གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ།

2017-11-09 11:20:53 ཏ་ཏ། ཀློག་གྲངས། མཆན ཡོད།

ཁོ་སུ་ཡིན་པ་ངས་ག་ལ་ཤེས། མདང་དགོང་ཆང་ཁང་དུ་ཝུ་ཆང་ཡིད་ཚིམས་པ་ཞིག་འཐུང་རྗེས་ང་རང་ར་རོར་གྱུར་ཞིང་རང་ཁྱིམ་དུ་ཅི་ལྟར་ཐོན་པའང་མ་ཤེས། ངས་ཞིབ་འདང་ཇི་ལྟར་བརྒྱབ་ཀྱང་ངལ་བ་འབྲས་མེད་དུ་གྱུར། ཁོའི་མིང་ལ་ཅི་ཟེར་རམ། ཁོ་གང་གི་ཡིན་ནམ། ཁོ་དང་ངའི་བར་དུ་འབྲེལ་བ་ཅི་ཞིག་ཡོད་དམ།

དགོད་བྲོ་བ་ནི། མདང་ནུབ་ཁོ་ང་དང་མཉམ་དུ་ཉལ་ཁྲི་གཅིག་ཏུ་ཉལ་བ་ཡང་ཡིད་ན་བག་ཆགས་ཙམ་ཡང་མི་འདུག་པ་དང་། ཁོ་ད་ལྟ་ངེད་ཚང་གི་སྒོ་རའི་ཁྱམས་རར་ཉི་མར་ལྡེ་བཞིན་འདུག  མི་འདིས། ང་ལ་འཛུམ་མདངས་ཡ་ང་བ་ཞིག་སྟོན་བཞིན་སྐྱུག་བྲོ་བའི་སྐད་ཆ་གང་བྱུང་དུ་ལབ་བྱུང་། ངས་ཁོར་ལན་འདེབས་ཅི་ཐུབ་བྱས་ཀྱང་ཁོའི་སྐྱུག་བྲོ་བའི་སྐད་ཆ་དག་ལ་མཚམས་འཇོག་རྒྱུ་མི་འདུག  ང་ལ་གློ་བུར་ཏུ་ཞེ་སྡང་ལངས་བྱུང་། ངས་ཁོའི་སྐད་ཆ་དག་ལ་ལན་ཅི་ཡང་མ་བཏབས། རྒྱུྱ་མཚན་ཁོ་ང་དང་འབྲེལ་བ་སྤུ་ཙམ་མེད་པར་མ་ཟད། ཁོའི་སྐད་ཆ་དག་ཉོག་བཤད་རྐྱང་རྐྱང་ལས་མ་འདས།

ངས་རང་གི་ཞེ་སྡང་མར་གནོན་ཐབས་ལ་རང་ཁྱིམ་དང་བྲལ་ནས་སྲང་ལམ་ཆེ་མ་ཆུང་གསུམ་ལ་འགྲིམ་མོད། ཁོའི་གཟུགས་བརྙན་མིག་ལམ་ལས་ཡལ་ཐབས་བྲལ། ང་རང་ཐབས་ཟད་དེ་གོམ་སྟབས་ཆེན་པོས་སླར་ཡང་ཆང་ཁང་དུ་འཛུལ། ཆང་ཧུབ་ཀྱིས་བསྟུད་མར་འཐུང་།  ལུས་པོ་སྦྲིད་པར་གྱུར་བས་མགོ་ཤུགས་ཀྱིས་ཡར་བཏེགས་ཀྱང་མར་ལྷུང་ཡོང། མིག་ལམ་དུ་རལ་བ་གཟེངས་པའི་ཁོ་དགོད་ཀྱིན་འདུག ངས་ཁུ་ཚུར་གྱིས་ཁོའི་གདོང་ལ་སྣུན་ཅི་ཐུབ་བྱས་པས། ཁྲག་དམར་ཆུ་ཁོལ་ལྷོག་ལྷོག་གདུ་བ་བཞིན་བཞུར་བྱུང་། ངས་ད་དུང་མུ་མཐུད་དུ་ཁོའི་གདོང་ལ་སྣུན་ཅི་ཐུབ་བྱས། མཇུག་མཐར་ཁོ་ཐང་དུ་འགྱེལ་ཞིང་ངའི་ལུས་ལའང་ཁྲག་དམར་གྱིས་བརྫིས་འདུག་པས། ད་བཟོད་ངའི་ཞེ་སྡང་ཅུང་མར་བབས་པའི་སྣང་བ་སྟེར། སྐབས་དེར། མྱུར་སྐྱོབས་རླངས་འཁོར་གྱི་དུང་བརྡ་གསལ་བོ་དེ་ངའི་རྣ་ལམ་དུ་ཐོས་པར་མ་ཟད། ཁོ་རླངས་འཁོར་དུ་འཁྱེར་བའི་སྨན་པ་དེ་དག་ཀྱང་གསལ་བོར་མཐོང་ཐུབ།  

ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་མིག་ཟུང་ཕུར་ཕུར་བྱེད་བཞིན་ཁོ་ངའི་འགྲམ་དུ་ཡར་ལངས་ཏེ་སྒོ་རའི་ཁྱམས་རར་ཉི་མ་ལྡེ་བར་སོང་། ངས་འདི་ནི་རྨི་ལམ་མིན་ནམ་སྙམ་བཞིན་རང་ལ་ཤ་གཅུ་ཞིག་བརྒྱབ། ན་ཟུག་ཚ་བོངས་བོངས་བྱེད། མི་འདི་ང་དང་འབྲེལ་བ་ཅི་ཞིག་ཡོད་དམ། ཀླད་པ་བསམ་གཞིག་གིས་འགས་པར་བྱས་ཀྱང་ཡིད་ལ་དྲན་རྒྱུ་ཞིག་མ་བྱུང་། མཚམས་འདིར། ང་ལ་འཇིགས་སྐྲག་ཞིག་སྐྱེས་བྱུང་། འདི་ནི། ཆུང་དུས་སུ་ཕ་མས་བཤད་པའི་འདྲེ་སྒྲུང་ལས་འདྲེ་ཟེར་བ་དེ་ཡིན་ནམ། ཝེ། ང་ལ་སྐྲག་སྣང་ཁྱད་པར་བ་ཞིག་གིས་གཅུན་པ་དང་བསྟུན་ནས་རང་ཉིད་ཡོངས་སུ་ཁེར་རྐྱང་ཡིན་པ་ཚོར། ཆུང་མ་དང་བུ་ཕྲུག་དག་གང་དུ་སོང་པ་ཡིན་ནམ། ཁྱམས་རའི་ནང་དུ་རྩྭ་ལྡུམ་ཕོན་པོ་སྐྱེས་འདུག་པ་ལས་གཞན། སིལ་སྡོང་གི་མགོ་རུ་འབུས་པའི་སིལ་ཏོག་དག་གང་སར་འཐོར་འདུག་ལ། མི་གཙང་བའི་འགྱིག་ཤོག་དང་ཤེལ་དམ། སྐྱག་ཤོག་སོགས་ཟ་ཟུར་དུ་འཚང་འདུག སུ་ཞིག་གིས་བཏང་བའི་སྐྱག་པ་དག་ཀྱང་ཉི་མས་སྐམ་ཞིང་ནག་པོར་གྱུར་ཏེ་སྐྱག་སྦྲང་མང་པོས་བང་བང་གི་སྒྲ་འབྱིན་བཞིན་མཐའ་བསྐོར་ནས་ཡར་འཕུར་མར་འཕུར་བྱེད།

ཁུང་བུ་ཞིག་དང་འདྲ་བའི་སྒེའུ་ཁུང་ལས་ནང་དུ་བལྟས་ཚེ། ཅོག་ཙེ་དང་རྐུབ་སྟེགས་སོགས་དངོས་པོ་དག་ས་རྡུལ་དང་གད་སྙིགས་ཀྱིས་ཁེབས་འདུག་པར་མ་ཟད། ཅ་ལག་དག་གི་ལྷུ་ལག་སུ་ཞིག་གིས་དྲག་རྩལ་འཁྲབ་པ་བཞིན་ཕྱོགས་བཞིར་གཏོར་འདུག དེ་དག་ལས་ཀྱང་ཆེས་འཇིགས་སུ་རུང་པ་ནི་མལ་ཁྲི་རལ་བོ་དེའི་སྟེང་ན་ཁོའི་གཟུགས་དབྱིབས་ལྟ་བུའི་ཚིལ་མཐུག་པོ་ཞིག་ཆགས་འདུག་པ་དེ་རེད། ང་རང་ཅི་བྱ་གཏོལ་བྲལ་དུ་གྱུར་ནས། ས་ཆ་འདིར་ང་འདྲེས་ཁྲིད་ཡོང་པ་ཡིན་ནམ། གང་ལྟར། མི་འདི་དང་ཁང་པ་འདི། ང་ལ་འབྲེལ་བ་སྤུ་ཙམ་མེད། ང་རང་རྐང་འཇབ་ལག་འཇབ་ཀྱིས་སྒོའི་ཕྱི་རོལ་དུ་བྲོས། ཐབས་ལམ་འདི་ལས་ལྷག་པ་ཞིག་སྐབས་དེར་ངའི་སེམས་ལ་འཆར་ཐབས་མི་འདུག  འོན་ཏེ། ཁོ་ནི་ཤི་བོ་ཞིག་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད་པར་ཉི་མར་ལྡེ།

ང་སྲང་ལམ་དུ་ཐོན་དུས་བཙོན་ནས་ཐར་བ་བཞིན་དགའ་སྤྲོར་གནོན་ཐབས་མི་འདུག ཚོར་བ་དེ་ནི་ཚེ་འདིར་ཐོག་དང་པོར་རང་དབང་གི་དོན་སྙིང་རྟོགས་པ་བཞིན། དེ་འདྲའི་སྨྲ་བསམ་བརྗོད་འདས་ཤིག་རེད། ཡིན་ན་ཡང་། ཆེས་གལ་འགངས་ཆེ་བ་ནི་ཕོ་བའི་ནང་ལ་ཟ་མ་མ་སོང་བར་ཟླ་འགའ་འགོར་བ་ལྟར་ལྟོགས་སྐོམ་སྐྱེས་བྱུང་པས། ཟས་རིགས་ཤིག་མྱུར་ཏུ་ཟ་དགོས། 

ངས་ཟ་མ་མ་ཟོས་གོང་ཆང་རག་དམ་བུ་གང་ཧུབ་ཀྱིས་རྔམ་འཐུང་བྱས། མགོ་ཡར་མི་ཐེག་པར་གྱུར། སྐབས་དེར། ངའི་མིག་ཟུང་དུ་ཡང་བསྐྱར་ཁོ་མངོན་བྱུང་། ངས་རལ་གྲིས་ཁོའི་ལུས་པོ་གཙབས་ཧྲུལ་དུ་བཏང་པར་མ་ཟད། ཁོའི་མགོ་བོ་བཅད་དེ་མི་ཚོགས་ཀྱི་དཀྱིལ་དུ་འཕང་། ཉེན་རྟོག་རླངས་འཁོར་གྱི་དུང་སྒྲ་སྙིང་ལ་གཟན་པ་ཞིག་གྲགས་བྱུང་ལ། མིག་ཟུང་ལས་ཉེན་རྟོག་པ་ཚོས་ང་འཛིན་བཟུང་བྱེད་ཀྱིན་པ་དང་། ངའི་ཐོད་པའི་སྟེང་དུ་ཙག་སྒྲ་དང་བཅས་མདེའུ་ཡིས་ཀླད་ཁྲག་གཏོར་བ་སོགས་གསལ་བོར་མཐོང་།

ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་མིག་ཟུང་ཕུར་ཕུར་བྱེད་པའི་ཁོ་ངའི་འགྲམ་དུ་ཡར་ལངས་ཏེ་སྒྱིད་ལུག་ངང་སྒོ་རའི་ཁྱམས་རར་ཉི་མ་ལྡེ་བར་སོང་། ངས་རང་ལ་ཤ་གཅུ་ཞིག་བྱས། ན་ཟུག་མ་བཟོད་པར་ངག་ལས་ཨག་རིང་ཞིག་ཤོར་ཡང་། ཁོ་འགུལ་ཙམ་ཡང་མི་བྱེད། ཁོའི་ངོ་གདོང་རྒས་གཉེར་གྱིས་ཁྱབ་ཅིང་དབང་བོ་ལྔ་ལ་ཚོར་བ་གང་ཡང་མི་འདུག བལྟས་ཚོད་ཀྱིས་ཁོའི་ཚེ་སྲོག་ནི་ལ་ཁའི་ཉི་མ་བཞིན་མཇུག་སྒྲིལ་ལ་ཉེ་བ་ཚོར་ཐུབ། ཁོ་ཤི་ཚེ། ཤུལ་དུ་བསྐྱུར་བའི་ལུས་པོ་དེ་ལྕི་བ་ལྟར་དོན་སྙིང་གང་ཡང་མེད།  ཨོ། ཁོ་ནི། མ་གཞི་འཆི་རན་པའི་རྒན་པོ་ཞིག་རེད། ཡིན་ཡང་། དེ་ང་དང་འབྲེལ་བ་ཅི་ཞིག་ཡོད་དམ། ཁོ་རང་འཆི་རན། ང་འཇིག་རྟེན་འདིར་ཡུན་རིང་ལ་འཚོ་དགོས་ཤིང་། དེའི་རིང་དུ་སྐྱིད་བརྒྱབ་ནས་འགྱོད་པ་མེད་པ་ཞིག་བྱེད་དགོས། ངས་དེ་ལྟར་བསམ་བཞིན་ཆང་ཁང་དུ་གོམ་ཁ་བསྒྱུར། 

ཆང་ཁང་དེ་རུ། སྨད་འཚོང་མ་དང་ཆང་རྐྱལ་རལ་བོ་ཚོ་ལས་གཞན། རྒན་པོ་སྐྲ་དཀར་དག་གིས་ཀྱང་རང་ལ་འཕུར་མཉེད་བྱེད་དུ་འཇུག བཤད་ཅི་དགོས། ང་ཆང་རྐྱལ་རལ་བོའི་རིགས་སུ་གཏོགས། མདུན་གྱི་སྨད་འཚོང་མས་ལག་པ་ཉ་མོ་འཁྱུག་པ་བཞིན་ངའི་འདོམས་ན་ཡོད། དེ་དག་བཤད་ན། དོན་སྙིང་ཡོད་མི་སྲིད་མོད། དེ་བདེ་སྐྱིད་ཅིག་མ་རེད་ཟེར་ནས་ཁ་ཚོན་གཅོད་དཀའ།

ངའི་རབ་རིབ་ཀྱི་མིག་ཟུང་ལས་ཁོ་མངོན་བྱུང་། ངས་དམ་བུ་ཤུགས་ཀྱིས་ཡར་ཕྱར་ཏེ་ཁོའི་མགོ་རུ་རྒྱག་བསམ་ཡང་། ང་ལ་དམ་བུ་ཡར་འདེགས་པའི་ནུས་ཤུགས་རྩ་བ་ནས་མི་འདུག  འཛུམ་མདངས་ཡ་ང་བ་སྟོན་པའི་ཁོ་ངའི་མདུན་དུ་ཡར་འགྲེང་ནས་ཆང་རག་དམ་བུ་གང་ཧུབ་ཀྱིས་འབྱུང་བཞིན་མར་ཙོག་བྱུང་། ད་ལྟ་བཤད་དགོས་པ་ནི་ང་རང་གདོང་དམར་པོ་རུ་འགྱུར་བྱེད་ཅིག་སྟེ། ཁོ་ནི་ངའི་གྲིབ་གཟུགས་ཏེ། ཁོའི་འདོམས་ན་ཡང་སྨད་འཚོང་མའི་ལག་པ་ཉ་མོ་ལྟར་འཁྱུག  ངས་རང་ལ་ཡང་ཡང་བལྟས་ཤིང་། ཕར་གྲིབ་གཟུགས་ལ་ཡང་ཡང་བལྟས། མཐའ་འཁོར་གྱི་རྒན་པ་སྐྲ་དཀར་དག་ལ་ཡང་ཡང་བལྟས་ཏེ། འཇིག་རྟེན་འདིར་དོན་སྙིང་གང་ཡང་མེད་པ་རྟོགས།

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།