གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞོན་ནུ་མ་ཞིག་གི་འཕྲིན་ཡིག

2017-10-01 16:02:52 འཁྱམ་རུ་གནམ་ལྷ་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།


“ང་རང་ཁྱོད་ལ་ཡིད་ཆེས་ན་ཆོག་གམ།

གཞོན་ནུ་མ་དེ་དང་ངེད་གཉིས་དགའ་རོགས་མ་སྒྲིག་པའི་སྔོན་ཏག་ཏག་ལ།  ཁོ་མོས་ཧ་ཅང་གཟབ་ནན་གྱི་སྒོ་ནས་ང་ལ་དྲི་བ་དེ་དྲིས་བྱུང་།  ཕྱིས་སུ་ངེད་གཉིས་དགའ་རོགས་བསྒྲིགས་ཏེ་དུས་ཚོད་རིང་ཙམ་འགོར་རྗེས།  གཞོན་ནུ་མ་དེས་ཡང་བསྐྱར་ང་ལ་དྲི་བ་དེ་དྲིས་བྱུང་།  ངས་དང་ཐོག་མོས་ང་ལ་དྲི་བ་དེ་ཅིའི་ཕྱིར་ཡང་དང་བསྐྱར་དུ་འདྲི་དགོས་པ་ཡེ་ནས་ཧ་གོ་མ་སོང་།   འོན་ཀྱང་།   དེའི་ཕྱིས་ཀྱི་མཚན་མོ་ཞིག་ལ།  ངེད་གཉིས་སློབ་གྲྭའི་ཉེ་འགྲམ་གྱི་མིང་ལ“གཞོན་ནུའི་གུང་གསེང”ཞེས་པའི་མགྲོན་ཁང་དུ་ཞག་འདུག་བྱས་རྗེས།    ངས་ཁོ་མོའི་དྲི་བ་དེའི་མཐིལ་དོན་ཡོངས་སུ་རྟོགས་སོང་།

གཞོན་ནུ་མ་དེ་ནི་ཡག་མོ་སྒོ་འཛམ་གླིང་ཉི་མ།  གཟུགས་སྐྱེས་ལུས་ཚིགས་དྲུག་སྨྱུག་མ།  གཤིས་རྒྱུད་པ་བལ་དཀར་ཁ་ཆུ།  སེམས་བསམ་པ་གངས་དཀར་ལྷུན་པོ་ལྟ་བུའི་མཛེས་མ་ཞིག་ཡིན་ལ།  གལ་ཏེ་ང་རང་འཕྱུག་མེད་ན།  མོ་ནི་གཡོ་སྒྱུ་དང་ཚུལ་འཆོས་སོགས་ཀྱི་དྲི་མ་མ་གོས་པའི་བུ་མོ་ཞིག་ཀྱང་ཡིན་པར་འདུག     དེའི་ཁར།   ངས་ཁོ་མོ་ལ་ཁྱོད་ཀྱིས་ཡར་སྔོན་དགའ་རོགས་སྒྲིག་མྱོང་ངམ་ཞེས་འདྲི་དུས།  གཞོན་ནུ་མ་དེས་ཧ་ཅང་ནན་ཏན་གྱི་སྒོ་ནས་ང་ལ“ངས་ཡར་སྔོན་དགའ་རོགས་གཅིག་ཀྱང་སྒྲིག་མ་མྱོང”ཞེས་ངག་འཇམ་པས་ལན་བཏབ་བྱུང་།  ཁོ་མོས་ང་ལ་འདི་ལྟར་ལན་འདེབས་དུས་ཀྱི་མིག་ཟུང་དེ་ལ་ལྟ་དུས།  ང་རང་རང་བཞིན་གྱིས་ཡིད་ཆེས་པར་བཏང་སོང་ལ།   དེ་ལ་དངོས་གནས་ཐབས་བཀོད་གང་ཡང་མི་འདུག   དྲི་བ་འདི་ནི་ངེད་གཉིས་དགའ་རོགས་བསྒྲིགས་ཏེ་གཟའ་འཁོར་ཁ་ཤས་འགོར་བའི་རྗེས་སུ་ངས་ད་གཟོད་ཁོ་མོར་དྲིས་པ་ཡིན།   ཁོ་མོས་ང་ལ་དགའ་རོགས་གཅིག་ཀྱང་སྒྲིག་མ་མྱོང་ཞེས་ལན་བཏབ་རྗེས།  ངའི་སེམས་ལ་གཞོན་ནུ་མ་དེ་ནི་ལས་དབང་གིས་ང་ལ་བགོ་སྐལ་དུ་གནང་བའི་ཆེས་དྭངས་གཙང་བསླད་མེད་ཀྱི་ལེགས་སྐྱེས་དེ་མིན་ནམ་སྙམ།    དེའི་རྗེས་སུ་ང་ཁོ་མོ་ལ་ལྷག་ཏུ་དགའ་ཞིང་ཁོ་མོ་ལ་ལྡབ་ཀྱིས་དུངས།   གལ་སྲིད་གཞོན་ནུ་མ་དེས་ཡར་སྔོན་དགའ་རོགས་བསྒྲིགས་མྱོང་བ་མ་ཟད།  དགའ་རོགས་དང་ལྷན་དུ་ཉལ་བོ་ཡང་བྱས་ཡོད་པའི་དབང་དུ་བཏང་ན།  ངས་ཁོ་མོ་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་སྲིད་དམ།  ཡང་ན།  ང་ཁོ་མོ་ལ་ད་ལྟ་ནང་བཞིན་ཡིད་སེམས་རྣམ་དག་གིས་དགའ་སྲིད་དམ།  སྐབས་དེར།  ངས་འདི་ལྟར་གླེན་འདང་ཡང་བརྒྱབ་མྱོང་།   གང་ལྟར།  གཞོན་ནུ་མ་དེ་ནི་ང་ལ་མཚོན་ན་དྭངས་གཙང་བསླད་མེད་ཅིག་ཡིན་པ་དང་།  ངེད་གཉིས་ཀྱི་དུངས་སེམས་མངར་ཁ་ནི་ཆུ་དང་འོ་མ་གཅིག་ཏུ་འདྲེས་པར་བསྟུན།   ང་ཁོ་མོ་ལ་དགའ་བ་ནི་ཁོ་མོའི་ཕྱི་ལུས་ཀྱི་མཛེས་པ་ཁོ་ནར་དགའ་བ་ཙམ་དུ་མ་ཟད་པར།  མོ་ནི་ངའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཚེ་སྲོག་གི་ཕྱེད་ཀ་ལྟ་བུ་ཞིག་ཏུ་གྱུར་སོང་བས།   ངས་དུས་དང་རྣམ་པ་ཀུན་དུ་གཞོན་ནུ་མ་དེ་མིག་གིས་འཚོ་བཞིན།  ངག་གིས་གླེང་བཞིན།  སེམས་ཀྱིས་དྲན་བཞིན་ཡོད།

ཉིན་ཞིག་ལ།   ང་ལ་གློ་བུར་དུ་དོན་དག་གཞན་ཞིག་གི་དབང་གིས་དུས་ལྟར་དཔེ་མཛོད་ཁང་དུ་འགྲོ་མ་ཐུབ་པས་གཞོན་ནུ་མ་དེས་ང་ལ་དུས་ཡུན་རིང་བོ་ཞིག་ལ་བསྒུགས་པ་ཡིན།   དེར་གཞོན་ནུ་མ་ཧ་ཅང་ཡིད་མ་མགུ་བས་ངའི་སྟེང་ལ་ཁོང་ཁྲོ་ལངས་སོང་།   ངས་ཁོ་མོ་ལ་རང་ཉིད་དུས་ལྟར་ཡོང་མ་ཐུབ་པའི་རྒྱུ་མཚན་གསལ་བོར་བཤད་མོད།  འོན་ཀྱང་།  མོ་སྔར་བཞིན་ངའི་སྟེང་ལ་ཁོང་ཁྲོ་ལངས་འདུག  དྲང་མོར་བཤད་ན།  དེ་ནི་ངེད་གཉིས་དགའ་རོགས་བསྒྲིགས་པའི་རྗེས་སུ་བྱུང་བའི་འགལ་བ་ཐོག་མ་དེ་ཡིན།  ངས་ནམ་ཡིན་ཡང་གཞོན་ནུ་མ་དེ་ལ་ཡིད་མི་དགའ་བའི་དོན་དག་གཅིག་ཀྱང་སྒྲུབ་མི་འདོད།  ངོ་མ་ཡིན།  ཡིན་ཡང་།  ཉིན་དེར་གཞོན་ནུ་མ་དེ་དེ་ལྟར་ཁོང་ཁྲོ་ལངས་བྱུང་བས་ངའི་སེམས་པ་ཁབ་ཀྱིས་བསྣུན་པ་ལྟར་ན་ཟུག་བཟོད་མེད་ཅིག་སྐྱེས་བྱུང་བས། མགྱོགས་པོར་ཁོ་མོའི་མདུན་ལ་བརྒྱུགས་ཏེ་མོ་ལ་སེམས་གཏིང་ནས་དགོངས་དག་ཞུས་པ་དང་།  དེ་ནས་ཁོ་མོ་ཇི་ལྟར་མཛེས་ཚུལ་དང་། རང་གིས་ཇི་ལྟར་དྲན་ཚུལ་སོགས་འུད་བརྗོད་དང་བཅས་ངོ་བསྟོད་ཀྱི་སྐད་ཆ་མང་པོ་བརྗོད་མཐར།   མོས་སྐད་གསེང་དམའ་མོས་ང་ལ“རྗེས་མ་ཁྱོད་ཀྱིས་དེ་ལྟར་དུས་སྒྱང་མི་བྱེད་རོགས།  ཁྱོད་མ་ཡོང་ན་ངས་སེམས་སུ་དོགས་གཞི་སྣ་ཚོགས་ཤིག་འཆར་འོང་པས།  དངོས་གནས་སྡོད་མི་ཚུགས་པར་འདུག”ཅེས་ནན་ཏན་གྱིས་བརྗོད་པར།  ངས་ཀྱང་དེའི་མུར་རྗེས་མ་དེ་འདྲ་འབྱུང་མི་སྲིད་པའི་ཁས་ལེན་དམ་བཅའ་ལྷུན་པོ་ལྟ་བུ་བཞག   ཏག་ཏག་སྐབས་དེར།  གཞོན་ནུ་མ་དེས་ཡང་བསྐྱར་ང་ལ“ང་རང་ཁྱོད་ལ་ཡིད་ཆེས་ན་ཆོག་གམ” ཞེས་པའི་དྲི་བ་དེ་དྲིས་པ་རེད།  

མཚན་མོ་དེར།   ངེད་གཉིས་སློབ་གྲྭའི་ཉེ་འགྲམ་གྱི་མིང་ལ“གཞོན་ནུའི་གུང་གསེང”ཞེས་པའི་མགྲོན་ཁང་དུ་འདུག་དུས།  གཞོན་ནུ་མ་དེས་གློ་བུར་དུ་ངེད་གཉིས་ཐོག་མར་ངོ་ཤེས་པའི་ཉིན་མོ་དེ་གླེང་བྱུང་། 

“འུ་གཉིས་ངོ་ཤེས་པའི་ཉིན་དེར།  ཁྱོད་རང་ཤིན་ཏུ་སྙིང་རྗེ་བོ་འདུག” གཞོན་ནུ་མ་དེས་འཛུམ་བག་དང་བཅས་ང་ལ་དེ་ལྟར་བརྗོད།

“ཁྱོད་ཀྱིས་ཉིན་དེ་མི་གླེང་རོགས། ”ང་ཁ་སྐྱེངས་ཏེ་སྐད་ཆ་མང་པོ་ཞིག་བཤད་མ་ཕོད་པར་བསྡད་པ་ཡིན་ལ།   ཉིན་དེའི་བྱ་བ་དག་སེམས་ལ་ཝ་ལེ་ཝ་ལེར་དྲན་འོང་། 

 དེ་ནི་གཟའ་ཉི་མའི་ཕྱི་དྲོ་ཞིག་ཡིན་ལ།  གནམ་གཤིས་དྲོ་ཞིང་འཇམ།   དུས་ནི་དབྱར་ཟླ་དྲུག་པ་ཡིན།

ཕྱི་དྲོ་དེར།  ང་རང་ནམ་རྒྱུན་ལྟར་སློབ་གྲྭའི་མེ་ཏོག་ལྡུམ་རའི་ལྷོ་ཕྱོགས་ཀྱི་ཁོ་ཧྥེ་ཇ་ཁང་ཆུང་ཆུང་དེར་བསྡད་ནས་སྒྲུང་གཏམ་གྱི་དཔེ་དེབ་ཅིག་ལ་ལྟ་བཞིན་ཡོད།   ཕྱི་དྲོ་དེར།  ཁོ་ཧྥེ་ཇ་ཁང་དེ་རུ་ཉི་འོད་འཕྲོས་མི་འདུག་པས།  ཁང་བའི་ནང་དུ་སྔོ་སེར་ལྗང་དམར་གྱི་གློག་འོད་ཅིག་འཕྲོས་འདུག་ཅིང་།  འཆར་ཡན་གྱིས་ཁེངས་པའི་ས་ཁི་ཟིའི་རོལ་དབྱངས་སྙན་མོ་ཞིག་ཀྱང་བར་མེད་དུ་གྲགས་བཞིན་གདའ།  གཞསདེའི་མིང་ལ་ཅི་ཟེར་བ་མི་དྲན་མོད།   དབྱངས་རྟ་ཤིན་ཏུ་སྙན་པ་དང་།  གྲིམ་ལྷོད་བབ་ཆགས་ལ་འཇམ་ཞིང་གཉེན་པའི་འགྱུར་ཁུགས་དེས།   ངའི་སེམས་ལ་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་ངང་གིས་བསྐྲུན་པ་དང་།    རྣམ་དག་གི་བརྩེ་དུང་ཟབ་མོ་ཞིག་སེམས་ཀྱི་གཏིང་རིམ་ལ་ཆུ་མིག་བཞིན་འཁྱིལ་བར་བསྟུན།  ག་ནས་ཡོང་བ་མི་ཤེས་པའི་སྐྱོ་གདུང་གི་ཚོར་སྣང་ཞིག་ཀྱང་ཡུན་གྱིས་འཕོས་ཡོང་།  གློག་འོད་འཇམ་པོ་དེ་དང་བསྡོངས་ནས་ས་ཁི་ཟིའི་རོལ་དབྱངས་སྙན་མོ་དེ་ཁང་བའི་ཟ་ཟུར་ཀུན་ལ་ཁྱབ་པ་དང་།  ཁང་པའི་གྱང་ངོས་སུ་ཤིང་གི་པར་སྒྲོམ་མཐའ་བཞི་དམར་པོ་ཅན་ཞིག་གི་ནང་དུ་སྙིང་དུ་སྡུག་པའི་བྱིས་པ་ཆུང་ཆུང་ཞིག་གིས་ལག་ཏུ་མེ་ཏོག་དཀར་པོ་ཞིག་བཟུང་ནས་མིག་ཟུང་ཅེར་རེར་མདུན་ཕྱོགས་སུ་བལྟས་འདུག ཨེ་མ། བྱིས་པ་དེའི་མིག་ཟུང་ནི་ཇི་འདྲའི་དྭངས་ཤིང་གཙང་བ་ཞིག་རེད་ཨང་།  ཁང་པའི་ནང་དུ་འཁྱུག་བཞིན་པའི་སྔོ་སེར་ལྗང་དམར་གྱི་གློག་འོད་དེས་ཀྱང་བྱིས་པའི་གདོང་ལ་གསོན་ཤུགས་ཁྱད་མཚར་བ་ཞིག་བསྩལ་འདུག

ཉིན་དེར།   ཇ་ཁང་ནང་དུ་ང་རང་མ་བརྩིས་ན། མགྲོན་པོ་གསུམ་འདུག་ཏེ།  ཟུར་གཞོགས་ཤིག་ན། གཞོན་ནུ་ཕོ་མོ་གཉིས་ཁ་གཏད་དུ་རྐུབ་སྟེགས་སུ་བསྡད་ནས་ཁ་བརྡ་ཅི་ཡང་མེད་པར། ཕན་ཚུན་གྱི་གདོང་ལ་ཅེར་ནས་ཧད་དེ་འདུག་པ་དང་།  སྐབས་རེར་སེམས་གཏམ་ཅི་ཞིག་རྟོགས་པའི་ཚུལ་གྱིས་ཕན་ཚུན་གྱི་གདོང་ལ་བལྟས་ཏེ་འཛུམ་དམུལ་དམུལ་བྱེད།   གཡོན་ཕྱོགས་སུ་གདོང་ལ་མིག་ཤེལ་དཀར་པོ་བརྒྱབ་པའི་གཞོན་ནུ་ཞིག་གིས་ཧ་ཅང་གཟབ་ནན་གྱིས་ཀུ་ཤུའི་གློག་ཀླད་ཅིག་ཏུ་ཡི་གེ་གཏག་བཞིན་འདུག་ལ།  མིག་གིས་ཕྱོགས་ཡར་མར་གང་ལའང་མི་ལྟ།     

ངས་འདི་ལྟར་ཇ་ཁང་གི་ཟ་ཟུར་ཀུན་ལ་ཞིབ་ཏུ་བརྟག་དུས།   ཇ་ཁང་གི་ཤིང་སྒོའི་སྟེང་གི་དྲིལ་བུ་དེ་གློ་བུར་དུ་སིལ་སིལ་དུ་གྲགས་བྱུང་།  ངས་མགོ་བོ་ཕར་འཁོར་ཏེ་བལྟས་པ་ན། ཇ་ཁང་དུ་མགྲོན་པོ་ཞིག་སླེབས་བྱུང་ལ། མགྲོན་པོ་དེ་ནི་གཞོན་ནུ་མ་ཞིག་རེད་འདུག  ཁོ་མོ་ཇ་ཁང་དུ་སླེབས་རྗེས།  སྦྱིན་བདག་མས་ཧ་ཅང་མགྲོན་བརྩེ་ལྡན་པའི་ངང་ནས“སྐུ་ཉིད་ཕེབས་པར་དགའ་བསུ་ཞུ”ཟེར་བཞིན་ཕར་ལ་འཛུམ་ཙམ་བསྟན།  གཞོན་ནུ་མ་དེས་ཅི་མི་སྙམ་པར་ཇ་ཁང་ནང་གི་མགྲོན་པོ་དག་ལ་འཁྱུག་ཙམ་བལྟས་རྗེས།  ཐད་ཀར་ངའི་ཁ་གཏད་ཀྱི་ཅོག་ཙེ་དེར་སྙེག་ནས་སླེབས་བྱུང་།

གཞོན་ནུ་མ་དེ་ངའི་ཁ་གཏད་ཀྱི་ཅོག་ཙེའི་འགྲམ་གྱི་རྐུབ་སྟེགས་སུ་བསྡད་མ་ཐག   སྦྱིན་བདག་མ་དེ་གཞོན་ནུ་མའི་གམ་དུ་ཡོང་ནས་སྔར་བཞིན་མགྲོན་བརྩེ་ལྡན་པའི་ངང“ཉིད་ཀྱིས་གང་ཞིག་འཐུང་རྒྱུ་ཡིན་ནམ”ཞེས་གུས་ལུགས་དང་བཅས་དྲིས་པར།  གཞོན་ནུ་མ་དེས་འདང་རྒྱག་སྤུ་ཙམ་མེད་པར“རྒྱལ་སྲས་ཇ་དམར(玫瑰红茶)ཕོར་བ་གང་”ཞེས་ལན་བཏབ་སོང་།  སྦྱིན་བདག་མས་སྔར་བཞིན་མགྲོན་བརྩེ་ལྡན་པའི་ངང“ལེགས་སོ།  ཉིད་ཀྱིས་ཏོག་ཙམ་སྒུགས་རོགས།  མགྱོགས་པོར་འཁྱེར་ཡོང”ཞེས་བཤད་རྗེས་རྐང་འཇབ་ལག་འཇབ་ཀྱིས་ཕྱིར་ཆས་སོང་།

གཞོན་ནུ་མ་དེ་དང་ཐོག་ཇ་ཁང་དུ་སླེབས་པ་དང་།  དེ་ནས་ངའི་ཁ་གཏད་ཀྱི་རྐུབ་སྟེགས་སུ་བསྡད་པ།   དེ་ནས་སྦྱིན་བདག་མ་ལ་རྒྱལ་སྲས་ཇ་དམར་ཕོར་བ་གང་ཞེས་བཤད་པའི་བརྒྱུད་རིམ་དེའི་མགོ་མཇུག་བར་གསུམ་དུ། ངས་མིག་ཟུང་གཞན་གང་ལའང་མ་གཡོལ་བར་ཁོ་མོའི་བྱ་སྤྱོད་ལ་བརྟག་པ་ཡིན་མོད།  གཞོན་ནུ་མ་དེས་ང་ལ་ལྟ་བ་ཕར་ཞོར།  ཐ་ན་སྦྱིན་བདག་མ་ལ་རྒྱལ་སྲས་ཇ་དམར་ཕོར་བ་གང་ཞེས་རྗོད་དུས་ཀྱང་།  མགོ་བོ་སྒེའུ་ཁུང་ཕྱི་རོལ་གྱི་མེ་ཏོག་ལྡུམ་རའི་ཕྱོགས་སུ་འཁོར་ནས་དེ་ལྟར་ལབ་པ་རེད།  ཕར་བལྟས་ཚོད་ཀྱིས་གཞོན་ནུ་མ་དེའི་བྱ་སྤྱོད་ནི་དེ་འདྲ་གུས་ལུགས་ལྡན་པ་ཞིག་མིན་ན་ཡང་།  འོན་ཀྱང་ངས་ཁོ་མོར་ངན་ཕྱོགས་ནས་ལྟ་ཚུལ་ཅི་ཡང་མ་བཟུང་བར།  ཁོ་མོའི་སེམས་ཁམས་ཧ་ཅང་སྐྱིད་པོ་མི་འདུག་སྙམ་ནས་མུ་མཐུད་དུ་ཁོ་མོར་བལྟས་ནས་བསྡད་པ་ཡིན།  སྐབས་ཤིག་ལ།  ངའི་སེམས་སུ་གཞོན་ནུ་མ་དེ་མ་འོངས་པར་ང་དང་འབྲེལ་བ་གང་ཞིག་འབྱུང་རྒྱུ་ཡིན་པའི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་།

གཞོན་ནུ་མ་དེས་མུ་མཐུད་དུ་སྒེའུ་ཁུང་ཕྱི་རོལ་གྱི་མེ་ཏོག་ལྡུམ་རའི་ཕྱོགས་སུ་ལྟ་བཞིན་འདུག 

སྐབས་དེར།  ཇ་ཁང་གི་སྦྱིན་བདག་མས་རྒྱལ་སྲས་ཇ་དམར་ཕོར་བ་གང་བསྣམས་ཡོང་སྟེ་གཞོན་ནུ་མའི་མདུན་ཅོག་སྟེང་ལ་ཡུན་གྱིས་བཞག་རྗེས།  “ཉིད་ཀྱིས་ག་ལེར་བཞེས་རོགས”ཞེས་བཤད་མ་ཐག་སྔར་བཞིན་རྐང་འཇབ་ལག་འཇབ་ཀྱིས་ཕྱིར་བུད་སོང་།   སྐབས་དེར།   གཞོན་ནུ་མས་ད་གཟོད་མགོ་བོ་ནང་དུ་འཁོར་ཏེ་ཇ་ཕོར་ཡར་ལ་བཏེགས་ནས།  ཧུབ་གང་བྱས།  དེ་ནས་ཧུབ་དོ་བྱས།  དེ་ནས་ཧུབ་གསུམ་བྱས།  ཁོ་མོས་དེ་ལྟར་མུ་མཐུད་དུ་རྒྱལ་སྲས་ཇ་དམར་འཐུང་བཞིན་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག

ངས་གཞོན་ནུ་མ་དེར་བལྟས་ནས་ཁོ་མོས་ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད་པར་བསམས་ཏེ་རེ་ཞིག་ཧད་དེ་ལུས་འདུག་སྐབས།   གཞོན་ནུ་མ་དེས་གློ་བུར་དུ་ང་ལ་ལྟ་ཙམ་བྱས་པ་དང་།  དེ་ནས་ང་ལ་་འཛུམ་ཞིག་བསྟན་སོང་།

ཁོ་མོས་དེ་ལྟར་ང་ལ་ལྟ་ཙམ་བྱས་པ་མ་ཟད།  ད་དུང་ང་ལ་འཛུམ་ཞིག་བསྟན་སོང་བ་དེས་ང་རང་ཧད་ལས་སད་པར་བཏང་སོང་།   ངས་དེའི་མུར་མགོ་བོ་སྨད་དེ་བྲེལ་འཚུབ་དང་བཅས་མདུན་ཅོག་སྟེང་གི་དཔེ་དེབ་དེ་ཕར་སློག་ཚུར་སློག་བྱས་ནས་ལྟ་ཁུལ་བྱས་མོད། ངོ་གདོང་ནི་དབྱར་གྱི་ཉི་མས་བསྲེགས་པ་ལྟར་ཚ་བེར་བེར་བྱེད་པ་གཞི་ནས་ཚོར་བྱུང་།  འོན་ཀྱང་། ངས་རང་ཉིད་ཅིའི་ཕྱིར་བྲེལ་བྲེལ་འཚུབ་འཚུབ་ཅིག་ཏུ་འགྱུར་དགོས་པ་མ་ཤེས།  ཚོར་སྣང་ཞིག་ལ་ཁོ་མོའི་མིག་མདངས་དེ་ནི་ཇི་འདྲའི་དྭངས་གཙང་ཞིག་རེད་ཨང་སྙམ་བྱུང་ལ།  ཁོ་མོའི་འཛུམ་མདངས་དེ་ནི་ཇི་འདྲའི་བསླད་མེད་ཅིག་ཀྱང་རེད་ཨང་སྙམ་བྱུང་།   དུས་ཚོད་སྐར་ཆ་དེ་ནས་བཟུང་།  ནམ་ཡང་གསལ་བཤད་བྱ་མི་ཐུབ་པའི་ཚོར་བ་རྣོན་པོ་ཞིག་གིས།  ངའི་སེམས་པ་གཞི་ནས་ལྷོད་ལ་འབབ་མ་ཐུབ་པར།  སེམས་ཀྱི་སྣེ་མོ་གང་ཞིག་ཉ་མོ་ལྕགས་ཀྱུས་དྲངས་པ་བཞིན་ཁོ་མོས་ཕྱོགས་སུ་འཁོར་སོང་།   ཡང་ཡང་འཁོར་སོང་།  

 ང་ཡུད་ཙམ་ལ་ཕྱིར་དྲན་གྱི་ཀློང་ལ་བྱིངས་ཏེ་སྡོད་སྐབས།  གཞོན་ནུ་མ་དེས་ང་ལ“ཁྱོད་ཀྱིས་ཉིན་མོ་དེར་ཕྱིར་དྲན་བྱེད་བཞིན་ཡོད་དམ”ཞེས་དྲིས་བྱུང་།  ངས་མོ་ལ“ཉིན་མོ་དེར།  ཁྱོད་ཀྱིས་ངའི་ཡིད་སེམས་དབང་མེད་དུ་བཀུག་སོང་”ཞེས་བརྗོད་པར།  མོ་རེ་ཞིག་དགའ་བས་བརྟས་ཏེ་གདོང་ལ་པྲ་ཚགས་ཀྱི་ཉམས་ཤིག་མངོན་བཞིན“ཡ།  ཇི་ལྟར་བཀུག་སོང་ངམ།  ང་ལ་ཅིག་བརྗོད་རོགས”ཞེས་ཀུ་རེ་ཚུལ་དུ་ལབ་བྱུང་། 

མོས་དེ་ལྟར་དྲིས་རྗེས།  ངས་ཡུད་ཙམ་ལ་འདང་ཞིག་བརྒྱབ་པ་ཡིན།

འོ།  རེད་དེ།  འདི་འདྲ་ཞིག་རེད།  ཉིན་དེར།  གཞོན་ནུ་མ་དེས་ང་ལ་ལྟ་ཙམ་བྱས་པ་དང་།  དེ་ནས་ང་ལ་འཛུམ་ཞིག་བསྟན་མ་ཐག  ང་ལ་བྲེལ་འཚུབ་གློ་བུར་བ་ཞིག་བྱུང་བར་བསྟུན།  ངོ་གདོང་ཚ་བེར་བེར་བྱེད་པ་དང་།  མདུན་ཅོག་སྟེང་གི་དཔེ་དེབ་དེ་ཇི་ལྟར་ཕར་སློག་ཚུར་སློག་བྱེད་བཞིན་ཡོད་པ་གཏན་ནས་ཚོར་མ་བྱུང་།   ཕྱིས་སུ་མཉམ་ཞིག་བཞག་པ་ན།  ངས་ཅོག་ཙེ་སྟེང་གི་སྒྲུང་གཏམ་གྱི་དཔེ་དེབ་དེ་མགོ་མཇུག་ལྡོག་ཏེ་བཟུང་ནས་ཕར་སློག་ཚུར་སློག་བྱེད་བཞིན་ཡོད་པ་ཡོངས་སུ་རྟོགས། 

གཞོན་ནུ་མ་དེ་དང་ངེད་གཉིས་ཁ་གཏད་དུ་ཙོག་ཏེ་དུས་ཡུན་རིང་ཙམ་ཕྱིན་མོད།  ངས་ཅིས་ཀྱང་ཁོ་མོ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཕོད།  མཇུག་མཐར། གཞོན་ནུ་མ་དེས་ཡང་བསྐྱར་ང་ལ་འཛུམ་ཞིག་བསྟན་རྗེས་ཁོ་མོ་ཕྱི་ལ་ཕྱིན་སོང་།   ཁོ་མོ་སོང་ཤུལ་དུ།  ངས་རང་གིས་གོ་སྐབས་དམ་འཛིན་མ་བྱས་པ་ལ་ཞེ་འགྱོད་སྐྱེ་བཞིན་ཁོ་ཧྥེ་ཇ་ཁང་གི་སྒོར་འབུད་དུས།  ཇ་ཁང་གི་སྦྱིན་བདག་མས་ང་ལ་ནང་དོན་གྱིས་ཁེངས་པའི་འཛུམ་ཞིག་བསྟན་སོང་།  ངས་བསམས་པར་ཁོ་མོའི་འཛུམ་མདངས་དེའི་ནང་དོན་ནི་བོད་ཀྱི་གཏམ་དཔེ་ལ“ཁྱི་ཤ་འདོད་པས་གནམ་ལ་ལྕེ་གཡུགས་མ་བྱེད”ཅེས་པ་དེ་རེད་སྙམ།

གཞོན་ནུ་མ་དེ་དང་ངེད་གཉིས་ངོ་ཤེས་ནས་ཐེངས་དང་པོར་ཕན་ཚུན་ལ་ཁ་བརྡ་གློད་པ་ནི།  ཉིན་དེར་ཁོ་ཧྥེ་ཇ་ཁང་དུ་ངེད་གཉིས་ངོ་འཕྲད་པའི་གཟའ་འཁོར་གཅིག་གི་རྗེས་སུ་རེད།   ཉིན་དེར།   ངེད་གཉིས་ལྟེས་དབང་གིས་སློབ་གྲྭའི་ཕྱི་རོལ་གྱི་ཟ་ཁང་ཞིག་ཏུ་ངོ་འཕྲད་བྱུང་།   དེ་དུས་ངེད་གཉིས་ཀྱིས་གྲོགས་པོ་རྙིང་བ་ཞིག་དང་འཕྲད་པ་ནང་བཞིན་ཕན་ཚུན་ལ་འཚམས་འདྲི་ཞུས་ཤིང་།   ཟ་ཁང་གི་སྒོར་བུད་རྗེས།  མཉམ་དུ་སློབ་གྲྭའི་ཕྱོགས་སུ་བསྐྱོད་པ་ཡིན།    ངས་ཁོ་མོའི་ཁ་པར་ཨང་གྲངས་ཀྱང་སྐབས་དེ་དུས་བླངས་པ་ཡིན་ལ།   ཕྱིས་སུ་ཁ་པར་བརྒྱུད་ནས་ཕན་ཚུན་ལ་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱུང་།  དེའི་རྗེས་སུ་ངེད་གཉིས་མཉམ་དུ་སྤྱི་གླིང་ཞིག་ཏུ་འཆམ་འཆམ་དུའང་སོང་མྱོང་ལ།   ཁོ་མོས་མོ་དགའ་ལྡན་བྱིན་ཆགས་གླིང་ལ་ཐེངས་ཤིག་འགྲོ་འདོད་ཅེས་ཞུས་པས་ངས་མོར་འགྲོ་རོགས་བྱས་པ་མ་ཟད།   ཟླ་དྲུག་པའི་ཚེས་ཉེར་དྲུག་ནི་མོའི་སྐྱེས་སྐར་གྱི་ཉིན་མོ་ཡིན་པས།  ཉིན་དེར་ངས་མོ་དང་མཉམ་དུ་སྐྱེས་སྐར་ལ་རོལ་ཞིང་ད་དུང་མོ་ལ་སེམས་པ་མཚོན་བྱེད་ཀྱི་ལེགས་སྐྱེས་ཡིད་དུ་འོང་བ་ཞིག་ཀྱང་བྱིན་པ་ན།  ཁོ་མོར་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་ཆུ་དབང་མེད་དུ་བཞུར་སོང་།   དེ་ལྟར་འབྲེལ་བ་བྱས་ནས་ཟླ་བ་གཉིས་ལྷག་འགོར་སོང་།  ཟླ་བ་གཉིས་ལྷག་གི་རིང་ལ་རྒྱུས་ལོན་བྱུང་རྗེས།  མཇུག་མཐར་གཞོན་ནུ་མ་དེས་ང་ལ“ཁྱོད་ནི་སྒམ་ཚིགས་དོད་ཅིང་ནང་སེམས་སྨིན་ཐག་ཆོད་ལ།  གཤིས་ཀ་བརྟན་བརླིང་ཡིན་པའི་སྐྱེས་པ་ཞིག་ཡིན་པ་མ་ཟད། ཁྱོད་ཀྱིས་ངའི་སེམས་ལ་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ཐུབ”ཅེས་བརྗོད་བྱུང་།   གཞོན་ནུ་མ་དེས་ང་ལ་སྐད་ཆ་དེ་བཤད་དུས་ནི་ངེད་གཉིས་གཞི་ནས་དགའ་རོགས་སྒྲིག་པའི་དུས་ཚོད་སྐར་མ་གཉིས་ཀྱི་སྔོན་ཏག་ཏག་ཡིན།

 “ངས་དངོས་གནས་ཁྱོད་ཀྱི་སེམས་ལ་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ཐུབ་བམ།”

གཞོན་ནུ་མ་དེས་མོས་ངའི་ཡིད་སེམས་ཇི་ལྟར་བཀུག་སོང་ཞེས་དྲིས་པའི་ལན་དུ་ངས་ཅི་ཡང་ལབ་མ་སོང་བར་འདི་ལྟར་དྲིས་པ་ཡིན།  ངས་འདི་ལྟར་འདྲི་དུས་ངེད་གཉིས་སྔར་བཞིན་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་སྟེ་ཁ་བརྡ་རྐྱང་རྐྱང་བྱེད་པ་ལས་ཅི་ཡང་སྒྲུབ་བཞིན་མེད།    

“ཨིན།”

ཁོ་མོས་འདི་ལྟར་ལན་སྟབས་བདེ་ཞིག་ལྡོན་རྗེས་མགོ་བོ་ཡུན་གྱིས་ཡར་བཀྱགས་ཏེ་ང་ལ་ལྟ་ཙམ་བྱས་པ་དང་།   དེ་ནས་ཚམ་ཚོམ་ཅི་ཡང་མེད་པར་མགོ་བོ་ག་ལེར་ངའི་བྲང་ཁར་བསྙེས་ཤིང་ལག་པས་ང་ལ་དམ་པོར་བསྡམས་བྱུང་།

ཁོ་མོས་ངའི་ལུས་པོ་དེ་ལྟར་བསྡམས་རྗེས།   ཡུད་ཙམ་ལ་ངའི་ངག་ཀྱང་བསྡམས་བྱུང་བ་ལྟར་སྐད་ཆ་ཚིག་གཅིག་ཀྱང་ངག་ལས་འཁྲོལ་མ་སོང་།   བར་སྐབས་དེར།   ངའི་ཡིད་ལ་སླར་ཡང་ཉིན་དེའི་བྱ་བ་ཙག་ཙིག་ཅིག་དྲན་བྱུང་།  

 ཉིན་དེར།  ང་སྔོན་ནས་གྲོས་བཏབ་པའི་དུས་ཚོད་གཅིག་གི་སྔོན་ལ་ཁོ་ཧྥེ་ཇ་ཁང་དུ་ཡོང་ནས་གཞོན་ནུ་མ་དེ་ལ་བསྒུགས་ནས་བསྡད།  ཇ་ཁང་དུ་སླེབས་མ་ཐག  སྦྱིན་བདག་མས་ང་རང་ངོ་ཤེས་པའི་ཚུལ་གྱིས“ཁྱེད་རང་ཕེབས་པར་དགའ་བསུ་ཞུ”ཞེས་ཟེར་ཞོར་ང་ལ་ཡང་བསྐྱར་ནང་དོན་གྱིས་ཁེངས་པའི་འཛུམ་ཆུང་ཞིག་བསྟན་སོང་བར།  ངས་ཀྱང་ཁོ་མོར་ཕྱིར་འཛུམ་ཞིག་བསྟན་སོང་།  རྒྱ་ལ་ཁོ་མོའི་འཛུམ་ཆུང་དེའི་ནང་དོན་ནི་བོད་ཀྱི་གཏམ་དཔེར“ཁྱི་ཤ་འདོད་པའི་གནམ་ལ་ལྕེ་གཡུགས་མ་བྱེད”ཅེས་པ་དེ་ཡིན་པའི་དབང་དུ་བཏང་ན།  ངའི་འཛུམ་ཆུང་དེའི་ནང་དོན་ནི“ངའི་གངས་དཀར་སེམས་ན་རྟ་མེད་ན།  ཕུ་རུང་ནང་དུ་སྲབ་མི་འཛིན”ཞེས་པ་དེ་ཡིན།

ཇ་ཁང་དུ་མགྲོན་པོ་མང་པོ་མེད་སྟབས།   ཁོར་ཡུག་ཧ་ཅང་ལྷིང་འཇགས་ཡིན།  ཡིན་ཡང་།  གླུ་དབྱངས་རྣ་ལ་མི་སྙན་པ་ཞིག་གྲག་གིན་འདུག་པས།  ང་རང་ཡིད་མ་ཚིམས་པར་ཐད་ཀར་སྦྱིན་བདག་མའི་སར་སོང་སྟེ།    ཡར་སྔོན་གྱི་ས་ཁི་སིའི་གཞས་དེ་གཏོང་བར་རེ་བ་ཞུས་པར་སྦྱིན་བདག་མས་ཀྱང་ཁས་བླངས་སོང་།    

ཏག་ཏག་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུ་ང་ལྔའི་སྟེང་།  གཞོན་ནུ་མ་དེས་སྔོན་ལྟར་ཇ་ཁང་གི་ཤིང་སྒོ་དེ་སིལ་སིལ་དུ་ཕྱེས་ནས་ནང་དུ་སླེབས་བྱུང་།  གཞོན་ནུ་མ་དེས་ཐོག་མར་ཇ་ཁང་ནང་གི་མགྲོན་པོ་གཞན་དག་ལ་འཁྱུག་ཙམ་བལྟས་རྗེས།  དེ་ནས་ཐད་ཀར་ངའི་ཕྱོགས་སུ་སྙེག་ནས་སླེབས་བྱུང་། 

གཞོན་ནུ་མ་དེ་དང་ངེད་གཉིས་ཁ་གཏད་དུ་རྐུབ་སྟེགས་སུ་བསྡད་ནས་རྒྱལ་སྲས་ཇ་དམར་འཐུང་ཞོར་ཁ་བརྡ་མང་པོ་གློད་པ་ཡིན།  དང་ཐོག་སྦྱིན་བདག་མས་ཧ་ཅང་མགྲོན་བརྩེ་ལྡན་པའི་ངང་ནས“ཁྱེད་གཉིས་ཀྱིས་གང་ཞིང་འཐུང་རྒྱུ་ཡིན་ནམ”ཞེས་དྲིས་པར།  ངས་འདང་རྒྱག་སྤུ་ཙམ་མེད་པར“རྒྱལ་སྲས་ཇ་དམར་ཕོར་བ་དོ།  བཀའ་དྲིན་ཆེ”ཞེས་བཤད་པ་ཡིན།   ངས་དེ་ལྟར་བཤད་དུས་གཞོན་ནུ་མས་ང་ལ་བལྟས་ནས་འཛུམ་ཞིག་བསྟན་བྱུང་།  འཛུམ་དེའི་ནང་དོན་ངས་ཅི་ལ་མི་རྟོགས་སམ།  དེ་ནི“ཁྱེད་ཀྱིས་ངའི་དགའ་ཕྱོགས་ཤེས་འདུག”ཅེས་པ་དེ་མ་ཡིན་ནམ། 

ཇ་ཁང་ནང་དུ་སྙན་འཇེབས་ཀྱི་ས་ཁི་སིའི་རོལ་དབྱངས་དེ་ཡང་དང་བསྐྱར་དུ་གྲག་གིན་འདུག  

སྙན་གཞས་དེ་དེ་ལྟར་བརྩེ་བའི་ངང་ནས་ལྷོད་ལྷོད་ཀྱིས་གྲགས་པས།  གློག་འོད་སྔོ་སེར་ལྗང་དམར་འཕྲོ་བའི་ཁང་བའི་ནང་དུ་ཧ་ཅང་འཆར་ཡན་དང་མཛེས་སྡུག་གི་ཁ་དབུགས་ཤིག་གིས་ཁེངས་འདུག  

   ཉིན་དེར།  ངེད་གཉིས་ཀྱིས་ཁོ་ཧྥེ་ཇ་ཁང་དེར་དུས་ཡུན་རིང་བོར་ཁ་བརྡ་བྱས་ཏེ་མུན་ཡང་རུབ་སོང་།    ཇ་ཁང་ནང་དུ་གློག་འོད་ཆེམ་ཆེམ་འཕྲོ།   སྒྲ་དབྱངས་ལྷང་ལྷང་གྲགས།  གཞོན་ནུ་མ་དེ་དང་ངེད་གཉིས་ཀྱི་སེམས་པའང་ལྷོག་ལྷོག་ཏུ་འཕྱུར་བས།  སེམས་ཀྱི་བར་ཐག་གང་ཞིག་ཇེ་ཉེ་ནས་ཇེ་ཉེར་གྱུར་བ་དང་བསྟུན།  ངས་ལག་པ་ཡུན་གྱིས་ཕར་བསྲིངས་ཏེ་ཁོ་མོའི་ལག་པར་འཇུས།  རེག་བྱ་དང་རེག་བྱ་ཕྲད་པའི་སྐད་ཅིག་མ་དེ་ལ།  གཡའ་ལོ་ལས་ཀྱང་དམར་བའི་ཡིད་སེམས་གཉིས་འདྲེས་བྱུང་།    སྐབས་དེར།    ངས་གཞོན་ནུ་མ་དེ་ལ་ཁྱོད་ཀྱི་སེམས་ནང་ང་ནི་མི་ག་འདྲ་ཞིག་ཡིན་ནམ་ཞེས་དྲིས་པ་ན།  གཞོན་ནུ་མ་དེས“ཁྱོད་ནི་སྒམ་ཚིགས་དོད་ཅིང་ནང་སེམས་སྨིན་ཐག་ཆོད་ལ།  གཤིས་ཀ་བརྟན་བརླིང་ཡིན་པའི་སྐྱེས་པ་ཞིག་ཡིན་པ་མ་ཟད།   ཁྱོད་ཀྱིས་ངའི་སེམས་ལ་བདེ་འཇགས་ཀྱི་ཚོར་བ་ཞིག་བསྐྲུན་ཐུབ”ཅེས་ཡིད་ཆེས་དང་བཅས་བརྗོད་སོང་།  ངས་ཁོ་མོའི་སྐད་ཆ་དེའི་ནང་དོན་ཧ་ལམ་རྟོགས་པའི་ཚུལ་གྱིས། ཐོག་མར་རྒྱལ་སྲས་ཇ་དམར་དེ་ལ་ཧུབ་གང་བྱས།  དེ་ནས་ཧ་ཅང་བརྩེ་སེམས་འཁོལ་བའི་ངང་ནས“དེ་ན་ཁྱེད་རང་ངའི་མཛའ་མོ་བྱེད་པར་འཐད་པ་ཡིན་ནམ”ཞེས་དྲིས་པར།  གཞོན་ནུ་མ་དེས་ཡུད་ཙམ་ལ་འདང་ཞིག་བརྒྱབ་རྗེས། ཧ་ཅང་གཟབ་ནན་གྱིས“ང་རང་ཁྱོད་ལ་ཡིད་ཆེས་ན་ཆོག་གམ”ཞེས་དྲིས་བྱུང་།  སྐབས་དེར།  ང་ནི་ཚོར་བ་ཅི་ཞིག་གིས་མྱོས་པར་གྱུར་འདུག་པས།  ངས་གཞོན་ནུ་མ་དེའི་གཟབ་ནན་གྱི་དྲི་བ་དེ་ལ་གཟབ་ནན་གྱིས་བསམ་བློ་གང་ཡང་མ་བཏང་བར།  “ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱས་ན་ལོས་ཆོག་ཨང་།  ངོ་མ་ཡིན།    དཀོན་མཆོག་དཔང་”ཞེས་ཚིག་གི་རྗེས་ལ་མནའ་རྒན་ལྷུན་པོ་འདྲ་བ་ཞིག་ཚམ་ཚོམ་མེད་པར་བསྐྱལ་སོང་བས།  གཞོན་ནུ་མ་དེའང་གཞི་ནས་ཡིད་ཆེས་པར་གྱུར་ཏེ་སྐད་གདངས་དམའ་མོའི་སྒོ་ནས“ཡ”ཞེས་ཁས་བླངས་སོང་།

ཁོ་མོའི“ཡ”ལན་དེ་ནི་ང་ལ་མཚོན་ན་ཇི་འདྲའི་ཡིད་དུ་འོང་ཞིང་རྣ་བར་སྙན་པ་ཞིག་རེད་ཨང་། ཁོ་མོས“ཡ”ཞེས་ཁས་བླངས་རྗེས།  ངའི་སེམས་སུ་རང་གིས་གཞོན་ནུ་མ་དེ་ཐེངས་དང་པོར་མཐོང་དུས་ མ་འོངས་པར་ཁོ་མོ་ང་དང་འབྲེལ་བ་གང་ཞིག་འབྱུང་རྒྱུ་ཡིན་པའི་ཚོར་བ་ཞིག་སྐྱེས་མྱོང་བ་དེ་གཞི་ནས་དྲན་བྱུང་བས།  སེམས་ལ་སྨྲ་བསམ་བརྗོད་འདས་ཀྱི་དགའ་སྣང་ཞིག་གིས་ཡོངས་སུ་ཁྱབ།   

  སྐབས་དེར།   ངས་རང་གི་བྲང་ཁར་མགོ་བོ་བསྙེས་ཏེ་དགའ་བདེས་མྱོས་པར་གྱུར་བའི་གཞོན་ནུ་མ་དེ་ཡུན་གྱིས་འོག་ཏུ་མནན་ཏེ་ཐོག་མར་འོ་རིང་བོ་ཞིག་བྱས་པ་དང་།  དེ་ནས་རིམ་གྱིས་རང་གི་ཉམས་མྱོང་དང་སྦྲགས་ཏེ།   སྐ་ལ་ཆུ་འདྲེན་པའི་དཔེ་ལྟར་རང་གི་འདོད་པ་ཁོ་མོའི་ལུས་ལ་དྲངས།  

བར་སྐབས་ཤིག་ལ།    གཞོན་ནུ་མ་དེ་གློ་བུར་དུ་ངུས་བྱུང་།  ཁོ་མོ་དེ་ལྟར་མགོ་བོ་མལ་ཐུལ་གྱིས་བཏུམས་ཏེ་ཁ་རོག་གེར་ངུ་དུས།   ངེད་གཉིས་ཀྱིས་སྔ་མོ་ནས་ཕན་ཚུན་གྱི་འདོད་པ་དྲངས་ཚར་བཞག   ཡིན་ཡང་།  ཁོ་མོ་ངུ་དོན་ཅི་ཡིན་ནམ།   ངས་ཁོ་མོའི་འདོད་པ་ཚིམས་སུ་འཇུག་མ་ཐུབ་པ་ཡིན་ནམ།  

དྲང་མོར་བཤད་ན།   ངའི་རྣམ་འགྱུར་དང་བྱ་སྤྱོད་དེ་དག་གིས་ཁོ་མོའི་ཡིད་སེམས་རབ་ཏུ་ཕངས་པས་ཡིན་ངེས།

ངེད་གཉིས་ཀྱིས་ལས་ཀ་དེའི་མགོ་བརྩམས་ཏེ་དར་ཅིག་ཕྱིན་རྗེས།  ངས་ད་གཟོད་གཞོན་ནུ་མ་དེ་ནི་བུ་མོ་ལུས་གཙང་མ་ཞིག་མིན་པ་གཞི་ནས་རྟོགས་སོང་།   ངས་ངོ་གདོང་གནག་ཏེ་མོ་ལ“ཁྱོད་ཀྱིས་སྔོན་ཆད་དགའ་རོགས་སྒྲིག་མ་མྱོང་ངམ”ཞེས་ངོ་གནག་སྟེ་དྲིས་པ་ན།  གཞོན་ནུ་མ་དེས་ཡར་སྔོན་ལྟར་བདེན་ཅོག་ཅོག་གིས“ངས་སྔོན་ཆད་དགའ་རོགས་གཅིག་ཀྱང་སྒྲིག་མ་མྱོང”ཞེས་ལན་མ་བཏབ་པར་ཁ་རོག་གེར་བསྡད་དེ་ཅི་ཞིག་ཁས་བླངས་སོང་།   སྐབས་དེར་ང་ལ་ཁོང་ཁྲོ་གློ་བུར་བ་ཞིག་ལངས་བས་དེའི་མུར་གཞོན་ནུ་མ་དེའི་ལུས་སྟེང་ནས་མར་བུད་ཅིང་རང་གི་ལྭ་བ་ཚང་མ་གྱོན་རྗེས།  མལ་ཁྲིའི་གཞོགས་ཀྱི་འབོལ་ཁྲི་དེའི་སྟེང་ཙོག་ནས་ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ་རྔུབ་འཐེན་བྱས།  དེ་ནས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ་རྔུབ་འཐེན་བྱས།  དེ་ནས་ཡང་བསྐྱར་རྐང་གཅིག་ལ་མེ་བསྒོས།   ང་དེ་ལྟར་ཡུད་ཙམ་ལ་སྡོད་པའི་སྐབས་སུ།   གཞོན་ནུ་མ་དེ་ངུ་བཞིན་འདུག   ཁོ་མོས་རང་གི་མགོ་བོ་མལ་ཐུལ་གྱིས་བཏུམས་ཏེ་ཁ་རོག་གེར་ངུ་བཞིན་འདུག   ཡུན་གྱིས་ངུ་སྐད་ཇེ་མཐོ་ནས་ཇེ་མཐོར་ཕྱིན།   དེ་དུས་ང་ད་དུང་འབོལ་ཁྲིའི་སྟེང་དུ་བསྡད་དེ་མུ་མཐུད་དུ་ཐ་མག་རྔུབ་བཞིན་ཡོད།  ངས་གཞོན་ནུ་མ་དེ་དེ་ལྟར་ངུ་བཞིན་ཡོད་པ་མཐོང་ནའང་།   མཚན་མོ་དེར་ངས་ཁོ་མོར་སེམས་གསོའི་ཚུལ་དུ་སྐད་ཆ་ཅི་ཡང་མ་ལབ། 

ཕྱི་ཉིན་ཞོགས་པར།  ང་གཉིད་ལས་སད་དུས།  གཞོན་ནུ་མ་དེ་སྔ་མོ་ནས་ཕྱིན་འདུག

ང་རང་འབོལ་ཁྲིའི་སྟེང་ཟུར་ཉལ་གྱིས་སྡོད་སྐབས།  ངས་མལ་ཁྲིའི་སྟེང་སྣེ་མོ་ཡར་ལ་ལྟེབས་ཙམ་བྱས་འདུག་པའི་མལ་ཐུལ་དཀར་པོ་དེ་མཐོང་བྱུང་།  མལ་ཐུལ་དེ་དེ་ལྟར་འགུལ་མེད་དུ་ལྟེབས་ནས་ཡོད་པ་ནི།  དཔེ་དེབ་ཅིག་ལ་ལྟ་མཚམས་བཞག་ཏེ་ཤོག་ངོས་ཡར་ལ་ལྟེབས་ཙམ་བྱས་འདུག་པ་དང་མཚུངས།   ང་ཡུན་གྱིས་ཡར་ལངས་ཏེ་འབོལ་ཁྲིའི་སྟེང་ཙོག་པ་ན།  ཁ་ནང་དུ་བསྐྱུར་དྲི་ཁ་བོ་ཞིག་འཐུལ་ནས་ཡོང་།   ངས་ཡ་ཁར་ལྕེ་ལྡག་ཅིག་བྱས་རྗེས། འབོལ་ཁྲིའི་མདུན་གྱི་ཅོག་ཙེ་སྟེང་བཞག་པའི་ཆུ་འཁྱག་དེ་ལེན་གྲབས་བྱེད་སྐབས། དུ་བའི་ཐལ་སྤྲུགས་ནང་གི་དུ་སྣེ་དེ་དག་མཐོང་ལམ་དུ་མངོན་བྱུང་།    ཨ་ཨ།   ངས་མདང་དགོང་དུ་བ་བག་ཆ་གང་བོ་འཐེན་ཚར་འདུག   སྐབས་དེར།   ཁ་ནང་དུ་འཁྱིལ་ཡོང་བའི་མཆིལ་མ་ཁ་བོ་དེ་གད་སྙིགས་འཇུག་སྣོད་དུ་ཤུགས་ཀྱིས་འཕངས་ཙ་ན།   ངས་མཐོང་ལམ་དུ་དངོས་པོ་གཞན་ཞིག་མངོན་བྱུང་སྟེ།   མདང་དགོང་བེད་དུ་སྤྱད་པའི་སྦྲུམ་འགོག་སྲུང་ཤུབས་དེས་གད་སྙིགས་འཇུག་སྣོད་དུ་ང་ལ་བལྟས་པ་དང་འདྲ།    དེ་ཉིད་མཐོང་མ་ཐག   ངའི་ཡིད་ལ་མདང་དགོང་ང་དང་གཞོན་ནུ་མའི་བར་དུ་བྱུང་བའི་དོན་དག་ཆ་ཚང་ཝ་ལེ་གསལ་ལེར་འཁོར་ཡོང་བ་དང་བསྟུན།  མདང་ནུབ་རང་ཉིད་ཅིའི་ཕྱིར་ཁོང་ཁྲོ་ལངས་དགོས་པར་བསམ་བློ་ཞིག་གཏོང་དགོས་བྱུང་།   ངས་ཇི་ལྟར་བསམ་བློ་བཏང་ཡང་།  རང་ཉིད་དེ་ལྟར་ཁོང་ཁྲོ་ལངས་པ་ནི་མཐའ་གཅིག་ཏུ་རང་ཉིད་ཁོ་ནར་བསམས་པའི་ནོར་འཁྲུལ་ཤ་སྟག་ཅིག་ཡིན་པ་གཞི་ནས་རྟོགས་པ་ན།   རང་ཉིད་ནི་ཇི་འདྲའི་སྐྱེས་པ་ཐ་ཤལ་ཁྲེལ་མེད་ཁོག་རྒྱ་དོག་ཅིང་ལ་རྒྱ་མེད་པ་ཞིག་རེད་སྙམ་ནས་སེམས་སུ་ནོངས་འགྱོད་དྲགས་པོ་ཞིག་སྐྱེས་བྱུང་། 

ཨ་ཨ།   ང་ནི་དངོས་གནས་སྐྱེས་པ་ཐ་ཤལ་ཞིག་རེད་ཨང་།  ངས་རང་གི་སྐྱུག་བྲོ་བའི་བྱ་སྤྱོད་དེ་བསམས་ཤིང་བསམ་ན་མདང་དགོང་གཞོན་ནུ་མ་དེ་ཁ་རོག་གེར་ངུ་དགོས་པར་ཡང་ཁག་པོ་མི་འདུག་སྙམ་ལ།   རང་ཉིད་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུ་འདོད་དེ་ལག་པ་ཚུར་བསྲིངས་ཡོང་དུས།  གློ་བུར་དུ་མལ་ཁྲིའི་འགྲམ་དུ་གཡུགས་འདུག་པའི་ཁ་པར་ལས་བརྡ་འཕྲིན་ཞིག་འབྱོར་བའི་སྒྲ་གྲགས་བྱུང་།  ངས་ཁ་པར་ཚུར་བླངས་ཏེ་བལྟས་པ་ན།  དེ་ནི་གཞོན་ནུ་མ་དེས་བཏང་བའི་འཕྲིན་ཞིག་ཡིན་འདུག  

 “ཟླ་བ།  ཁྱོད་ད་དུང་ངའི་སྟེང་ལ་ཁོང་ཁྲོ་ལངས་ཡོད་དམ།   དྲང་མོར་བརྗོད་ན།  ངས་ཁྱོད་ཀྱི་སེམས་ཁམས་རྟོགས་ཐུབ།  དངོས་གནས་རྟོགས་ཐུབ།  ཁྱོད་ཀྱིས་ང་ནི་དྭངས་གཙང་བསླད་མེད་ཀྱི་བུ་མོ་ཞིག་མིན་པས་ཁོང་ཁྲོ་ལངས་པ་མིན་ནམ།  དེ་ནི་ཁྱེད་རང་འཕྱུག་མི་འདུག  བུ་མོ་ཞིག་ལ་མཚོན་ན་རང་གི་ལུས་སེམས་གཉིས་ཀ་དྭངས་གཙང་བསླད་མེད་ཅིག་ཏུ་གཅེས་སྐྱོང་བྱ་དགོས་པ་ནི་ཧ་ཅང་གཙོ་བོ་ཞིག་ལོས་ཡིན།   ཡིན་ནའང་།  ཟླ་བ།   ཁྱོད་ཀྱིས་ཤེས་སམ།  མདང་དགོང་ཁྱོད་ཀྱིས་ང་ལ་ཡང་བསྐྱར“ངས་སྔོན་ཆད་དགའ་རོགས་སྒྲིག་མྱོང་ངམ”ཞེས་འདྲི་དུས།  ངའི་སེམས་སུ་ང་རང་ཁྱོད་དང་མ་འཕྲད་གོང་དུ།  རང་གི་ལུས་སེམས་གཉིས་ཀ་ཁྱོད་ཀྱི་འདོད་འདུན་ལྟར་དྭངས་གཙང་བསླད་མེད་ཅིག་ཡིན་ན་ཅི་མ་རུང་སྙམ་བྱུང་།    ངོ་མ་ཡིན།   ཁྱེད་ཀྱིས་སློབ་གྲྭའི་ཁོ་ཧྥེ་ཇ་ཁང་གི་གྱང་སྡེབས་སུ་བཀལ་བའི་པར་སྒྲོམ་ནང་གི་བྱིས་པ་དེ་དྲན་ཡོང་ངམ།  ང་ལ་དེ་ལྟ་བུའི་དྭངས་གཙང་བསླད་མེད་ཅིག་ཇི་འདྲའི་མཁོ་ཨང་།  མཐར་གཏུགས་ན་དྭངས་གཙང་བསླད་མེད་ཅིག་ང་ཚོ་མི་ཚང་མར་མཁོ་བ་མ་ཡིན་ནམ། 

ཟླ་བ།   ཁྱོད་ཀྱིས་ཤེས་སམ།  ལོ་ངོ་གཉིས་ཀྱི་ཡར་སྔོན་དུ།  ང་ལ་དགའ་རོགས་ཤིག་ཡོད།  དེ་དུས་ང་རང་ཁོ་ལ་ཧ་ཅང་དགའ།   ཁོ་ཡང་ང་ལ་ཤིན་ཏུ་དུངས།   ང་ཁོ་ལ་ཤིན་ཏུ་ཡིད་ཆེས་ཡོད་པས།  ཕྱིས་སུ་ངས་རང་གི་ལུས་སེམས་གཉིས་ཀ་ཕངས་སེམས་འགྱོད་མེད་དུ་ཁོ་ལ་སྦྱིན་པ་ཡིན།  ཡིན་ནའང་།   ངའི་བསམ་ཡུལ་ལས་འདས་པ་ཞིག་ལ།  ང་ལ་གཞི་ནས་མངལ་ཆགས་བྱུང་།  སྤྱིར་ན་དེ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་ཏེ།  རྒྱུ་མཚན་ནི་ངའི་དགའ་རོགས་དེས་ང་ནི་ཁོའི་མ་འོངས་པའི་གཅེས་སུ་འོས་པའི་ཆུང་མ་ཡིན་ཞེས་ཁས་བླངས་ཡོད།  འོན་ཀྱང་།   དེ་བས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ནི།  ང་ལ་མངལ་ཆགས་རྗེས་སྐྱེས་པ་དེས་ང་ལ་འགན་འཁུར་བ་ཕར་ཞོག  ཐ་ན་ང་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་ང་གཅིག་པུ་བསྐྱུར་ཏེ་ཁོ་རང་གང་སོང་ཆ་མེད་དུ་གྱུར་སོང་།    དེ་དུས་ང་ནི་ཉམ་ཆུང་ནུས་མེད་ཀྱི་བུ་མོ་ཞིག་ཡིན་སྟབས།  ངས་རང་གི་ཕྲག་སྟེང་ལ་བབས་པའི་སྡུག་བསྔལ་དེ་ཡོད་ཚད་ཐེག་པར་དཀའ།  དངོས་གནས་ཐེག་པར་དཀའ།  ཕྱིས་སུ་ངས་རང་གི་ཕ་མ་གཉིས་ལ་གསང་སྟེ་ཁ་རོག་གེར་སྨན་ཁང་དུ་ཕྱིན་ནས་མངལ་གྱི་ཕྲུ་གུ་མར་ཕུད་དགོས་བྱུང་།  དེ་ལྟར་བགྱི་བ་ལས་ང་ལ་ཐབས་གཞན་གང་ཡང་མི་འདུག  གལ་ཏེ་ངས་གཉེན་མ་སྒྲིག་གོང་ལ་ཕྲུ་གུ་ཐང་ལ་ཞིག་བཙས་པ་ཡིན་ན།  ངས་ཕ་མ་གཉིས་ཀྱི་ངོ་ལ་ཅི་ལྟར་ལྟ།  ཁོང་གཉིས་ལ་ང་ལས་བྱིས་པ་གཞན་མི་འདུག་པས།   རེ་བ་ཡོད་ཚད་ང་ལ་བཅོལ་ཡོད།  སྨོན་འདུན་ཡོད་ཚད་ང་ལ་གཏད་ཡོད།  ངས་ཁོ་གཉིས་ཀྱི་རེ་བ་དེ་ལྟར་སྟོང་ཟད་དུ་གཏོང་འདོད་དམ།  ངས་ཁོ་གཉིས་ཀྱི་སྨོན་འདུན་དེ་ལྟར་འབྲས་མེད་དུ་གཏོང་འདོད་དམ།  དངོས་གནས་མི་འདོད། ཡིན་ན་ཡང་།  ང་ལའང་ཐབས་བཀོད་མི་འདུག  ངས་ཐབས་བཀོད་ཡོད་ཚད་སྤྱད་ཚར་རྗེས།   རང་གི་ཤ་ལས་མཆེད་པའི་ཕྲུ་གུ་དེ་དེ་ལྟར་མར་ཕུད་དུས།   ཁྱོད་ཀྱིས་ངའི་སེམས་ཁོང་གི་སྡུག་བསྔལ་ནི་ཇི་འདྲ་ཞིག་ཡིན་པ་རྟོགས་ཐུབ་བམ།   དེ་ནི་ང་ལ་མཚོན་ན་ཇི་འདྲའི་བཟོད་གླགས་བྲལ་བའི་སྡུག་བསྔལ་ཆེད་པོ་ཞིག་རེད་ཨང་།  དེ་ནས་བཟུང་།  ངའི་སེམས་ལ་ནམ་ཡང་སོས་ཐབས་མེད་པའི་རྨ་ཁ་ཞིག་གཏོད་སོང་བས།  ང་ཉེ་འཁོར་གྱི་སྐྱེས་པ་གཅིག་ལའང་ཡིད་ཆེས་མི་ཐུབ་ཅིང་།  ཐ་ན་ང་འཇིག་རྟེན་འདིའི་སྐྱེས་པ་གཅིག་ལའང་ཡིད་ཆེས་པར་དཀའ།  ངས་བརྩེ་དུང་ཟེར་བ་ནི་མ་གཞི་གཞན་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་རྟོགས་སོང་ལ།   འཇིག་རྟེན་འདིའི་སྐྱེས་པ་ཚོ་ནི་ལག་ཆ་དེ་བསྣམས་ནས་བུད་མེད་ཚོར་མགོ་སྐོར་གཏོང་མཁན་དེ་ཡིན་པའང་གཞི་ནས་ཧ་གོ་སོང་།  འོན་ཀྱང་།  ངས་ནི་འཇིག་རྟེན་འདིའི་སྐྱེས་པ་ཚང་མ་དེ་འདྲ་ཞིག་རེད་ཟེར་བའང་མིན།   ཁྱོད་ནི་དེ་འདྲ་ཞིག་མིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།   ཁྱོད་ཀྱིས་ཤེས་སམ།  ལོ་ངོ་གཉིས་ཀྱི་རྗེས་སུ།  ང་ཁྱོད་དང་ཕྲད་པ་ནི་ངའི་རང་གི་བདེ་སྐྱིད་ཅིག་ཏུ་བསམས་ཡོད།  རྒྱུ་མཚན་ནི།  ཁྱོད་ཀྱི་བརྟན་བརླིང་གི་གཤིས་ཀ་དེ་དང་ཁྱོད་ཀྱི་རྣམ་དག་གི་བརྩེ་སེམས་དེས། ངའི་སེམས་ལ་བདེ་འཇགས་ཀྱི་ཚོར་བ་ཞིག་སྦྱིན་སོང་ལ།   ངའི་སེམས་ལ་རེ་བའི་སྨྱུ་གུ་གསར་བ་ཞིག་ཀྱང་ངང་གིས་འབུས་སུ་བཅུག  དེ་དང་བསྟུན།  ངའི་སེམས་ཁོང་གི་རྨ་ཁ་དེའང་ཡུན་གྱིས་སོས་ཐུབ་པ་བྱུང་།  ཡིན་ཡང་།  ཟླ་བ་ལགས།  ངས་ཐེངས་མང་པོ་ཞིག་ལ“ང་རང་ཁྱོད་ལ་ཡིད་ཆེས་ན་ཆོག་གམ”ཞེས་འདྲི་དོན་ཡང་།  ང་རང་མཚམས་མཚམས་སུ་བརྩེ་དུང་ལ་ཧ་ཅང་སྐྲག་པས་ཡིན།   སྐབས་རེར།  ང་ངོ་མ་བརྩེ་དུང་ལ་སྐྲག་གི་འདུག  ངས་ཁྱོད་ལ་དེ་ལྟར་འདྲི་ཐེངས་རེར།  ཁྱོད་ཀྱིས་ཚིག་རྔ་མནའ་ཡིས་བསྒགས་ཏེ་ང་ལ་ཡིད་ཆེས་གནང་བ་དེ་ནི།  བུ་མོ་ང་ལ་མཚོན་ན་ཇི་འདྲའི་བདེ་སྐྱིད་བླ་ན་མེད་པ་ཞིག་རེད་ཨང་།  བདེ་སྐྱིད་དེ་ལྟ་བུ་ནི་ཁྱོད་ཀྱིས་མ་གཏོགས་ང་ལ་གཞན་སུས་ཀྱང་སྟེར་མི་ནུས།    ཡིན་ཡང་།   ཟླ་བ་ལགས།  འུ་གཉིས་དུས་གཏན་དུ་མཉམ་འཛོམས་བྱ་མི་ཐུབ།  འུ་གཉིས་དུས་གཏན་དུ་ལྷན་དུ་སྡོད་པའི་བསོད་ནམས་ང་ལ་མེད།  རྒྱུ་མཚན་ནི།  ང་རང་དྭངས་གཙང་བསླད་མེད་ཅིག་མིན་པས་ཡིན།  སྤྱིར་ཡིན་ན།  ངས་ཁྱོད་ལ་རང་གི་འདས་སོང་གི་གཏམ་རྒྱུད་དེ་དག་བརྗོད་མི་འདོད་མོད།  ང་ཁྱོད་ལ་ཤིན་ཏུ་དགའ་བའི་དབང་གིས།  ངས་ཁྱོད་ལ་ཅི་ཡང་གསང་མི་འདོད།   དུས་ད་ལྟ།  ངས་རང་གི་སེམས་ཁོང་གི་སྡུག་བསྔལ་ཡོད་ཚད་ཁྱོད་ལ་བཤད་ཚར་བས།  ངའི་སེམས་པའང་སྔར་ལྟར་ལྗིད་ཏིག་ཏིག་ཅིག་མ་ཡིན་པར།  ཧ་ཅང་གུ་ཡངས་པ་ཞིག་ཏུ་གྱུར་སོང་།  དེ་བས་ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ།   གང་ལྟར།   ད་ལྟའི་བུ་མོ་ང་ནི།  རང་རེའི་ཁ་དཔེ་ལ།  སྦལ་བ་ན་རྐོང་ནང་ན་ཡོད་རུང་། བསམ་པ་གླིང་དཀར་སྟོད་ན་ཡོད་ཟེར་བ་ལྟར་ཡིན་པས།   ང་ནི་སྔར་བཞིན་རང་ཉིད་དྭངས་གཙང་བསླད་མེད་ཅིག་ཡིན་པའི་ཟོལ་གྱིས་མུ་མཐུད་དུ་གསོན་དགོས་པ་མ་ཡིན་ནམ།  མུ་མཐུད་དུ་འཚོ་དགོས་པ་མ་ཡིན་ནམ།     ངས་འདི་ལྟར་བརྗོད་ན།  ཁྱོད་ཀྱིས་ང་ལ་ཁྲེལ་དགོད་མི་བྱེད་པར། ངའི་སེམས་ཁམས་རྟོགས་ཐུབ་པའི་སྨོན་འདུན་ཞུ།   སྨོན་འདུན་ཞུ། 

ད་ནི་ངས་འཕྲིན་ཡིག་བྲིས་ནས་ཡོངས་སུ་རྫོགས་སོང་།  ཁྱོད་ཀྱིས་ངའི་འཕྲིན་ཡིག་འདི་ལ་བལྟས་རྗེས།   ང་ལ་ཁ་པར་གཏོང་བར་ཡིད་ཆེས་ཡོད།  འོན་ཀྱང་ངས་ནི་ཁྱོད་ལ་འཕྲིན་ཡིག་འདི་བསྐུར་ཚར་རྗེས།  ཁ་པར་ཨང་གྲངས་འདི་གཞི་ནས་སྒོ་གཏན་ཏེ་ནམ་ཡང་གཟུང་རྒྱུ་མིན།  ད་དུང་།  ཁྱོད་ཀྱིས་ངའི་འཕྲིན་ཡིག་འདི་ལ་བལྟས་རྗེས།   ང་རང་འཚོལ་དུ་འགྲོ་བར་ཡང་ཡིད་ཆེས་ཡོད།   འོན་ཀྱང་།   ངས་ནི་ཁྱོད་ལ་འཕྲིན་ཡིག་འདི་མ་བྲིས་སྔོན་ལ།  སྔ་མོ་ནས་མེ་འཁོར་སྤ་སེ་ཉོས་ཏེ་རྒྱང་རིང་གི་གནས་ག་ལ་བ་ཞིག་ལ་ཆས་ཟིན།   ཉེ་དུ་ལས་ཀྱིས་བསྡུས་པ་ལས་ཀྱིས་ཉེ་དུ་དབྲལ་ཟེར་བ་ལྟར།  འུ་གཉིས་ཀྱང་ལས་ཀྱིས་མཉམ་དུ་འཛོམས་ཤིང་ལས་ཀྱིས་སོ་སོར་གྱེས་དགོས་བྱུང་།   ང་འདི་ལྟར་ཁ་རོག་གེར་ཁྱོད་དང་ཁ་བྲལ་སོང་བར་དགོངས་འགལ་མེད་པར་ཞུ།  

མཇུག་མཐར།   ཁྱོད་ཀྱི་སྐུ་ལུས་གསེར་གྱི་ལྷུན་པོར་ནམ་ཡང་འཚེ་བ་མེད་པར་བདེ་ཞིང་སྐྱིད་པ་དང་།  ཉིན་རེར་སློབ་སྦྱོང་ཡར་ཐོན་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ།   ད་དུང་ཡིད་ལ་འཇགས་རྒྱུ་ཞིག་ནི།    ཐ་མག་ཉུང་ཙམ་འཐེན་རོགས།     ལུས་ཕུང་ལ་ཤིན་ཏུ་གནོད་པ་ཆེ།    རྫོགས་སོ།།       

                                                          ཟླ་ཚེས་བཟང་བོར་གུས་ཕུལ། ”

ངས་གཞོན་ནུ་མ་དེའི་འཕྲིན་ཡིག་འདི་བཀླགས་ཚར་རྗེས།   ཡིད་སེམས་གཉིས་ཀ་བློང་བློང་བོར་བཏང་སོང་ལ།  རང་ཉིད་ནི་མུན་ནག་གི་ཀློང་ལས་ཡོངས་སུ་སད་པ་ལྟར་གྱུར་བས།   དེའི་མུར་གཞོན་ནུ་མ་དེའི་ཁ་པར་ཨང་གྲངས་མནན་མོད།  འོན་ཀྱང་ཁ་པར་ལས“དགོངས་པ་མ་ཚོམས།  ཁྱེད་ཀྱིས་བཏང་བའི་ཁ་པར་གྱི་སྒོ་གཏན་འདུག”ཅེས་ཡང་ཡང་བསྒྲགས་པ་དེས།  སེམས་པ་མཚོན་མདས་བསྣུན་པ་ལྟར་ན་ཟུག་བཟོད་གླགས་བྲལ་བ་ཞིག་སྐྱེས་བྱུང་།  དེ་ནས་ང་རང་རྟབ་རྟབ་པོར་ཡར་ལངས་ཏེ་ལྭ་བ་གྱོན་རྗེས་མགྲོན་ཁང་གི་ཕྱི་རོལ་དུ་རྒྱུགས་པ་ན།   ཉིན་དེའི་ནམ་ཟླ་ནི་སྐྱ་ཐོལ་ཐོལ་དུ་འདུག་ལ།   དྲི་ངན་སྣ་ཚོགས་ཀྱིས་བསླད་པའི་མཁའ་དབུགས་ནི་བར་སྣང་ལ་འབྱར་འདུག་པ་དང་འདྲ།  སྐབས་དེར་འཁྱག་རླུང་ཞིག་ཀྱང་བར་མེད་དུ་ལྡང་བཞིན་ཡོད་པས།   ང་ལ་འཁྱག་འདར་གློ་བུར་བ་ཞིག་བརྒྱབ་བྱུང་།     ངས་གླ་གཏོང་རླངས་འཁོར་ཞིག་གླས་ནས་ཐད་ཀར་མེ་འཁོར་འབབ་ཚིགས་སུ་ཤར་མར་བསྐྱོད་པ་ཡིན།

མེ་འཁོར་འབབ་ཚིགས་སུ་བསྐྱོད་པའི་ལམ་བར་དུ།   ངའི་ཡིད་ལ་གཞོན་ནུ་མ་དེའི་ཞལ་རས་ཡང་ཡང་འཁོར་བ་དང་།   སེམས་སུ་རང་ཉིད་ལ་འགྱོད་བཤགས་ནན་མོ་བྱེད་བཞིན་འདི་སྐད་དུ་ཐལ། “སྙིང་ཉེ་ལགས།  གལ་སྲིད་ཁྱེད་རང་ད་དུང་མེ་འཁོར་འབབ་ཚིགས་སུ་བསྡད་ཡོད་ན།  ཡིན་གཅིག་མིན་གཉིས་ང་ལ་སྒུགས་དང་།    ད་ལྟ།   ངས་རང་ཉིད་གཞི་ནས་འཕྱུག་འདུག་པ་ཤེས་ལ།   ངས་ཡོད་ཚད་ཀྱི་ཡོད་ཚད་ཧ་གོ་སོང་།  ཁྱོད་རང་དགོངས་པ་མ་ཚོམས་རོགས།  ཁྱོད་ཀྱིས་བདག་གི་སེམས་པ་ཁྱེར་ནས་རྒྱང་རིང་གང་དུ་འགྲོའམ།  བདག་གི་སྙིང་ཉེ་ལགས།  ཁྱེད་རང་འདི་ལྟར་བཞུད་ན་ནི།  ང་ཡི་སེམས་པ་གས་འགྲོ་ངེས།   ང་ཡི་ལུས་པོ་བསྙིལ་འགྲོ་ངེས།  ཁྱོད་རང་མ་འགྲོ་ཕྱིར་ཕེབས་རོགས།  ཕྱིར་ཕེབས་རོགས…… ”

ལམ་སྐབས་སུ།    གཞུང་ལམ་སྟེང་གི་རླངས་འཁོར་དག་གིས་བསམ་གཟས་ནས་ང་ལ་སྙད་རྐོ་བ་ལྟར།  གཅིག་གི་སྔོན་གཅིག་གིས་བཀག་སྟེ་རླངས་འཁོར་ནི་རུས་སྦལ་བལ་འགྲོས་ལྟར་མདུན་དུ་བསྐྱོད་དགོས།   དེའི་དུས་ཀྱི་ངའི་སེམས་ཁམས་ནི་ཆུ་ཁོལ་གྱི་ཚ་རླབས་འཕྱུར་བ་བཞིན་འཇགས་ཐབས་བྲལ་བས་ངས་རྒྱུ་མཚན་མེད་པའི་རླངས་འཁོར་ཁ་ལོ་བ་ལ་ཚིག་ལོག་འགའ་ཡང་སྨྲས་པ་ཡིན།   ང་རང་དེ་ལྟར་ལམ་འགག་དུ་མ་ཞིག་བརྒྱུད་དེ་དུས་ཡུན་རིང་བོ་ཞིག་གི་རྗེས་སུ།    ད་གཟོད་མེ་འཁོར་འབབ་ཚིགས་སུ་བསླེབས་ཐུབ་པ་བྱུང་།  

མེ་འཁོར་འབབ་ཚིགས་སུ་མི་ཚོགས་ནི་གྲོག་ཚང་ནང་གི་གྲོག་མ་བཞིན་འཚང་ཁ་ཤིག་ཤིག་ཡར་རྒྱུགས་མར་རྒྱུགས་བྱེད་ཅིང་།  མི་མང་པོ་ཞིག་གིས་ལག་ཏུ་སྒམ་ཆུང་རེ་དྲུད་དེ་ལ་ལ་ཕྱི་ལ་སླེབས་པ་དང་།  ལ་ལ་ནང་དུ་འགྲོ་བཞིན་མཆིས།

དར་ཅིག་ལ་ངས་གཞོན་ནུ་མ་དེས་ལྭ་བ་ཅི་ཞིག་གྱོན་ཡོད་པའང་དྲན་པ་སོས་རྒྱུ་མ་བྱུང་།   ཡུད་ཙམ་འགོར་རྗེས། གཞོན་ནུ་མ་དེས་སྟོད་ཐུང་དམར་པོ་ཞིག་གྱོན་ཡོད་པ་གཞི་ནས་དྲན་བྱུང་བས།  མི་ཚོགས་ཁྲོད་ཀྱི་སྟོད་ཐུང་དམར་པོ་གྱོན་པ་དག་ལ་ཞིབ་ཏུ་བལྟས་ཏེ་ཁོ་མོ་བཙལ་བ་ཡིན།  འོན་ཀྱང་།  ངས་ཇི་ལྟར་བཙལ་ཡང་གཞོན་ནུ་མ་དེ་ངའི་མཐོང་ལམ་དུ་མངོན་མ་བྱུང་།   སྐབས་ཤིག་ལ།   མདུན་ཕྱོགས་སུ་བུད་མེད་སྟོད་ཐུང་དམར་པོ་གྱོན་པ་ཞིག་ཅུང་བྲེལ་འཚུབ་དང་བཅས་མེ་འཁོར་ས་ཚིགས་ཀྱི་སྤ་སེ་ཞིབ་བཤེར་བྱེད་སྒོ་རྒྱུད་ནས་ནང་དུ་འགྲོ་བཞིན་འདུག   ངས་བུད་མེད་དེའི་འགྲོ་སྟངས་དང་རྒྱབ་ལ་དཔྱངས་པའི་དབུ་སྐྲ་དག་ལ་ཞིབ་ཀྱིས་བལྟས་རྗེས།   དེ་ནི་གཞོན་ནུ་མ་དེ་ཡིན་པ་གཞི་ནས་རྟོགས་ཤིང་།   དེའི་མུར་མི་ཚོགས་ཁྲོད་དུ་ཅི་མི་སྙམ་པར་སྐད་གསེང་མཐོན་པོས་ཁོ་མོའི་མིང་ནས་འབོད་ཞོར་རྗེས་སུ་རྒྱུགས་མོད།  ཁོ་མོས་ཁ་ཕྱིར་འཁོར་ཏེ་ང་ལ་ཨ་ལན་མ་བྱིན།    ང་རང་འཚང་ཁ་ཤིག་ཤིག་མི་ཚོགས་ཀྱི་བར་གསེང་བརྒྱུད་ནས་རྒྱུགས་ཤིང་།  སྐབས་རེར་མི་གཞན་པར་གདོང་ཐུག་བརྒྱབ་ཏེ་ཕ་རོལ་བོ་ཐང་ལ་བསྒྱེལ་བ་དང་།   མཚམས་རེར་མི་གཞན་གྱི་རྐང་པར་ཐོགས་ཏེ་རང་ཉིད་ཁ་སྦུབས་ཀྱིས་ཐང་ལ་འགྱེལ་འགྲོ།   དེ་ལྟར་རྒྱུགས་ཏེ་མེ་འཁོར་ས་ཚིགས་ཀྱི་སྤ་སེ་ཞིབ་བཤེར་བྱེད་སྒོ་རྒྱུད་དུས།  དེ་རུ་འགྲེང་བའི་སྲུང་དམག་འགའ་ཡིས་ང་བཀག་ཀྱང་མ་ཁོག་པར་ནང་དུ་རྒྱུགས་པ་ཡིན།   སྐར་མ་འགའ་ཡི་རྗེས་སུ།  ངས་གཞི་ནས་གཞོན་ནུ་མ་དེའི་རྗེས་ཆོད་སོང་།   ངས་དབུགས་ཧལ་ཧལ་ལེན་བཞིན་ཁོ་མོའི་སྔོན་དུ་རྒྱུགས་ཏེ“ཁྱེད་རང་མ་འགྲོ……མ་འགྲོ”ཞེས་བཤད་ཞོར་བུད་མེད་དེའི་གདོང་ལ་བལྟས་ཙ་ན།   དེ་ནི་གདོང་ལ་མིག་ཤེལ་གྱོན་ཞིང་། མདུན་སོ་གྲལ་མི་དག་པའི་རྒྱ་མོ་ཞིག་ཡིན་འདུག   རྒྱ་མོ་དེ་ཐོག་མར་སྔངས་སྐྲག་ཅིག་སྐྱེས་ཤིང་།   དེ་ནས་ང་ལ་ཡ་མཚར་བའམ་མཐོང་ཆུང་ངམ་ཁྱད་གསོད་ཀྱི་མིག་མདངས་ཤིག་གིས་ལྟ་ཙམ་བྱས་རྗེས“ཁྱོད་ལ་སྨྱོ་ནད་བྱུང་ཡོད་དམ།  ཕར་སོང”ཞེས་ང་ལ་ཕུད་རྒྱག་ཅིག་བྱས་རྗེས་མུ་མཐུད་དུ་མདུན་ལ་ཆས་སོང་།       ང་རེ་ཞིག་ཧ་ལས་པས་གྱུར་བས་རྒྱ་མོ་དེས་ང་ལ“ཕར་སོང”ཟེར་བ་དེ་ལས་གཞན་ཅི་ཡང་ཐོས་མ་བྱུང་།  རྒྱ་མོ་དེས་རྒྱབ་ལ་དཔྱངས་པའི་དབུ་སྐྲ་ཕར་གཡུགས་ཚར་གཡུགས་བྱེད་བཞིན་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་།  ངས་ཁོ་མོའི་རྒྱབ་གཟུགས་ལ་ཅེར་ཏེ་སེམས་སུ་དབང་མེད་དུ་གཞོན་ནུ་མ་དེ་དྲན་ཡོང་།  ཁོ་མོ་ད་ལྟ་གང་དུ་ཆས་སམ།  ཁོ་མོ་ད་ལྟ་གང་དུ་ཆས་སམ།  ང་རང་གནས་སུ་འགྲེང་སྟེ་སེམས་སུ་དྲི་བ་དང་ཞེ་འགྱོད་མང་པོ་ཞིག་ལྷན་དུ་བསྡེབས་ཏེ་འཕོས་བྱུང་བས།  ཡུན་ཙམ་ལ་ཅི་བགྱི་ཆ་མ་འཚལ་བར་གནས་གཅིག་ཏུ་ཧད་དེ་ལུས།   སྐབས་ཤིག་ལ།  གློ་བུར་དུ་རྩལ་ཤུགས་ཀྱིས་ཁེངས་པའི་མི་གཉིས་ཀྱིས་ངའི་ལག་པ་ནས་བཟུང་སྟེ་རྒྱབ་ལ་བཀུག་བྱུང་།  སྐབས་དེར།  ང་སྐྲག་ཐག་ཆོད་དེ་ཁ་ནས“ཁྱོད་གཉིས་སུ་ཡིན།  ཁྱོད་གཉིས་ཀྱིས་ཅི་བྱེད་འདོད”ཅེས་བཤད་ཞོར་ཤེད་ཤུགས་ཡོད་རྒུས་ལག་པ་ཕྱིར་བསྲིངས་མོད་དེ་ནི་ཞི་ལིའི་ཁ་རུ་ཙི་གུ་ཤོར་བ་བཞིན་ངལ་བ་འབྲས་མེད་དུ་གྱུར་སོང་།  དེ་ནས་མགོ་བོ་ཕྱིར་འཁོར་ཏེ་བལྟས་པ་ན་དེ་ནི་དམག་ལྭ་གྱོན་པའི་སྐྱེས་པ་གཉིས་ཡིན་འདུག

ངས་དམག་མི་དེ་གཉིས་ལ“ཁྱོད་གཉིས་ཀྱིས་ཅིའི་ཕྱིར་ང་བཟུང་བ་ཡིན་ནམ”ཞེས་དྲིས་པར།  གཡོན་ཕྱོགས་གྱི་དམག་མི་དེས“ཁྱོད་ཀྱིས་སྤ་སེ་མ་ཉོས་པར་གང་འདོད་དུ་ནང་ལ་རྒྱུགས་ཏེ་ང་ཚོའི་སྒྲིག་ལམ་ལ་གཏོར་བརླག་བྱས་སོང་།   གཅིག་བྱས་ན་ཁྱོད་ནི་རྐུན་མ་ཞིག་ཡིན་ཀྱང་སྲིད།   ང་ཚོས་ཁྱོད་ལ་འདྲི་གཅོད་ནན་མོ་བྱ་དགོས།  འགྲོ—”ཟེར་ནས་ང་རང་བཙན་ཤུགས་ཀྱིས་གནས་གཞན་ཞིག་ཏུ་ཁྲིད་སོང་།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།