གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། “དགེ་རྒན། དགེ་རྒན”

2017-08-25 13:36:22 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

  ང་རང་རྩྭ་ཐང་ཆ་མེད་འདིའི་ཐོག་ཏུ་གན་རྐྱལ་དུ་ཉལ་བསྡད། མཐའ་ཡས་པའི་རྩྭ་ཐང་དང་ནམ་མཁའ་ཡང་ངའི་མིག་ཏུ་མེད་པར་འདྲ་སྟེ། སྣང་བ་ཡ་མཚན་ཞིག་གིས་ངའི་སེམས་པ་ཡོངས་སུ་བཟུང་། སྐབས་དེར་མིང་མི་ཤེས་པའི་འབུ་ཞིག་འཕུར་ཡོང་ནས་ངའི་ཐོད་པར་འབབ་བྱུང་། ཐོད་པར་ཟ་འཕྲུག་རྒྱུག་མ་ཐག་ཐལ་ལྕག་ཅིག་གཞུས་པས་འབུ་དེ་ངའི་བྲང་ཁར་མར་ལྷུང་། ཁོ་རང་ཤི་སོང་བ་མིན་ནམ་སྙམ་བཞིན་ལག་འཐིལ་དུ་བླངས་རྗེས་མ་ཎི་ཐེངས་གསུམ་འདོན་མ་ཐག་འབུ་དེས་གཤོག་པ་རྐྱང་ནས་བདེ་བདེ་སང་སང་ངང་ནམ་མཁའ་རུ་འཕུར་ཐལ། ངས་ད་སོ་མ་ཅི་ཞིག་དྲན་གྱིན་པ་རྗེས་དྲན་བྱས་ཀྱང་ངའི་གཤོག་པ་ནི་ཤོག་བུ་དཀར་པོ་ཞིག་དང་འདྲ་བར་དྲན་རྒྱུ་ཅི་ཡང་མི་འདུག་པ་ན་ད་སོ་མར་ཤི་ཁུལ་བྱེད་པའི་འབུ་དེར“ཁྱོད་རང་མི་རིང་བར་ངོ་མ་ཤི་འགྲོ་བར་སྨོན”ཞེས་སྡིགས་པ་ཡིན།
  འབུ་ཐ་ཤལ་དེས་ངའི་བདེ་བ་དཀྲོགས་ནས་འཕུར་ཤུལ་དུ་སར་ལྷན་ཡོད་པའི་ལུས་ཕྱེད་དེ་གྲང་བཞིན་པ་དང་གནམ་ལ་བསྟན་པའི་ལུས་ཕྱེད་དེ་ཉི་མས་འཚིག་བཞིན་པ་ཚོར། དབྱར་ཚ་བ་ཆེ་དུས་ཁོ་ལོ་ནག་པོའི་ནང་དུ་ཆབ་རོམ་བླུགས་ནས་འཐུང་ན་ཞིམ་པོ་དཔེ་མི་སྲིད་པ་ཞིག་ཡོད་པ་དྲན་པ་དང་ཡར་ལངས་ཏེ་ང་རང་སྡོད་སའི་ཁང་པ་ཆུང་ཆུང་དེའི་ཕྱོགས་སུ་ཕྱིན།
  སྡོད་ཁང་གི་ཕྱོགས་སུ་འགྲོ་བཞིན་འགྲོ་བཞིན་འཕྲུལ་ཆས་ཀྱི་སྒྲ་འུར་འུར་དེ་ཇེ་ཆེར་སོང་། དེ་ནི་ངའི་ཁང་པའི་ཉེ་འགྲམ་དུ་ཐོག་རྩེག་ཅན་གྱི་ཁང་པ་ཞིག་གསར་དུ་བསྐྲུན་བཞིན་པའི་སྒྲ་རེད། སྒྲ་དེ་ནི་རྩྭ་ཐང་འདིའི་རྒྱབ་ལྗོངས་ཀྱི་རོལ་དབྱངས་ཅིག་དང་འདྲ་བར་ངའི་འཚོ་བའི་ཐོག་མཐའ་བར་གསུམ་དུ་འུར་འུར་ཞེས་བར་མེད་དུ་གྲགས་པར་བྱེད། ང་རང་དང་པོ་ས་ཆ་འདིར་ཐོན་སྐབས་སྒྲ་དེ་ལ་སུན་གྱི་ཡོད་ནའང་རིམ་གྱིས་རང་བྱུང་གི་རྒྱུ་བའི་ཆུ་བའི་འབབ་སྒྲ་ལྟར་སྣ་བར་གོམས་སོང་། ཉིན་རྒྱུན་རྩྭ་ཐང་ཕར་ཕར་སོང་ན་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་འགྲོ་ལ་ཚུར་ཚུར་ཡོང་ཚེ་ཇེ་ཆེར་གྱུར།
  ལམ་བར་དུ་སྔོན་ཏག་ཏག་ལ་འབུ་དེས་བརྗེད་དུ་བཅུག་པའི་དྲན་པ་ཡ་མཚན་དེ་དྲན་གསོས་བྱུང་། ཡིན་ཡང་སྔོན་གྱི་ཡ་མཚན་པའི་ཆ་དེ་རྩ་བ་ནས་བོར་ཏེ་བསམ་ཚུལ་ཕལ་བ་ཞིག་ཏུ་འགྱུར་འདུག་པས། འབུ་དེས་དྲན་པའི་སྙིང་བཅུད་བརྐོས་སོང་བསམས།
  ང་རང་སྡོད་སའི་འགྲམ་དུ་ཤིང་ཁང་ཆུང་ཆུང་ཞིག་ཡོད་པ་ནི་རྒད་པོ་ཞིག་གིས་བཏུང་བྱ་དང་བྱི་རིལ་སོགས་ཙག་ཙིག་འཚོང་སའི་ཚོང་ཁང་ཆུང་ཆུང་ཞིག་ཡིན། གྲོགས་པོ་རྣམས་ང་ལ་བལྟ་བར་འོང་དུས་ཤིང་ཁང་དེ་ནི་གསང་སྤྱོད་ལ་འཁྲུལ་ནས་དེའི་ནང་ཡང་ཡང་འཛུལ་འགྲོ་ལ་མཐར་གསང་སྤྱོད་མིན་པ་ཤེས་རྗེས་ཐབས་བྲལ་ཏེ་བཏུང་བྱ་རེ་གཉིས་ཉོས་ནས་མར་ཐོན་འོང་། དེ་རིང་སྒེའུ་ཁུང་ཆུང་ཆུང་དེ་ཕྱེ་འདུག་པས་ང་རང་ནང་དུ་འཛུལ་དགོས་དོན་མི་འདུག ངས“ཨ་རོགས། ཁོ་ལོ་འཚོང་རོགས”ཅེས་འབོད་པ་ན་ཁང་པའི་ཕུག་ནས་སུར་སུར་ཞེས་མི་ཞིག་འགུལ་བའི་སྒྲ་གྲགས་ཀྱང་དུས་ཡུན་རིང་པོ་ཞིག་འགོར་རྗེས་རྒད་པོ་དེ་གཞི་ནས་འཚོང་རྫས་ཡོད་སར་ཐོན་བྱུང་། “ཨ་ཁུ། ཁུ་ལོ་ཤེལ་དམ་གཉིས་འཚོང་རོགས”ངས་འདིས་ལྟར་འབོད་པ་རྒད་པོ་ཨ་རག་འཐུང་མེད་ཀྱང་བཟི་ཡོད་པའི་ལྟ་བུའི་རྣམ་འགྱུར་དང་བཅས“ཁོ་ལོ། ཁོ་ལོ། ཁོ་ལོ་གང་དེ་དགོས”ཅེས་དྲིས། ཁོ་ལའང་ཁག་མི་འདུག རྩྭ་ཐང་འདིའི་ཐོག་གི་འབྲོག་པ་རྣམས་ཀྱིས་བཏུང་བྱ་ཡོད་ཚད་ལ་ཁོ་ལོ་ཞེས་འབོད་བཞིན་འདུག ངས“ནག་པོ་དེ”ཞེས་ཁོ་ལོ་ལ་འཛུབ་མོ་གཏད་པས་ཁོས་ཤེལ་དམ་གཉིས་ང་ལ་སྤྲད་པ་དང“ཏྭ་ཡན་དྲུག་རེད”ཟེར། སྒོར་མོ་བཅུ་ལོ་ཞིག་སྤྲད་པ་ན་ཁོས་འཛུབ་མོས་ཡང་ཡང་རྩིས་རྗེས“ངས་ཁྱོད་ལ་ཏྭ་ཡན་གསུམ་སློག་དགོས་པ་ཨེ་རེད”ཅེས་དྲིས་བྱུང་། “བཞི་སློག་དགོས་རེད”ཟེར་མ་ཐག་སྒོར་མོ་གཅིག་ལོ་རྙིང་པ་བཞི་ཚུར་སྤྲད།

   ངས་ཁང་པའི་ནང་གི་འཁྱག་སྒམ་ཁ་ཕྱེ་བ་དང་དེའི་ནང་དུ་ཉིན་གསུམ་གྱི་སྔོན་དུ་བཅུག་པའི་གཏེར་ཆུ་འཁེངས་རོ་དེ་གྱང་ངོས་སུ་བརྡུངས་ནས་ཞིབ་པོར་བཟོས་རྗེས། གྲིས་ཕྱི་སྐོགས་གཞོག་པ་ན་ཆབ་རོམ་ཞིབ་མོ་དག་ཐོན་བྱུང་བས་དེ་དག་སྡེར་མའི་ནང་དུ་བླུགས།
  ངས་པེ་ཙི་ཞིག་གཙང་མ་བཀྲུས་རྗེས་དེའི་ནང་དུ་ཆབ་རོམ་འཕངས་པ་དང་ཆབ་རོམ་གྱི་ཐོག་ཏུ་ཁོ་ལོ་ལྦུ་བ་སོབ་སོབ་བླུགས། པེ་ཙིའི་ཁ་བརྒྱབ་ནས་སྐར་མ་གཅིག་སོང་ཙམ་ལ་ཁོ་ལོ་ཁམ་གང་འཐུང་པས་ངའི་ལུས་སེམས་གཉིས་ཀ་འུར་རེ་བྱེད། དེ་སྔོན་ང་རང་སློབ་མ་ཡིན་དུས་ཁོ་ལོ་ལ་རྩ་བ་ནས་དགའ་པོ་མེད། ཡིན་ནའང་ང་རང་རྩྭ་ཐང་འདིའི་ཐོག་གི་དགེ་རྒན་ཞིག་ཏུ་འགྱུར་བ་ནས་བཟུང་ང་རང་ཁོ་ལོ་ལ་དཔེ་མི་སྲིད་པ་དགའ་མཁན་ཞིག་ཏུ་གྱུར། སྔོན་མ་དགའ་པོ་ཡོད་པའི་པའེ་ལྦེ་སྦི་རག་དང་ནས་ཆང་གཉིས་ཀའི་བྲོ་བའང་རིམ་གྱིས་ཉམས་སོང་།
  ང་རང་འདུག་སྟེགས་རྒྱབ་སྙེ་མར་བསྙེས་ནས་ཁོ་ལོ་ཁམ་གང་ཁམ་གང་བྱས་ཏེ་འཐུང་པ་ན་ཞིམ་པ་ལ་ཚོད་མི་འདུག སྐབས་དེར་སྒོ་ཐག་ཐག་ཅེས་བརྡུངས་བྱུང་། “ངས་སྒོ་ཡར་འཕུལ”ཞེས་འབོད་པ་ན་སྒོ་སུབ་ནས་ངའི་སློབ་མ་སྣབས་ལུབས་དེས་བལྟས། ངས“ཅི་དགོས”ཅེས་དྲིས་པ་ན“དགེ་རྒན། ང་ལ་འོ་མ་ཞིག་སྟེར་རོགས”ཟེར་བྱུང་། “ཡར་ཤོག འོ་མ་མ་འཐུང་། ཁོ་ལོ་འཐུང་། འོ་མ་འཐུང་ན་ཁོག་པ་ན་རེད”ངས་ཁོ་ལོ་ཤེལ་དམ་གཞན་དེ་ཁོ་ལ་སྤྲད་པ་ན་ཁོས“དགེ་རྒན། ངས་ཁོ་ལོ་མི་འཐུང་། ང་ལ་འོ་མ་སྟེར་རོགས”ཟེར། ངས་ཁང་པ་གཞན་ཞིག་གི་སྒོ་ཕྱེ་ནས་དེའི་ནང་དུ་སོག་པོའི་ཞོ་ཡིན་ཟེར་བའི་འོ་མའི་བཏུང་བྱ་དེ་འདྲ་ཞིག་ཁོ་ལ་སྤྲད། ཁོས་དེ་འཇིབ་བཞིན་ཕྱིན་སོང་། ངས་ཁོ་ལ“དེ་རིང་སློབ་གྲྭ་འོང་མཁན་ཁྱོད་མ་གཏོགས་མེད་པ་ཨེ་རེད”ཅེས་དྲིས་པ་ན“དགེ་རྒན། མེད་རེད”ཟེར་རྗེས་གྱང་ཟུར་ནས་ཡལ་སོང་།
 “མེད་རེད”ཅེས་པ་དེ་ནི་རྩྭ་ཐང་འདིའི་ཐོག་གི་འབྲོག་སྐད་རེད།
  ངའི་སློབ་མ་སྣབས་ལུགས་དེ་ཟ་མ་བཟའ་དུས་མ་གཏོགས་ངའི་འགྲམ་དུ་ཡོང་གི་མ་རེད། དེའི་ཕྱིར་ང་རང་སླར་ཡང་སློབ་མ་མེད་པའི་དགེ་རྒན་ཞིག་ཏུ་གྱུར་སོང་བས་ཁོ་ལོ་འཐུང་དུ་སོང་།
  ངས་འདི་ནས་སློབ་མ་སྣབས་ལུབས་སྣབས་ལུབས་ཅེས་བཤད་པ་འདི་ངས་རང་གི་སློབ་མ་ལ་མཐོང་ཆུང་བྱས་ནས་འབོད་པ་མིན། ཁོ་ནི་ངའི་སློབ་མ་ཡིན་པ་མ་ཟད་གྲོགས་པོ་ཞིག་ཡིན་ཡང་ཟེར་ཆོག ཁོས་ཀྱང་དུས་རྒྱུན་ང་རང་དགེ་རྒན་ཞིག་ཏུ་བརྩིས་ནས་གུས་གུས་ཞུམ་ཞུམ་བྱེད་ཀྱི་མེད། དོན་དག་ཅི་ཡོད་ན། དངོས་པོ་ཅི་ཞིག་དགོས་ན་ང་བཙལ་ནས་ཐད་ཀར་བཤད་སྲིད། ཡིན་ཡང་ཡུན་རིང་ཞིག་ལ་སློབ་ཚན་འཚོགས་མ་ཐུབ་པས་ངས་ཁོའི་མིང་བརྗེད་འདུག ཁོ་ལ་ཁྱད་ཆོས་གཅིག་ཡོད་པ་ནི་སྣབས་ལུབས་ཡིན་པ་དེ་རེད། གཞན་ངས་ཁོའི་ལ་མིང་ཅི་ཞིག་འབོད་དགོས་པ་ཤེས་མ་ཐལ།
  ངའི་སློབ་མ་སྣབས་ལུབས་འདི་ཕྱི་ཚུལ་ལས་ལྡོག་ཏེ་རིག་པ་ཤིན་ཏུ་རྣོ་པོ་ཡོད། གལ་སྲིད་ཁོས་སློབ་ཚན་འཚོགས་དུས་རིག་པ་གཏད་ཡོད་ན་སློབ་མ་གཞན་གྱིས་འབྲི་མི་ཤེས་པའི་ཡི་གེ་དེ་དག་ཁོས་འབྲི་ཀློག་གཉིས་ཀ་ཤེས་པར་འགྱུར་འགྲོ ཡིན་ཡང་ཁོ་རང་སོག་པོའི་འོ་མ་དེ་བཏུང་རྒྱུ་དགའ་བ་མ་ཟད། “བྱ་ཤ བྱ་ཤ”ཟེར་བཞིན་ཚོང་ཁང་ནས་མདོག་དམར་པོ་ཅན་སུར་པན་མང་པོ་ཡོད་པ་ཞིག་ཉོས་ཡོང་ནས་ཚོད་མེད་པར་བཟའ་བཞིན་འདུག ཉིན་ཞིག་སློབ་ཚན་འཚོགས་སྐབས་ངས“བོད་ཡིག་སློབ་དེབ་ཡར་ལེན་ཤོག”ཟེར་དུས་ཁོས་རྙེད་གི་མི་འདུག ངས་ཁོའི་སྒྲོག་རྩེའི་འོག་ཏུ་བལྟས་པ་ན་སྒྲོག་རྩེའི་འོག་ཏུ’བྱ་ཤ’ས་ཁེངས་འདུག སློབ་དེབ་རྙེད་དུས་ངའི་ལག་པ་དང་དཔེ་དེབ་གཉིས་ཀ་སུར་པན་གྱིས་དམར་པོར་བཟོས་འདུག སློབ་ཚན་འཚོགས་དུས་ཁོས་འོ་མ་འཐུང་དགོས་ལ་’བྱ་ཤ’ཡང་ཟ་དགོས་པས་ཁོམ་བཞིན་མེད། ཁོམ་པ་ཅུང་ཙམ་ཡོད་ན‘དགེ་རྒན། ང་སྐྱག་ཁང་དུ་འགྲོ་དགོས’ཅེས་འབོད་ཡོང་།
  ལོ་གཅིག་གི་སྔོན་དུ་ངའང་སློབ་མ་ཞིག་ཡིན། ཁོ་ལོ་ཁམ་གང་འཐུང་རྗེས་ངས་འདི་ལྟར་བསམས། ང་ནམ་ཡང་སློབ་མ་ཡག་པོ་ཞིག་མེད། ལོ་གཅིག་གི་རྗེས་སུ་ང་རང་དགེ་རྒན་ཞིག་ཡིན། དགེ་རྒན་ཡག་པོ་ཞིག་ཡིན་ཞེས་བཤད་ཆོག ངའི་སློབ་མ་རྣམས་སློབ་གྲྭར་ཡོང་དུས་ངས་ཁོ་ཚོ་ལ་བོད་ཡིག་སློབ་ཅི་ཐུབ་བྱེད་ཀྱི་ཡོད་ལ་སློབ་པའི་ཞར་དང་ཞོར་དུ་ངས་ཁོ་ཚོ་ལ་གནད་ལུགས་བཤད་ནས་བྱིས་བློ་ལ་ཁ་དོག་གཞན་ཞིག་བྱུག་ཨེ་ཐུབ་བལྟ་མ་མྱོང་། ཁོ་ཚོ་ནི་ལོ་བདུན་བརྒྱད་ཙམ་གྱི་བྱིས་པ་དག་དག་རེད། གནས་ལུགས་ཀྱིས་ཅི་ཞིག་བྱ་ཨང་། ངའི་སློབ་ཚན་གྱི་སྐབས་ཁོ་ཚོ་སློབ་ཁང་གི་ནང་དུ་ཕར་འགྲོ་ཚུར་འོང་བྱེད་ཆོག་ལ་བཟའ་བྱ་དང་བཏུང་བྱ་སོགས་རང་དབང་གིས་སྤྱོད་ཆོག་ཅིང་། ནམ་ངལ་གསོ་བསམས་ན་དུས་ཚོད་ལ་ལྟ་མི་དགོས་པ་ཁོ་ཚོའི་བསམ་འདུན་ལྟར་ངལ་གསོ་ཆོག ངའི་འོས་འགན་ནི་ཡིག་རྡོག་ཁ་ཤས་ཁོ་ཚོའི་ཀླད་པའི་ནང་དུ་བླུག་རྒྱུ་དེ་མིན་པར་ཁོ་ཚོ་སོ་སོའི་འདུན་པ་ལྟར་འཚོ་རུ་བཅུག་རྒྱུ་དེ་རེད། ཡང་གཅིག་བཤད་ན་ཡི་གེ་ལས་རྩེད་མོ་གཙོ་བ་རེད། ང་ཚོས་ནམ་ཡང་རང་རང་གི་འཚོ་བ་རོལ་སྟངས་ཀྱི་མིག་གིས་བྱིས་པ་ལ་མི་བལྟ་བར་བྱིས་པའི་མིག་གིས་བྱིས་པར་བལྟ་དགོས། ཉིན་ཞིག་སྣབས་ལུབས་ཀྱིས་ང་འཚོལ་ཡོང་སྟེ“དགེ་རྒན། ཁོས་ངའི་བྱ་ཤ་ཁུར་སོང”ཞེས་སློབ་མ་གཞན་ཞིག་འཁྲིད་དེ་སླེབས། ངས་བྱ་ཤ་འཁུར་མཁན་གྱི་སློབ་མ་དེ་ལ“བྱ་ཤ་ཕར་སྤྲད”ཅེས་བཤད་མེད་ལ་སྣབས་ལུབས་ལ“སྐྱོར་ཤོག བྱ་ཤ་ཁོ་ལ་བཟའ་རུ་ཆུགས”ཞེས་ཀྱང་མ་བཤད་པར་གཏང་སྙོམས་སུ་བཞག་པ་ཡིན། ཆུ་ཚོད་གཅིག་གི་རྗེས་སུ་ར་བའི་ནང་ཁོ་གཉིས་མཉམ་དུ་རྩེད་མོ་རྩེ་བཞིན་པ་རིག

  ང་ཚོ་འཛིན་གྲྭའི་ནང་གི་བུ་མོ་ཆུང་ཆུང་ཞིག་ཡོད་པ་དེས་ངས་ཨང་རྩིས་སློབ་དུས་ཀྱང་ཁོས་ཀླད་ཀོར་རྐྱང་རྐྱང་བྲིས་འདུག་ལ་ངས་ཁོ་ལ་ཨང་ཀི་གཅིག་བྲིས་སྟངས་ཅི་ལྟར་བསླབས་ཀྱང་ཁོས་ཀླད་ཀོར་གོར་གོར་ལས་གཞན་འབྲི་བཞིན་མི་འདུག་ལ་བོད་ཡིག་སློབ་ཡོང་དུས་ཀྱང་ཁོས་ཀླད་ཀོར་འབྲི་བཞིན་འདུག རྗེས་སུ་ངས་ཨན་ཡིག་སློབ་སྐབས་མོས་ད་དུང་ཀླད་ཀོར་འབྲི་བཞིན་འདུག་པས་ངས་མོ་ལ“འདི་ཅི་རེད”ཅེས་གཏིང་དྲི་བྱས་པ་ན་མོ་རང་བསྐྲགས་ནས་ལག་པས་ཀླད་ཀོར་རྣམས་བཀབ་ཅི་ཐུབ་བྱས། སྐབས་དེར་མོའི་འདུག་རོགས་བྱིས་པ་པྲ་ཆལ་དེས“དགེ་རྒན། འདི་oརེད”ཟེར་ཡོང་བས་ང་རང་ཡང་དགོད་ཤོར་སོང་། སློབ་ཚན་གྲོལ་དུས་ངས་སྒྲོག་ཙེའི་ཐོག་བཞག་ཡོད་པའི་མོའི་འབྲི་དེབ་ལ་ལྟ་ཡག་གཅིག་བྱས་དུས་མོས་ཨང་ཀི་ཀླད་ཀོར་ཤོག་ལེབ་དྲུག་ཙམ་འབྲི་ཡོད་པ་ལས་གཞན་ཡི་གེ་ཚིག་གཅིག་ཀྱང་བྲིས་མི་འདུག ཡིན་ཡང་ཉིན་རྒྱུན་ངས་འདོན་སྟངས་སློབ་ཡོང་དུས་མོ་རང་གཉིད་ལས་སད་པ་ལྟར་སྐད་ཤུགས་ཡོད་རྒུས་ངས་ཅི་ལྟར་འདོན་པ་བཞིན་དེ་ལྟར་འདོན་འོང་། སློབ་མ་གཞན་རྣམས་ཀྱིས་ཀྱང་མོ་ལ་ལད་མོ་བྱས་ནས་འདོན་ཡོང་དུས་རྩྭ་ཐང་འདིི་ནི་ཡི་གེ་འདོན་པའི་བྲག་ཆས་ཁེངས་པ་ཡིན།
  འབྲོག་པ་ཚོས་ཕྲུ་གུ་སློབ་གྲྭར་མི་གཏོང་བ་དེ་གནད་དོན་ཞིག་རེད། ངས་སླར་ཡང་ཁོ་ལོ་ཁམ་གང་འཐུང་རྗེས་འདི་ལྟར་བསམས། ཀྲུང་ཧྭ་རྟགས་ཅན་གྱི་དུ་སྒམ་ནང་དུ་དུ་རྐང་གཅིག་ལྷག་ཡོད་པ་དེ་ལ་མེ་སྒྲོན། ངས་དུ་རྐང་གི་སྲིན་བལ་དེ་ཁོ་ལོ་ནང་བཅག་ཙམ་བྱས་རྗེས་འཇིབས་པ་ནི་ཞིམ་ཉམས་ཁྱད་པར་བ་ཞིག་འདུག
  ཁོ་ལོ་པེ་ཙེ་གང་དང་དུ་རྐང་གཅིག་དེ་རྫོགས་རྗེས་ཁང་པའི་སྒོ་ཕྱེ་བ་ན་ཕྱི་རོལ་གྱི་འཕྲུལ་ཆས་ཀྱི་སྒྲ་དེ་འུར་འུར་ཞེས་ཆེ་རུ་གྲགས། ར་བའི་ནང་དུ་ཚུན་ཀྲང་རྒྱ་གར་ཞྭ་མོ་གྱོན་མཁན་དེ་ཡར་འགྲོ་མར་འགྲོ་བྱེད་བཞིན་འདུག
  ངས“ཨ་ཁུ། དེ་རིང་སློབ་གྲྭར་ཡོང་མཁན་མི་འདུག ཁ་སང་ཆ་བརྒྱབ་ཨེ་ཡོད”ཅེས་དྲིས་པར“ཆ་བརྒྱབ་ཡོད”ཟེར།
  “དེ་ན་ཆ་བརྒྱབ་ནའང་ཡོང་མཁན་མེད་པ་ཨེ་རེད”
  “མེད་རེད”

  ང་རང་སློབ་ཁང་གི་ཕྱོགས་སུ་སོང་། སློབ་ཁང་ནི་རྒྱ་ཨར་ལས་བྱེད་མཁན་རྣམས་ཀྱིས་ཟ་མ་བཟའ་ས་དང་ཉལ་ས་བྱས་ནས་གང་སར་ཅ་ལག་མང་པོའི་ཁེངས་པར་བྱས་ཟིན་འདུག
  སྔོན་མ་ཡིན་ན་སློབ་ཁང་ནས་ཉིན་མོར་སློབ་ཚན་ཚོགས་ཚར་རྗེས་མཚན་མོར་ཁྱི་འཁྱམ་རྣམས་ཀྱིས་བདག་ཏུ་བྱེད། ད་ནི་རྦད་དེ་གྱུར་འདུག ཉིན་མོར་སློབ་མ་རྣམས་སློབ་གྲྭར་ཡོང་གི་མེད་ཅིང་མཚན་མོར་ཁྱི་འཁྱམ་རྣམས་ཉལ་ས་མེད་པར་ཕྱི་རོལ་དུ་མཚན་གང་ངུས་ནས་མི་རྣམས་གཉིད་དུ་མི་འཇུག
  དེ་སྔོན་ངས་ང་རང་ནི་དགེ་རྒན་བཟང་པོ་ཞིག་ཡིན་ཞེས་བཤད་མྱོང་། ད་ནི་ང་རང་ནི་སློབ་མ་མེད་པའི་དགེ་རྒན་ཞིག་ཏུ་གྱུར། སློབ་མ་མེད་ཚེ་དགེ་རྒན་གྱི་ལེགས་ཉེས་ཀྱི་ངོ་བོ་ཡལ་འགྲོ
  ཉིན་འགའ་ཡི་སྔོན་དུ་ཤང་གི་སློབ་གཙོ་ས་འདིར་ཡོང་དུས“སློབ་གྲྭར་ཡོང་མཁན་མི་འདུག”ཅེས་བཤད་པར“ཆ་རྒྱག་དགོས”ཟེར། ད་ནི་ཆ་བརྒྱབ་ཀྱང་ཡོང་གི་མི་འདུག ངའི་སློབ་མའང་གྲོགས་པོ་སྣབས་ལུབས་དེ་དུས་རྒྱུན་དུ་ཡོང་ཡང་ཞོགས་པར་འོ་མ་དགོས་ཟེར་རྗེས་ཡལ་འགྲོ་ལ་ཉིན་ཕྱེད་ཙམ་ལ་ཟ་མ་བཟས་རྗེས་སླར་ཡང་ཡལ་འགྲོ དེ་ནས་སང་ཉིན་མ་གཏོགས་ཁོ་རང་རིག་ས་མེད།

   གྲུ་བཞི་ནར་མོ་ཅན་གྱི་ཁང་པ་འདི་ནི་ང་དང་ས་ཆ་འདིའི་གཞི་རིམ་ལས་བྱེད་པ་གསུམ་གྱིས་བདག་ཏུ་བྱེད་ཡོད། ངས་མི་གཞན་ལ་ངའི་རོགས་པ་གསུམ་ཞེས་འཆད་ཀྱིན་ཡོད།
  ང་རང་དང་པོ་ས་ཆ་འདིའི་ནང་དུ་ཐོན་དུས་ཁོ་ཚོའི་ནང་གི་གཅིག་གིས“ཁྱོད་ཀྱིས’དཔའ་བོའི་གཟི་བརྗིད’ཅེས་པའི་རོལ་རྩེད་དེ་བརྩེས་ན་དུས་ཚོད་མི་འགྲོ་བའི་སུན་སྣང་ཡོད་མ་རེད”ཅེས་བཤད་ནའང་ང་རང་ཁ་པར་གྱི་རོལ་རྩེད་དག་ལ་ཤིན་ཏུ་སུན་པས་ཁོ་ཚོའི་བསམ་འདུན་བཞིན་རོལ་རྩེད་དེ་རྩེ་མ་ཐུབ། སློབ་མ་མེད་དུས་ང་རང་རྩྭ་ཐང་འདི་འཕྲེད་ཀྱིས་བཅད་ནས་ཐག་རིང་དུ་བསྐྱོད་པར་དགའ། རྩྭ་ཐང་འདིའི་ཐོག་ཏུ་རྫིང་བུ་མང་པོད་ཁེངས་ཤིང་ཚ་བ་ཆེ་དུས་དེ་དག་གི་ནང་དུ་རྐང་ལག་བཀྲུས་ན་སྐྱིད་པོ་འདུག ས་ཆ་འདི་གའི་གྲོགས་པོ་ཞིག་གིས“རྫིང་བུ་དེ་དག་གི་ནང་དུ་རྐང་པ་མ་བཀྲུ་མ་གཏོགས། རྩྭ་ཐང་གི་རི་ཆུ་ཀུན་ཁྱོད་ཀྱི་རྐང་དྲིས་ཁེངས་འགྲོ་ངེས”ཞེས་བཤད་བྱུང་། ངས་ཁོ་ལ“ཁྱོས་དུས་རྒྱུན་ལྷམ་འཕུད་སྐབས་ཨུ་མུ་སུ་ལ་དྲི་མ་བསྣམས་ནས་རྐང་པར་དྲི་ངན་བྲོ་གི་ཡོད་མེད་ལ་བརྟག་གྱི་ཡོད་པ་ལྟར་ངའི་ཨུ་མུ་སུའང་ཁྱོས་ལན་གཅིག་སྣོམ་རོགས་བྱས་ན་ང་རང་རྫིང་ཁར་འགྲོ་དགོས་དོན་མི་འདུག”ཅེས་ཐལ་ཡང་གྲོགས་པོ་ཁ་བདེ་དེས“སུས་ཁྱོད་ཀྱི་ཨུ་མུ་སུ་སྣོམ་ཙམ་བྱས་ན་ཁོ་རང་དྲི་དུག་གིས་དེ་མ་ཉིད་དུ་ཤི་འགྲོ”ཟེར།
  ང་རང་ལས་བྱེད་པ་ཚོ་དང་མཉམ་དུ་རྩྭ་ཐང་དུ་སྤྲོ་གསེང་ལ་འགྲོ་དུས་ཀྱང་དུས་རྒྱུན་བཞིན་ཆང་རག་བར་མེད་དུ་མི་སྤྱོད་པར་དུས་ཚོད་རིང་པོ་ཞིག་ལ་འདི་གའི་སྲོག་ཆགས་དང་ཡུལ་ལྗོངས་ལ་རྒྱུས་ལོན་བྱེད་ཀྱི་ཡོད། ང་ལ་མཚོན་ན་རྒྱུས་ལོན་སླ་བ་ནི་འགྲོ་བ་མི་ཞེས་པའི་སྲོག་ཆགས་དེ་རེད། མིའི་ནང་དུའང་རྩྭ་ཐང་འདིའི་ཐོག་ཏུ་འཚོ་བའི་མི་རྣམས་ནི་སྟབས་བདེ་ཡིན་པས་འདི་གའི་འབྲོག་པ་ཚོ་དང་ཁ་བརྡ་རེ་གཉིས་ཙམ་བྱས་མ་ཐག་རྩྭ་ཐང་འདིའི་ཐོག་གི་མི་རྣམས་ཀྱི་སེམས་ལ་རྒྱུས་ཅུང་ཙམ་ལོན་འགྲོ་གིི ལོ་རེར་ཐེམ་ཐོ་འབྱེ་ཞིབ་བྱེད་པར་འགྲོ་སྐབས། ངས་ཁྱིམ་བདག་གི་མིང“བསྐལ་བཟང་རྒྱ་མཚོ”ཞེས་འབོད་མ་ཐག རྒད་པོ་ཞིག་ཡར་ལངས་ནས“མེད་རེད”ཟེར། ཡང“བློ་གྲོས་བསྟན་པ”ཞེས་འབོད་སྐབས་ལོ་ཆུང་ཞིག་ཡར་ལངས་ནས“ཆུས་ཚར་རེད”ཟེར། ཁོ་ཚོས“མེད་རེད”ཡང་ན“ཆུས་ཚར་རེད”ཅེས་ཟེར་སྐབས་སྐད་གདངས་ནི་ཁྱིམ་བདག་དེ་ས་ཆ་ཅུང་ཐག་རིང་ཞིག་ཏུ་ཕྱིན་སོང་བ་བཞིན་གདངས་ལྷོད་ལྷོད་རེད། དེའི་ཁྲོད་དུ་ཁོང་ཁྲོ་དང་སྐྱོ་བ་སོགས་སེམས་ཁམས་ཀྱི་འགྱུར་བའི་ལྷད་ཅི་ཡང་འདྲེས་མེད་པ་ཚོར། དོན་དངོས་སུ། ཁོ་ཚོས“མེད་རེད”དང“ཆུས་ཚར་རེད”ཟེར་བ་དེ་ཁྱིམ་བདག་སྟེ་རང་ཉིད་ཀྱི་ཨ་མྱེས་སམ་ཕ་མ་གང་ཉིད་ཤི་ཚར་རེད་ཅེས་ཟེར་བཞིན་ཡོད་པ་རེད། ཡིན་ཡང་ང་འདྲ་བ་ཚོས་གྲལ་འགོ་ལ་བསྡད་ནས་འདས་པོ་ཞིག་གི་མིང་འབོད་ཀྱིན་ཡོད་པ་རེད། མི་རིགས་གཞན་པའང་ས་ཆ་གཞན་པ་ལ་འདས་པོའི་མིང་འདི་ལྟར་ཚོགས་སུ་འབོད་ན་སུ་ཡིན་ཡང་མི་བདེ་བ་ཞིག་ཡོང་ངེས་མོད། ཁོ་ཚོ་ལ་ནི་སྣང་དོགས་ཅི་ཡང་མི་འདུག སྣང་ཚུལ་ཕལ་བ་འདིས་ས་ཆ་འདི་ལས་མི་རྣམས་ཀྱི་སེམས་ཁམས་དང་འཚོ་བ་རོལ་སྟངས་སོགས་མངོན་འོང་། ཁོ་ལ་བྲེལ་བ་ཅི་འདྲ་ཞིག་ཡོད་ཀྱང་། སྐད་ཆ་བཤད་སྟངས་ལྷོད་ལྷོད་རེད་ལ་འགྲོ་སྟངས་ཀྱང་ལྷོད་ལྷོད་རེད། ངས་སྣང་ཚུལ་འདི་ལས་བྱེད་པ་གཞན་ཞིག་ལ་བཤད་སྐབས་ཁོས“འདི་ནི་བོད་ཀྱི་འཚོ་བ་རོལ་སྟངས་རེད”ཟེར།
  སྔོན་མ་གྲོགས་པོ་ཞིག་གིས་ང་རང་ནི“སྒྲུང་བཤད་པ་ལ་མཁས་བའི་མི་ཞིག་རེད”ཟེར་མྱོང་། ཡིན་ཡང་ང་རང་ཁོའི་སྐད་ཆ་དེ་ལ་རྩ་བ་ནས་མོས་མཐུན་མ་བྱུང་། ང་རང་སྒྲུང་བཤད་པ་དགའ་པོ་ཡོད་པ་ལས་མཁས་པོ་མེད། ངའི་ཆེས་མཁས་པའི་བྱ་བ་དེ་ནི་མི་ཞེས་པ་དེ་ལ་ཞིབ་ལྟ་བྱ་རྒྱུ་དེ་རེད། ནང་མི་རྣམས་ཀྱིས་བཤད་པ་བལྟས་ན་ང་རང་ཆུང་ཆུང་སྐད་ཆ་བཤད་མི་ཤེས་པའི་དུས་ནས་པང་མཁན་གྱི་མི་གང་དེའི་གདོང་ལ་ཅེར་ཏེ་དུས་ཡུན་རིང་པོ་ཞིག་བསྡད་གི་ཡོད་ཟེར། དེ་ལྟར་ན་མི་ལ་ཞིབ་ལྟ་བྱེད་རྒྱུ་དེ་ངའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡིན་པ་ལས་དགའ་ཕྱོགས་མིན། ང་རང་ཆེན་པོ་ཆགས་དུས་མིའི་གདོང་ལ་བལྟ་བར་ཤིན་ཏུ་འཛེམ་མཁན་ཞིག་ཏུ་གྱུར། དེ་ནི་མི་ཞིག་གི་གདོང་གིས་ཁོའི་གསང་བ་དང་ལེགས་ཉེས་ཡོད་ཚད་ཁུར་ཡོད་པས་རེད། ལྷག་པར་དུ་སློབ་ཆེན་གྱི་སྐབས་ནས་བཟུང་མི་གཞན་གྱི་ངོ་གདོང་མཐོང་མ་ཐག་མི་དེས་ང་ལ་འཛིན་པའི་ལྟ་ཚུལ་མ་བཤད་ཀྱང་གསལ་ལེ་ཤར་ཡོང་བས་ང་རང་ནི་མི་རྣམས་ཀྱི་ཁྲོད་དུ་ཟློས་གར་འཁྲབ་མཁན་ཞིག་ཏུ་གྱུར། གལ་སྲིད་དགེ་རྒན་ཞིག་གིས་ང་རང་ནི་གླེན་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ན་ངས་ཀྱང་ཁོའི་མདུན་དུ་ཤིན་ཏུ་གླེན་པ་ཞིག་ཡིན་ཁུལ་བྱེད་དགོས་ལ། གལ་སྲིད་སློབ་གྲོགས་ཤིག་གིས་ང་རང་ནི་ཀླ་ཀློ་ཞིག་ཏུ་ངོས་འཛིན་བཞིན་ཡོད་ན་ངས་ཀྱང་ཁོའི་མདུན་དུ་ང་རང་ནི་ཀླ་ཀློ་ཞིག་ཡིན་ཁུལ་བྱེད་དགོས། དེ་ལྟར་ངས་རང་ལ་ལྟ་ཚུལ་འཛིན་མཁན་གྱི་མི་རྣམས་ཀྱི་མདུན་དུ་གླེན་གཏམ་དང་སྨྱོ་གཏམ་བཤད་དགོས། དེ་ལྟར་བྱས་ན་ཁོ་ཚོའི་རེ་བ་བཀང་བ་ཡིན་ལ་དེ་ལྟར་མ་བྱས་ན་ང་རང་ངོ་མ་གླེན་པའམ་ཀླ་ཀློའམ། སྨྱོན་པ་ཞིག་ཏུ་འགྱུར་བ་མ་ཡིན་ནམ།
   རྗེས་སུ་ངས་འགྲོ་བ་མི་ནི་མ་གཞི་རྩེད་མོའི་རྒྱུ་ཆ་ཞིག་ཏུ་གོ་བས་ཁོ་ཚོའི་འདུན་དུ་ཟློས་གར་འཁྲབ་པར་སྙིང་བོ་ཅི་ཡང་མེད་པ་ཤེས། དེའི་ཕྱིར་ང་རང་ང་ལ་ལྟ་ཚུལ་འཛིན་མཁན་གྱི་མི་དང་ང་རྒྱལ་ཆེ་བའི་མི། ཉམ་ཆུང་བའི་མི་བཅས་ཀྱི་བར་དུ་རང་དབང་ངང་གནད་ཐུབ་ཀྱིས་ཡོད་པ་མ་ཟད། ང་རང་རྐུ་མ་དང་རྫུན་མཁན། ཁྲམ་པ་བཅས་ལའང་སུན་གྱིན་མེད། དེ་ནས་བཟུང་ང་རང་རང་བྱུང་ཁམས་དང་དེའི་ནང་གི་མིང་མི་ཤེས་པའི་སྲོག་ཆགས་བཅས་ལ་ཞིབ་ལྟ་བྱེད་པར་དགའ་པོ་ཡོད་པ་ཞིག་ཏུ་གྱུར།
  ངས་ས་ཆ་འདི་གའི་འབྲོག་པ་དེ་ཚོར་ཞིབ་ལྟ་བྱེད་མི་དགོས་ཀྱང་འབྲོག་པ་དེ་ཚོ་ནི་ཆུང་དུས་ཀྱི་ང་རང་བཞིན་མི་གཞན་གྱི་གདོང་ལ་ཡུན་རིང་ཞིག་ཧད་རྒྱུ་འདུག་པས་དོགས་མི་བདེ་བ་ཞིག་རེད།
  རྩྭ་ཐང་ཐོག་ཏུ་འཚོ་བའི་ངའི་དྲན་པ་ནི་ནམ་ཡང་རྩྭ་ཐང་ལྟར་རིང་དུ་འཐེན་ཞིང་ང་རང་ནི་རྩྭ་ཐང་དང་འདྲེས་པའི་མི་ཞིག་ཡིན་པ་ཤེས། དེའི་ཕྱིར་རྩྭང་ཐང་འདི་ནས་མར་སོང་ན་སྤྱི་ལེ་བཅུ་ཙམ་ལས་མེད་པའི་ཕ་ཡུལ་ཞེས་པའི་ཞིང་གྲོང་གི་གད་པ་དེ་རུ་ལོག་རྒྱུ་དགའ་བ་མེད་པར་ཞིག་ཏུ་གྱུར། ཁ་སང་ང་རང་རྩྭ་ཐང་ཐོག་ཏུ་འཆམ་འཆམ་དུ་འགྲོ་སྐབས་ཨ་མའི་ཁ་པར་སླེབས་བྱུང་། “ཁྱོད་རང་ཕ་ཡུལ་དང་བྲལ་རྗེས་ཤི་སོང་བ་བཞིན་བརྡ་ཞིག་ཀྱང་མི་འདུག”ཟེར། ངས་ལན་ཅི་ཞིག་བརྒྱབ་དགོས་པ་མི་ཤེས་པའི་སྐབས་སུ་བརྡ་རྟགས་ཀྱང་མེད་པར་གྱུར་སོང་།
  ངས་བྱང་ཐང་དུ་ཡོད་པའི་གྲོགས་པོ་ཞིག་ལ་རྩྭ་ཐང་གི་པར་མང་པོ་བསྐུར་བ་ཡིན། ཁོས“དེ་ནི་རྩྭ་ཐང་མ་རེད། སྤང་ཐང་རེད། རྩྭ་ཐང་ངོ་མ་བྱང་ཐང་གི་ཕྱོགས་སུ་ཡོད་རེད”ཟེར། ངས་ཁོ་ལ“ང་རང་རྩྭ་ཐང་འདིའི་ཐོག་ཏུ་ཆུ་ཚོད་གསུམ་ཙམ་སོང་ཡང་མཐའ་ཞིག་མི་རྙེད་གི”ཟེར་བ་ན་ཁོ་རང་དགོད་ནས་བསྡད་པ་ལས་ལན་གང་ཡང་བཏབ་མ་སོང་། ང་ལ་མཚོན་ན་འདི་ནི་སྤང་ཐང་ཞིག་ག་ལ་ཡིན། ངས་ཟླ་གཉིས་བེད་སྤྱད་ནས་རྩྭ་ཐང་འདིའི་ཐོག་ཏུ་སོང་སོང་ནའང་ད་དུང་ཟུར་མང་པོ་ཞིག་ཚུད་མེད། ཁང་པའི་འོག་གི་གད་པའི་ནང་རྒྱུག་བཞིན་པའི་ཆུ་བོའི་ཕ་རོལ་དུ་རི་བོ་ཞིག་འདུག་ལ་ང་རང་ཚུར་རོལ་གྱི་རྩྭ་ཐང་དུ་འགྲོ་བཞིན་དེའི་ཕྱོགས་སུ་རྒྱང་ལྟ་བྱེད་སྐབས་རི་བོ་དེའི་རྒྱབ་ཀྱི་སྔོ་ལྗང་གི་སྤང་ཐང་ཞིག་སྐབས་རེར་མངོན་ལ་ལན་རེར་ཡལ་འགྲོ ང་རང་ཆུ་བོ་དེ་བརྒལ་ནས་སྤང་ཐང་དེའི་ཐོག་ཏུ་གོམ་པ་སྤོ་བའི་འདུན་པ་འགོག་མེད་དུ་སྐྱེས།
  ད་ལྟ་ཆུ་ཚོད་བཅུ་གཉིས་ལ་ཟ་མ་བཟོས་ཚར་ནའང་ངའི་རོགས་པ་གསུམ་པོ་ད་དུང་མ་ཐོན་པས་ཚལ་མ་གྲང་སྔོན་དུ་རང་ཉིད་ཀྱིས་རྒྱགས་ཚད་ཟོས། སྔོན་མ་ཡིན་ན་ང་རང་ཆུ་ཚོད་དང་པོ་ལ་ཅུང་ཉལ་བཞིན་ཡོད་ཀྱང་ད་ནི་ཁོ་ལོ་མང་པོ་འཐུང་ཟིན་པས་གཉིད་ཁུག་གི་མི་འདུག ཟ་མ་ཟོས་རྗེས་ཕྱི་རོལ་གྱི་ར་བ་ནང་ཕར་འགྲོ་ཚུར་འོང་བྱས་ནས་དུས་ཚོད་གཏོང་བ་ཡིན། སྔོན་ཏག་ཏག་ལ་ངས་ར་བའི་ནང་དུ་སྒང་ལིའི་སྤོ་ལོ་ཞིག་བཞག་ཡོད་མོད་ད་ལྟ་མཐོང་ལམ་དུ་མི་འདུག ངས་ར་བའི་ཟུར་གང་ས་དང་ལྕགས་རིའི་བརྒྱབ་ཏུ་ཡུན་རིང་ཞིག་བཙལ་ཡང་རྙེད་མ་བྱུང་། དུས་རྒྱུན་ལས་ཀ་མེད་ལ་རྩྭ་ཐང་དུ་འཆམ་འཆམ་ཡང་འགྲོ་མི་བསམ་དུས་དྲ་ཐོག་གི་NBAསྐར་ཆེན་གྱིས་སྤོ་ལོ་བརྒྱབ་ཚུལ་ལ་སློབ་སྦྱོང་བྱས་ཏེ་ར་བའི་ནང་དུ་སྤོ་ལོ་རྩེད་ཀྱིན་ཡོད། ཡིན་ཡང་དེ་རིང་ངའི་སྤོ་ལོ་སྙིང་ལ་རྗེ་མོ་དེ་མཐོང་ལམ་དུ་མི་འདུག ངའི་སློབ་མ་རྣམས་ནི་སྤོ་ལོ་ལས་ཆུང་བས་ཁོ་ཚོས་འཁུར་མི་སྲིད། དུས་རྒྱུན་ངས་ཁོ་ཚོ་ལ་སྤོ་ལོ་རྩེད་དུ་བཅུག་ཀྱང་ཡིག་འབྲུ་ནག་པོ་དག་ལས་ཀྱང་སྤོ་ལོ་དེ་ལ་སུན་གྱིན་འདུག ར་བ་འདིའི་ནང་སྤོ་ལོ་རྒྱག་མཁན་ནི་ང་ལས་གཞན་ཁྱི་འཁྱམ་སྐོར་ཞིག་ལས་མེད། ཉིན་རྒྱུན་ངས་སྤོ་ལོ་དེ་ར་བའི་ནང་འདི་ལྟར་སྐྱོར་བཞག་དུས་ཁྱི་འཁྱམ་ཚོས་སྒང་ལིའི་སྤོ་ལོ་དེ་རྐང་རྩེད་སྤོ་ལོའི་བྱས་ནས་རྒྱག་བཞིན་འདུག ད་ཆ་ཁོ་ཚོའང་སྤོ་ལོ་རྒྱག་ཚུལ་ལ་མཁས་པས་ངའི་མི་མཐོང་བའི་ཟུར་གཞན་ཞིག་ཏུ་འདེད་པ་ཡིན་ངེས། ད་ནི་ང་ལ་དབང་བའི་སྤོ་ལོ་དེའང་མེད་སོང་བས་སང་ཉིན་ནས་བཟུང་ལུས་པོ་ཅི་འདྲ་བྱས་ནས་འགུལ་དགོས་སམ། སང་ཉིན་གྱི་ང་རང་ནི་རྒས་ཡོལ་བྱས་ཟིན་པའི་ལས་བྱེད་པ་རྒད་པོ་ཞིག་ལྟར་ཚགས་པར་བལྟས་ནས་བསྡད་དགོས་སམ། ཟླ་གཉིས་ཀྱི་སྔོན་དུ་ང་རང་རྫོང་ཁར་ཡོད་དུས་ཞོགས་པ་ཆུ་ཚོད་བདུན་ལ་མལ་ལས་ལངས་ནས་རྒྱུག་ཤར་ཆུ་ཚོད་གཅིག་ཙམ་གློད་རྗེས་ཟ་མ་ཟོས་ཏེ་ལས་ཀར་འགྲོ་བ་གོམས་ཡོད། ཞོགས་པར་རྒྱུག་ཤར་གློད་པའི་ཉིན་དེར་ལུས་པོ་དང་སེམས་པ། སྣང་བ་ཡོད་ཚད་སྐྱིད་པོ་ཞེ་དྲག་འདུག་ལ་ཟླ་གཅིག་གི་རྗེས་སུ་མ་བསམ་ས་ནས་ངའང་ཆང་རག་ལ་མི་དགའ་བ་ཞིག་ཏུ་གྱུར། ངས“ཞོགས་པ་སྔ་པོ་ལངས་ནས་རྒྱུག་པ་གློད་པ་དེ་ལུས་སེམས་གསོ་བའི་སྨན་མཆོག་རེད”ཅེས་གྲོགས་པོ་ཞིག་ལ་བཤད་པ་ན་གློག་ཤར་གློད་རྒྱུ་མི་དགའ་བའི་ཁོས་ཆོ་བ་ཟོས་པ་ལྟ་བུའི་རྣམ་འགྱུར་སྐྱུར་པོ་ཞིག་བསྟན་བྱུང་།
  ང་རང་རྩྭ་ཐང་འདིའི་ཐོག་ཏུ་སླེབས་མ་ཐག་སྔོན་མ་བཞིན་ཞོགས་པ་སྔ་མོར་ལངས་ནས་རྩྭ་ཐང་ཐོག་རྒྱག་ཤར་གློད་པ་ཡིན། དངོས་སུ་རྒྱུག་ཤར་གློད་དུས་རྩྭ་ཐང་ནི་རྒྱུག་ཤར་གློད་ས་ཡག་པོ་ཞིག་མེད་པ་ཤེས་བྱུང་། གཅིག་ནས་རྒྱུག་ཤར་གློད་ཚར་རྗེས་ངའི་ལྷམ་གཉིས་པོ་འདམ་པས་ཁེམས་འདུག་ལ་གཉིས་ནས་འབྲོག་པ་ཚོས་མཚར་སྣང་དང་བཅས་ང་ལ་ལྟད་མོ་ལྟ་བཞིན་འདུག རྩྭ་ཐང་ནི་ཅི་འདྲའི་རྒྱ་ཆེ་ནའང་རང་དབང་གིས་རྒྱུག་ཆོག་པ་ཞིག་མིན་པ་ཤེས། དེ་ནས་བཟུང་རྒྱུག་ཤར་གློད་པའི་གོམས་གཤིས་དེའང་ཆད་ཅིང་ཐ་མག་དང་ཆང་རག་ཀྱང་འཐུང་འགོ་རྩོམ།
  ད་ནི་ངའི་ལུས་པོ་སྦྱོང་བྱེད་ཉག་གཅིག་སྟེ། སྤོ་ལོ་སྙིང་ལ་རྗེ་མོ་དེའང་བོར་སོང་བས་སང་ཉིད་ནས་བཟུང་ང་རང་ནི་རྩྭ་ཐང་འདིའི་ནད་པ་ཞིག་ཏུ་འགྱུར་བ་མ་ཡིན་ནམ་སྙམ་སྐབས་ངའི་སློབ་མ་སྣ་ལུབས་དེས“དགེ་རྒན། དགེ་རྒན”ཟེར་བཞིན་ངའི་ཕྱོགས་སུ་སླེབས་བྱུང་། དགེ་རྒན་ཞེས་པའི་མིང་དེ་ཐོས་མ་ཐག་ང་རང་དགེ་རྒན་ཞིག་ཡིན་པ་གཞི་ནས་ཚོར། ངས་ཁོ་ལ་སོག་པོའི་འོ་མ་དང་འབྲས། ཚལ་བཅས་སྟེར་རྗེས་ཕྱི་རོལ་དུ་བཟའ་བཅུག
  ཁོས་ཟོས་ཚར་བ་ཡིན་ནམ་ལྷག་མ་རྣམས་གཏོར་བ་ཡིན། དུས་རྒྱུན་བཞིན“འགྲང་སོང”ཟེར་བཞིན་དཀར་ཡོལ་སྟོང་པ་དེ་ཡར་བསྐྱལ་ཡོང་། དེ་རྗེས་ཁོས་ངའི་ཁང་པའི་ནང་གི་ཅ་ཅག་ཡོད་ཚད་ལ་མཚར་སྣང་དང་བཅས་ལག་པ་རེག་རྗེས་སྒོ་བུད་འགྲོ སྒོ་བུད་ཁར“ངའི་སྤོ་ལོ་དེ་ཁྱིས་འདེད་སོང་བ་འདྲ། ཁྱོས་རིག་ན་ཚུར་ཁུར་ཤོག”ཅེས་བཤས་པར“དགེ་རྒན། སེམས་ནད་དགོས་མ་རེད། ཁྱི་དེ་ཚོས་སྤོ་ལོ་ཆེན་པོ་དེ་འདྲ། ཐག་རིང་དུ་འདེད་མི་ཐུབ། ངས་བཙལ་ནས་ཁུར་ཡོང”ཟེར་རྗེས་བུད་ཐལ།
  ངས་ཡུན་རིང་ཞིག་ལ་བསྒུགས་ཀྱང་ངའི་རོགས་པ་གསུམ་པོ་ཐོན་པ་ལས་ཁོས་སྤོ་ལོ་ཁུར་ནས་ང་སར་ཐོན་མ་བྱུང་། ངས་རོགས་པ་གསུམ་ལ“ཟ་མ་བཟོས་ཡོད”ཟེར་དུས། སུ་ཡིན་མི་ཤེས་གཅིག་གིས“ཤང་ནང་ཟོས་ནས་ཡོང་བ་ཡིན”ཟེར། དེ་ནས་ཁོ་ཚོ་གསུམ་པོས་མ་གྲོས་གཅིག་མཐུན་གྱིས་དཔལ་བོའི་གཟི་བརྗིད་ཅེས་པའི་རོལ་རྩེད་དེ་རྩེ་བྱུང་། ཁོ་ཚོ་ལ་ལས་ཀ་མེད་ཚེ་ཉིན་གང་རོལ་རྩེད་དེ་ལ་མགོ་འཁོར་ནས་སྡོད་ཀྱིན་ཡོད་མོད། དུས་རྒྱུན་རྩྭ་ཐང་ཐོག་ཏུ་འཇའ་འདྲ་ཤར་ཡོང་ན་གཉིད་ལས་སད་པ་ལྟར་རྩྭ་ཐང་ཐོག་ཏུ་རྒྱུགས་ཏེ་པར་བརྒྱབ་སྲིད། ཁོ་ཚོ་ཁ་པར་ལ་མགོ་འཁོར་ནས་འཇའ་ཤར་བའང་མཐོང་གི་མེད་པས་ངས“འཇའ་ཤར་བྱུང”ཞེས་ཆ་བརྒྱབ་དགོས། འཇའ་པར་དུ་བླངས་ཅིང་པར་མཛེས་པོ་དག་སྐད་འཕྲིན་ནང་གི་གྲོགས་པོ་གྲོགས་མོར་བསྐུར་རྗེས་སླར་ཡང་རོལ་རྩེད་རྩེ་འགོ་རྩོམ། ཟླ་བ་བདུན་པ་ཤར་བ་ནས་བཟུང་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་རྩྭ་ཐང་ཐོག་ཏུ་ནམ་ཡང་འཇའ་དྭངས་པོ་ཞིག་འཐེན་ཡོད་པས་ད་ལྟ་ཁོ་ཚོ་རྩྭ་ཐང་དུ་རྒྱུགས་ཏེ་འཇའ་པར་དུ་ལེན་བཞིན་མི་འདུག ང་ནི་སྲིད་པ་རྒད་པོ་ཞིག་ལྟར་སྒེའུ་ཁུང་ནས་ཉེ་སར་འཐེན་ཡོད་པའི་འཇའ་ལ་ལྟ་བཞིན་ཁོ་ཚོ་ལ“སང་ཉིན་ཆར་བ་འབབ་རྒྱུ་རེད”དང“སང་ཉིན་གནམ་དྭངས་རྒྱུ་རེད”ཅེེས་བཤད། ཡིན་ཡང་སང་ཉིན་གྱི་གནམ་གཤིས་ནི་ངའི་རྟག་དཔྱད་ཀྱི་འབྲས་བུ་དང་ལྡོག་ཕྱོགས་སུ་འགྱུར་འགྲོ་གི་འདུག་པས་ངས་འཇའ་ཚོན་ལ་ལྟ་བཞིན“སང་ཉིན་ཆར་བ་འབབ་རྒྱུ་རེད”ཟེར་དུས་ཁོ་གསུམ་པོས“སང་ཉིན་གནམ་དྭངས་རྒྱུ་རེད”ཅེས་བཤད་ནས་དགོད་ངེས།   སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན་འཇའ་ལ་དགའ་པོ་ཡོད་མོད། ང་རང་ནི་འཇའ་ཚོན་རང་གི་མིག་མདུན་དུ་འཐེན་ཡོང་ནའང་སྣང་བ་ཅི་ཡང་མི་འདུག ངའི་རོགས་པ་གསུམ་འཇའ་ཚོན་མཐོང་མ་ཐག་ཕྱི་རོལ་དུ་བརྒྱུགས་ནའང་ང་རང་སྔ་བཞིན་ཟ་མ་བཟའ་བའང་གློག་བརྙན་ལ་བལྟས་ནས་སྡོད་ཀྱིན་ཡོད། ཡིན་ཡང་གཟའ་འཁོར་འདིར་ང་རང་རྩྭ་ཐང་འདིའི་ཐོག་གི་དགོན་པའི་ནང་འཆམ་འཆམ་དུ་འགྲོ་དུས་བླ་མ་ཞིག་གིས་ང་ལ་འཇའ་ཚོན་གྱི་སྐོར་གྱི་ཆོས་ཞིག་གསུངས་བྱུང་། ཁོང་གིས་ཆོས་དེ་གསུངས་སྐབས་ཏག་ཏག་འཇའ་ཚོན་ཞིག་དགོན་པའི་ཉེ་འགྲམ་གྱི་རྩྭ་ཐང་ཐོག་ཏུ་ཤར་ནས་ཡལ་མ་ཐག་ཡིན། ཁོང་གིས“གལ་སྲིད་ཁྱོད་ཀྱིས་འཇའ་ཚོན་གྱི་རང་བཞིན་སྟོང་པར་ཤེས་ནས་དེ་ལ་ཁ་ཡ་མི་བྱེད་པ་དེའང་འཇའ་ཚོན་སྟོང་པ་ཡིན་བཞིན་དུ་འཛིན་པའི་བྱ་བ་རྩོམ་པ་བཞིན་ནོར་བ་ཡིན། གང་ཡིན་ཟེར་ན་འཇའ་ཚོན་གྱི་ཚོན་དང་གཟུགས་དབྱིབས་སོགས་མངོན་སུམ་དུ་ནམ་མཁའ་རུ་བཀྲ་ཡོད་པ་རེད། དེའི་མཛེས་སྡུག་མ་མྱོང་བ་ཡིན་ན་ཁྱོད་རང་གི་གྱོང་གུད་རེད། དེ་བཞིན་་་་་”ངས་ཁོང་གིས་གསུངས་བཞིན་པ་དེ་དོན་ཡིན་ཨང་སྙམ་བཞིན་ཉན་ཚར་བ་དང་ཡིན་རྒྱུ་ནི་དཔེ་ཞིག་ཡིན་པ་ཤེས། དོན་ནི་འཁོར་བའི་བྱ་བ་ཡོད་དོ་བཞག་སོང་།

 དེ་རིང་ངས་སྒེའུ་ཁུང་ནས་རྩྭ་ཐང་ཐོག་ཏུ་ཅི་ལྟར་བལྟས་ཀྱང་དུས་རྒྱུན་བཞིན་འཇའ་ཚོན་ཤར་མ་བྱུང་བས་ངས་གློག་ཀླད་ཀྱི་ཁ་ཕྱེ་ནས《ཁྱི་གྲོང》ཞེས་པའི་གློག་བརྙན་རིང་པོ་ཞིག་ལ་བལྟས་ནས་བསྡད་པ་ན་ཁོ་ལོ་བཏུང་རྒྱུའང་རེ་ཞིག་བརྗེད། བར་སྐབས་ཤིག་ལ་ཁོ་ཚོ་གསུམ་གྱི་ནང་གི་སུ་ཡིན་མི་གཅིག་གིས་ཁ་པར་སྒྲོག་ཙེ་ཐོག་བཞག་པའི་ཐག་སྒྲ་མ་ཡལ་གོང་གཞན་གཉིས་པོ་ཧ་ཧ་དགོད་པ་ཚོར། ངས་ཁོ་ཚོ་གསུམ་ལ་མ་བལྟ་ནའང་ཁ་པར་སྒྲོག་ཙེ་ཐོག་འཇོག་མཁན་དེ་ཕམ་པ་དང་དགོད་མཁན་གཉིས་པོ་གང་རུང་ཞིག་རྒྱལ་སོང་བ་ཤེས་ཡོད། ཡིན་ཡང་ཁོ་ཚོ་རོལ་རྩེད་བརྩིས་ཚར་བའི་འུ་སྒྲས་ཟློས་གར་རམ་སྒྲུང་གཏམ་དང་འདྲ་བའི་གློག་བརྙན་དེ་ལ་སྦྲེལ་བའི་ངའི་སྣང་བ་དཀྲོགས།
  ངའི་སྣང་བ་གློག་བརྙན་ནས་ཕྱི་རོལ་གྱི་མངོན་སུམ་གྱི་ཡུལ་དུ་དྲངས་དུས་རང་ཉིད་ཀྱི་མིག་ཀྱང་ན་བཞིན་པ་ཚོར་བས་གློག་ཀླད་ཀྱི་ཁ་བརྒྱབ་པ་ན་ཁོ་ཚོ་གསུམ་པོའི་ནང་གི་ཐ་མག་འཐེན་ཤེས་པ་དེས“ཐ་མག་ཨེ་ཡོད”ཟེར་བཞིན་ལག་རིང་ཚུར་བསྲེངས། ངས་པར་ཁུག་ཡོད་ཚད་བསློགས་ཀྱང་མེ་ཆ་ལས་ཐ་མག་རྙེད་རྒྱུ་མི་འདུག
  “ང་ཐ་མག་ཉོ་འགྲོ”
  “ངའང་འགྲོ་རྒྱུ་ཡིན”ང་རང་ཕྱི་རོལ་དུ་འགྲོ་སྙིང་འདོད་པས་ཁོ་དང་མཉམ་དུ་ཕྱིན།
  ང་ཚོའི་ཁང་པའི་འགྲམ་གྱི་ཚོང་ཁང་དུ་ཀྲུང་ཧྭ་རྟགས་ཅན་གྱི་ཐ་མག་འཚོང་རྒྱུ་མེད་པས་དུས་རྒྱུན་ཐ་མག་ཉོ་དགོས་ཚེ་འདི་ནས་ལེ་བར་གསུམ་ཙམ་ཡོད་པའི་ཚོང་ཁང་ཞིག་ཏུ་འགྲོ་དགོས། ང་རང་ཁོའི་མོ་ཊ་ནང་བསྡད་ནས་ཕྱི་རོལ་དུ་ཐོན་མ་ཐག་ཉི་མ་འཆར་བཞིན་ཆར་བ་ཟམ་ཟིམ་འབབ་པའི་རྩྭ་ཐང་གི་མཛེས་ལྗོངས་དེ་མིག་ལམ་དུ་མངོན་ཡོང་བ་དང་གློག་བརྙན་གྱིས་མག་མོག་ཏུ་བཟོས་པའི་ངའི་མིག་ཤེས་ཀྱང་གསལ་བར་གྱུར།
   མོ་ཊ་ནི་རྩྭང་ཐང་འཕྲད་ཀྱིས་བཅད་པའི་སྣུམ་ནག་གཞུང་ལམ་ཐོག་ཏུ་འགྲོ་བཞིན་ཡོད། ལམ་ནི་ཤིན་ཏུ་བདེ་ནའང་མོ་ཊའི་ནང་གཏོང་བའི་ཨ་རིའི་གླུ་རྒྱུན་དེས་མོ་ཊ་སིག་སིག་འདར་བ་ལྟར་བྱས། ངས་ཨིན་ཡིག་ཡག་པོ་མི་ཤེས་པས“སྨྱོ་སྤྱོད་་་་་སྨྱོ་སྤྱོད”ཅེས་པའི་གླུ་ཚིག་དེ་གཉིས་ལས་དེ་མིན་ཅི་ཡང་མི་གོ
  “སང་ཉིན་སློབ་མ་རྣམས་སློབ་གྲྭར་འོང་ན་ཁྱོས་ཅི་ཞིག་ཁྲིད་བསམ་གི”ངའི་རོགས་པས་རླངས་འཁོར་ནང་གི་ང་རོའི་གླུ་དབྱངས་ཁྲོད་དུ་ང་ལ་འདི་ལྟར་དྲིས།
  “ངས་ཁོ་ཚོ་རྩྭ་ཐང་དུ་ཁྲིད་ནས་གཏམ་རྒྱུད་ཅིག་འཆད་རྒྱུ་ལུས་ཡོད”ཅེས་འཆད་སྐབས་ངེད་གཉིས་འུ་སྒྲའི་ཁེངས་པའི་འཇིག་རྟེན་ཞིག་ཏུ་ཐོན་སོང་། མདུན་ཕྱོགས་སུ་ཅི་བྱུང་བ་ཡིན་ནམ་སྙམ་བཞིན་ལྟ་སྐབས་ས་རྐོ་འཕྲུལ་ཆས་ཉི་ཤུ་ལྷག་ཙམ་དུ་བ་སྔོ་ཐོལ་ཐོལ་གྱིས་རྩྭ་ཐང་སློག་བཞིན་འདུག ངེད་གཉིས་བརྒྱུད་བཞིན་པའི་སྔོ་ལྗང་ལྗང་གི་རྩྭ་ཐང་དེ་གློ་བུར་འདམ་པའི་ཁེངས་པའི་འཇིག་རྟེན་ཞིག་ཏུ་གྱུར།
  ངེད་གཉིས་མིག་མདུན་གྱི་ཡུལ་ལྗོངས་ལ་ཧད་ནས་བསྡད་སྐབས་འབྲོག་པ་ཞིག་དོན་དག་ཅི་ཞིག་ཡོད་པ་བཞིན་འདམ་པའི་ཞིང་ཁམས་ལ་ཁ་གཏད་ནས་འགྲོ་བཞིན་པ་མཐོང་།
  “ཨ་ཁུ། འདི་ན་གནམ་གྲུ་ཐང་ཞིག་བཟོས་བསམ་པ་ཨེ་རེད”
  “གནམ་གྲུ་ཐང་ཞིག་ཅི་ལ་བཟོས། འདི་ཚལ་ཞིང་བཟོ་བཞིན་པ་རེད”
  “མཁའ་མཐོ་སར་ཚལ་ཞིག་སྐྱེས་ཨེ་ཐུབ་ན”
  “ཚལ་སྐྱེས་ཐུབ་ནི་མ་རེད། ནས་བཏབ་ན་ལོས་སྐྱེས”
  ཁོས་ང་ལ་ལན་འདི་ལྟར་བཏབ་རྗེས་འདམ་པའི་ཕྱོགས་སུ་ཕྱིན་སོང་། སྐབས་དེར་ས་རྐོ་འཕྲུལ་ཆས་གཏོང་བཞིན་པའི་མི་ཞིག་གིས་འཕྲུལ་ཆས་ཀྱི་སྒེའུ་ཁུང་ནས་ཁོ་རང་འབོད་དེ་ཅི་ཞིག་ཨེ་ཡོད་ཅེས་དྲིས། ཁོས“མེད་རེད། མེད་རེད”ཅེས་འབོད་སོང་།
  ངེད་གཉིས་འདམ་པའི་འཇིག་རྟེན་འདི་བརྒྱུད་ནས་འགྲོ་སྐབས་ཁྲག་དམར་ཁོལ་བར་བྱེད་པའི་ཨ་རིའི་གླུ་རྒྱུན་དེ་ཁད་ཀྱིས་ཆད་སོང་ལ་འཕྲུལ་ཆས་ཀྱི་འུ་སྒྲ་དེ་རྩྭ་ཐང་དང་འདམ་པའི་ཞིང་ཁམས། མོ་ཊ་བཅས་ཀྱི་རྒྱབ་ལྗོངས་རོལ་དབྱངས་ཉག་གཅིག་དེར་གྱུར། ངས་ང་རང་དགའ་པོ་ཡོད་པའི་རྩྭ་ཐང་འདིའང་ཕ་ཡུལ་གྱི་ཞིང་གྲོང་བཞིན་གད་པ་ཞིག་ཏུ་གྱུར་མི་འགྲོའང་སྙམ།
   འདམ་པ་བརྒལ་རྗེས་ལྷག་ཡོད་པའི་རྩྭ་ཐང་གི་ཟུར་ནས་ཅུང་ཙམ་འགྲོ་ཚེ་ཚོང་ཁང་གི་འགྲམ་དུ་སླེབས། ཐ་མག་བག་ཆ་གཉིས་ཉོས་རྗེས་མོ་ཊ་ལ་བརྒྱབ་བསྙེས་ནས་ཆད་ལྷག་ཤོར་བའི་རྩྭ་ཐང་འདི་ལ་རྒྱང་ལྟ་ཞིག་བྱེད་དུས་འཕྲུལ་ཆས་ཀྱི་འུ་སྒྲ་ཆེ་སའི་ནམ་མཁའ་ནས་འཇའ་ཚོན་སྦོམ་པོ་ཞིག་རྐ་བ་བཞིན་ཐད་ཀར་རྩྭ་ཐང་དུ་འཐེན་ཡོད་པ་མཐོང་། སྔོན་མ་གཞུ་གཟུགས་ཀྱི་འཇའ་ཚོན་མང་པོ་ཞིག་མཐོང་མྱོང་ནའང་རྐ་བ་བཞིན་གྱི་འཇའ་ཚོན་འདི་འདྲ་རིག་མ་མྱོང་བས་ང་རང་ཧ་ལས་ནས་རོགས་པར་ཆ་ཞིག་རྒྱག་དགོས་བསམ་སྐབས། ངའི་རོགས་པས་ངས་མ་མཐོང་སྔོན་ནས་འཇའ་ཚོན་དེ་མཐོང་ཡོད་པ་འདྲ་སྟེ། ཁོའང་འཇའ་ཚོན་དེ་ལ་ཧད་འདུག་ཅིང་ལག་ནང་གི་དུ་རྐང་དེ་ཐལ་བར་གྱུར་ཏེ་རླུང་གིས་འཁུར་བཞིན་མཆིས་སོ།།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།