བུའི་མིག་གིས་ཤེས་པ་ལྟར།   འགུལ་རྒྱུ་བརྗེད་པའི་ཨ་བྲ་དེ་བོས་སྐད་གསུམ་པས་ཕྱི་མ་ལ་བསྐྱལ་ནས་སོང་།   མེ་རྫས་ཀྱི་དུ་བ་སྲབ་མོ་ཞིག་ཕ་བུ་གཉིས་ཀྱི་མིག་མདུན་ནས་ག་ལེར་འཁྲིགས་བྱུང་ལ།   དུ་བ་དེ་ཁོང་གཉིས་ཀྱི་སྣ་ལ་ཕོག་སྐབས།   ཨ་བུས་བདེ་ལྷོད་ཀྱི་དྲི་མ་ཞིག་དང་དྲོད་རླངས་ཤིག་ཚོར་ཐུབ་བྱུང་།    དུ་བ་དང་ཨ་ཕའི་ཁ་རླངས་གཉིས་འདྲིས་པ་ན།   ཨ་བུའི་མིག་ལ་བརྗོད་མི་ཤེས་པའི་སྒྱུ་མ་ཞིག་འཆར་ནས་བྱུང་ལ།   དུད་རླངས་དེ་རིམ་བཞིན་བོས་ལྕགས་ཁམ་ཁམ་དང་གཅིག་ཏུ་འདྲིས་ཏེ་འཁྲུལ་དངོས་ཁ་ཁར་མེད་པ་གྱུར།  ཨ་བུའི་དྲན་པ་དང་ཚོར་བ་ནི་གངས་ཐང་ལྟར་སྟོང་ལྷང་ངེར་སོང་ལ།  ཇེ་བྲེལ་ནས་ཇེ་བྲེལ་ཡིན་པའི་འགྲམ་གྱི་བོས་སྐད་དག་ཀྱང་རྒྱང་རིང་རྒྱང་རིང་ཞིག་ཏུ་གྲགས་པ་འདྲ། 

་་ ད་དེ་བྱེད།  མདེལ་ཟད་སོང་། ་་  མཐའ་མཇུག་གི་མདེལ་ཤུབས་ས་ལ་ལྷུང་རྗེས་ཨ་ཕས་དེ་ལྟར་བཤད།  ཨ་ཕ་ལ་མདེལ་བཅུ་ཁ་ཞིག་མ་གཏོགས་མེད།  འོན་ཀྱང་དགའ་འོས་པ་ཞིག་ལ་འཕྲོ་བརླགས་བྱེད་དགོས་མ་ཐུག་པར་ཚང་མ་ཨབ་རོ་ལ་བརྗེ་ཐུབ་ཡོད་པ་རེད། 

ཨ་ཕའི་སྐད་ཆ་ཡིས་ཨ་བུ་འཕྲུལ་སྣང་ལས་ཕྱིར་གངས་ཐང་ལ་བཀུགས་པ་དང་།   ཨ་བུའི་སེམས་ཁམས་ཀྱང་གཞི་ནས་འགྱུར་བ་ཕྱིན་ཚར་འདུག

་་ ཨ་ཕ།   ཨ་བྲ་འཛིན་དགོས་ན་བོས་དགོས་མ་རེད།   ངས་འཛིན་ཤེས། ་་   ཁོས་དེ་ལྟར་བཤད་དོན་ནི།   ཁོས་སྔོན་ཆད་དབྱར་རྩི་མེའི་ཁྲོད་ཀྱི་རྩེད་མོ་དེ་དག་དྲན་པས་མ་རེད་དེ།  ཁོས་ནི་དམ་བཅའ་ཞིག་གསར་ཏུ་བཞག་ཡོད་པས་རེད།  ཁྱིམ་མི་དང་རུ་རོགས་ཚོ་མུ་གེ་ལས་སྐྱོབ་ཆེད་ཁོས་ཀྱང་ཨ་ཕ་ལྟར་སྡིག་པ་སྒྲུབ་ཐུབ་པའི་སེམས་མནའ་བཅས་ཡོད་པ་རེད།  

་་ དེ་རིང་ཨ་བྲ་འཛིན་ཁོམ་ཡོད་མ་རེད། ་་   ཇེ་ཉེར་འགྲོ་བཞིན་པའི་གནམ་མཐའི་བུ་ཡུག་མཐོང་ཚེ་ཨ་ཕས་དེ་ལྟར་ལན་བཏབ་ཅིང་ཐེ་ཚོམ་གྱིས་ངང་ནས་མུ་མཐུད་དུ་སྨྲས་པར། ་་སང་ཉིན་གནམ་ད་དུང་གཡེར་ཡོད་ན།   གནངས་ཉིན་ང་ཚོ་ས་འདི་རུ་སྤོ་རྒྱུ་བྱེད་དགོས།   དེ་དུས་འུག་ཕ་བུ་གཉིས་ཀྱིས་ཨ་བྲ་ག་ལེར་འཛིན་ཆོག་གི ་་

་་ ངོ་མ། ་་

་་ ངོ་མ་ཡིན།  འགྲོ   ད་ཨབ་རོ་རྒུམ་སར་འགྲོ ་་  ཨ་ཕའི་སྐད་ཆ་དེ་བཤད་ཞོར་ཡར་ལངས་ནས་བོས་ལ་བྱིལ་བྱིལ་ཞིག་བྱས་པ་དང་།  ཨ་བུས་ཀྱང་པུས་མོའི་ཤུགས་ལ་བརྟེན་ནས་མྱུར་བར་ལངས།     ཁོའི་མིག་ཆུ་སྐམ་ནས་འདུག་ལ་ངོ་ལ་ལྷོད་ཆ་ཞིག་ཀྱང་དོད་འདུག    ཨ་ཕས་བོས་ཕྲག་ཁར་འཕང་ནས་གོམ་པ་མ་སྤོས་གོང་།   ཨ་བུ་ཨབ་རོའི་ཕྱོགས་ལ་དཔའ་དར་ལེན་པ་ལྟར་བརྒྱུགས་སོ།  །  


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།