གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཆུང་གི་བརྩམས་སྒྲུང་གསར་པ། མོ།

2017-08-13 10:00:52 གཡུ་ཆུང་། ཀློག་གྲངས། མཆན ཡོད།

b11070-3.JPG

 
                                   1

མོ་པས“དེ་རིང་ཉི་ཟླ་སྐར་གསུམ་པོ་མར་ངོར་འཁོར་ཡོད་པས།  མོ་མི་འདེབས།”ཟེར།   ངས་ཨུ་ཚུགས་བྱས་པ་ལ། ཁོས“འོ་ན་ཁྱོད་ཀྱི་བསམ་པ་རྫོགས་ཆེད་མགྱོགས་མོ་ཞིག་མ་གཏོགས་མི་འདེབས།  མོ་ཡིག་གི་གསང་ཚིག་རང་གིས་ཁྲོལ”ཟེར་ནས་ཇུ་ཐིག་གི་ཐག་པ་རུམ་ནས་བླངས།

“… …” 

“མོ་ལ་རྒྱ་མཚོ་བླ་མདུད་བབས་ཐལ།  ཤར་གྱི་རྒྱ་མཚོ་ཆེན་པོ་ཡིས། སྟོད་ཀྱི་ཆུ་བོ་འུབ་ཀྱིས་བསྡུས།།   གཞན་ལ་འགྲོ་བའི་ཆུ་མཐའ་ཡང་།།  རི་མཐའ་བསྐོར་ནས་མཚོ་ལ་འབབ།། ཟེར་ནི་རེད།”  མོ་པས་མདུད་པར་བལྟས་བལྟས་རྗེས་དེ་སྐད་བཟླས་ཤིང་འདང་རྒྱག་ཏུ་ལྷུང་སོང་།    

དེ་རིང་ནམ་ཕྱེད་དངོས་ཉམས་རྨི་ལམ་འདྲེས་མའི་སྣང་ཆ་ལ་བགེགས་བར་ཆད་ཅིག་འོངས་རབས་ལྟ་བུའི་སྔོན་ཤེས་འཁྲལ་འཁྲུལ་རབ་རིབ་ཅིག་འོངས་པས།  ངའི་སྣང་བ་ནི་བཀྱགས་ཏེ། མར་ཉལ་ཡང་གཉིད་མ་ཁུགས། ངའི་དྲན་པར་གློ་བུར་དུ་འཇམ་དབྱངས་དགེ་ལེགས་ཀྱི་ངོ་གདོང་ཡང་ཡང་ཤར་ཅིང་། བྲང་ཁོག་ནས་སྙིང་ནི་གཅུ་གཟེར་གཅུས་པ་ལྟར་ན་ཞིང་།  ཆུ་ཁོལ་གདུས་པ་ལྟར་ལྷོག་ལྷོག་ལྡིང་།   ངས་ཁོའི་ངོ་གདོང་དེ་བརྗེད་ཆེད་ཁོག་སྟོད་དགྱེ་ནས་མྱུར་མཛད་མ་བཟླས་ཤིང་མགོན་པོའི་ཞལ་བསྒོམས་ནས་ནམ་ལངས་པར་བསྒུག

མཚམས་ཤིག་སྒོ་སྒེའུ་གྱི་ཧྲག་བར་ནས་ཉི་ཐིག་འཕྲོས་པས།   ལམ་སེང་ལྭ་བ་གྱོན་ནས་མོ་པ་མཁྱེན་རབ་བཙལ་དུ་སོང་།

མོ་པའི་ཁྱིམ་ནི་ཁང་ཤར་གསུམ་པའི་ཡས་སྣེར་ཡོད།  ང་ཁྱིམ་དུ་འཛུལ་དུས། མོ་པས་ཚར་ནག་གི་ཐུལ་བ་ཞིག་གཡང་ཤམ་བྱས་ནས་ཉལ་སའི་ནང་དཀྱིལ་དྲུང་དུ་ཙོག་འདུག་ཅིང་།  དཀར་ཡོལ་འབྲུག་རིས་མ་སྔོན་པོ་ཞིག་ཏུ་ནངས་ཇ་འཐུང་བཞིན་འདུག    མོ་པ་ཁོང་ཡང་ང་ལྟར་ཁེར་འདུག་ཡིན་པས།  ངེད་གཉིས་ཞེ་མཐུན་པོ་མེད་ཀྱང་།  སེམས་ཉེ་བོ་ཡོད།

མོ་པས་དེ་ལྟར་མོ་བཏབ་རྗེས་ཁོས“ཇ་ཞིག་འཐུང་ངམ”ཟེར་བ་དང་ཡང་ཅི་ཞིག་དྲན་པ་ལྟར“ད་མི་འཐུང་ན་ཡང་མི་འཐུང་།  ཨུ་ཚུགས་མི་བྱེད”ཟེར་ཅིང་།  ཇ་འཐུང་ཞོར་མིག་གིས་གཡས་ཐད་ཀྱི་ཁང་བའི་གྲུ་ཟུར་སྟོང་བ་དེར་བལྟས་འདུག

ངས་སླར་ཡང་ཐེངས་སྔོན་མ་ལྟར་ཁྱོད་ཁེར་འདུག་ཡིན་པ་ལ་དོན་ཞིག་ལོས་ཡོད་འདྲ་ཞིག་དྲན་ནས་འགྲོ་སྙམ་མོད།  མོ་པས་འོ་ཇ་འཐུང་གིན་པ་རིག་པས“འོ་ཇ་འཐུང་བར་ཨུ་ཚུགས་བྱེད་ག་ལ་དགོས”ཞེས་བསམ་བཞིན་ཡར་ལངས་ནས་དཀར་ཡོལ་ཞིག་བླངས་ཏེ་རང་ལ་ཇ་བླུགས།

ངས་ཇ་འཐུང་ཞོར་ཤར་གྱི་རྒྱ་མཚོ་གང་ལ་གོ  དེའི་ཁེབས་རྒྱ་ཅི་ཙམ་ཡོད།  ཇི་ལྟར་བསྡུ།  ཅི་ཞིག་འབྱུང་སྙམ་ནས་སེམས་ཁུར་བྱས།

དོན་དམ་པར་ལོ་གཅིག་སྔོན་ནས་བཟུང་།  ང་ནི་སེམས་ཁུར་གྱིས་ནོན།  གཉིད་ལམ་ཡང་མི་བདེ་བར་གྱུར་ཏེ།  ཅུང་ཟད་བདེ་བའི་དགོང་མ་དག་ནི་མཛུབ་མོ་ནང་དུ་བཀུགས་ནས་བརྩི་ཆོག་པ་འདྲ།  ལོ་གསུམ་སྔོན་ལ“སྐྱེ་ཁམས་གནས་སྤོར”གྱི་སྲིད་ཇུས་སླེབས་ནས། ལས་བྱེད་པ་དང་ཞིབ་འཇུག་པ་མང་པོ་ཝ་ནག་ལུང་བ་དང་གསེར་ཐང་དུ་འོངས་ནས་འབྲོག་པ་ཚོ་འཚོགས་སུ་བཅུག་ཏེ་ཕྱུག་སྐྱུར་རྩྭ་སྐྱོང་བྱེད་རྒྱུ་གལ་ཆེ་ཚུལ་བཤད།  ཁོ་ཚོས་ཐོག་མར་རྩྭ་ས་ལ་ཅུང་ཟད་ངལ་གསོ་རུ་འཇུག་དགོས།  རྩྭ་སར་རྩྭ་མི་སྐྱེ་བ་ནི་ཕྱུགས་ཟོག་མང་དྲགས་པས་རེད།  རྩྭ་ས་ལ་ལོ་འགར་ངལ་གསོ་རུ་ཆུགས་དང་འབྲོག་ཁྱིམ་མི་རེ་རེ་ལ་འཚོ་བའི་ཁ་གསབ་སྟེར་ཟེར།  དེ་ལ་འབྲོག་པ་ཚོས་ཧུན་ཧུན་ཞེས་སྣ་དགོད་དང་ཧ་ཧ་ཞེས་ཁ་དགོད་བྱས་ནས་འཕྱ་བ་ལས་ཡིད་ཆེས་པ་གཅིག་མི་འདུག   མཐར།  ཕ་ཡུལ་གསེར་ཐང་ནས་ཡིན་པའི་ཁུལ་སློབ་གསོ་ཅུའུ་ཡི་ལས་བྱེད་པ་རྟ་རྡོ་སླེབས་པས་ད་གཟོད་འབྲོག་པ་ཚོས་འདང་རྒྱག་མགོ་བརྩམས།   རྟ་རྡོ་ཉིན་དེར་ལོ་ཆེན་དགོན་པའི་སྤྲུལ་སྐུ་ལོ་ཆེན་དང་ལྷན་དུ་ཡོང་ནས།  སྟོད་ཀྱི་རྩྭ་ས་དང་རི་ཆུ་ནགས་གསུམ་ལ་བདག་ཡག་པོ་མ་བྱས་ན་སྨད་ཀྱི་མི་མང་གི་ཁར་ཆུ་ཡོང་གིན་མེད་ལུགས་མང་པོ་བཤད་པ་དང་། ཡང་སྐད་ཇེ་དམའ་རུ་བཏང་ནས་ནང་གཏམ་གྱི་ཚུལ་དུ་ལས་ཀ་ལས་མི་དགོས་པར་ཟླ་ཕོག་འབབ་པའི་གོ་སྐབས་དེ་མ་ཤོར་ན་བཟང་ཚུལ་བཤད་སོང་། ལོ་ཆེན་སྤྲུལ་སྐུས་དམ་པའི་ཆོས་ཀྱི་སྙིང་བོ་མཐར་ཐུག་དེ་གཞན་ལ་བྱམས་པ་དང་སྙིང་རྗེ་སྒོམ་དགོས་པ་དེ་ཡིན་ལུགས་དང་བྱང་ཆུབ་སེམས་དཔའ་དག་གི་རང་བས་གཞན་གཅེས་ཀྱི་མཛད་སྤྱོད་མང་པོ་གསུངས།   མཐར་རྟ་རྡོས་ལོ་ཆེན་སྤྲུལ་སྐུའི་གསུང་དང་སྲིད་ཇུས་གཉིས་ཕྱོགས་གཅིག་ཏུ་སྦྲེལ་ཏེ་སྟོད་ཀྱི་མི་མང་གིས་སྨད་ཀྱི་མི་མང་ལ་སེམས་ཁུར་བྱེད་དགོས་ཤིང་དེ་ནི་འདི་ཕྱི་གཉིས་ཕན་གྱི་དོན་ཞིག་ཡིན་ལུགས་བཤད།  

སྐབས་དེར་ངས་ངེད་ཚོས་སྨད་ཀྱི་མི་མང་ལ་སེམས་ཁུར་བྱས་ན།   སྨད་ཀྱི་མི་མང་གིས་སྟོད་ཀྱི་མི་མང་ལ་སེམས་ཁུར་བྱེད་ཀྱིན་ཡོད་དམ་ཞེས་གམ་གྱི་བློ་བཟང་ལ་ཤུབ་བུར་དྲིས།   བློ་བཟང་གིས་མགོ་མི་འགུལ་བར་མིག་གིས་ཨ་ལགས་ཚང་དང་རྟ་རྡོ་ལ་གཅིག་བལྟས་རྗེས།  གྲུ་མོས་ང་ལ་བརྒྱབ་ནས་ཁ་རོག་ཞེས་པའི་བརྡ་བསྟན།   གལ་ཏེ།  ཁོས་བདེན་གི་ཞེས་བཤད་ཡོད་ཚེ།   ཕན་མི་ཐོགས་ཡང་ངས་སྐད་མགོ་མཐོ་རུ་བཏང་ནས་རྟ་རྡོ་དང་ཨ་ལགས་ཚང་ལ་རང་གི་འདོད་ཚུལ་ཞུ་ངེས་ཡིན་མོད།   མཐར་གཅིག་གིས་ཀྱང་འདོད་ཚུལ་ཙམ་ཡང་ཞུ་མ་ཐུབ་ཞིང་།  ཨ་ལགས་ཚང་དང་རང་སྡེའི་ནང་གི་ལས་བྱེད་པ་གཅིག་པོའི་ངོ་མ་ཆོད་པར་སྨད་ཀྱི་མི་མང་ལ་འདང་མི་རྒྱག་རང་རྒྱག་ལྟ་བུ་ཞིག་ཏུ་གྱུར་ཏེ།  ནོར་ལུག་ཚང་མ་བཙོང་ཞིང་།  གསེར་ཐང་གྲོང་རྡལ་འགྲམ་དུ་སྲིད་གཞུང་གིས་སྔ་ས་ནས་ལས་ཚར་བའི་ཁང་བ་ཀླད་སྔོན་པོ་སུམ་གཤར་ཅན་དེའི་ནང་དུ་སྤོས།  གསེར་ཐང་སྡེ་བའི་སྡེ་མི་ནས“བདེ་སྐྱིད་གསེར་ཐང་སྡེ་བ”ཞེས་པའི་སྡེ་མིར་གྱུར།      ཚེ་ཐར་བྱས་པའི་རྟ་དང་ནོར། ལུག་རྣམས་ཤ་ཉེ་གཞན་ལ་བཅོལ།  

“བདེ་སྐྱིད་གསེར་ཐང་སྡེ་བ”ལ་སྤོས་ནས་ལོ་གཅིག་འགོར་རྗེས་གསེར་ཐང་དུ་ཡོད་པའི་གསེར་ཆེན་སྒོམ་ཆུའི་འགྲམ་དུ་ཆུའི་བཟོ་གྲྭ་ཆེན་པོ་ཞིག་ཚུགས།  དེ་ལ་གསེར་ཐང་སྡེ་བའི་ནང་ལ་ཤས་ཀྱིས་ཧ་ཅང་ལེགས་ཞེས་མཐེ་བོང་བསྟན།  ལ་ཤས་ཀྱིས་ཤིན་ཏུ་ཐུ་ཞེས་དམོད་མོ་བོར། དེ་ཡང་བཟོ་གྲྭ་དེས་ང་ཚོའི་ཁྱིམ་རེ་རེ་ལ་ཉིན་རེར་སྒོམ་ཆུ་རྒྱ་མ་ལྔ་བཅུ་ཅན་རེ་ཁྱེར་འོངས་ནས་བྱིན་པས།  རྒན་པ་ཚོས་ཉིན་རེར་སྒོམ་ཆུ་འཐུང་ཐུབ་པ་ནི་བཟང་ལྟས་མ་ཡིན་ཐན་ལྟས་རེད་ཅེས་དགག་པ་ཚ་ནན་བྱས། འོན་ཀྱང་ལོ་གཞོན་ཚོས་ཕར་འགྲོ་མ་དགོས་པར་སྒོམ་ཆུ་འཐུང་ཐུབ་སོང་ན་མི་ལེགས་སམ་ཟེར།

དོན་དམ་དུ་ནི་ཁོ་ཚོ་འཐུང་ཆུ་ལེན་དུ་འགྲོ་མ་འདོད་པས་དེ་ལྟར་ཟེར་བ་ངས་ཤེས།

མཐར་ངེད་ཚོ་རྒད་པོ་སྐོར་ཅིག་གིས་སྒོམ་ཆུ་ཐག་སོང་ན་ཅི་ཞིག་བྱ་ཞེས་དྲིས་པ་དེ་ལ་ཚང་མས་ལན་མ་ཐོབ་པས།  སྡེ་བའི་ཧྲུའུ་ཅི་ཧུང་ཝེ་ལོ་ཆེན་སྤྲུལ་སྐུ་ཚང་ལ་འདྲི་རུ་འགྲོ་རྒྱུ་བྱས།  ལོ་ཆེན་ཚང་གིས་ཆུ་དེས་ཕན་ཞིག་ཐོགས་སོང་ན་དེ་རེད།  ཁྱོད་ཚོ་འབྲོག་བླུན་འདི་ཚོས་རྟག་པར་དྲན་རྒྱུའི་རྟ་མི་དྲན་པར་མི་བསམ་རྒྱུའི་སྒ་བསམ་ཞེས་བསྡིགས།   སྡེ་མི་ཚོས་རྟ་ནི་མི་ལ་གོ་བ་དང་སྒ་ནི་སྒོམ་ཆུ་ལ་གོ་བ་རེད་ཅེས་གླེང་མོལ་མགོ་རྔ་མེད་པ་རེ་བྱས་རྗེས་སྒོམ་ཆུའི་སྐོར་ཡང་དེ་ལྟར་རང་དགར་བསྐྱུར།

འོན་ཀྱང་།   སྒོམ་ཆུ་འཐུང་ཆུ་བྱས་ནས་འཐུང་བ་ཕྱོགས་གཅིག་དང་འཐུང་ཆུ་བྱེད་མ་ཕོད་པ་ཕྱོགས་གཅིག་ཏུ་གྱེས་པས།  ཧྲུའུ་ཅི་ཧུང་ཝེས“ཡིས་བཏིས་ཨར་བཏིས”(རུ་ཁག་དང་པོ་རུ་ཁག་གཉིས་པ)ཞེས་བོས།   ཐོག་མར་དེ་ནི་ཀུ་རེ་ལྟ་བུའི་འབོད་སྲོལ་ཞིག་ཡིན་མོད།  གོང་རིམ་ནས་དེ་ཤེས་རྗེས་ཧྲུའུ་ཅིའི“བློ་གྲོས”ལ་བསྟོད་པ་བྱས་ཏེ།  ལོ་གཉིས་པ་ནས་བཟུང་། གསེར་ཐང་སྡེ་བ་དངོས་གནས“ཡིས་བཏིས་དང་ཨར་བཏིས”གཉིས་སུ་བཏང་།  དེས་ན་ངེད་ཚང་དང་ངའི་ཤ་ཉེ་ཁྱིམ་ཚང་ཞིག་ཡོད་པའང“བཏིས”མི་འདྲ་བར་གྱུར་ཅིང་།  བཏིས་མ་འདྲ་བས་སྐྱིད་སྡུག་ཁ་ཁར་གྱུར།  ཐོག་མར་ཕྱུགས་དོར་ནས་ཡུལ་སྤོས།  དེ་ནས་ཡང་བལྟས་བལྟས་རིག་རིག་ལ་སྡེ་བ་ཕྱོགས་གཉིས་སུ་གྱེས་པ་དེས་ངེད་ཚོ་རྒད་པོ་ལོ་ལོན་ཚོ་སེམས་ཁུར་གྱིས་ནོན་ཅིང་སེམས་ཁམས་ནི་ཆུ་ཁོལ་བཞིན་གདུས་ནས་ནམ་ཡང་མར་འབབ་མ་མྱོང་།    

                                    2

ངས་ཕྱོགས་ཡར་མར་ལ་སེམས་ཁུར་བྱེད་ཞོར་བསྟུད་མར་འོ་ཇ་དཀར་ཡོལ་གསུམ་འཐུང་ཞིང་སྒོར་བུད།  གསར་དུ་ཤར་བའི་ཉི་མ་སྤྲིན་སྨུག་གི་གསེབ་དུ་འཛུལ།  གྲང་རླུང་ཤུར་མོ་རེ་གོང་བ་བརྒྱུད་ནས་རུམ་དུ་འཛུལ་ཡོང་།  ངས་འདས་དོན་རེ་རེ་མིག་ལམ་ལ་གསོན་པོར་དྲུད་ཡོང་བའི་མདང་ནུབ་ཀྱི་ཉམས་སྣང་དེ་དང་མོ་པས་མོ་བཏབ་ཚུལ་སོགས་རང་གི་ཚ་བོ་བློ་བཟང་ཤེས་ལྡན་ལ་གཅིག་བཤད་དགོས་སྙམ་ནས་དགོན་པར་སོང་།

ངས་ནམ་རྒྱུན་ལྟར་རྡུལ་འཚུབ་ཀྱིས་ཁེངས་པའི་གཞུང་ལམ་འདེད་རྒྱུ་བསྐྱུར་ནས་སྤེན་མ་དང་སུ་རུའི་དྲི་མས་ཁྱབ་པའི་འཇིག་རྟེན་རྙིང་བའི་རྐང་ལམ་དེད་དེ་སོང་།                                      

ཏག་ཏག་ལུང་བཟང་ཉག་ག་ནས་ངལ་གསོ་སྐབས།    ངའི་ཡིད་ལ་སླར་ཡང་འཇམ་དབྱངས་དགེ་ལེགས་ཤར། ཉིན་དེར་མི་བཞི་རེ་བཞི་རེས་ངའི་སྤུན་འཇམ་དབྱངས་དགེ་ལེགས་ཀྱི་རྐང་ལག་དང་མགོ་ཅོ་ནས་བཟུང་། ཁོག་སྟོད་གཅེར་བུར་ཕུད་དེ་གཙོ་ཐག་ཅིག་གིས་དམ་དུ་བཀྱིགས།   བློ་གྲོས་ཚ་ཁུ་སྔོན་ཐོན་པའི་གྲས་ནས་དགེ་ལེགས་སྟེང་ལ་ཤོར་ཏེ། “གཅིག་རྡུང་གསུམ་རྒོལ་གྱི་མགོ་དགེ་ལེགས་ཐོད་ཤོ་ནས་རྩོམ་རྒྱུ་ཡིན། ཡ། ས་སྟེང་གི་རྙིང་བཞི་ས་འོག་ལ་འཇུག་མཁན་དགེ་ལེགས་ཐོད་ཤོ། ཁྱོད་སྔོན་ཆད་བཤུ་བཞོག་གྲལ་རིམ། ཕྱུག་པོ་ཕྱུགས་བདག་ཡིན།  ད་ཡང་རྙིང་བཞི་ས་འོག་ཏུ་སྦེད་མཁན་ཡིན། དཔེ་ཆ་དེ་ཚོ་ངལ་རྩོལ་མི་མང་གིས་བཟའ་ས་འགྲོ་འམ་འཐུང་ས་འགྲོ།   ཐང་ཀ་དེ་ཚོ་ངལ་རྩོལ་མི་མང་གིས་གྱོན་ས་འགྲོ་འམ་བཏིང་ས་འགྲོ། རྙིང་བཞི་བེད་མེད་དེ་དག་བསྲུང་ནས་ཅི་བྱེད་དགོས་རེད།  དེ་རིང་ངེད་ཚོས་ཁྱོད་ཀྱི་ས་མི་རུབ་ནི་ཞིག་བྱེད།  ནམ་མི་ལངས་ནི་ཞིག་བྱེད”སོགས་མོ་སྐད་ལྷང་ལྷང་བྱེད་པའི་སྐད་དེས་བཀྱིགས་ཡོད་པའི་དགེ་ལེགས་ལ་མཛུབ་གུ་གཏད་ནས་བསྡིགས་བསྡིགས་མཐར་སྔོན་ཐོན་པ་ཚོ་མཉམ་དུ་རུབ་ནས་རྐང་རྡུང་ལག་རྡུང་བྱས། 

ངས་བལྟ་མ་ཕོད་པར་མགོ་མར་བསྒུར་ནས་བསྡད། མིག་ལམ་ མཆི་མས་བསྒྲིབས་ཤིང་མིག་ཆུ་སྣ་མགོ་དང་མ་ནེ་ནས་བཞུར་ཏེ་རྙོགས་སེ་ཐང་ལ་ལྷུང་། མཚམས་རེར་ཡར་ཅུང་ཟད་དགྱེ་ནས་བལྟས་དུས། དགེ་ལེགས་ཀྱི་ལུས་སྟེང་ནས་མེ་སྟག་འདྲ་འཕྲོ་ཡི་འདུག  ཅུང་ཙམ་ནས་ཁོའི་མིག་གཉིས་སྐྲང་། ཁ་སྣ་ནས་ཁྲག་བཞུར་ན་ཡང་མ་ཁར་སོ་བཏབ་ནས་སྒྲ་གཅིག་ཀྱང་མི་འདོན།

སྐབས་དེར་ངས་སྔར་ཉིན་དགོང་མོ་ནས་བཟུང་སོས་མི་བདེ་ཞིང་། སྙིང་འཚང་བ། བར་ཆད་རྐྱེན་ངན་ཞིག་འབྱུང་བའི་སྣང་བ་ཐན་ཐུན་ཞིག་བཀག་ནའང་མི་ཁོགས་པར་ཤར་བ་དེ་ཡིད་ལ་ཤར། མཚམས་ཤིག  སྔོན་ཐོན་པ་དག་གིས་དེ་རིང་དེ་ཙམ་བྱོས།  སང་ཉིན་གྱི་ཚོགས་འདུའི་སྐབས་དགེ་ལེགས་ཐོད་ཤོའི་རོ་ཁྱིས་མི་ཟ་ནི་ཞིག་བྱེད་རྒྱུ་ཡིན་ཞེས་གཅར་མཚམས་བཞག  དགེ་ལེགས་ནི་འགུལ་ཙམ་ཡང་མི་ཐུབ་པར་ཁ་མལ་ན་འགྱེལ་ནས་འདུག ཚོགས་འདུ་གྲོལ་ཏེ་སྔོན་ཐོན་པ་དང་ལས་བྱེད་པ་ཚོ་སོང་རྗེས། ངས་ཐེངས་སྔོན་མའི་འཐབ་རྩོད་སྐབས་སུ་གས་སྲུབས་ཤོར་བའི་རྐང་བ་དྲུད་དེ། དགེ་ལེགས་ཀྱི་གམ་དུ་སོང་ནས་ཁོ་བསྐྱོར། ཁོའི་རྒྱབ་དང་དཔུང་བ་གཉིས་ཀའི་སྟེང་དུ་ཐག་པའི་ཤུལ་དམར་ནག་བཞི་རྐྱ་ཞིག་བབས་འདུག   ངས་ད་དུང་ཡང་གསལ་བོར་དྲན་གྱི་འདུག་སྟེ།  སྐབས་དེར་ཚོད་ཚོད་ལ་ངའི་ཡིད་ལ་ཐིག་ལེ་ཅན་གྱི་སྦྲུལ་དམར་པོ་ཞིག་ཤར།  སྦྲུལ་དམར་པོ་དེ་ངས་གང་ཞིག་ནས་མཐོང་མྱོང་བ་ཁོ་ཐག་ཡིན།

ངས་ཁོའི་ཁོག་སྟོད་པང་ནས་ངུས།  

ཅུང་ཙམ་ནས་ཁོས་ལག་པས་ང་ལ་ཡང་མོས་རྡུང་།  ཤུགས་ཟད་པའི་སྐད་ཡང་མོ་ཞིག་གིས“ཨ་རོགས། ཨ་རོགས། མིག་ལ་མ་སྟོན། དེ་སྔོན་ཁྱོད་ལ་སྲོན་ཁ་འདུག་ཅེས་ངས་གོ་ཐལ། ……ངུས་ནས་ཅི་བྱ།  ……དཀོན་མཆོག་གསུམ་ལ་གསོལ་བ་རེ་ཐོབས་དང་དེའི་ཕན་ཆོད་ན་སྐྱབས་མགོན་མེད།”ཅེས་ང་ལ་ཁ་ཏ་བྱས།  ཡང“ངས་ལོ་གསུམ་ལ་བླ་མ་རིན་པོ་ཆེས་གནང་བའི་ལྷ་རྟེན་ཆོས་གསུམ་གན་སྦེད་ཐུབ་སོང་མོད།  ད་ནི་བདུད་ཕྲུག་གན་ཚོའི་ལག་ཏུ་ཤོར་སོང་། …… ཁྱོས་སེམས་མ་ཕམ་དང་། འདང་བརྒྱབ་ན་བདེན་མཐའ་གསལ་བའི་ཉི་མ་ཞིག་ཡོད་རྒྱུ་རེད” ཟེར། ངས་རང་གི་རྐང་བ་འདྲུད་ཞོར་ཁོ་བསྐྱོར་བ་ལྟ་བུ་ཞིག་བྱས་ནས་རས་གུར་གྱི་ནང་དུ་སོང་། ངས་ཇི་ལྟར་ཁོ་ལ་སེམས་གསོ་བྱས་ཀྱང་ཁོས“སང་ཉིན་ཁྱི་སྐྱག་གན་ཚོའི་ལག་ནས་འཆི་ན་མི་འདོད་པར་འདུག”ཅེས་ཡང་ཡང་བཟློ་ཞིང་།  “བློ་བཟང་ལག་ལོ་གན་ཚོས་གཅར་ནས་བསད་ཐལ།  ཝ་ནག་མགོ་དོ་ཡང་གན་ཚོས་བཀྱིགས་ནས་བསད་སོང་།  གན་ཚོའི་ལག་ནས་ཤི་བ་རེད་ཅེས་པའི་མིང་ལེན་པ་ལས་རྨ་ལུ་མའི་ནང་ལ་ལྡང་ནས་མནའ་ཡ་དགའ་བོའི་རྗེས་ལ་བུད་སོང་ན་བཟང་གི”ཟེར། 

ངེད་གཉིས་ཉལ་ཁར་ཁོས“སང་ཉིན་དོན་དག་ཅི་བྱུང་ཡང་།  སེམས་ཤི་ལུས་ཤི་བྱེད་མི་ཉན།  ཞིང་ཐང་ལ་སོང་བའི་ཆོས་སྒྲོན་མ་བུ་གཉིས་ཁྱོད་ལ་བཅོལ་ནི་ཡིན”ཟེར།

དགེ་ཁོ་ནི་རྨ་ཆུའི་ཁར་ཕྱི་ཉིན་ཞོགས་པར་སོང་བ་ཁོ་ཐག་ཡིན།  ནམ་གུང་ཁོས་ད་དུང་ངའི་ལུས་སྟེང་ལ་ཕ་དགའ་ལྡན་པོའི་ཕྲུག་ལྭ་དེ་དེད་པ་ངས་སད་ལ་མ་སད་ངང་ཚོར་བྱུང་།

ཉིན་དེ་ནི་ངས་ཁོ་མཐོང་ཐེངས་མཐའ་མ་དེ་རེད་འདུག  ཕྱི་ཉིན་སྔོན་ཐོན་པ་གཉིས་ཀྱིས་བཙལ་ནས་རྙེད་དུས།  ངས་མཐོང་བ་ནི་རྨ་ཆུའི་ཁར་བལྟབས་འདུག་པའི་ཁོའི་སློག་རྙིང་དེ་རེད།  

                                     3

ལམ་བར་དུ།  ངས་དགོན་པར་ཕྱི་སྐོར་གཅིག་དང་ནང་སྐོར་འགའ་བྱས་ཏེ་ཚ་བོའི་སར་སོང་ན་ནུབ་ཇ་ལ་རན་འདུག་པས། དེ་ལེགས་སྙམ་ནས་དགོན་པར་སླེབས་རྗེས་ཐོག་མར་ཕྱི་སྐོར་ལ་སོང་།   དེ་ནས་རྟ་མགྲིན་ཁང་ལ་ནང་སྐོར་བྱེད་སྐབས།   ལྕེ་སྤྲུལ་ཚང་གིས་རྒྱ་ལྭ་གྱོན་པའི་མཇལ་བ་གསུམ་ཁྲིད་ནས་རྟ་མགྲིན་ཁང་ལ་ཕེབས་པ་དང་ཕྲད།   ཁོང་གིས་ང་མཐོང་མ་ཐག“ཨ་ཁུ་དོན་ལྡན།  སྐོར་བར་འགྲོ་བཞིན་ཡོད་དམ།  དེང་སྐབས་བདེ་མོ་ཡིན་ནམ།  ཡུན་རིང་བོར་མ་རིག”གསུངས།  “ཁྱེད་ཚང་བདེ་མོ་ཡིན་ནམ།  ང་བདེ་མོ་ཡིན། ད་འདིར་མཇལ་བས་ལེགས་སོང་།  ང་ལ་ཞུ་རྒྱུ་ཞིག་ཀྱང་འདུག”ངས་མྱུར་བར་དེ་ལྟར་ཞུས་པར།  ཁོང་གིས“ཅི་རེད།  ཨ་ཁུ།  ཤོད་རྡ་ཆོག”གསུངས།  ཁོང་འཁྲུངས་ཡུལ་རྔ་བ་ནས་ཡིན་པར། ཡུལ་འདིར་ཕེབས་ནས་ལོ་ཉི་ཤུ་བྱིན་ནའང་འདི་གན་ཞེས་གསལ་བོ་སྟོན་རྒྱུ་མེད་པའི་རྔ་སྐད་དེ་ད་དུང་འགྱུར་མི་འདུག

ངས་མདང་ཞག་ཅི་ཡིན་མ་ངེས་པར་སོས་མ་བདེ་ཚུལ་དང་། མོ་པ་མཁྱེན་རབ་བཙལ་དུ་སོང་ནས་མོ་བཏབ་ཚུལ་ཞུས། ཁོང་གིས“མོ་ལ་ཅི་བབས་སོང”ཟེར།  ངས“མོ་འབྲས་ལ་རྒྱ་མཚོ་བླ་མདུད་ཅེས་པ་བབས་སོང”ཞེས་བཤད།   ཁོང་གིས“ཁྱོད་ཀྱིས་སོས་མི་བདེ་བ་དེའི་ཆེད་ཁོ་ནར་བཏབ་པ་ཡིན་ནམ”ཟེར།   ངས་ཡིན།  ཞེས་ཞུས་པར།  ལྕེ་སྤྲུལ་ཚང་གློ་བུར་དུ་ཧ་ཧ་ཧ་ཞེས་བཞད་བྱུང་།  ཁོང་གིས་ཨ་ཙི། ཨ་ཙི། གསུངས་པ་དང་།  ཡང་དེ་རིང་ཚེས་དུ་རེད་ཞེས་གློ་བུར་དུ་དྲིས།   ངས་ཚེས་བརྒྱད་རེད་ཞེས་ལན་བཏབ་པར།  ཁོང་གིས་ཡང་ཨ་ཙི།  གསུངས་པ་དང་།   “ཡ་ཨ་ཁུ་ཉམས་ལེན་པ་དོན་ལྡན།  ཁྱོད་ཀྱི་མིང་ལ་དོན་ལྡན་ཟེར་བར་དོན་ཞིག་ལོས་ཡོད།  མགོ་མ་འགུལ་བར་ལྷ་བབས་ཟེར་བ་འདི་ལ་ཟེར་བ་རེད།  རྟེན་འབྲེལ་མ་བསྒྲིགས་རང་འགྲིག་མ་རེད་ན་འབུམ་དུམ་པ། ཁྱོད་ཀྱི་མོ་དེ་ཤིན་ཏུ་ཡག  འཛམ་གླིང་གེ་སར་རྒྱལ་པོ་ཁྲི་ལ་མ་མཞུགས་གོང་མོ་མ་ཀུན་ཤེས་ཐིག་པོ་ལ་མོ་འདེབས་སུ་བཅུག་དུས།  ཏག་ཏག་ཡང་རྒྱ་མཚོ་བླ་མདུད་བབས་ནས་གླིང་གི་རྒྱལ་ཐབས་ཟིན་ཚུལ་དང་འབྲུག་མོའི་སྐྲ་བདག་ཉན་ཚུལ་བསྟན་པ་རེད།  མོ་ཡིག་དེའི་དོན་ནི། ཆུ་བོ་མི་འདུག་འགྲོ་ལ་བསྐོས།། ཕྱོགས་བཞིར་སོང་ན་དོན་བཞི་འགྲུབ། མཐའ་བཞིར་གྱེས་ནས་ཡང་བསྐྱར་འདུ་ཟེར་བ་རེད།   ང་ལ་སྔོན་ཆད་བླ་མ་རིན་པོ་ཆེས་ལུང་བསྟན་ནས་ཁྱོད་འདི་གལ་ལ་ཐུག་དུས་མགོ་མ་འགུལ་བར་ལྷ་ཞིག་འབབ་རྒྱུ་འདུག་གསུངས་པ་དེ་རིང་ཡང་བདེན་འདུག   ང་རྒྱ་ནང་ལ་འགྲོ་དགོས་པར་ཚེན་ཞིག་ལེན་དུ་ཡོང་བ་ཡིན་མོད།   ད་ཁྱོད་ཀྱི་མོ་དེ་ང་ལ་བབས་འདུག”   ཅེས་ཟེར་ནས་རྒྱ་ལྭ་གྱོན་པ་དེ་གསུམ་པོར་རྒྱ་སྐད་ཀྱིས་ཅིག་གསུངས་རྗེས་ངའི་ལག་ལ་མི་རེས་སྒོར་བརྒྱ་རེ་བཞག  ཁོང་གིས་ཡང་ཕྱག་བརྡ་ཞིག་བྱས་པར་མི་གཅིག་གིས་ལག་ན་བཟུང་བའི་ཤོག་སྒམ་དམར་པོ་ཞིག་བླངས་ཏེ་ཁོང་ལ་བྱིན།  ཁོང་གིས“ཨ་ཁུ་དོན་ལྡན།  འདི་རྒྱ་ཇ་ཞིག་ཡིན།  ཁྱོད་རང་གིས་འཐུང་།  རླུང་ལ་ཕན་ནི་རེད། ཁམས་བདེ་བར་ཡང་ཕན་ནི་རེད།”གསུངས།  “… …” ངས་ནི་གློ་བུར་དུ་དེ་འདྲའི་མང་པོ་ཞིག་ཐོབ་པར་ཅི་བཤད་དགོས་ཡང་མ་ཤེས་པར་ཁོང་ལ་ཕྱོགས་ནས་ལག་པ་ཐལ་མོ་སྦྱར།  ཁོང་གིས“ཡ་ཡ།  ཨ་ཁུ་ད་ངེད་ཚོ་ཕྱིར་བུད་འགྲོ”ཟེར་བ་དང་ཡང“སོས་མི་བདེ་བ་དེ་འདྲར་སེམས་ཁུར་ཆེན་པོ་མ་བྱེད། རླུང་གི་རྒྱུ་ཕྱོགས་ཡིན་ནི་རེད”ཟེར་ཞོར་དགའ་བཞིན་སྤྲོ་བཞིན་དུ་ཕྱིར་བུད་སོང་། “… …”      

ང་ངའི་ཚ་བོའི་སར་སླེབས་དུས།   ཚ་བོས་དཔེ་ཆར་གཟིགས་ནས་འདུག    “འོ།  ཁྱོད་བུད་ཡོང་ངམ”  ཟེར་ནས་ལངས་རྩིས་བྱས།  ངས“བུད་ཡོང་།  མ་ལངས་མ་ལངས།  རང་གིས་གཟིགས་གཟིགས”ཟེར་ཞོར་ཞོལ་གྱི་ཐེམ་ཐོག་ནས་བསྡད་པར།   ཁོ་ཕྱིར་ཙོག་ནས“ཡོང་དོན་འདྲ་ཡོད་དམ།  ཅང་ན་ཡི་འདུག་གམ”ཟེར།

ངས“ཡོང་དོན་ཡང་ཆེན་པོ་མེད”ཅེས་ཕན་ཚུན་ལ་འཚམས་འདྲི་ཞིག་བྱས་རྗེས།   ངས་ཚ་བོ་ལ་ཡོང་དོན་བཤད།    ཁོས་ཉན་ཚར་རྗེས།  ལྕེ་སྤྲུལ་ཚང་ལྟར“ཧ་ཧ་ཧ”ཞེས་བགད་སོང་།  འོན་ཀྱང་ཁོང་གཉིས་ཀྱི་དགོད་སྟངས་འདྲ་ཡི་མི་འདུག   ལྕེ་སྤྲུལ་ཚང་ནི་དགའ་ནས་དགོད་པ་དང་ངའི་ཚ་བོ་དགོད་སྟངས་ནི་ཀུ་རེ་ཞིག་ཐོས་རྗེས་ཀྱི་དགོད་ཚུལ་རེད།  ཚ་བོས“ཁྱོད་ཀྱི་ལུས་པོར་ན་རྒྱུ་འདྲ་འདུག་གམ”ཟེར།   ངས“ལུས་པོ་ཤིན་ཏུ་བདེ”ཞེས་ལན་བཏབ།  ཁོས“འོ། དེ་བཟང་། བན་མིན་བོན་མིན་གྱི་མོ་པ་གཏོ་བ་ཚོའི་ཁ་ལ་ཉན་རྒྱུ་གང་ན་ཡོད”ཟེར།  ངས“སྔོན་ཆད་རིག་གནས་གསར་བརྗེ་བྱུང་ཁ་ཏག་ཏག་དེར་ཡང་ང་ལ་ཚོར་བ་གཅིག་འདྲ་ཞིག་བྱུང་།   དེའི་རྗེས་སུ་གཅིག་རྡུང་གསུམ་རྒོལ་སླེབས་ནས་ཁྱོའི་ཕ་རྒན་དག་ཞིང་བོ་མ་འཇའ་གོང་ཏག་ཏག་དེར་ཡང་ང་ལ་ཉམས་སྣང་དེ་འདྲ་བྱུང་མྱོང”ཞེས་བཤད་པར།   ཁོས་དགོད་མཚམས་བཞག་ནས“རེད་རེད།  འོ་ན་དམིགས་བརྩེ་མ་རེ་ཁ་ཏོན་བྱོས་དང་།  སེམས་ཁྲལ་བྱེད་དགོས་དོན་ཅང་ཡོད་མི་སྲིད”ཟེར་ནས་དུམ་པ་སྣ་རིང་དེའི་ངོར་བལྟས་འདུག  “ཁ་ཡར་འཁོར་ན་དམིགས་བརྩེ་མ།  མར་འཁོར་ན་དམིགས་བརྩེ་མ།  ཁྱོས་སེམས་ཁུར་ཅུང་ཟད་བྱས་ན་མི་ཆོག་གམ”ངའི་མཚན་ལ་ཉིན་མཐུད་པའི་སེམས་ཁྲལ་ལ་ཁོས་ཚིག་གཅིག་གིས་མ་གཏོགས་ཡ་མ་བྱས་པས་ངས་ཁ་ནས་དེ་ལྟར་འཆོར་ལ་ཁད་ཅིག་བྱས།

དེ་ནས་ངས་རྟ་མགྲིན་ཁང་གི་མདུན་ནས་ལྕེ་སྤྲུལ་ཚང་ལ་ཕྲད་ཚུལ་དང་ཁོང་གིས་སྔོན་ཆད་གེ་སར་གྱིས་རྟ་རྒྱུགས་སྐབས་སུ་མོ་བཏབ་དུས་ཀྱང་རྒྱ་མཚོའི་བླ་མདུད་བབས་པ་རེད་ཟེར།  དེ་བདེན་ནམ་ཞེས་དྲིས་པར།  ཁོས“མི་ཤེས། གེ་སར་གྱི་སྒྲུང་རྫུན་སྐྱ་མིན་སེར་མིན་དེ་ཚོས་མ་གཏོགས་སུས་ཤེས”ཟེར།  “བླ་མར་ཁ་གཏང་དོན་ཅི་ཡོད།  དགོན་པར་རྟེན་བཞེངས་འདི་འདྲ་ཞིག་བྱས།  ཁོང་ལ་བསྡུར་ན་ཁྱོད་ཚོས་ཅི་བྱས་ཡོད།  ཁ་གཏང་ན་ཡང་ངའི་གོ་ས་རིག་ས་ནས་གཏང་མི་དགོས”  ང་ལ་ཚ་བོ་འགའ་ཤས་ཡོད་ཀྱང་།  གྲྭ་པ་ཁོ་གཅིག་པུ་ཡིན་པས།   སེར་སྣ་བྱས་ཏེ་ཁོས་སྤྲུལ་སྐུ་རྣམས་ལ་སྡིག་ཐེངས་རེར་ངས་རྟག་པར་ཁ་ངན་སྲོན་ཅི་ཐུབ་བྱེད་གིན་ཡོད། ངས་དེ་རིང་ཡང་ཅུང་ཟད་བཤད་རྗེས་མྱུར་དུ་བསྲན་ནས་ངག་བསྡམས།  སྐབས་དེར་ལྕེ་སྤྲུལ་ཚང་གིས་གནང་བའི་རྒྱ་ཇ་དེ་དྲན་པས།  མྱུར་དུ་ཚ་བོར་བྱིན།  ཚ་བོ་རྒྱ་ཇ་ལ་ཤིན་ཏུ་དགའ་བར་འདུག  ཁོས་ཇ་ཤུབས་སྟེང་གི་རི་མོ་དང་ཤོག་བུའི་སྤུས་ཀ་ལ་ལྟ་བཞིན“ཤུབས་ཁོ་ནར་ཡང་ལྟད་མོ་ཞིག་འདུག  ད་ཐེངས་རྒྱ་བླ་ལྕེ་རྒན་དེས་ཡག་པོ་ཞིག་བྱིན་འདུག”ཟེར།   ངས་དེ་དུས་ད་གཟོད་ཇ་ཤུབས་དེ་མདོག་དམར་པོ་ཞིག་ཡིན་པ་ཤེས།  སྟེང་ན་རི་མོ་དགའ་འཁྱིལ་ཆེན་པོ་ཞིག་དང་རྒྱ་ཡིག་སེར་པོ་མང་པོ་འདུག      

ཅུང་ཙམ་ནས་ཁོས་སླར་ཡང་ཇ་ལ་སྣོམ་ཞིང་ཇ་ཤུབས་ལ་ལྟ་བཞིན“ད་འུ་གཉིས་ཀས་ནུབ་ཇ་ཞིག་འཐུང་རན་ཡང་།  ངས་རྒྱུགས་ཤིག་ལ་གྲ་སྒྲིག་བྱེད་གིན་ཡོད།   ནུབ་ཇ་ལ་རྩམ་པ་ཟོས་ན་ཨེ་ཡོང”ཟེར།  ངས“ཁྱོད་ཀྱིས་རྒྱུགས་ཅི་ལེན།”  ཞེས་དྲིས་པར།   “དགེ་རྒན་གྱི་ཐོབ་ལེན་དུ་འགྲོ་གི་ཡོད”ཟེར།   ངས་གང་དུ་ལེན་དགོས་རེད་དྲིས།   ཁོས“རྒྱ་ནང་ནས་ལེན་དགོས་རེད”ཟེར། ངས་གོ་ལོག་ཡིན་རྒྱུ་རེད་སྙམ་ནས་སླར་ཡང་དྲིས་པར།  ཁོས་རེད།  རྒྱ་ནང་ལ་སོང་ནས་ལེན་དགོས་འདུག་ཟེར། “སེ་འབྲས་དགེ་གསུམ་ནས་རྒྱུགས་བླངས་ཏེ་དགེ་བཤེས་བླངས་ཟིན།  དེའི་ཕན་ལ་ད་དུང་ཐོབ་ཅིག་ཡོད་དམ།  དགེ་རྒན་བྱེད་མི་ཆོག་པའི་དགེ་བཤེས་ཤིག་གང་དུ་ཡོད།  ”ཅེས་བཤད་པར།  ཁོས“ད་ཅང་མ་རེད།   དེའི་སྐོར་ཁྱོས་མི་ཤེས”ཟེར། “ངས་གཞན་མི་ཤེས་མོད། གྲྭ་པ་ཞིག་རྒྱ་ཁོག་སྐམ་པོར་འགྲོ་དགོས་དོན་མེད་པ་ངས་ཤེས།”  ངས་ཡང་བསྐྱར་ཚ་བོའི་སྟེང་གཤིས་ལོག་སྟོན་མགོ་བརྩམས།  འོན་ཀྱང་དེ་མ་ཐག་ཚོར་བས་མཚམས་བཞག་པ་ཡིན།   

ངེད་གཉིས་ཀྱིས་ནུབ་ཇར་རྩམ་པ་བཟས་རྗེས།   ཁོ་སླར་ཡང་ཁོའི་ཚེ་ཕྱེད་ཚར་སའི་དཔེ་ཁང་དུ་འཛུལ་སོང་།  ངས་དམིགས་བརྩེ་མ་འདོན་ཞོར་ཇ་ནག་དཀར་ཡོལ་འགའ་བཏུང་རྗེས།  ནམ་རྒྱུན་ལྟར་གྲྭ་ཤག་གི་ཁྱམས་ནས་ཉལ་མགོ་བརྩམས།

ཉལ་ས་བཟོས་ཚར་རྗེས་ངས་ཉལ་སའི་ནང་ཉལ་ཕྱག་བདུན་མཚལ་བ་དང་།  དེ་ནས་ཉལ་ཐུལ་ཁོག་སྨད་ལ་བཀབ་ཅིང་ཁོག་སྟོད་དགྱེས་ནས་ཁ་ཏོན་བཟླས།  ལན་རེར་གླིང་བར་ནས་གྲྭ་བ་རེ་གཉིས་འགྲོ་ཞོར་ཁ་བརྡ་བྱེད་ཀྱིན་པའི་སྒྲ་ཆད་མ་མཐུད་རེ་ཐོས་འོངས།   སྐབས་དེར་ངས་ཁ་ཏོན་བཟློ་ཞོར་སླར་ཡང་མོ་ཚིག་དེ་ཡིད་ལ་ཤར།  “ཤར་གྱི་རྒྱ་མཚོ་ཆེན་པོ་ཡིས། སྟོད་ཀྱི་ཆུ་བོ་འུབ་ཀྱིས་བསྡུས།།   གཞན་ལ་འགྲོ་བའི་ཆུ་མཐའ་ཡང་།།  རི་མཐའ་བསྐོར་ནས་མཚོ་ལ་འབབ།།

                                  -------དུས་འགྱུར་སྐབས་སུ་ཉེ་དུ་མང་པོ་ཤི་ཞིང་རང་གི་རྐང་པའང་སྔོན་ཐོན་པས་འཐབ་རྩོད་བྱས་ཏེ་བཅགས་པའི་ཆོས་པ་རྒད་པོ་དོན་ལྡན་ལ་གཡུ་ཆུང་གིས་ཁ་བརྡ་བྱས་ཤིང་ཇི་བཞིན་ཟིན་བྲིས་སུ་བཀོད་པ་ལས་དྲངས་པའོ།།

 

                                                                                                                             མདོ་སྨད***དགོན་དུ།  2017.7


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།