གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གབ་རྩེད།

2017-11-20 23:15:06 ཨ་ཁུ་རྨོག་སྡེ། ཀློག་གྲངས། མཆན ཡོད།


                                     ཨ་ཁུ་རྨོག་སྡེ་ཡིས་བརྩམས།
                                     ཉི་མ་སྲི་ཐར་གྱིས་ཞུ་སྒྲིག་བྱས།

རྒྱ་ཟླ་བཞི་བའི་ཚེས་བདུན།

 ༄༅། །ཁང་མིག་འདི་ལ་གྲང་ལྷགས་ཀྱིས་ཁེངས་འདུག  ཁང་མིག་འདི་ལ་འཇིག་རྟེན་ཉི་འོད་སེན་མགོ་ཙམ་ཡང་འཕོག་མ་མྱོང་བ་འདྲ། ཁང་ཀླད་ནས་ཐུར་དུ་དཔྱངས་བའི་གློག་སྒྲོན་དེ་གཉིས་ཤིན་ཏུ་ཆེ་ནའང་།  ཁང་མིག་གི་ཕྱོགས་གཅིག་ནི་ཤེལ་གྱི་རབ་གསལ་ཆེན་པོ་ཞིག་ཡིན་ནའང་།   ཁང་མིག་འདི་ལ་དྲོད་ཅིག་འཁོར་མ་མྱོང་ལ།   རབ་གསལ་དེ་ལ་ཕར་ལྟ་སྐབས། ཤེལ་ངོས་སུ་གློག་སྒྲོན་གཉིས་ཀྱི་འོད་གྲིབ་འདྲེ་མིག་ལྟར་འཕོས་ཏེ་ཚུར་ལ་བལྟ་བཞིན་ཡོད་པ་ལས་གང་ཡང་མཐོང་ཐུབ་ཀི་མི་འདུག རབ་གསལ་འདི་འདྲ་ནི་བྱེའུ་འགྲམ་ལྕགས་ཀྱི་འདྲི་གཅོད་ལྐོག་ལྟ་བྱེད་སྤྱད་ཡིན་པ་སྔར་ནས་གོ་མྱོང་། རབ་གསལ་འདིའི་ཕྱི་ནས་ནང་ལ་མཐོང་མོད་ནང་ནས་ཕྱི་ལ་མཐོང་ཐུབ་པ་མ་རེད་ཟེར་སྐད།   འོན་ཀྱང་ཁ་སང་མཚན་མོར།   ཁོ་ཚོས་བྱེའུ་འགྲམ་ལྕགས་ཀྱི་མགོ་བོ་བཏུམ་ནས་འདིར་དེད་པ་ཡིན་པས།   བྱེའུ་འགྲམ་ལྕགས་ཀྱིས་རབ་གསལ་ངོ་མཚར་ཅན་འདིའི་ཕྱི་ནས་ནང་ལ་ལྟད་མོ་ལྟ་རྒྱུ་མ་བྱུང་།

 ་་ཁོ་ཚོ་ངར་བ་རེད། ཅི་ཡང་དྲན་ཐུབ་ལ་བཟོ་ཡང་ཐུབ།་་ ཁོས་ཤེལ་སྒོ་ལ་ལྟ་བཞིན་དེ་ལྟར་དྲན་པ་དང་།   རང་གི་འཕོང་མགོ་སྒུལ་ཙམ་བྱས།  ཁོ་རང་ཤ་རྒྱགས་པོ་མིན་ཅིང་ལྕགས་རྟ་འདི་བཞོན་ནས་ཞག་ཅིག་འགོར་སོང་བས།  འཕོང་མགོར་བདེ་བོ་རྦད་ནས་མ་བྱུང་།  ཁོའི་ལག་པ་གཉིས་པོའང་ལྕགས་ཐག་ཅིག་གིས་ཅོག་ཙེའི་སྟེང་ལ་བཏགས་ཡོད་མོད།  འཕོང་མགོ་དང་བསྡུར་ན་ལག་པའི་ན་ཟུག་ལ་སེམས་ཚོད་མི་འདུག  འཕོང་མགོ་སྒུལ་ཙམ་མ་བྱས་ན་ཉེན་རྟོག་པའི་དྲི་བ་ལ་ལན་འདེབས་ཐུབ་ཀི་མི་འདུག

་་ཁས་ཉིན་ནུབ་མོ་ཁྱོད་རང་མཁན་པོ་སྟག་གྲུབ་ལ་བཅར་དོན་ཅི་ཡིན།་་

 ་་ང་རང་ཁྲུན་ཏུའུ་ལ་འགྲོ་གྲབས་བྱེད་ཀྱིན་ཡོད་པས།  ཕྱག་མོ་ཞིག་གཟིགས་གནང་ཞུ་བར་སོང་བ་ཡིན།་་

 ་་དེ་ན་ཁྱོད་མཁན་པོའི་ས་ནས་ཞག་སྡོད་བྱེད་དགོས་དོན་ཅི་ཡོད་ཀི་་

 ་་ང་ཕྱིར་ཡུལ་ལ་ལོག་གྲབས་བྱེད་སྐབས།  འཕྲུལ་རྟ་འབར་མ་བྱུང་།  མུན་ཤིན་ཏུ་རུབ་འདུག་པས་ཞག་འདུག་བྱེད་དགོས་བྱུང་སོང་།  མཁན་པོས་ང་ལ་དགོངས་པ་གནང་བྱུང་།་་

 ་་དེ་འདྲ་མཚར་པོ།་་ ཉེན་རྟོག་པ་དེས་ཁྲེལ་བགོད་ཅིག་བྱས།   སྐད་ཆ་འདྲི་མཁན་ལ་གཟིག་སྡེས་ཟེར། ཁོ་རང་ཤེལ་སྒོའི་རྒྱབ་ལོག་ནས་བསྡད་ན་ཆོག་མོད།  ད་ཐེངས་རྐུན་མ་འདི་གལ་ཆེན་ཡིན་པས་རུ་དཔོན་གྱི་དམག་རྟགས་ཕྲག་ལ་སྦྱར་བ་ཁོས་འདྲི་གཅོད་འདི་བྱས་པ་རེད། ཁོ་རང་གིས་ཉེན་རྟོག་པའི་དམག་ཆས་དེ་གྱོན་མེད་ནའང་།  ངོ་གདོང་ངམ་ནག་དེ་དང་སྨ་ར་གནག་ཅིང་མཁྲེགས་པོ་དེ་ཡིས་ཉེན་རྟོག་པའི་གཟི་ཤུགས་ཤིག་མངོན་གྱིན་འདུག

 ་་བདེན་མིན་ཁྱོད་ཚོས་མཁན་པོ་སྟག་གྲུབ་ལ་འདྲི་ཆོག་རེད།་་

 ་་ང་ཚོས་འདྲི་རྒྱུ་ཡིན། གལ་ཏེ་ཁྱོད་ཀྱིས་བཤད་པ་དེ་དང་མཁན་པོ་སྟག་གྲུབ་ཀྱི་བརྗོད་ཚུལ་དེ་གཉིས་ཐོ་ཐུག་མ་བྱུང་ན།  ཨ་བུ་ཁྱོད་ལ་ལྟད་མོ་ཡོད། གོ་བྱུང་ང་།་་  དོན་དངོས་སུ།   ཉེན་རྟོག་པས་མཁན་པོ་སྟག་གྲུབ་ལ་སྐད་ཆ་སྔར་ནས་དྲིས་ཚར་ཡོད། ད་ལྟ་བར་ཏུ། མཁན་པོའི་བརྗོད་ཚུལ་དང་བྱེའུ་འགྲམ་ལྕགས་ཀྱི་སྐད་ཆའི་བར་ལ་ཐེ་ཚོམ་བྱེད་ས་ཅི་ཡང་མི་འདུག  དེ་ནུབ་བྱེའུ་འགྲམ་ལྕགས་མོ་འདེབས་སར་སླེབས་པ་ཡིན་འདུག་ལ།  མོ་ཐོ་ཡང་མ་འབར་ནས་མཁན་པོ་ལ་ཞག་སྡོད་ཀྱི་དགོངས་པ་ཞུས་ཡོད་པ་བདེན།  འོན་ཀྱང་དུས་ཐུག་འདི་འདྲ་ནི་ཏག་ཏག་དོགས་པ་ཆེ་བའི་གནད་དོན་ཞིག་རེད།  མི་ཞིག་དགོན་པ་ལ་སླེབས་ཤིང་མི་སྐྱ་ཞག་སྡོད་བྱེད་མི་ཆོག་པའི་དགོན་པའི་ནང་ལ་ཞག་སྡོད་བྱས་པ་དང་། མཚན་མོ་དེར་སྒོར་མོ་ས་ཡ་བདུན་བརྒྱད་ཀྱི་རིན་གོང་གནས་པའི་ལྷ་སྐུ་རྙིང་བ་ལྔ་བརྐུས་ཤོར་བ་རེད། གཟིག་སྡེས་ཀྱི་ཉམས་མྱོང་ལ་མཚོན་ན་དུས་ཐུག་དེ་འདྲ་ནི་དོགས་པ་ཆེན་པོ་ཞིག་ཡིན།

 ་་ཁྱེད་ཀྱི་གཞིས་པ་དང་དགོན་པའི་བར་ལ་མོ་ཐོ་བཏང་ན་དུས་ཚོད་གཅིག་དང་ཕྱེད་དྲག་དགོས་རེད།  ཡུལ་ཚོའི་མངགས་གཏོང་ཁང་གི་ཐོ་འགོད་བྱས་པ་ལྟར་ན།  དུས་ཚོད་བདུན་དང་སྐར་མ་བཅུ་གྲངས་ཀྱི་སྐབས་སུ་ཁྱོད་རང་ཡུལ་ཚོའི་དགག་སྒོ་ལས་འཛུལ་ཡོད་པ་རེད།  ཁྱོད་རང་དགོན་པ་ནས་བུད་སྐབས་དུས་ཚོད་ནམ་རེད།་་  བྱེའུ་འགྲམ་ལྕགས་ཀྱི་གཞིས་བྱེད་སའི་ཁང་བ་ནི་ཡུལ་ཚོའི་མངགས་གཏོང་ཁང་གི་འགྲམ་གྱི་བཤས་རའི་རྒྱབ་ན་ཡོད།

་་ཆུ་ཚོད་དྲུག་པ་དང་ཕྱེད་ཙམ་རེད།་་

 ་་དུས་ཚོད་དྲུག་པ་དང་ཕྱེད་ཡིན་ནམ།་་ འདི་ཡང་དོགས་གནས་ཤིག་ཡིན་ཏེ། འབྲོག་པའི་གོམས་གཤིས་ལྟར་ཡིན་ན། སུས་ཀྱང་དུས་ཚོད་ཨང་ཀིའི་ཐོག་ནས་བརྗོད་དར་བ་མ་རེད།   ཁོ་ཚོས་དུས་ཚོད་དྲན་འཇོག་བྱེད་སྐབས་དོན་དག་དང་འབྲེལ་ནས་ཡོད་དེ།  དཔེར་ན་ནང་ཇའི་སྐབས།  སློབ་གྲྭ་གྲོལ་དུས།  ཁ་བ་འབབ་དུས། ཟོག་ཁུངས་ལ་དེད་དུས་ལྟ་བུ་བརྗོད་པ་ལས་ཨང་ཀི་སྤྱོད་ནས་དུས་ཚོད་བརྩི་སྲུང་བྱེད་པའི་གོམས་གཤིས་ཆགས་མེད། 

 ་་ཁྱོད་ལ་ཆུ་ཚོད་ཡོད་དམ།་་  གཟིག་སྡེས་ཀྱིས་བྱེའུ་འགྲམ་ལྕགས་ཀྱི་ལག་མགོ་ལ་འཁྱུག་ལྟ་ཞིག་བྱས།

 ་་མེད།་་ བྱེའུ་འགྲམ་ལྕགས་ཀྱིས་ཀྱང་རང་གི་ལག་མགོ་ལ་བལྟས་ཏེ།  ཁོས་དུས་ཚོད་འཁོར་ལོ་ཞིག་ཉོ་དགོས་དྲན་ནས་ཡུན་རིང་འགོར་མོད་ད་ལྟ་ལག་ལྕགས་ཤིག་ཐོགས་ནས་ཡོད།    ་་འོན་ཀྱང་ཁྱོད་ཚོས་ང་ལ་ཅིག་གནང་བྱུང་ང་། དྲིན་ཅན་ཁྱོད་ཚོ། །་་

་་ཚོད་བཟུང་།  ཨ་བུ།་་  གཟིག་སྡེས་ཡར་ལ་ལངས་ནས་བྱེའུ་འགྲམ་ལྕགས་ཀྱི་འགྲམ་ཏུ་བཅར།  ཁོས་སྨ་ར་ནག་པོ་དེ་བྱེའུ་འགྲམ་ལྕགས་ཀྱི་འགྲམ་པ་ལ་གཏུགས་ནས་དྲིས་པར།

 ་་ཁྱོད་ལ་དུས་ཚོད་འཁོར་ལོ་མེད་ན་དུས་ཚོད་དྲུག་པ་ཡིན་མིན་ཅི་འདྲ་ཤེས་རེད།  ཨ།་་  གཟིག་སྡེས་ཀྱི་ཁ་རླངས་བྱེའུ་འགྲམ་ལྕགས་ཀྱི་ངོ་ལ་འཕོག་སྐབས།  བྱེའུ་འགྲམ་ལྕགས་ཀྱི་མགོ་བོ་ཕྱིར་བསྐྱེད་ཅིག་དབང་མེད་དུ་བྱས།

 ་་ངས་དྲང་པོ་བཤད་པ་ཡིན།  ང་རང་དགོན་པ་ནས་བུད་སྐབས།  སྔ་ཚོགས་ཀྱི་མཁར་རྔ་རྡུང་བཞིན་འདུག དེ་དུས་ཆུ་ཚོད་དྲུག་ཕྱེད་ཡིན་རེད།་་

 གཟིག་སྡེས་ཀྱིས་བྱེའུ་འགྲམ་ལྕགས་ཀྱི་མགོ་སྐྲ་སྦར་མོ་གང་བྱས་ནས་བཟུང་བ་དང་། ཁོས་རྐུན་མ་འདི་དག་ལ་ལྷོད་ལྷོད་བྱས་ནས་སྐད་ཆ་འདྲི་མི་ཐུབ་པ་ཉམས་མྱོང་མང་པོ་ཐོབ་ཡོད།     རྐུན་མ་འདི་དག་འདུལ་དགོས་ན་དང་མ་ཉིད་ནས་དྲག་ཤུགས་ཀྱིས་ཁོ་ཚོའི་དཔའ་ཞུམ་ཏུ་བཅུག་དགོས་པ་རེད།

་་དུས་ཚོད་དྲུག་པ་དང་ཕྱེད་ཀྱི་སྒང་ནས་དགོན་པ་ནས་བུད་དེ་དུས་ཚོད་བདུན་དྲག་སྟེང་ཁྱིམ་ལ་འབྱོར་ཡོད་ཟེར་ན། ཁྱོད་འཕུར་ནས་འོང་བ་ཨེ་ཡིན།་་ ཁང་བའི་ནང་གི་མཁའ་དབུགས་ཐམས་ཅད་ཁོང་གིས་རྔུབ་སོང་བ་ལྟར།   གཟིག་སྡེས་ཀྱི་སྐད་གདངས་ཇེ་དྲག་ནས་ཇེ་དྲག་ཏུ་འགྱུར་བཞིན་ཡོད།  ་་ཨ་བུ་ཁྱོད་རང་གིས་ཚོད་བྱོས། ང་ཚོ་ལ་སྐད་ཆ་དྲང་པོ་བཤད་ན་དགའ།་་  ཁོས་དེ་ལྟར་དྲག་པོའི་རྗེས་སུ་འཇམ་པོའི་ཐབས་ཇུས་བཤམས། 

་་ངས་རྫུན་བཤད་ནི་མིན། ང་ཚོས་འཕྲུལ་རྟ་བཞོན་ནས་ཚོད་ལྟ་བྱེད་ཆོག་རེད།་་

 གཟིག་སྡེས་ཀྱིས་འདི་ལྟ་བུའི་རྐུན་མ་མང་པོ་ལམ་ལ་སྐྱེལ་མྱོང་། དྲི་བ་གང་དྲིས་ན་དྲིས་ལན་གྲ་སྒྲིག་ཨང་གསལ་བྱས་ནས་ཡོད་པ་དང་། ཉེན་རྟོག་པའི་སྐད་ཆ་ཅི་ལྟར་དྲིས་རུང་ཁོ་ཚོ་ལ་ལན་འདྲ་ལ་ཁད་རེ་བཟློག་རྒྱུ་ཡོད་རེད།   ཁོ་ཚོས་སྔོན་ནས་ཉེན་རྟོག་པའི་དྲི་བ་ལ་བསམ་བློ་བཏང་།  གྲ་སྒྲིག་བྱས་ཡོད་པ་རེད། ཁོ་ཚོས་རྫུན་བྱེད་སྐབས་ངོ་མདོག་ཀྱང་འགྱུར་ཀི་མ་རེད།   ཁོས་རྐུན་མ་འདི་རིགས་མང་པོ་མཐོང་མྱོང་ཡོད།  འདི་རིགས་འདུལ་བ་ལ་ནག་སྡེས་ཁོ་བློ་ལམ་རང་ཤར་ཡིན།   

 ་་ཨ་བུ་ཁྱོད་ཀྱིས་དམྱལ་བའི་ཟངས་འཁོར་མ་མཐོང་ན།  ཨ་ཁུ་ཆོས་རྒྱལ་ཁས་ལེན་བྱེད་ས་མ་རེད་ད།་་ གཟིག་སྡེས་ཀྱིས་དེ་ལྟར་བཤད་མ་ཐག་ཁུ་ཚུར་གཡུགས་ནས་བྱེའུ་འགྲམ་ལྕགས་ཀྱི་འགྲམ་པ་གཡས་ལ་ཞུས།   དེ་ནས་ཉེན་རྟོག་པ་དམག་ཆས་ཅན་ཞིག་ཡོང་ནས་བྱེའུ་འགྲམ་ལྕགས་ཀྱི་མགོ་སྐྲ་སྦར་འཛིན་བྱས་ཏེ་མགོ་བོ་དགྱེ་སུ་བཅུག་པ་ན།  བྱེའུ་འགྲམ་ལྕགས་ཀྱི་མིག་པགས་ཀྱང་ཐོད་པའི་ས་ལ་འཐེན་པ་ལྟར་འགྱུར།   འོན་ཀྱང་ཁོས་མིག་གཉིས་ཀྱིས་གཟིག་སྡེས་ལ་མིག་སྡང་བྱས་ནས་བལྟས་ཏེ་ཉེས་པ་ངོས་མཐོང་དེ་འདྲ་སླ་བོར་བྱེད་མི་སྲིད་པའི་རྔམ་སྟོན་བྱས། 

གཟིག་སྡེས་ཀྱིས་ཉེན་རྟོག་པ་དེ་ལ་ལག་པ་ལྷོད་ཤོག་ཅེས་པའི་ལག་བརྡ་བྱས།  བྱེའུ་འགྲམ་ལྕགས་ཀྱི་མདུན་གྱི་ཅོག་ཙེའི་སྟེང་ལ་བསྡད་ནས་སྨྲས་པར།

་་ང་ཚོ་ཉེན་རྟོག་པས་ཁྲིམས་ལུགས་འགལ་ནས་མི་ལ་བརྡུང་བྱུང་མ་བསམ།  ངའང་བོད་པ་རེད།   ཁྱོད་ཀྱིས་དགོན་པའི་ལྷ་སྐུ་བརྐུས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཏོར།  སངས་རྒྱས་ཀྱི་བསྟན་པ་བཤིག   ངས་ཁྱོད་ལ་ཁུ་ཚུར་ཁེར་བུ་ཞིག་ཞུས་པ་འདི་ཆུང་ཆུང་རེད།  གོ་བྱུང་ང་།་་

 བྱེའུ་འགྲམ་ལྕགས་ཀྱིས་མགོ་བོ་བཀྱགས་ཙམ་བྱུང་།   ཁོས་རྡུང་ཁ་འདི་འདྲ་ཞིག་རེག་རྒྱུ་ཡོད་པ་སྔར་ནས་ཚོད་དཔག་བྱས་མོད།གཟིག་སྡེས་ཀྱི་ཁུ་ཚུར་དེ་ངོ་མ་ཤེད་ཆེན་པོ་འདུག

 གཟིག་སྡེས་ཀྱིས་བྱེའུ་འགྲམ་ལྕགས་ཀྱི་གོང་ཁ་བཟུང་ནས།   ་་ད་ལྟ་སྤྱི་ཚོགས་འདིའི་སྒང་ལ།  ཁྱོད་ཀྱིས་ཆུ་ཁའི་རྡོ་སྒྲུག་ནས་གཞན་ལ་བཙོང་ནའང་སྒོར་མོ་ལོན་གི་ཡོད་རེད། ཁྱོད་ཀྱིས་དགོན་པའི་ལྷ་སྐུ་ལ་ལག་པ་རྙབས་པ་འདི་ཧམ་པ་ཚ་སོང་བ་རེད།  གོ་ཨེ་བྱུང་།  ཨ་བུ།་་ དེ་ལྟར་བཤད་སྐབས།  བྱེའུ་འགྲམ་ལྕགས་ཀྱི་སྐེ་ཡི་སྲུང་འཁོར་ཞིག་དང་བླ་མའི་སྐུ་པར་ཞིག་ཡོད་པ་ཁོས་མཐོང་བ་ན།    ་་ཁྱོད་ཀྱིས་ད་དུང་བླ་མའི་སྐུ་པར་འདྲ་ཞིག་སྐེ་ལ་བཏགས་ཁེལ་བྱེད།   ཁྱོད་འདི་འདྲ་ཆོས་པ་རྣམ་དག་ཅིག་ཡིན་ན།  དགོན་པ་ལ་རྐུ་བཟོ་ཕོད་མ་རེད་ཁོ་རེ།་་

 ་་ལྷ་སྐུ་རྐུ་མཁན་ང་མིན།   ཁྱོད་ཚོ་མྱུར་མགྱོགས་ཆེ་ན་རྐུན་མ་ངོ་མ་དེ་བཟུང་ནས་ཁྲིམས་ལ་བཅུག   ཉེས་མེད་ལ་བཅར་རྡུང་བྱས་ན་བུ་བཟང་བ་མ་རེད།་་

 ད་ལྟ།  འདི་ལྟར་སྐད་ཆ་དྲིས་པ་ཙམ་གྱིས་དོན་གོ་མི་ཆོད་པ་གཟིག་སྡེས་ཀྱིས་སེམས་ལ་འཁོར་བྱུང་།  ཕྱི་དྲོ་དུས་ཚོད་གསུམ་པའི་སྟེང་ལ་ད་དུང་ཚོགས་འདུ་ཞིག་ཀྱང་ཡོད།  བྱེའུ་འགྲམ་ལྕགས་ནི་དྲག་པོ་ཁོ་ནས་འདུལ་ཐུབ་པའི་རྐུན་མ་ཞིག་ཡིན་ཚོད་མི་འདུག་པས།  ཁོ་ལ་ནག་ཉེས་ངོས་མཐོང་བྱེད་དུ་བཅུག་དགོས་ན་བདེན་དཔང་ལོན་དགོས་འདུག  བདེན་དཔང་ཡོད་ན་རྐུན་མ་འདི་ཡི་ཁ་ལྕེ་ལྐུགས་པོ་བྱེད་ཐུབ་ཀི་རེད།

་་ང་ཚོས་ད་ལྟ་བར་ཏུ་རྐུན་མ་གཅིག་ཀྱང་ཤོར་མ་མྱོང་།  གོ་ཨེ་བྱུང་།་་ གཟིག་སྡེས་ཀྱིས་སྐད་ཆ་དེ་འདྲ་ཞིག་བྱེའུ་འགྲམ་ལྕགས་ཀྱི་སྟེང་ལ་འཕང་ནས་ཕྱིར་རང་གི་རྐུབ་སྟེགས་ཀྱི་མདུན་ལ་གོམས་པ་སྤོས།   དེ་ནས་ཁོས་ཟིན་ཐོ་བཀོད་མཁན་དེ་ལ་བརྡ་ཞིག་བྱས་པ་དང་།  ཁ་ཚུར་ཁོར་ནས་བྱེའུ་འགྲམ་ལྕགས་ལ་བཤད་པར།

་་ཁྱོད་ཀྱིས་དེ་རིང་བསམ་བློ་ཡག་པོ་ཞིག་གཏོང་ཤོག  ཉེས་པ་ངོས་ཟིན་ཡོད་ན་རྗེས་མ་རྒྱལ་ཁབ་ཀྱིས་ཁྲིམས་གཅོད་བྱེད་སྐབས་རྣམ་འགྱུར་ཡག་བཙོག་ཞིག་ཀྱང་ལྟ་འི་རེད།་་ སྐབས་འདིར་གཟིག་སྡེས་ཀྱི་ཁ་པར་གྲགས་བྱུང་ཏེ། ཁོས་ཁ་པར་དོར་མོའི་སྦ་ཁུག་ནས་ཕྱིར་བླངས་ནས་ལྟ་ཙམ་བྱས་རྗེས།  ཁ་པར་གྱི་སྒྲ་བཀག་ནས་ཕྱིར་བཅུག

 ་་ཤའོ་ཀྲང་།  ཁོ་བཀག་ཉེར་ནང་ཕྱིར་སྐྱེལ་ཞོག་་ གཟིག་སྡེས་ཀྱིས་རྒྱ་སྐད་ལབ་ནས་དེ་ལྟར་བཀའ་བཀོད་བྱས་པ་དང་།  སྒོ་ཁར་སླེབས་ནས་སྒོ་ལེབ་འཐེན་གྲབས་བྱེད་སྐབས།  ཨི་ཞིག་གློ་བུར་དྲན་དེ་ཁ་ཕྱིར་ཁོར་ནས་བསླར་ཡང་ཤའོ་ཀྲང་།  ་་བརྒྱུད་རིམ་ཡིག་བཀོད་སྤུས་དག་ཅིག་བྱོས།་་  ཟེར་ནས་བུད་སོང་ངོ་།  །

 རྒྱ་ཟླ་བཞི་བའི་ཚེས་བཅུ་གཅིག 

 ༄༅། །་་རྡུང་ངན་རེག་བྱུང་ནས།་་  བྱེའུ་འགྲམ་ལྕགས་བཀག་ཉར་ལས་མངགས་མ་ཐག་མཁན་སྟག་གྲུབ་བྱོན་ནས་འཚམས་འདྲིར་ཕེབས་པ་རེད།   བྱེའུ་འགྲམ་ལྕགས་ཀྱི་ཁ་ངོ་ཀུན་ལ་རྨ་བཟོས་ཡོད་པས་མཁན་པོ་ཁྱིམ་ལ་ཕེབས་མ་ཐག་དེ་ལྟར་དྲིས།

 ་་རྫས་ཚད་རེག་བྱུང་།་་  བྱེའུ་འགྲམ་ལྕགས་ཀྱང་འབོལ་ཁྲི་རྙིང་བ་གཞན་ཞིག་གི་སྟེང་ལ་མནར་ནས་བསྡད་ཡོད་དེ།  མཁན་པོ་ཁ་གཏད་ཀྱི་ཉལ་ཁྲི་དེའི་སྟེང་བཞུགས་ཡོད།  ་་རྡུང་ངན་དེ་ཆུང་ཆུང་རེད།  ལྕགས་རྟ་སྟེང་ལ་ཞག་ཅིག་བཞོན་དགོས་ཐུག་པས་ཨང་མགོ་ལྷག་མ་ཐལ།་་

 ་་དེ་ཟེར་ཨ་ལེ།  ལྕགས་རྟ་ཟེར་བའི་སྡུག་པོ་ཞིག་བཞོན་རྒྱུ་འདུག་ཟེར།་་   མཁན་པོས་ཕྱག་རྒྱ་བདེ་མོ་ཞིག་བྱས་ཏེ་མིག་རྡོག་གྱེན་ལ་ཐེན་བཞིན་དེ་ལྟར་གསུངས།

 བྱེའུ་འགྲམ་ལྕགས་ཀྱི་ཆུང་མའི་མིང་ལ་རིག་ལྷ་མོ་ཟེར།  སྐབས་འདིར།  ཁོ་མོས་མཁན་པོའི་ཤིང་ཕོར་ལག་གཉིས་ཀྱིས་གསོལ་ནས་མཁན་པོ་ལ་ཕུལ།  ཤིང་ཕོར་གྱི་ནང་ན་རྩམ་པ་སྐྱ་སྐྱ་ཞིག་གིས་ཇ་ནག་གི་མལ་ཐུལ་གྱོན་ནས་ཡོད་པ་ནི་བྱེའུ་འགྲམ་ལྕགས་ཀྱི་ད་ལྟའི་ཉལ་སྟངས་ལ་འདྲ་པོ་མི་འདུག་གམ། 

་་ད་ང་ཚོ་རྒྱ་རུ་མ་རེད་སོང་བས་ཉ་ཉོག་སློབ་གྲྭར་འགྲོ་ཚོད་ལ་བསྟུན་ནས་ཟ་མ་ཟ་དགོས་ཀི་འདུག་་  མོས་དེ་ལྟར་བཤད་ཀྱིན་གུས་གུས་བྱས་ནས་མགོ་བོ་སྒུར་ཏེ་ཅ་ནེ་བསྟེར། ་་ཉིན་གུང་སྔོ་ཞིག་རྔོས་པ་ཡིན་མོད། ཟས་ལྷག་རེད་འདུག་པས་མཁན་པོ་ཁྱེད་ལ་དྲངས་ཕོད་མ་སོང་། ་་

་་སྐྱོན་མ་རེད།  ད་ལྟ་ཚང་མ་ལ་དེ་འདྲ་དར་གིན་འདུག  ངས་ཀྱང་ཉིན་གུང་ཟ་མ་ཟོས་ནས་ཡོང་བ་ཡིན།་་

 ་་མཁན་པོའི་ཤ  བྱེའུ་འགྲམ་ལྕགས་ནི་ངེད་ཀི་བརྟེན་ས་འདྲ་བོ་རེད།  ཁོ་ལ་དོན་དག་འདྲ་བྱུང་ན།  ངེད་མ་བུ་གསུམ་པོ་མུ་གེས་ཤི་རྒྱུ་མ་གཏོགས་མེད།  ཁྱེད་ཀི་ཐུགས་ཀིས་མ་བོར།  དགེ་བ་ཡོད།་་ རིག་ལྷ་མོས་ལྕགས་ཐབ་སྟེང་གི་རུས་ལེབ་དེ་བླངས་ནས་རྫ་མ་ལ་ཕྱི་བརྡར་བྱས་པ་དང་།  ངུ་ལ་ཁད་ཀྱི་སྐད་ངག་ཅིག་གིས་མུ་མཐུན་ཞུས་པར། ་་ཁྱེད་ཀྱི་ཐུགས་ཀི་མ་བོར་རོགས་མཁྱེན།  ཁོ་མི་ཅི་འདྲ་ཞིག་ཡིན་མིན་ཁྱེད་ཀྱིས་མཁྱེན་པ་དེ་རེད། མི་ཚེ་གང་བོར་ཁབ་སྐུད་སྣེ་ཞིག་ཀྱང་རྐུ་མྱོང་མེད་ཟེར་ནས་མནའ་སྐྱེལ་ཆོག  དགོན་པའི་ལྷ་སྐུ་བརྐུ་ག་ལ་ཕོད།   དགོན་པར་བརྐུས་བཞག་ན་ཁོ་ད་དུང་གསོན་གི་རེད་དམ།་་

 ་་ཅི་ཟེར་རེད།་་  ཅེས་བྱེའུ་འགྲམ་ལྕགས་ཀྱིས་ཆུང་མ་ལ་མི་དགའ་བའི་མིག་མདའ་ཞིག་འཕང་། 

 ་་རིག་ལྷ།  ཁྱོས་སེམས་བདེ་མོ་བྱོས་ནས་བསྡོད།   ལས་རྒྱུ་འབྲས་ཀྱིས་བསླུ་བ་གང་ཡང་བྱེད་མ་རེད།་་  མཁན་པོས་སེམས་གསོ་བྱས་པ་དང་ཇ་ཧུབ་གང་བཞེས། 

 ་་ངས་མཁན་པོ་ལ་ཞུ་དགོས།་་  རིག་ལྷ་མོས་བྱེའུ་འགྲམ་ལྕགས་ལ་ལན་བྱས་པར།  ་་ངེད་མ་བུ་གསུམ་ལ་ཞུ་ས་ཞིག་ཡོད་པ་དེ་ནི་མཁན་པོ་ཚང་རེད།་་  མོ་རང་འགྱིག་གི་རྐུབ་སྟེབས་ཆུང་ཆུང་ཞིག་ཡོད་པ་དེའི་སྟེང་ལ་བསྡད་པ་དང་།  ལག་གཡས་པས་མིག་ཆུ་ཕྱི་བཞིན།  གཡོན་པས་རུས་ལེབ་དེ་བསྡམ་ནས་འདུག 

་་སྡུག་ས་ལ་བསམ་བློ་མ་བཏོང་།  བྱེའུ་འགྲམ་ལྕགས་དེ་ནུབ་ངའི་དགོན་ཁང་ནང་ལ་ཡོད།   ང་གཉིས་དུས་ཚོད་བཅུ་གཉིས་བར་ཏུ་བསྡད་པ་ཡིན།   དུས་ཚོད་གསུམ་པའི་སྟེང་ང་སྒོ་ལ་བུད་སྐབས་ཁོ་གཉིད་འདུག དེ་དུས་ཕྱི་རོལ་ན་བད་སྲབ་མོ་ཞིག་ཆགས་ཡོད་འདུག  སྔ་དྲོ་དུས་ཚོད་ལྔ་བའི་སྟེང་ང་རང་ཡར་ལ་ལངས་སྐབས།  བད་དེ་ད་དུང་ཞུ་མི་འདུག   ངས་ཀྱང་ཉེན་རྟོག་པ་ལ་དེ་ལྟར་བཤད་པ་ཡིན།   དེ་དུས་བད་སྟེང་ན་རྐང་རྗེས་རྡོག་རྗེས་ཅི་ཡང་མི་འདུག་བཤད་པ་ཡིན།་་

་་མཁན་པོ་ཁྱེད་ཀྱིས་ཉེན་རྟོག་པ་ལ་དྲང་པོ་ཞིག་བཤད་རོགས།་་  སྐད་ཆ་དེ་གོ་མ་ཐག  རིག་ལྷ་མོའི་སེམས་ལ་བདེ་བ་ཅུང་ཙམ་ཐོབ།  མོས་མིག་ཆུའང་མཚམས་ཆད་སོང་།

་་ཉེན་རྟོག་ཚང་གིས་ང་མ་གཏོགས་དོགས་པ་ཟ་ས་སུ་ཡང་ཡོད་ཀི་མེད་འདུག་་  བྱེའུ་འགྲམ་ལྕགས་ཀྱིས་ཉལ་ཚུགས་བརྗེས་ཙམ་བྱས་ནས།    ་་ང་ཕྱིར་ལ་མངགས་དོན་ཡང་བདེན་དཔང་མེད་པས་རེད།   དོགས་པ་ཟ་ས་ང་མ་གཏོགས་ཡོད་མ་རེད།་་

་་ཨིམ།་་  མཁན་པོས་མགོ་བོ་གཡུགས་བཞིན་དྲིས་པར།  ་་ཁྱོད་ཁྲུན་ཏུའུ་ལ་ནམ་འགྲོ་འི་ཡིན།་་

་་ཉི་མ་འགའ་སྒུག་ནས་ལུས་པོ་གསོས་རྗེས་འགྲོ་འི་ཡིན།  ངས་ད་དུང་གཟིག་སྡེས་ལ་གནང་བ་ཞུ་དགོས་རེད།་་

་་ག་རེ།  དེ་རིང་གཟའ་མཇུག་སྤེན་པ་རེད།་་  མཁན་པོས་བཤད་བཞིན་མཛུབ་མོ་རྩིས།  ་་སང་ཉིན་གཟའ་མགོ་ཉི་མ།  ཟླ་བ།  མིག་དམར།  ལྷག་པ།  ཕུར་བུ།  ཨོ་རེད།   ཁྱོད་ཆོས་ཚོགས་གྲོལ་རྗེས་སོང་དང་ཡག་གི་་

རྒྱ་ཟླ་བཞི་བའི་ཚེས་བཅུ་བཞི།

༄༅། །ཆོས་ཚོགས་ཉིན་གཉིས་ལ་ཡོད་འདུག  ཉིན་དང་པོ་ལ་དགོན་སྡེ་གཉིས་ཀྱི་བར་ཆད་སྣ་ཚོགས་སེལ་ཆེད་སྐྱབས་འགྲོ་དུང་ཞིག་སྒྲུབ་རྒྱུ་དང་།  ཉིན་གཉིས་པར་བླ་མ་སོ་སོས་བཀའ་ཁྲིད་བཀོད་སྒྲིག་བྱས་འདུག    བཀའ་ཁྲིད་ཀྱི་བརྗོད་བྱ་ལ་ཅི་ཡང་ཡོད་འདུག   ཁོར་ཡུག་གཙང་སྦྲ་འཆད་མཁན་འདུག་ལ་སློབ་གསོ་ཡར་རྒྱས་དགོས་རབས་འཆད་མཁན་ཡང་འདུག   བུ་མོ་ཚོས་གོམས་པ་སྤོ་སྟངས་བསླབ་མཁན་འདུག་ལ་བུ་ཕོ་ཚོས་མོ་ཐོ་བཞོན་ལུགས་ཀྱང་ལམ་སྟོན་བྱེ་བྲག་གནང་སོང་།   ད་དུང་བླ་མ་ཞིག་གིས་གད་ངོས་ནས་ཕྱག་འཚལ་ན་ཕན་ཡོན་མེད་རབས་དང་། གསང་སྒྲེའུ་གྱོན་ན་ཕན་ཡོན་ཡོད་རབས་སོགས་ཀྱང་བཀའ་སློབ་གནང་བྱུང་།   དེ་ནས།  དེ་ཉིན་གྱི་ཆེས་མཐའ་མའི་བཀའ་ཁྲིད་ལ་ཐོན་དུས།  ཝ་བླ་མ་ཁྲི་ཁར་བཞུགས་བྱུང་། 

ཝ་བླ་མས་ཁ་མཚར་ཞིག་གིས་ཆོས་ཁྲིད་ཀྱི་མགོ་བརྩམས་བྱུང་།  དེ་ནས་ཁོང་གིས་སྐད་ཆ་ཚུར་ལ་བཀུགས་ཏེ་རྟེན་མཛོད་ཁང་གི་ལྷ་སྐུ་རྐུས་ཤོར་བའི་སྐོར་ལ་གསུངས་བཤད་བྱས།  ངོ་མ་བཤད་ན།  ཝ་བླ་མ་ནི་བླ་མ་ཆེ་གྲས་མ་རེད།  ཁོང་གཅོད་པ་ཞིག་གི་སྐྱེ་བ་ཡིན་ཟེར་དར་བ་རེད།  ཁོང་གི་ཆོས་ཁྲིད་ཆེས་རྔ་མར་འཇོག་དོན་ཡང་དེ་རེད།  འོན་ཀྱང་ཁོང་ནི་བླ་མ་ནུས་ཤུགས་ཅན་ཞིག་ཡིན། ལོ་འདི་ཤས་རིང་ལ་ཁོང་རྒྱ་ནག་ཏུ་འདུལ་བྱར་བྱོན་ནས་དགོན་པའི་རྟེན་བཞེངས་པ་ལ་ཕན་ཐོགས་བསམ་གྱིས་མི་ཁྱབ་གནང་བ་རེད།  ལུག་ཆུང་དགོན་གྱི་འདུ་ཁང་ནི་ཁོང་གིས་ཞིག་གསོ་བྱས་པ་རེད།   དགོན་པའི་གཡས་ངོས་ཀྱི་ཆོས་རྟེན་བརྒྱ་རྩ་བརྒྱད་ཅན་དེའང་ཁོང་གི་རྒྱ་སློབ་དག་གིས་ཕུལ་བ་ལྟ་བུ་རེད།   ཁོང་ནི་བླ་མའི་ནང་གི་བསམ་བློ་གསར་བ་དང་གཟིགས་རྒྱང་རིང་པོ་ཡོད་མཁན་དེ་འདྲ་ཡིན་ཏེ། བླ་མ་གཞན་དག་གིས་རྒྱ་ཡུལ་ལ་འདུལ་བྱར་བྱོན་མི་ཕོད་ནས་རང་ས་ནས་མར་ཕྱུར་བསོགས་སྒྲུབ་བྱེད་སྐབས། ཁོང་ནི་རྒྱ་ཡུལ་ཏུ་ཕེབས་ཏེ་བསྟན་པ་རྒྱ་ཆེར་སྤེལ་བ་རེད།  ཁོང་གིས་དགོན་པ་ལ་སྔོན་མ་དར་མ་མྱོང་བའི་རྟེན་མཛོད་བཤམས་སྟོན་ཁང་དང་དཔེ་མཛོད་ཁང་གསར་བ་བཞེངས་པའང་རེད།    དེ་བས་བླ་མ་གཞན་དག་གིས་ལྷ་སྐུ་རྐུ་ཤོར་གྱི་དོན་དག་ལ་སྐད་ཆ་ཉུང་པོ་མ་གཏོགས་མ་གསུངས་མོད། ཝ་བླ་མས་དོན་རྐྱེན་འདི་བརྗོད་བྱ་གཙོ་བོར་བྱས་ནས་བཀའ་སློབ་གནང་བ་རེད། 

་་དུས་ངན་སྙིགས་མ་འདིའི་ནང་ལ་མཚོན་ན།   མྱི་སེམས་ཟེར་རྒྱུ་བོ་རྫོབ་རེད།  མྱི་སེམས་འདྲེ་ལ་ལོག་ཡོད་རེད།  ད་ལྟ་དགོན་པའི་རྟེན་ཁང་གི་ལྷ་སྐུ་ལའང་ལག་པ་སྙབ་ཕོད་པ་རེད།  འདི་འདྲེ་མིན་ན་ཅི་རེད།་་  ཁོང་གིས་ཞལ་ངོ་དེ་སྔོན་ཁ་མཚར་བཤད་པའི་ཞི་བའི་རྣམ་པ་དེ་ལས་ཁྲོ་བོའི་རྣམ་པར་གྱུར།

་་ལྷ་སྐུ་འདི་བཅས།  འུག་ལུག་ཆུང་དགོན་གྱི་རྟེན་ཡོད་ན་མེད་ན་དེ་རེད།་་   ཝ་བླ་མས་ལྷ་སྐུ་འདི་དག་གི་ལོ་རྒྱུས་རྒྱུ་མཚན་གསལ་བོ་མཁྱེན་གྱིན་ཡོད་དེ།  སྔོན་ཆད་དགོན་པའི་དཔེ་ཁང་གི་ཐེབས་རྩ་བསོགས་པའི་ཆེད་དུ།  ཁོང་གིས་ལྷ་སྐུ་འདི་དག་དང་རྟེན་གནའ་རྫས་གཞན་དག་ཁྱེར་ནས་རྒྱ་ཡུལ་ཏུ་བཤམས་སྟོན་བྱས་པ་རེད།   སྐབས་དེར། རྒྱ་མི་མཁས་པ་དག་གིས་ལྷ་སྐུ་འདི་དག་ལ་བརྟག་དཔྱད་བྱས་པ་དང་། དགོན་པའི་དཀར་ཆག་གི་ཁུངས་དང་གཏུགས་ནས་ལྷ་སྐུའི་ལོ་རབས་བཅད་པ་དང་།དེའི་ནང་གི་བལ་པོའི་ལི་མ་ཞིག་ལ་རྒྱ་སྒོར་ས་ཡ་གསུམ་གྱི་གོང་བརྒྱབ་པ་རེད།  ་་འདིའི་ནང་གི་འཕགས་པ་ལོཀེཤྭརའི་སྐུ་དེ་ནི་སྔོན་ཆད་བལ་བཟས་བོད་ཡུལ་ཏུ་གདན་ལ་དྲངས་པ་དང་།   མཐའ་བཞིའི་སྲིན་པོའི་ཁ་གནོན་གྱི་ཚུལ་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ལུག་ཤུལ་གྱི་ཡུལ་ལ་གནང་བ་དེ་འདྲ་རེད། པེ་ཅིང་གི་རྒྱ་མཁས་པ་ཞིག་གིས་ལི་སྐུ་འདི་ལ་སྒོར་མོ་ཁྲི་ཚོ་གསུམ་བརྒྱའི་གོང་ཚད་བརྒྱབ་པ་རེད། ད་དུང་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་དབང་གིས་ལུག་ཆུང་དཔོན་ཚང་ལ་གནང་བའི་སྒྲོལ་སྐུ་དེའང་ད་རེས་རྐུ་ལ་ཤོར་བ་རེད།  འདིའི་རིན་གོང་ཡང་བཤད་རྒྱུ་མེད་པ་རེད།   ད་དུང་སྐུ་རྙིང་གྲས་གཞན་གསུམ་ཡོད་པ་དེའང་མཉམ་ཏུ་ཤོར་བ་རེད།   མདོར་ན་སྒོར་མོ་ཁྲི་ཚོ་བདུན་བརྒྱ་བརྒྱད་བརྒྱ་ཞིག་གི་རྒྱུ་རྩ་རེད།   འོན་ཀྱང་འུག་ལུག་ཆུང་ཡུལ་དགོན་གཉིས་ལ་མཚོན་ན།   སྐུ་འདི་བཅས་སྒོར་མོ་ཁྲི་ཚོ་བརྒྱད་བརྒྱ་ལ་བརྗེ་ནི་ཨེ་རེད་བཟླས་ན།  བརྗེ་ནི་མ་རེད། ད་སུ་ཞིག་གིས་ཧམ་པ་འདི་འདྲ་ཚ་ནས་བརྐུས་སོང་བ་རེད།  རྐུན་མ་འདི་ལ་ལས་རྒྱུ་འབྲས་དང་ཚེ་འདི་ཕྱི་མེད་པ་ཨེ་རེད།་་

་་རྟེན་འདི་བཅས་འུག་ཚོ་ལུག་ཆུང་སྡེ་བའི་ནོར་བུ་ཡིན་པ་ཙམ་གྱིས་མ་ཚད།  འདི་བོད་གངས་ཅན་སྤྱིའི་ནོར་བུ་རེད།  རིན་ཐང་བྲལ་བ་རེད།  ད་ལྟ་རྐུན་མ་ཧམ་པ་ཅན་དེ་འདྲ་ཞིག་གིས་རྐུས་སོང་བ་རེད།་་  སྐད་ཆ་འདིར་ཕེབས་སྐབས། ཝ་བླ་མའི་ཞལ་ལ་ད་དུང་དོགས་པ་ཞིག་གི་ཁེངས་ནས་ཡོད་པ་འདྲ།      ཆོས་འོག་ལ་ཞུགས་མཁན་དག་གིས་ཀྱང་ཕན་ཚུན་བགྲོ་གླེང་བྱེད་བཞིན་འ་འུར་དཀྱགས་བྱུང་།  འགའ་རེས་རྐུན་མ་དེ་ལ་དམོད་མོ་བྱེད་ཀྱིན་འདུག འགའ་རེས་རྐུན་མ་དེ་ནང་རྐུན་ཡིན་ཐག་ཆོད་ཟེར་ནས་བཤད་བཞིན་འདུག   བྱེའུ་འགྲམ་ལྕགས་བཟའ་ཚང་གང་པོའི་འགྲམ་གྱི་མི་དེ་ཡིས་ཀྱང་ ་་ངོ་མ་རེད།  འདི་འུག་གི་རུ་བའི་མྱི་ཞིག་གིས་རྐུས་པ་ཡིན་ནོ་བརྒྱ་ཆ་བརྒྱ།  ལྷ་སྐུ་དེ་འདྲ་མང་བོའི་ནང་གི་རྩ་ཆེན་དག་བླངས་སོང་བ་འདི་ལྷ་སྐུ་ལ་ཆ་རྒྱུས་ཡོད་པ་ཞིག་ནོ་སྟོན་ཡོད་་  ཅེས་བཤད་མ་ཐག  ཡང་གཞན་ཞིག་གིས།  ་་བོད་པ་འདི་ཚོ་ངོ་མ་ཁ་མི་གསོས་རྒྱུ་ཏག་ཏག་རེད།  ཁ་ནང་ནས་ལས་རྒྱུ་འབྲས་དང་རྩ་བའི་བླ་མ་ཟེར་བཞིན།     བྱ་ཞིག་ཐོན་ནོ་འདི་འདྲ་ལས་རྒྱུ་འབྲས་དང་འགལ་བ་ཅན་ཏག་ཏག  བླ་མའི་བཀའ་དང་འགལ་ནི་རྐྱང་རྐྱང་བཟོ་ནི་རེད་་  ཟེར།

་་འོན་ཀྱང་།  ལས་རྒྱུ་འབྲས་ཀྱི་ཞགས་པ་ལས་ཐར་སོང་བའི་རྐུན་མ་ཞིག་ངས་ད་ལྟ་བར་ཏུ་གོ་མ་མྱོང་།་་ ཝ་བླ་མས་སྤྱན་ཤེལ་དེ་ཡར་ལ་སྣུད་ཙམ་བྱས་ནས་མུ་མཐུད་དུ་གསུངས་དོན།  ་་འདི་ཡིན་གཅིག་མིན་གཅིག་གསལ་བོ་ཞིག་རྩད་གཅོད་བྱེད་འཇོག་དགོས།   འུག་ལུག་ཆུང་དགོན་གྱི་ཆོས་སྐྱོང་སྲུང་མ་གན་ཚོས་བསྟན་དགྲ་འདི་རིགས་སྐྱུར་རྒྱུ་མ་རེད་ལ།  སྐྱུར་རྒྱུ་ཡང་མེད་པའི་སྨོན་ལམ་ཡང་འདེབས།  འདི་བླ་མའི་མིང་འཛིན་མཁན་ཞིག་གི་བཤད་རྒྱུ་མ་རེད་མོད།     ངས་དེ་ལྟར་དྲན་སོང་།  རྐུན་མ་འདི་འདྲ་ངན་པ་ཞིག་ངས་སྐྱུར་མི་དགོས་བཤད་ནི་ཡིན།་་

ཆོས་འོག་གི་མི་ཚོས་མགོ་བོ་གཡུགས་ནས་ཝ་བླ་མའི་དགོངས་པ་ལ་འཐད་པའི་བཟོ་ལྟ་བྱས།  འོན་ཀྱང་བྱེའུ་འགྲམ་ལྕགས་ཀྱིས་ཁོས་ཅི་ཞིག་བྱེད་དགོས་མིན་ཤེས་མ་སོང་། ཉེ་ཁོར་གྱི་མི་ཐམས་ཅད་ཀྱིས་ཁོ་ལ་ལྟ་བཞིན་མཐོང་ཆུང་དང་ཞེན་ལོག་གི་རྣམ་འགྱུར་མངོན་དུ་སྟོན་བཞིན་འདུག

་་ང་ཁ་སང་ཉེན་རྟོག་ལས་ཁུངས་ཀི་གཟིག་སྡེས་ས་ལ་སྐད་ཆ་འདྲི་རུ་སོང་བ་ཡིན། ཁོས་ཀྱང་ཉེན་རྟོག་ལས་ཁུངས་ཀྱིས་རྩ་བཅད་ནན་པོ་བྱེད་ཀྱིན་ཡོད་རབས་དང་།  རྐུན་མའི་སྣེ་ཟིན་ནས་ཡོད་པ་བཤད་བྱུང་། རྐུན་མ་འདི་འདྲ་ངན་པ་ཞིག་ངོ་མ་ལྷ་དཀོན་མཆོག་གསུམ་གྱིས་སྙིང་རྗེས་མངགས་ཀྱང་།  རྒྱལ་ཁབ་ཀྱིས་མངགས་ས་མ་རེད།་་

་་མྱི་ཟེར་རྒྱུ་འདི་འདྲིས་བཞིན་འདྲིས་བཞིན་འདྲེ་མོ་མགོ   སྒོར་མོའི་དོན་དུ་ཅི་ཡིན་ནའང་ལས་ཕོད་རེད།་་ བྱེའུ་འགྲམ་ལྕགས་ཀྱི་འགྲམ་ཏུ་ཨང་ཙོག་བྱས་ནས་བསྡད་པའི་རྒད་པོ་དེ་ཡིས་འཁོར་ལོ་སྐོར་མཚམས་བྱས་ནས་ཟུར་ཟའི་སྐད་ཆ་དེ་འདྲ་ཞིག་བཤད་པ་ན།   རིག་ལྷ་མོས་གོ་འཕྲལ་ཁ་ཕྱིར་འཁོར་ནས་མིག་གིས་གཅེར་བ་དང་།  རྒད་པོ་དེས་བསླར་ཡང་མཛེམ་མེད་དུ་བཤད་པར།  ་་ལས་དེ་འདྲ་བཟོས་ནས་ད་དུང་ཅི་མིན་མདོག་སྟོན་བཞིན་བླ་མའི་ཆོས་འོག་ལ་ཡོང་ཕོད་པ་རེད།  ངོ་ཚ་ཁྲེལ་མེད།་་

་་ལོ་རྒས་པ་ཡིན་ན་རྒས་པའི་འདུག་སྟངས་ཤིག་ཡོད་རེད། མྱི་ཉེས་མེད་ལ་ལྷུང་བཏབས་ནས་ཤི་ཁར་སྡིག་པ་མ་བསོགས་ན་རེད།་་རིག་ལྷ་མོས་ཀྱང་རྔམ་སྟོན་དེ་འདྲ་བྱས།   ཁོང་གཉིས་ཀྱིས་ཕན་ཚུན་མིག་སྡང་རེ་ལྟས་ནས་ཁ་ཕྱིར་ཏུ་ཁོར།

་་ལྷ་སྐུ་དེ་དག་སུས་རྐུས་སོང་ནི་ཡིན་ན།  དེ་ཁ་ནང་ཁྲག་བསྐྱུག་ནས་མགོ་ཐུར་ལ་རྒོལ་བར་ཤོག་་ རིག་ལྷ་མོས་དེ་འདྲ་བཤད་མ་ཐག་སེམས་ལ་འགྱོད་པ་ཞིག་སྐྱེ་མོད་ཁ་ནས་ཤོར་བའི་ཚིག་ལ་ལྡོག་ཐབས་ཅི།  དེ་བས་མོས་སེམས་ནས་བཛྲསཏྭ་ཚར་གསུམ་བཏོན་པ་རེད།   །

 རྒྱ་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། 

༄༅།  །གྲོང་བརྡལ་འདི་ལ་མི་རིགས་གཉིས་ཡོད་དེ།  རིགས་དང་པོ་ནི་འུག་པ་ལྟར་མཚན་མོར་སད་ཡོང་མཁན་དེ་འདྲ་ཡིན་ལ།  ཁོ་ཚོ་ཉིན་དཀར་ཐོག་ཁང་དང་ཡིག་ཁང་ནང་ནས་སྒོར་མི་འབུད་ལ། མཚན་མོ་རྒྱ་ཁོག་ཟ་ས་དང་གླུ་ལེན་གར་རྩེད་བྱེད་ས་ནས་ཚང་ཁ་བརྒྱག་པ་རེད།   རིགས་གཉིས་པ་ནི་དེ་ལས་ལྡོག་ཏེ།  སྦྲང་མ་ལྟར་ཉིན་དཀར་སྲང་བར་ནས་དོན་མེད་འཁྱམ་གྱིན་ཡོད་ལ།   སྟེགས་གྲུག་དང་ཧེ་ཐིག་ཟས་ཁང་གི་སྒོ་ནས་ཡར་མར་འཛུལ་བུད་བྱེད་པ་དང་།  ཉི་མ་ནུབ་ཁར།  རང་རང་གི་མོ་ཐོ་བཞོན་ནས་སོ་སོའི་གཞིས་ལ་ལོག་འགྲོ་བ་རེད། 

ཧེ་ཐིག་ཟས་ཁང་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཅི་ཡང་མི་འདུག་མོད།  སྒོ་བྱང་ལྗང་མདོག་དང་གྱང་ངོས་ཀྱི་དགོན་པ་ཟླ་མགོ་ཅན་གྱི་རི་མོ་བྲིས་པའི་ཟས་བྱང་ཆེན་པོ་དེ་ལས་འདི་ནི་ཧེ་ཧེ་དག་མ་ཞིག་གིས་སྒོ་ཕྱེས་ནི་ཡིན་པ་ཤེས་ཐུབ། ཁང་བའི་ནང་ལ་ཤག་ཅིག་ཕུད་འདུག་པ་དང་།   དེའི་ནང་ནི་ཟ་མ་ལས་ས་ཡིན་ལ་སྒོའི་ཤེལ་ལེབ་ནས་ཤག་བཅད་བར་ནི་མགྲོན་པོ་འདུག་ས་རེད།   ཤེལ་སྒོའི་སྟེང་ན་བོད་ཡིག་དམར་པོས་ཐིག་པ་དང་ཕོ་ཀྲང་བྲིས་འདུག  མགྲོན་པོ་འདུག་ས་ལ་རྐུབ་སྟེབས་བཞི་རེས་ཅོག་ཙེ་རེ་སྐོར་ནས་ཚོ་ཚོ་བྱས་འདུག་པ་དང་།  དེ་འདྲའི་ཚོ་བཞི་གཡས་གཡོན་གཉིས་གཉིས་སུ་སྒྲིག་ཡོད།   མགྲོན་པོ་དག་ནང་ལ་ཐོན་སྐབས།  གྱང་གི་རི་མོ་ལ་ལྟས་ནས་རང་གི་ཟ་འདོད་པ་དེར་མཛུབ་བཙུགས་བྱས་ན། ཚོང་བདག་ཞྭ་དཀར་པོ་ཅན་དེས་ཧ་གོ་འི་རེད་ལ།  སྐར་མ་གཉིས་གསུམ་ཞིག་ནས་ཁྱོད་ལ་ཟ་མ་སྤྲོད་ཐུབ་པ་རེད།  གོ་རིམ་འདི་ལ་ཚོང་མགྲོན་གཉིས་ཀྱིས་སྐད་ཆ་ཚིག་རྡོག་ཅིག་ཀྱང་བཤད་དགོས་དོན་མེད་ལ།  བཤད་ཀྱང་རི་མོ་ལྟར་ཕན་ཚུན་གོ་བརྡ་འཕྲོད་ངེས་མ་རེད། 

རྒྱ་ཆས་གྱོན་པའི་འབྲོག་པ་ཞིག་ཟས་ཁང་འདིའི་སྒོ་ལས་འཛུལ་མ་ཐག་མགོ་ཡི་ཞྭ་མོ་དེ་ཕུད་པ་དང་།  ནང་ཤག་ལ་གཏད་ནས་སྐད་ཆེན་པོས་ ་་ལོ་པན།   ཡེ་བན་ཅ་རུག་་  ཅེས་ནས་བོས།  ཚོང་བདག་དེས།  ་་མཱ་སཱང་་  ཟེར་བ་ན།   ཚག་ཚག་ཕག་ཕག་གི་སྔོ་མ་བརྔོ་བའི་སྐད་སྒྲ་ཞིག་ནང་ཤག་ནས་ཐོན་བྱུང་། 

་་ཡ།   དཀའ་ཨེ་ཐལ།་་

་་ཡེ། ཁྱོད་ཡིན་ཟིག  ཡ།  དཀའ་མ་ཐལ་མ་ཐལ།  དེ།  ཅི་ཡིན།་་   གྲྭ་བ་ཞིག་གིས་འབྲོག་པ་འདིའི་ངོས་ཟིན་ནས་ལན་བཏབ་པ་དང་།  འབྲོག་རྒན་དེ་ཁོང་གི་ཅོག་ཙེའི་ཕ་རོལ་ཏུ་བསྡད།   ཁོང་གཉིས་ཀྱིས་དབྱར་རྩྭའི་སྐོར་ལ་སྐད་ཆ་མང་ཙམ་བཤད།

དེ་ནས་ཚོང་བདག་གིས་ཐུག་པ་འཁྱེར་ཏེ་ཅོག་ཙེའི་སྟེང་ལ་འཇོག་ཚེ། གྲྭ་བ་དེས་རང་གི་ཅ་ནེའང་སྟོང་པ་བྱེད་ཚར་འདུག ཁོས་ཁ་ལ་ལག་པས་བྱིལ་བྱིལ་ཞིག་བྱས་ནས་ལག་པ་དེ་གོང་བ་ལ་ཕྱིས། རྒན་པོས་ཐིག་པའི་སྟེང་ལ་བཀབ་ཡོད་པའི་ཤ་ལེབ་མ་ལྔ་དྲུག་ཞིག་ཡོད་པ་དེ་དག་ཟོས་རྗེས་མགོ་དཀྱག་པ་ན།  གྲྭ་བ་དེས་སྐད་ཆ་དྲིས་པར།

་་ཁྱེད་རུའི་དགོན་པའི་སྐུ་འདྲ་རྐུས་ཤོར་སོང་བ་དེ་དག་གོ་རྒྱུ་འདུག་གམ།་་

་་འདི་ཚང་གིས་རྐུན་པ་བཟུང་ནས་ཡང་ཕྱིར་ལ་མངགས་བཞག་འདུག  རྐུན་མ་ད་ལྟ་ཁྲིན་ཏུའུ་ཞིག་ལ་ཐོན་འདུག་ཟེར།་་

་་ཁྱོས་རྐུན་མ་ཟེར་གིན་ཡོད་པ་དེ།  འགྲམ་པའི་སྟེང་ལ་ཤ་མཚན་མཚར་བོ་ཞིག་ཡོད་པ་དེ་རེད་དམ།་་

་་རེད།  བྱེའུ་འགྲམ་ལྕགས།  འགྲམ་པའི་སྟེང་ལ་བྱེའུ་ཞིག་གིས་འགྲམ་ལྕགས་་བྱས་པ་ལྟ་བུ་ཞིག་ཡོད་རེད།་་

་་འགའ་རེས་མྱི་ལྡིང་རྐུན་མ་ཡིན་ནི་མ་རེད་ཟེར་གི  ཉེན་རྟོག་པས་ཞི་དྲག་ཐབས་གཉིས་བཀོད་ནས་དྲི་བརྩད་བྱས་ཀྱང་བདེན་དཔང་འདྲ་ལོན་མེད་ཀི་ཟེར།་་  གྲྭ་བའི་དོགས་པའི་མིག་ཞགས་དེ་འབྲོག་རྒན་དེའི་ཅ་ནེའི་ནང་ལ་ལྷུང་།

་་ངེད་ཀི་དགོན་པའི་རྟེན་རྙིང་གལ་ཆེན་དག་ཕྱོགས་གཅིག་ཏུ་རུག་ནས་དགོན་པའི་པོ་བོས་ཁང་བའི་ནང་བཞག་ཡོད་རེད། རྐུན་མ་དེས་ཐད་ཀར་དེའི་ནང་གི་རྩ་ཆེན་དག་གང་བཞག་ཡོད་སའི་སྒམ་དེ་གཏོར་ནས་རྐུས་སོང་བ་རེད།་་ རྒན་པོས་ཤ་ལེབ་མ་ཞིག་བླངས་ནས།   ་་འདི་ཚང་གི་ཤ་ལེབ་འདྲ་བོ་ཇེ་སྲབ་ཇེ་སྲབ་རེད།་་  ཤ་དེ་སྲབ་པོ་ཡིན་པས་ལྡད་རྒྱུའང་མི་འདུག  ཁོས་རུལ་མིད་བྱས་ཏེ་མུ་མཐུན་བཤད་རྒྱུར།  ་་ནང་མི་ཞིག་གིས་བརྐུས་པ་ཡིན་ནོ་བརྒྱ་ཆ་བརྒྱ།  བྱེའུ་འགྲམ་ལྕགས་དེ་ནུབ་དགོན་ནང་ནས་ཞག་བསྡོད་བྱས་པ་རེད།་་

་་མཁན་པོ་ཞིག་གིས་ཁོ་ལ་དག་སྐྱེལ་བྱས་སོང་ཟེར་བ་མ་རེད་དམ།་་

་་བྱེའུ་འགྲམ་ལྕགས་ཡིན་ན་འདིས་སྔོན་ཆད་དགོན་པའི་པོ་བོས་ཁང་བའི་ནང་ཤིང་བཟོ་བྱེད་མྱོང་རེད།་་  རྒན་པོས་གྲྭ་བ་ལ་དྲི་ལན་མ་བཏང་བར་ཚུལ་ལ་དྲི་བ་ཞིག་འཕང་བྱུང་སྟེ།  ་་ཁོ་མིན་ན་དགོན་པའི་གྲྭ་བ་དག་གིས་རྐུས་འགྲོ་རྒྱུ་མ་རེད་ད།་་

གྲྭ་བ་དེས་ལན་ཅི་ཡང་མ་བཏབ་པར་རྒན་པོའི་སྐད་ཆ་ལ་ཉན།

་་སྔ་དྲོ་སྐྱ་བཅག་མ་བཅག་མཚམས་ཞིག་ལ།  བྱེའུ་འགྲམ་ལྕགས་ཀྱིས་འཕྲུལ་རྟ་བཞོན་ནས་བྲེལ་བྲེལ་ཚུབ་ཚུབ་ངང་ཁྱིམ་ལ་ལོག་ཐལ་ཟེར།་་ རྒན་པོས་མགོ་བོ་སྒུར་ཙམ་དང་སྐད་མགོ་ཡང་དམའ་ཙམ་བྱས་ནས་བཤད་པར། ་་དེ་ངེད་ཀྱི་རྒན་མོས་མིག་གསོན་པོས་རིག་འདུག་་

་་ཡ་ཡ།  དེ་འདྲ་ལབ་ནའང་བདེན་ལ་ཁད།   དེ་ན་ཉེན་རྟོག་པས་ཅི་ཟེར་ནས་མངགས་བཞག་པ་ཡིན་ནམ།་་

་་ཉེན་རྟོག་པས་སྐུ་འདྲ་ཚུར་ལ་ལོན་དགོས་པའི་ཆེད་དུ་ལོས་ཡིན།  རྐུན་མ་དང་སྐུ་འདྲ་གཉིས་ལས་སྐུ་འདྲ་གལ་ཆེ་ནི་རེད།་་

 ་་ཨིམ།་་

 ་་ཉེན་རྟོག་པས་བྱེའུ་འགྲམ་ལྕགས་ཚང་གི་ཁྱིམ་ལ་སོགས་པར་བཤེར་མོད།   སྐུ་འདྲ་མ་རྙེད་རེད།་་

 ་་དེ་ལོས་ཡིན།  རྐུན་མ་སུ་ཞིག་གིས་རྐུས་རྒྱུ་ཁྱིམ་ལ་ཁྱེར་སྲིད་རེད།་་

 ་་དེ་བཟླས།  ཉེན་རྟོག་པས་ཁོ་མངགས་ནས་སྐུ་འདྲ་གང་ཡོད་རྩད་བཅད་འདོད་པ་རེད།་་

 ་་དེ་འདྲ་སླ་མོ་གང་ན་ཡིན།  ཁོས་ཉེན་རྟོག་པ་ཡོད་ནོ་ཤེས་རྒྱུ་རེད།  ཁོས་རྐུས་རྒྱུ་ཕྱིར་ལ་ཕུད་རྒྱུ་མ་རེད།་་

་་ཁོས་ཉོ་མཁན་སྔོན་ནས་བཙལ་ཡོད་རེད།  མི་འདི་ཀླད་པ་ངར་ནི་རེད།  སྔོན་ཆད་འཕྲུལ་རྟ་ཆག་པོ་གཉིས་ཉོས་ནས་འཕྲུལ་རྟ་གཅིག་ལ་སྒྲིག་པ་རེད།་་ རྒན་པོས་ཐུག་པ་ཅ་ནེ་གང་པོ་གཙང་མར་ཟོས་ཚར་ནས་ཟ་ཐུར་ཅོག་ཙེའི་སྟེང་ལ་བཞག་་  སྐུ་འདྲ་འདི་དག་ལྷ་ཆེ་རེད་ནི།   ཡུན་རིང་བཟུང་བཞག་ན་ཁྱིམ་ལ་བཀྲ་མི་ཤེས་པ་འབྱུང་སྲིད་པས།   ཁོས་ཡུན་རིང་འཛིན་ཕོད་མ་རེད།་་

་་བརྐུ་ཕོད་པ་ཙམ་གྱིས་འཛིན་མི་ཕོད་པ་ཅི་ཡོད།་་

་་དེ་ཁྱོད་ཀྱིས་ཤེས་ནི་མ་རེད།  སྔོན་ཆད་འདིའི་ནང་གི་སྐུ་འདྲ་ཞིག་བརྐུས་ཤོར་བ་རེད།  རྐུན་མས་ཕྱིར་ཉིན་བཙོང་བཞག་པ་རེད།  བླ་མ་ཞིག་གིས་རྐུས་རྒྱུ་ཡིན་ནོ་མ་ཤེས་ནས་བླུས་པ་རེད།  ཉི་མ་བཅུ་ཁ་ཞིག་ནས་བླ་མ་དེ་ནད་སྡུག་པོ་འཕོག་ནས་འདས་པ་རེད།  རྐུན་མ་དེར་ཅི་ཡང་བྱུང་ཡོད་མ་རེད།  ང་ཚོའི་སྡེ་བའི་ནང་ན་དེ་འདྲ་ཞིག་བཤད་སྲོལ་ཡོད་རེད།་་

་་ཁྱོད་རུ་པའི་ལྷ་མཚར་པོ།་་

་་དེ་འདྲ་བཤད་སྲོལ་ཡོད་ནི་རེད།་་

་་ཡ་ཡ།  ད་ཅང་མི་ཤེས་ཀི་་  གྲྭ་བས་མགོ་བོ་གཡུགས་བཞིན་བསམ་བློ་བཏང་།

་་ལོ་པན།  སྒོར་མོ་དུ་རེད།་་  རྒན་པོ་ཡར་ལངས་ནས་དོར་མོའི་ཁུག་མའི་ནང་ནས་སྒོར་མོ་འགའ་བླངས་བ་དང་། གྲྭ་བས་ཀྱང་སྒོར་མོ་བླངས་ནས་སྤྲད།  ཚོང་བདག་གིས་ལྕོགས་ཤིག་བཟུང་ནས་སྒོར་བུད་པ་དང་ཟས་རིན་བླངས། རྒན་པོ་དང་གྲྭ་བ་གཉིས་སྔ་གཞུག་བྱས་ནས་ཟས་ཁང་ལས་བུད་དོ། །

རྒྱ་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན།

༄༅།  །གཟིག་སྡེས་ཀྱི་ཁ་པར་དྲིལ་བུ་གྲག་པ་དེས་ཁོ་ཚོའི་གྲོས་མོལ་མཚམས་བཅད་སོང་།   ཁོས་ཁ་པར་བླངས་ནས་ལྟ་ཙམ་བྱས་ཏེ་སྒྲ་མེད་པར་བཟོས། ཁ་པར་བཏང་མཁན་ནི་ཝ་བླ་མ་རེད། ལྷ་སྐུ་བརྐུས་ལ་ཤོར་བ་ནས་བཟུང་། ཝ་བླ་མས་རྩ་བཅོད་ཀྱི་དོན་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ད་ཐེངས་གཟིག་སྡེས་ཁོ་ཚོ་བྱེའུ་འགྲམ་ལྕགས་ཀྱི་རབ་མདར་སླེབས་ནས་ཁྲུན་ཏུའུ་ལ་ཐོན་ཡོད་པ་ཐོས་རྗེས།  ཁོས་གཟིག་སྡེས་ལ་ཉིན་རེར་ཁ་པར་རེ་བཏང་ནས་གནས་ཚུལ་འདྲི་བཞིན་ཡོད་ལ། བྱེའུ་འགྲམ་ལྕགས་མྱུར་ཏུ་བཟུང་ནས་ལྷ་སྐུ་གཞན་ལག་ཏུ་ཤོར་ན་ཕྱིར་ལོན་དཀའ་བའི་སེམས་ཁྲལ་གྱི་སྐུལ་མ་བཏང་བ་རེད།  འོན་ཀྱང་། དེ་རིང་གནས་ཚུལ་གསར་བ་ཅི་ཡང་མེད་པས།  གཟིག་སྡེས་ཀྱིས་བླ་མའི་ཁ་པར་དམར་སྒོ་རྒྱབ་ཏེ་མལ་ཁྲིའི་སྟེང་ལ་བཞག ཁོས་  ་་དེ་ནས་་  ཞེས་གྲོས་མོལ་བསླར་གསོ་བྱས།

་་ཁྲུན་ཏུའུ་ཉེན་རྟོག་པའི་ལག་རྩལ་ཚན་ཁག་གི་རྒྱུས་ལོན་བྱས་པ་ཡིན་ན།        བྱེའུ་འགྲམ་ལྕགས་ཀྱིས་རང་གི་ནག་མོ་ལ་ཁ་པར་བཏོང་གིན་ཡོད་པ་ལས་གཞན་མཁན་པོ་སྟག་གྲུབ་ལ་ཁ་པར་བཏང་གི་འདུག་ཟེར།      ངས་བསམ་ན་སྔོན་ཆད་ང་ཚོས་མཁན་པོ་འདིའི་སྐད་ཆ་བདེན་པར་རྩིས་ནས་འདང་འཇོག་བྱས་པ་དག་ལ་ད་ལྟ་དོགས་པ་བྱེད་ས་མང་པོ་འདུག་བསམ།་་  ལོ་ན་ཉི་ཤུ་ཡས་མས་ཡིན་པའི་ཉི་མ་རྒྱལ་པོ་ཡིས་དབུགས་ཐོག་གཅིག་གིས་དེ་དག་བཤད།     ཁོ་རང་གཟིག་སྡེས་ཀྱི་ཁ་གཏད་ཀྱི་མལ་ཁྲི་དེའི་སྟེང་ཡོད་པ་དང་ཁོའི་གམ་གྱི་གཞོན་ནུ་གཞན་དེ་ལ་འགྱུར་མེད་ཟེར། 

་་ཁོ་གཉིས་ཀྱིས་སྐད་ཆ་གང་སྐོར་བཤད་ཡོད་འདུག་་  གཟིག་སྡེས་ཀྱིས་དྲིས་པར།

་་ནང་དོན་ཡིན་ན་མཁན་པོ་སྟག་གྲུབ་ཀྱིས་ལྷ་སྐུ་འགའ་བླུ་དགོས་ཀྱིན་འདུག་པ་དང་བྱེའུ་འགྲམ་ལྕགས་ཀྱིས་དེ་བཤེར་ཞོར་གོང་ཚད་སོགས་མཁན་པོ་ལ་འདྲི་བཞིན་འདུག་་

་་ཡང་ལྷ་སྐུ།    འདི་ཚོ་ལྷ་སྐུ་དག་དག་གི་ལས་ལ་ཤི་འགྲོ་བསམ་པ་ཡིན་ནམ།་་ གཟིག་སྡེས་ཀྱིས་ཤིན་ཏུ་མ་རངས་བའི་རྣམ་འགྱུར་ཞིག་བསྟན་པ་དང་ཁོས་འགྱུར་མེད་ལ།     ་་འགྱུར་མེད།  བྱེའུ་འགྲམ་ལྕགས་ཀྱིས་དེ་རིང་ཅི་བྱས་སོང་།་་

་་ཁོ་དེ་རིང་ཉིན་གང་བོར་སྐུ་འདྲ་བཙོང་ས་བཤེར་ནས་འདུག   ཁ་པར་བཙོང་ས་ཞིག་ལའང་འཛུལ་ཐལ།  ཉལ་ཁང་འགྲམ་གྱི་རྒྱ་ཐུག་ཟ་ཁང་དེའི་ནང་ནས་ཟ་མ་ཟོས་སོང་།   ཚོང་ཁང་དག་གི་ཚོང་ངོ་དེ་དག་མ་གཏོགས་སུ་ལའང་སྐད་ཆ་བཤད་མ་སོང་། ་་ 

་་དོགས་པ་ཟ་དགོས་བྱེད་ཅི་ཡང་བྱས་མ་སོང་ངམ།་་

་་མེད་ཀི   འོན་ཀྱང་ཁ་སང་དེ་རིང་གཉིས་ཀར་ལྷ་སྐུ་ཚོང་ཁང་གཅིག་ལ་ཐེངས་ཁ་ཤས་འཛུལ་ཐལ།་་

་་སྐད་ཆ་ཉན་རྒྱུ་རག་བྱུང་ངམ།་་

་་རག་བྱུང་།   ཚོང་བདག་འདྲ་བོ་རྒྱ་མི་ཞིག་རེད།་་     སྐབས་འདིར་འགྱུར་མེད་ཀྱིས་ཅི་ཞིག་གསར་ཏུ་དྲན་པ་ལྟ་བུའི་རྣམ་འགྱུར་ཞིག་སྟོན་པ་དང་།   ་་ཨོ།   དེ་འདྲ་བཟློ་དུས།  མཚར་པོ་ཞིག་ལ་་

མི་ཚང་མས་མིག་གིས་གཅེར་ནས་འགྱུར་མེད་ལ་ལྟ་སྐབས།    ཁོས་འགྲམ་གྱི་གཏེར་ཆུ་དམ་བེ་དེ་ག་ལེར་ཁ་ཕྱེས་ནས་ཁ་དོ་གསུམ་རྔུབ་པ་དང་།  སླར་ཡང་དལ་མོ་བྱས་ཏེ་དམ་པའི་ཁ་རྒྱབ་རྗེས་ད་གཟོད་སྐད་ཆ་མུ་མཐུན་ཏུ་བཤད་པར།

་་ཚོང་བདག་དེས་བྱེའུ་འགྲམ་ལྕགས་ཁོ་ནར་ངོ་གཏུགས་ཀྱིན་འདུག་པ་འདྲ།      རྒྱུ་མཚན་ནི་ཁོ་གཉིས་ངོ་གཏུགས་ཚར་རྗེས་ཚོང་བདག་ཀྱང་ཚོང་ཁང་ནང་བསྡོད་ཀི་མི་འདུག་་

་་མཁན་པོ་སྟག་གྲུབ་དང་བྱེའུ་འགྲམ་ལྕགས་ཀྱིས་ལྷ་སྐུའི་སྐོར་ཁ་ཁར་བཤད་སྐབས།       ལྷ་སྐུ་དེ་དག་གི་རིན་གོང་གང་འདྲ་རེད་འདུག་་     གཟིག་སྡེས་ཀྱིས་སེམས་ལ་བརྗོད་མི་ཐུབ་པའི་དོགས་པ་ཞིག་སྐྱེས་པས་གནད་འདི་ཤེས་དགོས་འདུག

་་མཁན་པོ་སྟག་གྲུབ་ཀྱིས་ལྷ་སྐུ་བདུན་ཉོ་དགོས་ཟེར་འདུག   བྱེའུ་འགྲམ་ལྕགས་ཀྱིས་ཀྱང་ལྷ་སྐུ་བདུན་པོ་ཚོང་ཁང་རེ་རེ་བྱས་ནས་བཤེར་གྱིན་འདུག      ཁོང་གཉིས་ཀྱིས་ལྷ་སྐུ་གཉིས་ཉོ་ཐག་ཆོད་འདུག་མོད་ད་དུང་ཉོས་མི་འདུག      དེ་མིན་ལྔ་ཡི་གོང་ཚད་ལ་མཁན་པོ་སྟག་གྲུབ་སེམས་མགུ་ཡི་མི་འདུག་པས།  བྱེའུ་འགྲམ་ལྕགས་ཀྱིས་ད་དུང་ཉོ་ས་རྙེད་མེད་ཀི་་

་་ཨིམ་་  གཟིག་སྡེས་ཀྱིས་མགོ་བོ་གཡུགས་བཞིན་ཁོ་རང་ལ་མཁོ་བའི་ལན་དེ་དེད།  ་་རིན་གོང་ག་ཚོད་རེད་འདུག་་

ཉི་མ་རྒྱལ་པོས་འགྲམ་གྱི་སྒྲོམ་ཐོག་ན་ཟིན་དེབ་ནག་པོ་ཞིག་ཡོད་པ་དེ་ལག་ཏུ་བླངས་ནས་མིག་བཤེར་གཅིག་བྱས་ཏེ།

་་ཤཱཀྱའི་སྐུ་ཞིག་ལ་སྒོར་ཁྲི་གསུམ།   སྤྱན་རེས་གཟིགས་ཞིག་ལ་སྒོར་གཅིག་ཁྲི་དྲུག་སྟོང་།   འཇམ་དབྱངས་ཤིག་ལ་སྒོར་གཅིག་ཁྲི་དགུ་སྟོང་།  ཕུར་བ་དང་རྡོ་རྗེ་ཕག་མོ་རེ་རེ་ལ་སྒོར་བདུན་སྟོང་།    འདི་བྱེའུ་འགྲམ་ལྕགས་ཀྱིས་གཏམ་པའི་གོང་ཚད་རེད།  མཁན་སྟག་གྲུབ་ཀྱིས་གོང་ཆེ་སོང་བཤད་ཀི་འདུག་་

་་བྱེའུ་འགྲམ་ལྕགས་ཀྱི་དྲུད་སྒམ་དེ།་་  གཟིག་སྡེས་ཀྱིས་ཁ་ཚུར་ཁོར་ནས་རང་དང་ཉལ་ཁྲི་གཅིག་ལ་བསྡད་ཡོད་པའི་ཤ་རྒྱགས་པ་ཅན་གྱི་དར་རྒྱས་ལ་སྐད་ཆ་དྲིས།    ཁ་སང་མཚན་གཅིག་ལ་དར་རྒྱས་ཀྱིས་བྱེའུ་འགྲམ་ལྕགས་ཀྱི་ཉལ་ཁང་ནང་ལ་ལྐོག་ལྟ་བྱས་པ་རེད།

་་དྲུད་སྒམ་སྔོན་མ་འཇོག་ས་དེ་ལ་ད་དུང་བཞག་འདུག  འགུལ་མ་སོང་།་་

་་ཁ་ཕྱེ་མྱོང་མ་ཐལ་བཟློས།་་

་་ཁ་ཕྱེ་མྱོང་མ་ཐལ།་་

གཟིག་སྡེས་ཀྱིས་མཚམས་འདི་ནས་བསམ་བློ་ཡུན་རིང་ཞིག་ལ་བྱས།    འགྱུར་མེད་ཀྱིས་མཛུབ་མོ་ཅོག་ཙེ་ལ་ཐེངས་ཉི་ཤུ་ལྷག་རྡེབ་ཚར་རྗེས།  གཟིག་སྡེས་ཀྱིས་ད་གཟོད་འཁོར་གྱི་མི་དག་གིས་ཁོ་རང་གི་སྐད་ཆ་སྒུག་ཡོད་པ་དྲན།     ཁོ་ཡར་ལངས་ནས་ཁ་པར་སྦ་ཁུག་ཏུ་བཅུག་པ་དང་།   མི་གཞན་གསུམ་པོའང་ཁོ་དང་མཉམ་ལངས་བྱས། 

་་བྱེའུ་འགྲམ་ལྕགས་དང་ཚོང་བདག་དེ་གཉིས་འགྲིག་གི་མི་འདུག་་    ཁོས་སླར་ཡང་སྐར་ཆ་གཉིས་གསུམ་ལ་ལངས་ནས་བསམ་བློ་བྱས་པ་དང་།  ་་སང་ཉིན་ང་ཚོང་ཁང་ལ་སོང་ནས་ཉམས་ཚོད་ཅིག་ལེན།  ཁྱོད་གཉིས་ཉོལ།    ཉི་མ་དང་ངེད་གཉིས་ཀྱིས་ལྐོག་ལྟ་བྱེད།་་

རྒྱ་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། 

༄༅།  །གཟིག་སྡེས་ཀྱིས་ཚོད་དཔག་བྱས་པ་ལྟར།  བྱེའུ་འགྲམ་ལྕགས་བཀྲ་ཤིས་བལ་སྐུ་ཚོང་ཁང་ཟེར་བའི་ཚོང་ཤག་འདི་ལ་བསླར་ཡང་སླེབས་བྱུང་།  འཇིགས་མེད་ཁོའི་རྗེས་སུ་དེད་དེ་ནང་དུ་འཛུལ།    སྐར་མ་བཅུ་གྲངས་ཀྱི་རྗེས་སུ།   བྱེའུ་འགྲམ་ལྕགས་སྒོ་ལས་བུད་པ་དང་ངོ་ལ་ཁོང་ཁྲོའི་རྣམ་འགྱུར་གྱིས་ཁེངས་འདུག      ཚོང་བདག་དེའང་སྒོ་ཁར་སླེབས་ནས་བྱེའུ་འགྲམ་ལྕགས་ལ་འབོད་འདང་བྱས་མོད།  བྱེའུ་འགྲམ་ལྕགས་ཐག་རིང་ལ་སླེབས་ཡོད་པ་མཐོང་རྗེས།  མགོ་བོ་གཡུགས་ཏེ་ཕྱིར་ལ་འཛུལ།   ཚོང་ཁང་གི་ཁ་གཏད་ཀྱི་ཟས་ཁང་ནང་ལ་ཡོད་པའི་གཟིག་སྡེས་ཀྱིས་འདི་དག་ཡོད་ཚད་མིག་གིས་འཚོས་ཡོད།   ཁོས་འཇིགས་མེད་ལ་འཕྲིན་ཐུང་ཞིག་སྐུར་ནས་ཕྱིར་འོང་ཏུ་མ་བཅུག   དེ་ནས་རང་གིས་ཀྱང་ཤེལ་མིག་ཞིག་གྱོན་ཏེ་ཟས་རིན་སྤྲད་དེ་ལྷ་སྐུ་ཚོང་ཁང་ནང་ལ་སོང་།

་་ལྷོད་ལྷོད་གཟིགས་རོགས།་་  བཤམས་ཤེལ་གྱི་སྒམ་འགྲམ་ན་ལངས་བའི་བུ་མོ་དེས་ཁ་ནས་དེ་ལྟར་བཤད་བཞིན་མིག་གིས་ཁ་པར་ལ་གཅེར་ཞིང་འགུལ་ཙམ་ཡང་མ་བྱས། 

ཚོང་ཁང་གི་ཕྱོགས་བཞི་རུ་ལྷ་སྐུ་སོགས་བཤམས་འདུག    སྒོ་ལ་འཛུལ་བའི་གཡས་ཕྱོགས་ནིབཤམས་ཤེལ་ཡིན་ལ།    བཤམས་ཤེལ་རྒྱབ་ལོག་གི་ལྷ་སྐུ་དག་གོང་ཆེན་སྤུས་ལེགས་ལྟ་བུ་འདུག     ཚོང་བདག་རྒྱ་མི་དེ་འབོར་ཁྲི་སུམ་འདུག་ཞིག་གི་སྟེང་དུ་བསྡད་ཡོད་དེ།   ཁོའི་མདུན་ཅོག་སྟེང་ལ་ཕྱུག་པོའི་ཁ་ངོ་མཚོན་པའི་རྒྱ་ཇའི་རྫ་ཆས་དེ་འདྲ་ཞིག་སྒྲིག་འདུག   འཇིགས་མེད་ཀྱིས་གཡོན་ཕྱོགས་གྱང་ངོས་སུ་འཕྱར་བའི་ཕྲེང་བ་སྣ་ཚོགས་ལ་ལྟ་བཞིན་འདུག

གཟིག་སྡེས་ཀྱིས་ཕོ་བ་ཆེན་པོ་དེ་ལྡིར་ལྡིར་བྱེད་ཀྱང་མཆན་འོག་ནས་ཀོ་བའི་དངུལ་ཁུག་ཞིག་བཟུང་སྟེ་ཐོན་པ་ན།   ཚོང་བདག་ངོ་མ་ཞིག་ལ་འདྲ་བོ་འདུག    ཁོའི་ངོ་ལ་རྔུལ་ཆུ་དང་སྣུམ་གང་ཡིན་མི་ཤེས་པའི་ཆུ་འོད་བཀྲ་གིན་འདུག་ལ།  སྒོ་ནས་འཛུལ་མ་ཐག་ཕར་ཚུར་ལྟ་བཞིན་གོམས་པ་དལ་གྱིས་སྤོས། 

་་ཨ་ལེ།  མགྲོན་པོ་ཕེབས་པ་མ་མཐོང་ངམ།་་   ཚོང་བདག་ཅུང་ཁྲོས་པའི་ངང་ནས་ཞབས་ཞུ་མ་ལ་དེ་ལྟར་བཤད། 

བུ་མོས་ལག་ནང་གི་ཁ་པར་མར་ལྷོད་ནས་གཟིག་སྡེས་ཀྱི་འགྲམ་ཏུ་སླེབས་པ་དང་།  ངོ་ལ་དགའ་སྡུག་གི་ཉམས་གང་ཡང་མེད་པའི་ཚུལ་གྱིས་དྲིས་པར།

་་ཚོང་བདག་ལགས་ཀྱིས་ལྷ་སྐུ་བླུ་འདོད་ཀྱིན་ཡོད་དམ།    ང་ཚོ་ལ་བལ་ཡུལ་གྱི་ལི་མ་དག་མ་ཡོད།   ལྷ་གང་གདན་ཞུ་བྱེད་འདོད་ཡོད།་་

གཟིག་སྡེས་ཀྱིས་མོ་ལ་ལན་མ་བྱས།  ཕར་ལྟ་ཚུར་ལྟ་བྱེད་པའི་བར་མཚམས་ནས་ཕར་ཕྱོགས་ཀྱི་གྱང་ངོ་ལ་འདྲ་པར་ཞིག་ཡོད་པ་དེ་མཐོང་།

་་ཡ   ཚོང་དཔོན་བཀྲ་ཤིས།  བདེ་མོ་བདེ་མོ།་་  འཇིགས་མེད་ལ་འཁྲབ་རྩལ་ཟེར་བ་མེད་མོད་ཁོས་གཟིག་སྡེས་ལ་དེ་ལྟར་འཁྲབ།

གཟིག་སྡེས་ཀྱིས་མིག་ཤེལ་བླངས་ནས་ལྟ་ཡག་ཅིག་བྱས་པ་དང་།   ་་བདེ་མོ་བདེ་མོ།   ཁྱོད་སུ་ཡིན་ནམ།་་  ཁོས་ལག་པ་བཟུང་ནས་ལག་འཇུ་བྱས་པ་དང་འཇིགས་མེད་ཀྱིས།

་་ཁ་སང་ཚོང་དཔོན་ཉི་མའི་མགྲོན་ལ་ང་གཉིས་འཕྲད་མྱོང་ཡ།་་

་་ཨོ།  ཡ་ཡ་ཡ།   དེ་ནས།་་  གཟིག་སྡེས་ཀྱིས་ལག་འཇུ་བྱེད་སྐབས་འཇིགས་མེད་ལ་དེ་ལྟར་མ་འཁྲབ་བརྗོད་ཆེད་དུ་མིག་བརྡ་ཞིག་འཕང།  འོན་ཀྱང་འཇིགས་མེད་ཀྱིས་མིག་བརྡ་དེ་དོན་ལོག་ཏུ་གོ་སོང་བ་འདྲ།  

་་ཁ་རོག་ཡིན།  ཁ་རོག་ཡིན།་་  ཁོའི་འཁྲབ་སྟོན་སྔར་ལས་ཆེ་དྲག་སོང་།

་་ཡ་ཡ།  ཡ་ཡ།  གཟིག་སྡེས་ཀྱིས་སླར་ཡང་ངོ་མདོག་ཅིག་བསྟན་པ་དང་འགྲམ་གྱི་ཞབས་ཞུ་བུ་མོ་དེའང་ཅུང་མི་བདེ་བར་གྱུར།་་

་་ཡ་ཡ །  ད་ང་འགྲོ་ཡིན།  བྲེལ་བ་ཅུང་ཙམ་ཡོད།་་  འཇིགས་མེད་ལ་གོ་བརྡ་འཕྲོད་སོང་།

འཇིགས་མེད་ཕྱི་ལ་འབུད་སྐབས།    གཟིག་སྡེས་ཀྱིས་ཁ་ཕྱོགས་འདྲ་པར་ལ་སྐོར།  ཐེངས་འདིར་ཁོས་འདྲ་པར་གྱི་ནང་དོན་གསལ་བོ་མཐོང་སོང་སྟེ།    དེ་ནི་ཚོང་བདག་རྒྱ་མི་འདི་དང་གྲྭ་བ་གཉིས་རེད་འདུག     ཞིབ་ལྟ་བྱེད་སྐབས།   གྲྭ་བ་དེ་གཉིས་ཀྱིས་གཟིག་སྡེས་ཧ་ལས་སུ་བཅུག་བྱུང་སྟེ།     གཅིག་ནི་ཝ་བླ་མ་ཡིན་འདུག་ལ་གཞན་དེ་ནི་མཁན་པོ་སྟག་གྲུབ་རེད།     གཟིག་སྡེས་ཀྱིས་ཡང་བསྐྱར་ཞིབ་ལྟ་བྱས་པ་ན།     ཁོ་གསུམ་པོའི་རྒྱལ་ཡོལ་ལ་ལུག་ཆུང་དགོན་གྱི་རིག་དངོས་རྩ་ཆེན་འགྲེམས་སྟོན་ཅེས་པའི་རྒྱ་ཡིག་ཁ་བྱང་བཀོད་ཡོད་པ་གསལ་བོ་འདུག

དེ་དང་དུས་གཅིག་ཏུ།     བྱེའུ་འགྲམ་ལྕགས་ཕྱིར་ཚོང་ཁང་ལ་ལོག་བྱུང་སྟེ།    ལག་ཏུ་ཁ་ཕྱེ་མ་མྱོང་བའི་སྒམ་ནག་པོ་དེ་དྲུད་འདུག ཁོས་ཚོང་ཁང་ནང་གི་གཟིག་སྡེས་མཐོང་མ་ཐག     ཁ་ཕྱིར་འཁོར་ནས་ནང་ཏུ་མ་འཛུལ།     འདྲ་པར་ལ་ཞིབ་འཇུག་བྱེད་བཞིན་པའི་གཟིག་སྡེས་ཀྱིས་བྱེའུ་འགྲམ་ལྕགས་མ་མཐོང་མོད།    ཁོས་མིག་ཞགས་འདྲ་པར་ནས་ཚོང་བདག་ལ་སྤོ་སྐབས།      ཚོང་བདག་གིས་རྣམ་འགྱུར་ཚབ་པོ་ཞིག་སྦས་འདུག་པ་ཁོས་ཚོར་བྱུང་།  

་་བླ་མ་འདི་རིག་མྱོང་ཞིག་རེད།  འོན་ཀྱང་དྲན་གི་མི་འདུག་་  གཟིག་སྡེས་ཀྱིས་མནོ་བསམ་གྱི་ཚུགས་ཀ་ཞིག་བསྟན་ནས་མུ་མཐུད་དུ་སྨྲས་པར།  ་་ཝ་བླ་མ་རེད་པས།་་

ཚོང་བདག་ཁོ་ཡར་ལངས་ནས་གཟིག་སྡེས་ལ་བཅར།   ཁོས་གཟིག་སྡེས་ཉེན་རྟོག་པ་ཞིག་ཡིན་པ་བྱེའུ་འགྲམ་ལྕགས་ནང་ཏུ་འཛུལ་མ་སྤོབས་པ་དེ་ལས་ཚོད་དཔག་བྱེད་ཐུབ།

་་རེད།  ཚོང་དཔོན་ཁྱོད་ཀྱིས་ཀྱང་བླ་མ་ཁོང་ངོ་ཤེས་ཀི་ཡོད་དམ།་་

་་བླ་མ་འདི་སྐད་གྲགས་ཆེན་པོ་འདུག  ཁྱོད་རང་ནང་པ་ཞིག་ཡིན་ནམ།་་

་་ངའི་ཡུམ་ཆེན་ཚེ་ལས་འདས་རྗེས་ཆོས་ལ་འབད་པ་རེ་བྱེད་ཀི་ཡོད།་་   ཚོང་བདག་གིས་ལག་པ་བཟུང་ནས་  ་་ངའི་མིང་ལ་ཀྲང་ཡཱང་ཟེར།  ཚོང་དཔོན་ཁྱོད་ལ་ཅི་ཟེར།་་

་་ང་ལ་ནག་པོ་ཟེར། ཚོང་བདག་ཁྱོད་བོད་ཡུལ་ལ་ཕེབས་མྱོང་ངམ།་་  གཟིག་སྡེས་ཀྱིས་ལག་པ་འཇུས་རྗེས་ལག་གཉིས་སྦྲེལ་ནས་ཕོ་བའི་སྟེང་ལ་བཞག

་་ཡར་ལ་ཕེབས་དང་།  ཁྱོད་ཀྱིས་ཅ་དངོས་གང་ལྟ་འདོད་ན་བུ་མོ་ལ་ཁྱེར་ཤོག་ལབ་ན་འགྲིག་གི་རེད།་་     ཚོང་བདག་གིས་གཟིག་སྡེས་ལ་ལན་ཐད་ཀར་བརྗོད་འདོད་མེད།     ཁོས་ཉེན་རྟོག་པ་ལ་འབྲེལ་བ་བྱེད་སྐབས་གོམས་གཤིས་ཤིག་ཡོད།     དེ་ནི་རྫུན་དང་བདེན་གཏམ་གང་ཡང་མི་བཤད་པར་སྐད་ཆ་ཕྱོགས་བསྒྱུར་བྱེད་པ་དེ་རེད།

གཟིག་སྡེས་འབོར་ཁྲི་ཁེར་འདུག་ཅན་དེའི་སྟེང་ལ་བསྡད་པ་དང་།      ཚོང་བདག་དེ་ཁོའི་ཁ་གཏད་ཀྱི་གཉིས་འདུག་དེའི་སྟེང་ལ་བསྡད།    ཚོང་བདག་གིས་ཁོ་ལ་ཇ་གང་མཆོད་པ་ན།      ཁོང་གཉིས་ཀྱིས་སོ་སོའི་བསམ་ཚུལ་རེ་བཅངས་ནས་འཁྲབ་སྟོན་གྱི་མགོ་བརྩམས།     དུས་ཚོད་ཕྱེད་ཙམ་ལ་འཁྲབ་སྟོན་བྱས་རྗེས།     ཁོང་གཉིས་ཀྱི་འཁྲབ་ཚིག་ཟད་ལ་ཉེ་འདུག་པ་དང་།     དེ་འདྲའི་ཅི་བཤད་མེད་ལ་བསྡོམ་ཚིག་ཀྱང་འཇོག་ཁག་པོའི་དུས་ལ།     གཟིག་སྡེས་ཀྱི་ཁ་པར་གྲག་བྱུང་བ་དང་།   གཉིས་པོ་སེམས་བདེ་བའི་ངང་ནས་ཁ་བྲལ་ཐུབ་བོ།   །

རྒྱ་ཟླ་བཞི་བའི་ཚེས་རྩ་གཉིས་ཉིན།

བྱེའུ་འགྲམ་ལྕགས་ཀྱིས་རང་ཉིད་གཟིག་སྡེས་ཀྱི་མིག་འཚོའི་འོག་ཡོད་པ་ཤེས་གསལ་བྱུང་། འོན་ཀྱང་ཁོས་ད་དུང་ཅི་ཡང་མ་ཤེས་པའི་སྤྱོད་སྟངས་རྒྱུན་འཁྱོང་བྱེད་དགོས།  ཁོས་དགུང་ཟས་ལ་མོག་མོག་སྡེར་མ་གང་ཟོས་རྗེས་ཕྱིར་མལ་ཁང་ཏུ་ལོག

་་གནས་ཚུལ་འདྲ་འདུག་གམ།་་   གཟིག་སྡེས་སོ་ལྟ་བྱེད་སའི་ཁང་ཤག་དེ་ལ་འཛུལ་མ་ཐག་ཏུ་དེ་ལྟར་དྲིས།     འཇིགས་མེད་ཀྱང་འདིར་སླེབས་འདུག   ཁོའི་སྐྲ་ཚུགས་གསར་བ་ཞིག་བརྗེས་འདུག     དར་རྒྱས་ནི་མལ་ཁྲི་སྟེང་ན་གཉིད་ནས་འདུག

་་མལ་ཤག་ལ་འཛུལ་མ་ཁད་རེད།  དེ་སྔོན་ཟས་ཁང་དེ་ལ་སོང་ཐལ།་་   ཉི་མ་རྒྱལ་པོ་སྒེའུ་མདུན་དུ་བསྡད་ཡོད་ལ་མིག་གིས་བྱེའུ་འགྲམ་ལྕགས་ལ་རྒྱང་ཤེལ་གྱིས་ལྟ་བཞིན་དེ་ལྟར་ལན་བཏབ།

་་འཇིགས་མེད།  ཁྱོད་ཕྱི་ལ་སོང་རྗེས་བྱེའུ་འགྲམ་ལྕགས་ཀྱིས་ཅི་བྱས་བྱུང་།་་  འཇིགས་མེད་ཀྱིས་ཁ་པར་འགུལ་མཚམས་བྱས་ནས་ལན་ཅི་འདེབས་དགོས་པ་མ་དྲན།   རྒྱུ་མཚན་ནི་ཁོ་རང་ཚོང་ཁང་ལས་བུད་རྗེས་སྐྲ་བཞར་ཁང་ལ་སོང་བ་ལས་བྱེའུ་འགྲམ་ལྕགས་ལ་ལྐོག་རྗེས་བྱེད་དུ་མ་སོང་བ་རེད།    ཁོ་རང་གིས་སྐྲ་བཞར་ཁང་ནས་བྱེའུ་འགྲམ་ལྕགས་དྲན་སྐབས་སྐྲ་ཡང་བཞར་ཚར་འདུག   ལམ་ཁ་ནས་ཡར་མར་བཙལ་ཀྱང་ཡུན་ཏུ་མ་རྙེད།        སྐར་མ་ཉི་ཤུའི་རྗེས་ནས་ད་གཟོད་བྱེའུ་འགྲམ་ལྕགས་ཁོའི་རྒྱབ་ལོག་ནས་མདུན་ཏུ་བུད་བྱུང་། 

་་ཁོས་ཚོང་ཁང་འགའ་ནས་ལྷ་སྐུ་མང་པོ་བཤེར་བྱུང་།་་

་་ཁྱོའི་སྐྲ་ཚུགས་ནམ་དུས་ལ་བཞར་པ་ཡིན།་་

་་བྱེའུ་འགྲམ་ལྕགས་ཟ་མ་ཟ་རུ་ཕྱིན་རྗེས།་་      འཇིགས་མེད་ཀྱིས་རྫུན་གྱི་མགོ་བསླང་ཚར་བས་ན་དེའི་མཇུག་སྐྱོང་དགོས་བྱུང་བ་རེད།  འོན་ཀྱང་ཉི་མ་རྒྱལ་པོས་ཁ་ཚུར་ཁོར་ནས་ཁོ་ལ་མཚར་མདོག་གི་ཉམས་ཞིག་གིས་ལྟས་བྱུང་།      གཟིག་སྡེས་ཀྱིས་དོགས་པ་ཆེན་པོ་ཟ་བཞིན་ཅི་བཤད་མ་དྲན་སྐབས།   ཉི་མ་རྒྱལ་པོའི་མིག་སླར་ཡང་བྱེའུ་འགྲམ་ལྕགས་ཀྱི་ཁང་ཤག་ལ་སྤོས་པ་དང་དེ་དུས་བྱེའུ་འགྲམ་ལྕགས་ཀྱིས་གློག་སྒོ་གཟིམ་བྱུང་།

ཅི་བཤད་མ་རྙེད་པའི་གཟིག་སྡེས་འགྲམ་གྱི་ཉལ་ཁྲིའི་སྟེང་ལ་བསྡད་པ་དང་།  དེ་ནས་དར་རྒྱས་ལྟར་ལོག་ནས་ཉལ།

་་རུ་དཔོན།  རུ་དཔོན།་་ མག་མོག་གི་ཁྲོད་ནས་སུ་ཞིག་གིས་རང་ལ་འབོད་ཀྱིན་ཡོད་པ་གཟིག་སྡེས་ཀྱིས་ཐོས་ཙ་ན།    ཁོས་མིག་ཕྱེ་ཙམ་བྱུང་བ་དང་།  ད་གཟོད་རང་ཉིད་གཉིད་སོང་བ་ཚོར།

་་ཅི་རེད།་་  ཁོས་ངལ་དུབ་ཀྱི་ལུས་པོ་ཡར་བཀྱགས་ནས་མིག་ལ་བྱིལ་བྱིལ་བྱས།

་་བྱེའུ་འགྲམ་ལྕགས་ཀྱིས་སྟག་གྲུབ་ལ་ཁ་པར་བཏང་བྱུང་།   ཁོས་ལྷ་སྐུ་ཉོ་དགོས་བརྗོད་བྱུང་།  མ་ཟད་ཁོས་ཚོང་བདག་ལ་ཁ་པར་བཏང་ནས་ད་ལྟ་ཉིད་ཚོང་ཁང་ལ་ཚོང་གཏམ་ཏུ་སླེབས་ཤོག་བརྗོད་བྱུང་།་་

་་ད་ལྟ།་་  སད་མ་ཐག་གི་གཟིག་སྡེས་ཀྱིས་སྒེའུའི་ཕྱིའི་མཚན་མོའི་སྨག་རུམ་ལ་བལྟས་ཙམ་བྱས། 

་་རེད།   དར་རྒྱས་མལ་ཁང་གི་སྒོ་ཁར་སླེབས་ཟིན།་་

གཟིག་སྡེས་ཀྱིས་ཁ་པར་བླངས་ནས་དུས་ཚོད་ལ་ལྟ་སྐབས།  མཚན་མོའི་དུས་ཚོད་གསུམ་པ་རེད་འདུག

་་མཚན་མོ་འདི་འདྲ་ལ་ཚོང་བྱེད་དགོས་ཟེར་ན་ཅི་རེད།་་ ཁོས་དེ་ལྟར་དྲིས་ཀྱང་ཉི་མ་དང་འཇིགས་མེད་ལ་ལན་ཅི་ཡང་བརྗོད་རྒྱུ་མེད།

་་སྒུག་དང་།   ལྷ་སྐུ་ལྔ་བརྐུས་ཤོར་བ་རེད།   ཁོས་ལྷ་སྐུ་བདུན་ཉོ་དགོས་བཤད་ཀྱང་དོན་དུ་ལྷ་སྐུ་ལྔ་ཡི་གོང་ཚད་བཤད་ཀི་འདུག  བརྐུས་ཤོར་བའི་ལྷ་སྐུ་ལ་ཁྲི་ཚོ་བརྒྱད་བརྒྱ་རེད།  གསུམ་བརྒྱ་ཅན་གཅིག་ཡོད་རེད།  གཟིག་སྡེས་ཀྱིས་དེ་ལྟར་བཤད་བཞིན་ཡར་ལ་ཧར་གྱིས་ལངས།

་་འཇིགས་མེད།   ལྷ་སྐུ་བླུ་དགོས་ན་བླུ་ཡོན་ག་ཙམ་བབ་འདུག   གོང་ཆེས་ཆེ་ཡ་དེ་ཁྲི་གསུམ་རེད་པས།་་

འཇིགས་མེད་ཀྱིས་རྩིས་འཁོར་འགྲམ་ནས་ཟིན་ཤོག་ཞིག་བླངས་ནས་གཟིག་སྡེས་ལ་སྤྲད།

་་ཁྲི་གསུམ།   གཅིག་དང་དྲུག  གཅིག་དང་དགུ   སྟོང་བདུན་ཅན་གཉིས།   ཁྱོན་ལ་ག་ཚོད་རེད།་་

ཉི་མས་གཟིག་སྡེས་ལག་གི་ཤོག་བུ་བླངས་ནས་ཁ་རྩིས་ཞིག་བྱས་པ་ན།  ་་བདུན་ཁྲི་དགུ་སྟོང་རེད།་་

་་མ་རེད།     ཁྲི་བདུན་བརྒྱ་དགུ་བཅུ་རེད།་་     དེ་ལྟར་བཤད་མ་ཚར་བ་ནས་གཟིག་སྡེས་སྒོ་ཕྱིར་གཏད་ནས་འགྲོ་བཞིན་འདུག   ་་འགྲོ ་་   གཟིག་སྡེས་ཀྱིས་ཚོད་དཔག་བྱས་ན།    བྱེའུ་འགྲམ་ལྕགས་ཀྱིས་ལྷ་སྐུ་ཉོ་བཞིན་མེད་པར་བཙོང་བཞིན་ཡོད་པ་རེད།    བྱེའུ་འགྲམ་ལྕགས་དང་མཁན་པོ་སྟག་གྲུབ་ཀྱིས་བཤད་བཞིན་པའི་སྒོར་མོ་ཁྲི་གསུམ་ནི་ལྷ་སྐུའི་བཙོང་རིན་གྱི་ཁྲི་གསུམ་བརྒྱ་ལྐོག་བརྡ་བྱེད་བཞིན་ཡོད་པ་དེ་རེད།  

བྱེའུ་འགྲམ་ལྕགས་ཚོང་ཁང་ལ་གཏད་དེ་འགྲོ་བཞིན་ཡོད།    ཁོས་དྲུད་བཞིན་པའི་སྒམ་ནག་དེ་ལས་བྱུང་བའི་སྒྲ་དང་ཁོའི་གོམས་སྟབས་བར་ལ་འཆམ་མཐུན་གྱི་འཁོར་བསྐྱོད་ཅིག་འདུག   ཁོས་རིག་པ་སངས་སངས་བྱས་ནས་ཁོར་ཡུག་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་མོད།   རྗེས་སུ་ལྐོག་དེད་བྱེད་བཞིན་པའི་དར་རྒྱས་ཁོས་སྙམ་ཏུ་མ་བཞག་པ་འདྲ།   གཟིག་སྡེས་དང་འཇིགས་མེད་ནི་དར་རྒྱས་ཀྱི་རྗེས་སུ་བར་ཐག་གློག་ཤིང་གཉིས་ཀྱི་བར་ཙམ་བཞག་ནས་ཡོད།   ཉི་མས་མོ་ཊ་སྐོར་ནས་ཚོང་ཁང་གི་སྒོ་ཁར་སྒུག་ཏུ་སོང་།   ཁོས་ད་དུང་ཁྲིན་ཏུའུའི་ཉེན་རྟོག་ཁང་ལ་འབྲེལ་གཏུགས་བྱས་ནས་ཁྱིམ་བཤེར་ཆོག་ཡིག་མགྱོགས་པོར་ལོན་དགོས་པ་རེད། 

ཉི་མས་མོ་ཊ་ཕ་རོལ་གྱི་ཟས་ཁང་གི་སྒོ་ལ་བཞག་པ་དང་།        ད་ནང་གཟིག་སྡེས་བསྡད་མྱོང་བའི་སྒེའུ་འགྲམ་གྱི་འདུག་ས་དེ་ལ་བསྡད་ཅིང་ཁྲིན་ཏུའུའི་ཉེན་རྟོག་པ་ལ་ཁ་པར་བཏང་།      ཁོས་ཕར་ཕྱོགས་ཀྱི་ཉེན་རྟོག་རོགས་པས་ཆོག་ཡིག་ཡར་ཞུ་བྱེད་བཞིན་ཡོད་པ་ཐོས་སྐབས་བྱེའུ་འགྲམ་ལྕགས་ཀྱང་ཚོང་ཁང་གི་སྒོ་འགྲམ་ལ་སླེབས་སོང་།     སྒོ་འགྲམ་གྱི་ཚོང་བདག་རྒྱ་མི་དེས་ལག་འཇུ་ཞིག་བྱེད་འདོད་བྱས་མོད།  བྱེའུ་འགྲམ་ལྕགས་ཀྱི་ལག་གཡས་པས་སྒམ་དྲུད་ཡོད་པས་དེ་ལྟར་མ་བྱུང་།   ཁོས་ལག་སྟབས་དེ་གདན་འདྲེན་གྱི་ལག་སྟབས་ལ་བསྒྱུར་སྟེ་བྱེའུ་འགྲམ་ལྕགས་ནང་དུ་ཕེབས་བསུ་བྱས།   བྱེའུ་འགྲམ་ལྕགས་ནང་ལ་ཕེབས་རྗེས་ཚོང་བདག་གིས་ཕྱིར་ལྟ་བྱས་པ་དང་ཁོ་རང་ནང་ལ་འཛུལ་རྗེས་སྒོ་བརྒྱབ་བོ། །

གཟིག་སྡེས་ཁོ་གསུམ་པོའང་ཟ་ཁང་ལ་ཐོན།   ཉི་མའི་ཅོག་ཙེའི་སྟེང་ལ་ཆུ་མོག་ཅ་ནེ་གང་བཞག་ཡོད།  ཁོ་གསུམ་པོ་བསྡད་མ་ཐག  ཞབས་ཞུ་བུ་མོ་ཕེབས་ནས་ཟས་ཡིག་ཅིག་ཁོ་ཚོར་བསྟེར།  འཇིགས་མེད་ཀྱིས་དེ་ལེན་གྲབས་བྱེད་སྐབས།   གཟིག་སྡེས་ཀྱིས་ཁོ་ཚོ་ལ་ཆུ་ཁོལ་མ་གཏོགས་ཟ་མ་མི་དགོས་ཞེས་ནས་ལན་བཏབ།   བུ་མོ་དེའི་ངོ་མདོག་ནག་ནག་བྱས་ཏེ་ཁ་ཕྱིར་འཁོར་ཏེ་སོང་།  

་་འདི་ཚང་གི་ཆུ་མོག་ཞིམ་པོ་ཨེ་འདུག་་ འཇིགས་མེད་ཀྱིས་དེ་ལྟར་ལབ་བཞིན་ཐུར་མ་བླངས།

་་ཤ་ཉེ་ཁྱོས་ཟོས།  ངས་ཟ་བསམ་མ་བྱུང་།་་  ཉི་མས་ཅ་ནེ་འཇིགས་མེད་ཀྱི་མདུན་ལ་སྣུད།   འཇིགས་མེད་ཀྱིས་ཟ་ཐུར་བཟུང་ནས་ཆུ་མོག་ལ་བཙུགས་གྲབས་བྱེད་སྐབས།  དར་རྒྱས་ཀྱི་ཁ་མཚར་བྱས་ཏེ།

་་ད་ལྟ་ཡིན་ནའང་ཟ་མ་ཟ་བའི་སེམས་ཡོད་ཀི  ཁྱོད་ང་ལས་ཀྱང་ཕག་གཤིས་ཆེ་འི།  ཧ་ཧ་ཧ།་་   འོན་ཀྱང་གཞན་གསུམ་པོས་ཁོའི་ཁ་མཚར་ལ་བགད་མོ་མ་བགད་པར་མ་ཟད།  འཇིགས་མེད་ཀྱིས་ཐུར་མ་ས་ལ་བཞག་ནས་བཤད་རྒྱུར།

་་ངས་འདི་ཚང་གི་ཆུ་མོག་ཨེ་ཞིམ་ཙམ་ལྟ་འདོད་པས་ཡིན།་་

དེ་འདྲའི་ཅི་བཤད་གཏོལ་མེད་དུ་འགྱུར་བའི་དུས་སྐབས་ལ།  གཟིག་སྡེས་ཀྱིས་དྲི་བ་ཞིག་གི་ཁུ་སུམ་གཏོར་རྒྱུ་བྱུང་།

་་ནང་ལ་སོང་ནས་དུས་ཚོད་ག་ཙམ་རེད།་་

་་སྐར་མ་ལྔ་ཙམ་ཡིན་ས་རེད།་་  ཉི་མས་ཁ་པར་ལ་ལྟ་ཙམ་བྱས་ནས་ ་་སྐར་མ་ལྔ་རེད་འདུག་་ ཟེར།

་་ཁྲུན་ཏུའུའི་ཉེན་རྟོག་པས་ཅི་ཟེར་གི་་  

་་སྔ་བར་ཁ་པར་བཏང་ཡིན།  ཁོ་ཚོས་ཆོག་ཡིག་ད་དུང་ལོན་མི་འདུག  ལོན་མ་ཐག་ང་ལ་ཁ་པར་འོང་གི་རེད།་་

་་འོ་རེད།་་  གཟིག་སྡེས་ཀྱིས་མགོ་བོ་གཡུག་བཞིན་ཁ་འཇིགས་མེད་ལ་ཁོར།  ་་ཟ་མ་འཕྲོ་བརླག་མ་བྱེད།  མགྱོགས་པོ་ཟོས་ཤོག  ང་ཚོ་ལ་འདུག་ཁོམ་ཆེན་པོ་མེད།་་

འོན་ཀྱང་ཁོ་ཚོ་ལ་འདུག་ཁོམ་ཡོད་སོང་།     སྐར་མ་ལྔ་འགོར་སོང་རུང་ཆོག་ཡིག་ལོན་པའི་ཁ་པར་ད་དུང་བཏང་མ་བྱུང་།   སྐར་མ་བཅུའི་རྗེས་སུའང་བཏང་མ་བྱུང་།   སྐར་མ་བཅུ་གཉིས་པའི་དུས་སུའང་དེ་བཞིན་འཇམ་ཐིང་ཐིང་ཆགས།   འཇིགས་མེད་ཀྱིས་ཆུ་མོག་ཟས་ཚར་བ་མ་ཟད་ཁུ་བའང་བཏུང་ཚར།  འགྲམ་གྱི་ཞབས་ཞུ་བ་དག་གིས་ཁོ་ཚོ་ལ་མིག་གི་གཅེར་ནས་འདུག་ལ་ཁོ་ཚོ་ཕྱིར་སྤྲོད་པའི་མིག་བརྡ་ཡང་ཡང་བྱས།   གཟིག་སྡེས་ཀྱིས་ཁ་པར་ངོས་ལ་ལྟ་ཙམ་བྱས་ཏེ་བཤད་པར།

་་འགྲོ   ད་སྒུག་ཚོད་ཡོད་ས་མ་རེད།་་

མི་བཞི་བོ་ཐད་ཀར་ཚོང་ཁང་ཕྱོགས་ལ་གོམས་རྒྱུགས་བྱས་པ་དང་།       གཟིག་སྡེས་ཀྱིས་བཀོད་སྒྲིག་ལྟར་མི་གསུམ་མུན་ཁུག་ནས་སྒུག་རྒྱུ་བྱས་པ་དང་།  ཁོ་རང་གིས་སྒོ་བརྡུང་རྒྱུ་བྱས།

་་ཀྲང་ལོ་པན།   སྒོ་ཕྱེས་དང་།་་  ཁོས་རྒྱ་སྐད་ཀྱིས་་དེ་ལྟར་བོས་ནས་སྒོ་ལ་ཤུགས་ཀྱིས་རྡུང་།  

་་སུ་ཡིན།་་  ཚོང་བདག་གིས་ཁོང་ཁྲོ་ལངས་བཞིན་སྒོ་ཕྱེས་ཙ་ན་གཟིག་སྡེས་མདུན་དུ་ལངས་ཡོད་པ་མཐོང་།

་་ང་ཡིན།་་   གཟིག་སྡེས་ཀྱིས་ངོ་ལ་མཛུམ་མདངས་ཞིག་གྱོན་ཏེ་ཚོང་བདག་ལ་ལྟས།   ་་དེ་རིང་ཁ་འདི་ལ་འོང་སྐབས།   ཐེབ་སྡེར་ཅིག་བོར་སོང་།   འདི་ས་ནས།    སང་ཉིན་སྔ་མོ་ང་རང་གནམ་གྲུར་བསྡད་ནས་འགྲོ་དགོས་པས།   ད་ལྟ་མ་བཙལ་ཐུ་མེད་ཡིན། ་་

 ་་ཨ་་

 ་་ང་ཉིན་གུང་འདིར་འོང་དུས་བོར་སོང་བ་རེད།་་

་་འོན་ཀྱང་ད་ལྟ་མཚན་གུང་ལ་སྟབས་བདེ་བོ་མི་འདུག་ཡ།་་ ཚོང་བདག་སྒོ་ཁར་ལངས་ནས་གཟིག་སྡེས་ནང་ལ་མ་མངགས།

་་སྐར་མ་གཉིས་གསུམ་ཙམ་མིན་མི་དགོས།  ཐེབ་སྡེར་དེ་རྩ་ཆེན་ཞིག་ཡིན།་་

་་ང་ཚོས་ཕྱི་དྲོ་གཙང་ཕྱགས་བཟོས་པ་ཡིན།  ཐེབ་སྡེར་དེ་འདྲ་མཐོང་མ་སོང་།་་  ཚོང་བདག་སྔར་བཞིན་སྒོ་ཁ་ནས་ལངས།

་་དེ་ན་འབོར་ཁྲིའི་བར་ལ་ལྷུང་ཡོད་ན་ཐང་།་་   གཟིག་སྡེས་ཀྱིས་ཚོང་བདག་དེད་ཞོར་འཐེན་ཞོར་བྱས་ནས་ནང་ཏུ་འཛུལ།  ཚོང་བདག་གི་རྡོག་སྣ་སྲ་བརྟན་བྱེད་ཐུབ་ཚེ་ན།  གཟིག་སྡེས་འབོར་ཁྲིའི་འགྲམ་ལ་ཐོན་ཏེ་ཐེབ་སྡེར་དེ་བཙལ་བཞིན་འདུག   འོན་ཀྱང་འབོར་ཁྲིའི་སྟེང་ལ་ཡོད་པའི་བྱེའུ་འགྲམ་ལྕགས་མཐོང་རྒྱུ་མི་འདུག     ཚོང་བདག་གིས་ཅི་ཡིན་བསམ་ནས་མིག་གི་འཚོལ་ཀྱང་མ་རྙེད། 

དེ་ཡང་།   ཚོང་བདག་གིས་སྒོ་ཕྱེ་བའི་སྐབས་ལ།   བྱེའུ་འགྲམ་ལྕགས་སྒོ་ཤིང་གི་རྒྱབ་ཏུ་སྐུང་པ་རེད།  འོན་ཀྱང་ཁང་མིག་ཡོངས་ལ་སྒྲོན་མེས་མི་གསལ་བ་མེད་པར་བྱས་འདུག་པ་དང་།    འབོར་ཁྲི་ཡང་སྒོ་དང་ཁ་གཏད་ནས་ཡོད་པས།  གཟིག་སྡེས་ཁ་ཕྱིར་འཁོར་བྱས་ན་བྱེའུ་འགྲམ་ལྕགས་མཐོང་འགྲོ་བ་ཐེ་ཚོམ་མེད།    གཟིག་སྡེས་ཀྱིས་ཀྱང་མིག་ཟུར་གྱིས་བྱེའུ་འགྲམ་ལྕགས་བཙལ་བཞིན་ཡོད།  བྱེའུ་འགྲམ་ལྕགས་ཀྱིས་དེ་དྲན་པ་ན་མྱུར་རྒྱུ་གང་ཡོད་བྱས་ནས་ཕྱི་ལ་བྲོས།     གཟིག་སྡེས་ཀྱིས་ཁོ་རེ་བསྡོད་ཟེར་བཞིན་རྗེས་ནས་དེད་པ་དང་སྒོ་འགྲམ་གྱི་སྒུག་མཁན་གསུམ་པོས་ཀྱང་མཐོང་མ་ཉིད་རྒྱུགས་ཏེ་བྱེའུ་འགྲམ་ལྕགས་ཀྱི་རྗེས་སུ་བདའ།  འོན་ཀྱང་བྱེའུ་འགྲམ་ལྕགས་ཕྱིར་ལ་བྲོས་པ་དེ་གློ་བུར་བསམ་ཡུལ་ལས་འདས་པས།    ཁོ་གསུམ་པོས་སྒོ་ཁ་ནས་བཀག་ཐུབ་མ་བྱུང་།     འཇིགས་མེད་དང་ཉི་མས་མུ་མཐུན་བྱེའུ་འགྲམ་ལྕགས་ཀྱི་རམ་མདར་རྒྱུགས་དང་།         དར་རྒྱས་ཕྱིར་ཚོང་ཁང་ལ་ལོག་ནས་ཚོང་བདག་འཛིན་རོགས་ལ་སོང་།

་་བྱེའུ་འགྲམ་ལྕགས་ཁོ་རེ་བསྡོད།་་  ཉི་མ་རྗེས་ནས་དེད་ཀྱིན་ཡོད་ལ།  བྱེའུ་འགྲམ་ལྕགས་ཁོས་ཟིན་ལ་ཟིན་ལ་བྱེད་མོད་འཛིན་ཐུབ་པར་མ་འགྱུར།  ཁོའི་རྗེས་ན་འཇིགས་མེད་ཀྱང་རྒྱུགས་ནས་ཡོང་གིན་འདུག

བྱེའུ་འགྲམ་ལྕགས་ལམ་མདོ་ཞིག་ལ་ཐོན་སྐབས་གློ་བུར་གཡས་ཕྱོགས་སུ་ཀྱོག་པ་དང་།   ལམ་འདིའི་འགྲམ་གཉིས་ནི་ཨར་ཁང་གླུ་གར་ཁང་རྐྱང་རྐྱང་ཡིན་པས།  མཚན་མོའི་དུས་ད་ལྟ་འདི་ལའང་མི་མང་གི་འུར་ཟིང་ཤིན་ཏུ་ཆེ།

ཉི་མས་མགོ་བོ་སྒུར་སྟེ་ཇེ་མགྱོགས་ཅི་ཡོད་བྱས་པ་དང་།  ཁོས་ལག་པ་བཟུང་སྟེ་བྱེའུ་འགྲམ་ལྕགས་ཀྱི་ལྭ་བ་ཨེ་ཟིན་ལྟས།  འོན་ཀྱང་ཁོས་ལྭ་བ་ལ་ཐུག་ཙམ་བྱུང་དུས།   བྱེའུ་འགྲམ་ལྕགས་ཀྱིས་ཀྱང་ཤེད་ཅིག་ཕྱུང་ནས་བར་ཐག་ཕྱེས། 

་་ཁོ་རེ་བསྡོད་མིན་བོས་འཕེན་ནི་ཡིན།་་    ཉི་མས་རང་གི་སྐེད་པ་གཡས་ལ་རེག་ཙམ་བྱེད་དུས་ད་གཟོད་རང་ལ་བོས་མེད་པ་དྲན།  གོམས་པ་གསུམ་གྱི་རྗེས་ནས་ཁོས་ད་ལྟ་རང་ཉིད་གློག་བརྙན་ནང་གི་ཉེན་རྟོག་པ་ཞིག་ལ་སྒོམ་བཞིན་ཡོད་པ་ཚོར་བྱུང་།   དེ་ནས་ཡང་གོམས་གསུམ་སོང་བ་ན་ལམ་འགྲམ་གྱི་འུར་ཟིང་གིས་ཁོའི་དཔྱོད་ཤེས་སད་ནས་བོས་ཡོད་ཀྱང་མི་ཚོགས་འདི་འདྲའི་ནང་ནས་འཕེན་མི་ཆོག་པ་དྲན། 

བྱེའུ་འགྲམ་ལྕགས་གཞོན་པ་ཕོ་མོ་གཉིས་ཀྱི་ཟུར་ནས་ཧུར་གྱིས་བུད་དེ་ལམ་གྱི་ལྕགས་ར་ལས་མཆོང་བ་དང་ཆང་ཁང་ཆེན་པོ་ཞིག་གི་ཕྱོགས་སུ་གཏད།   ཉི་མས་སྔར་བཞིན་བྱེའུ་འགྲམ་ལྕགས་བདའ་ནས་ཡོད་མོད།  འཇིགས་མེད་གར་སོང་མི་འདུག    མི་ཇེ་མང་ཡིན་ལ་མང་པོས་ཧ་ལས་ནས་ཁོ་གཉིས་ལ་ལྟ་བཞིན་ཁ་པར་གྱིས་པར་ལེན་མཁན་ཡང་འདུག      ཉི་མའི་སེམས་པ་སླར་ཡང་གློག་བརྙན་གྱི་ནང་ཏུ་ལོག་ནས་རང་ཉིད་ཀྱི་རླུང་ལྟར་འཕུར་བའི་སྣང་བ་སྐྱེས།      བྱེའུ་འགྲམ་ལྕགས་སྐས་ཁ་ཞིག་ནས་ཡར་འགོས་པ་དང་དེ་ཡི་སྣེ་མོ་ནི་སྐས་ཟམ་ཆུང་ཆུང་ཞིག་ཡིན་འདུག་ལ།   ཟམ་འོག་ནི་འཕྲད་ཕྱོགས་ཀྱི་རྐང་ལམ་རེད།    ཁོ་རང་ཟམ་དཀྱུལ་ལ་སླེབས་དུས་ཉི་མ་ཟམ་སྣེ་ལ་ཐོན་འདུག་ཅིང་།     ཁོས་ཐེ་ཚོམ་གང་ཡང་མ་བྱས་པར་ཟམ་ཁ་ནས་འོག་ཏུ་མཆོང་།     ཁོ་རང་ས་ལ་འགྱེལ་ཙམ་བྱས་མོད་སྐྱོན་མི་འདུག་པས་མྱུར་བར་ཆང་ཁང་གི་ནང་ཏུ་འཛུལ་དེ་མེད་པར་འགྱུར་ཏོ། །   ཉི་མས་ལག་པ་ཟམ་ཤིང་ལ་སྐྱོར་ནས་དབུགས་རིང་འཐེན་པའི་སྐབས་སུ་ད་གཟོད་རང་གི་སྙིང་གི་འཕར་ལྡིང་གི་སྒྲ་ཤིན་ཏུ་ཆེ་བ་ཐོས་ལ།    སྒྲ་དེ་ཆང་ཁང་གི་རྡིག་ཚ་འབིག་ཚ་དང་འདྲིས་ཏེ་ཇེ་མགྱོགས་སུ་འགྲོ་བཞིན་པའང་ཚོར་ཐུབ།

གློག་བརྙན་དང་ཤིན་ཏུ་འདྲ་བ་ཞིག་ནི།  འཇིགས་མེད་ཀྱིས་ལམ་ཁ་ནས་ཆུ་མོག་བསྐྱུག་བཞིན་པའི་སྒང་དེར།  ཉེན་རྟོག་པའི་མོ་ཊ་གཉིས་ངུ་འབོད་བྱེད་བཞིན་ཆང་ཁང་ཕྱོགས་ལ་བསྐྱོད་བཞིན་འདུག

རྒྱ་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། 

༄༅།  །སྔ་དྲོར།   ཉེན་རྟོག་པས་ཀྲང་གི་ཚོང་ཁང་ལ་བརྩད་ཞིབ་བྱས་པ་དང་།  སྐུ་འདྲ་མང་པོའི་ཁྲོད་ནས་ལུག་ཆུང་དགོན་གྱི་བརྐུས་ཤོར་བའི་སྐུ་རྙིང་ལྔ་བོ་ཆ་ཚང་ཏུ་ལོན་པ་རེད།   སྐུ་རིན་ཐང་ཆེ་ཤོས་དེ་གཉིས་ཚོང་ཁང་གི་ནང་ཤག་གི་ཤེལ་སྒམ་ནང་བཤམས་འདུག་ལ།       ཤེལ་ནི་མདའ་འགོག་ལྕགས་ཤེལ་ཡིན་ལ་སྒོ་ཟྭ་ལ་གསང་གྲངས་དགོས་པས་ཉེན་རྟོག་ལག་རྩལ་པས་ཐབས་ཤེས་སྣ་ཚོགས་བཀོད་ཀྱང་དུས་ཚོད་གསུམ་དྲག་སྤྱད་ནས་ད་གཟོད་སྒོ་ཕྱེས་བྱུང་།     སྐུ་གཞན་གསུམ་པོ་སྤྱིར་བཏང་གི་མཆོད་ཁྲིའི་སྟེང་ལ་བཞག་འདུག     ཚོང་ཁང་གི་འབོར་ཁྲིའི་ཟུར་ལ་བྱེའུ་འགྲམ་ལྕགས་ཀྱི་དྲུད་སྒམ་ཡང་ལྷག་འདུག    དར་རྒྱས་ཀྱིས་དེ་འཐེག་ཙམ་བྱས་པ་དང་སྒམ་སྟོང་བ་ཡིན་པ་ཚོར་ཐུབ་ལ་ཁ་ཕྱེས་ནས་ལྟ་སྐབས།  ནང་ལ་ཤོག་བུ་འགའ་ལས་ཅི་ཡང་མེད།

འབོལ་ཁྲིའི་མཐའ་ལ་མི་ཡིས་བཀང་འདུག  ཚོང་བདག་ཀྲང་ཁོ་ཚོའི་དཀྱིལ་ཏུ་བསྡད་ཀྱང་ཀུན་གྱི་ལྟ་ཡུལ་ཏུ་གྱུར་འདུག

་་མདང་དགོང་དུས་ཚོད་གཉིས་པ་ཡས་མས་སུ་ཁྱོད་གང་ན་ཡོད།  སུ་དང་ཡོད།  བྱ་བ་ཅི་ཞིག་བྱས།་་   འདྲི་མཁན་ནི་ཁྲུན་ཏུའུའི་ཉེན་རྟོག་པ་ཞིག་རེད།   གཟིག་སྡེས་ཁོའི་འགྲམ་དུ་བསྡད་ཡོད་ལ།   ཉེན་རྟོག་པ་དང་ཚོང་བདག་གི་ཁ་བརྡ་ལ་ནན་ཏན་གྱིས་ཉན་བཞིན་ཡོད།

་་ང་རང་ཚོང་གྲོགས་ཤིག་དང་ཚོང་བྱེད་ཀི་ཡོད།་་    ཚོང་བདག་གི་ངོ་མདོག་སྐྱ་བོར་ཆགས་ཡོད་ལ་སྐད་ཆའི་གསེབ་ལ་ཐང་ཆད་པའི་ཚོར་བ་ཞིག་སྦས་འདུག    ་་ངས་ང་རང་གི་ཁྲིམས་རྩོད་པ་བོས་ན་ཆོག་གམ།་་

་་རང་གིས་ལྟོས།  ང་ཚོས་ད་ལྟ་ཁྱོད་ལ་སྐད་ཆ་ཁ་ཤས་རྒྱུས་ལོན་བྱས་ནས་ཁྱོད་ལ་འོ་བརྒྱལ་བཟོས་པ་རེད།  དོན་དག་གཞན་མེད།  གལ་ཏེ་རང་གིས་ཁ་བརྡ་འདི་འདྲ་བྱེད་ན་བདེ་མོ་མིན་པ་དང་།    ང་ཚོས་ཡིན་གཅིག་མིན་གཅིག་ཁྲིམས་ངོས་ཀྱི་བརྒྱུད་རིམ་འགྲོ་དགོས་ཟེར་ན།    ང་ཚོས་སྐད་ཆ་རྗེས་མར་བཤད་ཆོག་་        ཉེན་རྟོག་པས་ཕྲག་མགོ་བཏེགས་ཙམ་བྱས་ཏེ་དེ་ལྟར་ལབ་པ་དང་མུ་མཐུན་དུ་བཤད་པར།

་་མདང་དགོང་ཁྱོད་ཀྱི་ངོ་གཏུགས་བྱས་པའི་མི་དེ་རྐུན་མ་ཡིན་པའི་དོགས་པ་འདུག་ལ།  བོད་རིགས་ཀྱི་བློ་མཐུན་འདི་དག་ཕེབས་དགོས་དོན་ཡང་ཁོ་དང་འབྲེལ་བ་ཡོད་རེད།  ང་ཚོས་གནས་ཚུལ་རྒྱུས་ལོན་བྱེད་པ་རེད།  རང་ལ་ནག་ཉེས་ཡོད་པ་བཤད་ཀི་མེད། འོན་ཀྱང་རང་གིས་འདོད་ན་ཁྲིམས་རྩོད་པ་འབོད་པའི་ཐོབ་ཐང་ཡོད་དང་ཡོད།་་

་་ངས་ཁ་རོག་དྲིས་པ་ཡིན།  ཁྲིམས་རྩོད་པ་མེད་རུང་མི་སྐྱོན།   ཉེན་རྟོག་པ་ལ་ནམ་ཡང་ཡིད་ཆེས་བྱེད་ཀྱིན་ཡོད།་་   ཚོང་བདག་གི་སེམས་ཅུང་ལྷོད་པོར་གྱུར་ནས་འབོར་ཁྲི་ལ་འཁེན་པ་དང་།      ་་ངས་ཀྱང་ཁྲིམས་འགལ་གྱི་བྱ་བ་ཅི་ཡང་སྒྲུབ་མ་མྱོང་།     མདང་དགོང་གི་བོད་པ་དེ་འདིར་ཡོང་དོན་ནི་ཁོ་ལ་རྒྱུ་རྙིང་བཙོང་རྒྱུ་འདུག  སང་ཉིན་བུད་འགྲོ་ཡིན་པས་ཡིན་གཅིག་མིན་གཅིག་མཚན་མོར་ཚོང་བྱེད་འཇོག་དགོས་ལབ་བྱུང་།      འོན་ཀྱང་ཁོས་རྒྱུ་རྙིང་ཁྱེར་ནས་འབོར་ཁྲི་འདིའི་ཐོག་ཏུ་འདུག་ཙམ་ལ་ཁྱོད་ཚོ་སླེབས་བྱུང་།་་  ཁོས་གམ་གྱི་གཟིག་སྡེས་ལ་ལྟས་ཙམ་བྱས།  ་་ དེ་དུས་ངས་ཁོའི་རྒྱུ་རྙིང་དེ་དག་ཁྲིམས་འགལ་གྱི་ལམ་ནས་ཡོང་བ་ཨེ་ཡིན་ཤེས་མ་སོང་།   གང་ལྟར་ངེད་གཉིས་ཀྱིས་ཚོང་མ་བྱས་གོང་ཁོ་རང་བྲོས་སོང་།་་

་་ཚོང་བདག་ཀྲང་ལགས་ཀྱིས་སྐད་ཆ་འདི་ལྟར་སྨྲས་སོང་ན།   ངས་ཀྱང་སྐད་ཆ་ཐད་ཀར་བཤད་ཆོག་་    གཟིག་སྡེས་ཀྱིས་བཤད་པར།  ་་མདང་དགོང་གི་མི་དེ་ལ་དགོན་པའི་ལྷ་སྐུ་རྩ་ཆེན་བརྐུས་པའི་དོགས་པ་འདུག   ང་ཚོ་འདིར་འོང་དོན་ཡང་རྐུན་མ་ངོས་ཟིན་དང་རྐུས་རྒྱུ་སྐྱོན་མེད་དུ་ལེན་ཕྱིར་ཡིན།་་

་་ང་ལ་ལྷ་སྐུ་ཡོད་རབས་དགྲ་འདུལ་གྱིས་ལབ་མ་སོང་།་་ ཀྲང་གིས་དེ་ལྟར་བཤད།

་་དགྲ་འདུལ་མི་དེའི་ཐོབ་ཐང་དཔང་ཡིག་སྟེང་གི་མིང་རེད།  མི་ཚོས་ཁོ་ལ་བྱེའུ་འགྲམ་ལྕགས་ཞེས་འབོད་ཀྱིན་ཡོད་རེད།་་

་་ཁོའི་མིང་ངོ་མ་དེ་ང་ལ་བཤད་འདུག་ཨ།་་ ཀྲང་ལ་སྐད་ཆ་དེས་ཡ་མཚན་ཞིག་སློང་བྱུང་།

་་ཁོའི་དངོས་མིང་སྤྱོད་མི་རུང་བའི་རྒྱུ་མཚན་ཅི་འདུག་་   འདི་ནི་ཀྲང་ལ་ཉེས་པ་བཀེལ་ཉེན་ཡོད་པའི་འདྲི་བ་ཞིག་རེད།     དེའི་ནང་དོན་ནི་ཀྲང་ཁྱོད་ཀྱིས་བྱེའུ་འགྲམ་ལྕགས་ཀྱིས་ཁྲིམས་འགལ་གྱི་བྱ་བ་བྱེད་བཞིན་ཡོད་པས་དངོས་མིང་བཀོལ་མི་སྲིད་པ་བཤད་པ་ཡིན་ན།  ཁྱོད་ཀྱི་སྐད་ཆ་སྔོན་མ་དང་འགལ་ནས་ཡོད་པ་རེད་ཟེར་བའི་དོན་རེད།  

་་ཁྱོད་ཚོ་བོད་པ་ཡིན་ན།  རང་གི་ཁྱིམ་ནོར་བཙོང་ན་ངོ་ཚ་ལ་མི་བརྩིའམ།   ཁོས་ང་ལ་ཁོའི་ཁྱིམ་ནོར་བཙོང་འཆར་ཡིན།་་

་་ཨིམ།་་  གཟིག་སྡེས་ཀྱིས་ཉེན་རྟོག་པ་སྐད་ཆ་འདྲི་མཁན་དེ་ལ་ལྟས་པ་ན།  ཉེན་རྟོག་པ་དེས་སླར་ཡང་སྐད་ཆ་དྲིས་པར།

་་དགྲ་འདུལ་ཟེར་བ་འདིས་ཁྱོད་ལ་ལྷ་སྐུ་ཅི་བཙོང་དགོས་ལབ་བྱུང་། ་་

་་བཙོང་དགོས་ལབ་བྱུང་མོད་ངས་ཉོས་མེད།   མ་ཉོས་སྔོན་ནས་ཁོ་བྲོས་སོང་།  ཁྲིམས་ལྟར་ན་ངེད་གཉིས་ཀྱི་ཚོང་འགྲིག་མེད།་་

་་ཁོས་ལྷ་སྐུ་ཅི་ཁུར་འདུག་་

་་ཁོས་བཤད་པ་ཡིན་ན།  ཁོང་གི་ཨ་མེས་ལྷ་བཟོ་བ་ཞིག་ཡོད་པ་དེས་བྲིས་པའི་ཐང་གའི་སྐྱ་ཐིག་གི་ཤོག་ཐང་འགའ་ཡིན་ས་རེད།་་

་་ཨ།   ཤོག་ཐང་།   གསེར་ཟངས་ཀྱི་སྐུ་མ་རེད་དམ།་་ གཟིག་སྡེས་ཀྱིས་དྲིས་དོན།

་་ཤོག་ཐང་རེད།  འོན་ཀྱང་ངས་མཐོང་མ་སོང་།་་   

་་ཚོང་བདག་ཁྱོད་ཀྱིས་དེ་ལྟར་ལབ་ན་འགྲིག་གི་མི་འདུག་་  གཟིག་སྡེས་ཀྱིས་རྔམ་རྔམ་བྱས་ཏེ་མུ་མཐུད་དུ།  ་་ཁྱོད་ཀྱིས་རྐུས་རྒྱུ་ཅི་ཞིག་ཉོས་ཡོད་པ་ང་ཚོས་སྔ་དྲོ་ནས་བརྩད་བཅོད་བྱེད་ཚར་རེད།   ཚོང་ཁང་འདིའི་ནང་ཤག་ནང་ང་ཚོས་བརྩད་ཞིབ་མགོ་མཇུག་བྱས་ཟིན།་་

་་དེ་རེད།   འོན་ཀྱང་ངས་རྫུན་བཤད་ཀྱིན་མེད།་་

་་དེ་ན་རྐུས་རྒྱུ་དེ་དག་ཁྱོད་ཀྱི་ཚོང་ཁང་ནང་ཡོད་དོན་ཅི་རེད།་་

་་དེ་ལོས་ཡོད།  དགྲ་་་་་་  བྱེའུ་འགྲམ་ལྕགས་ཀྱི་དྲུད་སྒམ་འདི་ན་ལུས་འདུག་པས།་་

་་རྐུས་རྒྱུ་ནང་ཤག་ལ་འདུག་་

་་དཔེ་མི་སྲིད།  ངས་བྱེའུ་འགྲམ་ལྕགས་ཀྱི་སྒམ་དེ་ལ་རེག་ཙམ་ཡང་བྱས་མ་མྱོང་།་་

གཟིག་སྡེས་ཀྱིས་དར་རྒྱས་ལ་ལག་བརྡ་ཞིག་བྱས་པ་ན།   དར་རྒྱས་ཀྱིས་སྔ་དྲོར་བླངས་པའི་པར་དེ་དག་གཟིག་སྡེས་ཀྱི་ལག་ལ་སྤྲད་བྱུང་ལ།  གཟིག་སྡེས་ཀྱིས་དེ་ལས་པར་འགའ་བསལ་ཏེ་ཅོག་ཙེའི་ཐོག་ཏུ་བཀྲམ།   ཀྲང་གིས་པར་དེ་དག་ལ་ཞིབ་ལྟ་བྱས་མོད་ཧ་ཅི་ཡང་གོ་མ་སོིང་།

་་འདི་ཅི་རེད།་་  གཟིག་སྡེས་ཀྱི་མཛུབ་མོ་བཙུགས་ས་ནི་སྤྱན་རས་གཟིགས་ཀྱི་སྐུ་དེ་རེད་འདུག   ལུག་ཆུང་དགོན་གྱིས་བརྐུ་ལ་ཤོར་བའི་སྐུ་དེ། 

་་དེ་ང་རང་གིས་སྔོན་ཆད་ནས་ཉོས་ཡིན།   འདི་བརྐུས་རྒྱུ་མ་རེད།  བྱེའུ་འགྲམ་ལྕགས་དང་འབྲེལ་བ་མེད།་་

་་བྱེའུ་འགྲམ་ལྕགས་ཀྱིས་ཁྱོད་ལ་འདི་བཙོང་བ་མིན་ནམ།་་

་་མ་རེད།  འདི་སྔོན་ཆད་བླ་མ་ཞིག་གི་ལག་ནས་ཉོས་པ་ཡིན།  བླ་མ་ཁོ་རང་གི་སྒེར་རྒྱུ་རེད།་་

་་སྐད་ཆ་དྲང་མོར་བཤད་ན་རེད།   བྱེའུ་འགྲམ་ལྕགས་སྔ་ཕྱི་མ་གཏོགས་ང་ཚོས་འཛིན་རྒྱུ་རེད།་་

་་ངས་རྫུན་ལབ་པ་མིན།  འདི་དང་བཅས་པའི་ལྷ་སྐུ་ལྔ་ངས་ལོ་གསུམ་བཞིའི་སྔོན་ནས་ཉོས་པ་ཡིན།་་

ཉེན་རྟོག་པ་ཚང་མས་ཁུ་སིམ་པོར་སྐད་ཆའི་འཕྲོ་མ་ལ་སྒུག་ནས་བསྡད།

་་བོད་རིགས་བློ་མཐུན་ཁྱོད་དེ་ཉིན་ཚོང་ཁང་ལ་ཡོང་སྐབས་གྱང་ངོས་ཀྱི་པར་དེ་དྲིས་བྱུང་བ་མ་ཡིན་ནམ།་་

་་ཨིམ།་་  གཟིག་སྡེས་ཀྱིས་ལན་བཏབ།

་་དེའི་ནང་གི་བླ་མ་དེས་ང་ལ་བཙོང་བ་རེད།  ལྷ་སྐུ་དེ་དག་ཁོ་རང་སྒེར་གྱི་རེད་ཟེར།་་

རྒྱ་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན།

༄༅།   །ཉེན་རྟོག་པས་ཀྲང་གི་སྐད་ཆ་ལས་ཤེས་གསལ་བྱུང་བའི་གནས་ཚུལ་གསར་བ་ལྟར་ལྷ་སྐུའི་དོགས་གཞི་བརྩད་བཅོད་བསྐྱར་ཏུ་བྱས་པ་དང་།   འདི་ཉིན་སྔ་དྲོ།   བྱེའུ་འགྲམ་ལྕགས་ཀྱིས་ཀྱང་གཟིག་སྡེས་ལ་ཁ་པར་བཏང་ནས་རྒྱུ་མཚན་བཤད་པ་རེད།   བྱེའུ་འགྲམ་ལྕགས་ཀྱིས་བཙོང་འདོད་པ་ནི་ཁོའི་ཨ་མེས་ཀྱི་སྐྱ་ཐིག་རི་མོ་ཡིན་ལ།  ཁོ་རང་བྲོས་དོན་ནི་འདི་བཙོང་ན་ཁྲིམས་འགལ་ཡིན་མིན་མ་ཤེས་པས་ཁྲིམས་ལ་རྨོངས་བ་དང་རང་ཉིད་བསྐྲག་པས་ཡིན།  འོན་ཀྱང་མཚན་གཅིག་ལ་ཁྲུན་ཏུའུའི་སྲུང་བར་ནས་འཁྱམ་འཁྱམ་བྱས་པ་ན།  ཁོས་རང་ཉིད་འགྲོ་ས་མེད་པ་ཤེས་ནས་ཉེན་རྟོག་པ་ལ་མགོ་བཏགས་པ་རེད་ཟེར།   འོན་ཀྱང་ཉེན་རྟོག་པས་སྐྱ་ཐིག་གི་རི་མོ་དེ་བཙོང་ན་ཁྲིམས་འགལ་ལ་རྩིས་མིན་པས།  ཁོ་རང་གིས་ཤོག་བུ་ཞིག་ལ་མཛུག་ཐེལ་འགའ་བཞག་པ་ན་རང་དབང་དུ་མངགས་བྱུང་།

་་ཤོག་བུ་འདི་དག་ལ་སྒམ་ཆེ་བོ་འདི་འདྲ་ཞིག་གིས་ཅི་དགོས།་་ གཟིག་སྡེས་ཀྱི་བྱེའུ་འགྲམ་ལྕགས་ལ་དྲིས།

་་རི་མོ་ཚོང་སོང་ན།  ཕྱིར་ལ་སྒམ་གང་ཉོ་བྱེད་ཡོད་རེད།་་  བྱེའུ་འགྲམ་ལྕགས་ཀྱིས་བགོད་བཞིན་དེ་ལྟར་ལན་བཏབ།

་་ཤོག་བུ་དེ་དག་ལ་ཆེད་མཁས་པ་ཞིག་གིས་གོང་ཚད་བརྒྱབ་བྱུང་།  ཁྲི་གཉིས་ཙམ་རེད་ཟེར།་་ 

་་ཁྲི་གཉིས་གསུམ་ཡིན་ན་ངས་མི་བརྗེ།  འདི་ངའི་ཨ་མེས་ཀྱི་ཚེ་ལ་བྱུང་བ་རེད།་་   བྱེའུ་འགྲམ་ལྕགས་ཀྱིས་སྒམ་ལག་ཏུ་བླངས།

་་ཡ་ཡ།  ང་ལ་བྲེལ་དོན་མང་།  ཁྱོད་རང་བདེ་མོ་བྱོས།་་    གཟིག་སྡེས་ཀྱིས་དེ་ལྟར་ལབ་ནས་གོམས་གཅིག་ཕྱིར་འཐེན་བྱས་པ་ན།  བྱེའུ་འགྲམ་ལྕགས་ཀྱང་ཁ་ཕྱིར་ཁོར་ནས་མངགས་གཏོང་ཁང་གི་སྒོ་ཕྱིར་ལ་གཏད་དེ་སོང་།

་་ཨོ།  བྱེའུ་འགྲམ་ལྕགས།་་

བྱེའུ་འགྲམ་ལྕགས་ཀྱིས་ཁ་ཕྱིར་ཁོར་ཚེ།

་་ཁྱོད་ཚོའི་དགོན་པའི་ལྷ་སྐུ་རྐུ་ལ་ཤོར་བ་དེ་དག་ཕྱིར་ལོན་བྱུང་།  རྐུན་མ་ཡང་ཕ་ལམ་ངོས་ཟིན་སོང་།་་   གཟིག་སྡེས་ཀྱིས་དེ་ལྟར་བོས་པ་ན།  བྱེའུ་འགྲམ་ལྕགས་ཀྱི་ངོ་ལ་འཛུམ་མདངས་ཤིག་ཤར་ནས་ལན་བཏབ་པར།

་་དེ་ན་ང་དཀར་མགོའི་བུད་ནི་རེད་པས།་་

་་ཁྱོད་རང་དཀར་མགོའི་བུད་ནི་རེད།་་

ཁ་སང་ཕྱི་དྲོ།   ལུག་ཆུང་དགོན་པའི་ལྷ་གཉེར་གྱིས་གཟིག་སྡེས་ལ་ཁ་པར་སླེབས་བྱུང་སྟེ།   ལུག་ཆུང་དགོན་པའི་རྐུ་ཤོར་བའི་ལྷ་སྐུ་ལྔ་པོ་དགོན་པའི་འདུ་ཁང་གི་མཆོད་སྒམ་ནང་ན་ཡོད་འདུག་ཟེར།  འོན་ཀྱང་འདི་དུས་གཟིག་སྡེས་སོགས་ཀྱིས་བརྩད་བཅོད་བྱས་པ་ཡིན་ན།  ལྷ་སྐུ་ལྔ་བོ་ལོ་བཞི་ལྔ་སྔོན་ལ་ཝ་བླ་མས་འཁྱེར་ནས་རྒྱ་ནག་ས་ཆ་སོ་སོར་འགྲེམ་སྟོན་བྱས་པ་དང་།  དེ་དུས་ལྷ་སྐུ་ལྔ་ལ་མི་ཞིག་གིས་རྫུས་མ་བཟོས་ནས་ཕྱིར་དགོན་པར་སྤྲད་པ་དང་།  ལྷ་སྐུ་ངོ་མ་ལྔ་བོ་ཀྲང་ལ་བཙོང་པ་རེད་འདུག  

འདི་ཉིན།   ཝ་བླ་མས་མོ་ཊ་རྫིག་པོ་དེ་སྐོར་ནས་འགྲོ་བཞིན་ཡོད་སྐབས།  གཟིག་སྡེས་ཀྱིས་ཁོ་ལ་ཁ་པར་བཏང་བྱུང་སྟེ།

་་སྐད་ཆ་ཡག་པོ་ཞིག་ཡིན་རྒྱུ་རེད།་་   ཝ་བླ་མས་དེ་ལྟར་བསམ་པ་དང་འཁོར་ལོ་སྐོར་བཞིན་ཁ་པར་ཉན།

་་ཝེ།  རིན་པོ་ཆེ།  ང་གཟིག་སྡེས་ཡིན་ལགས།   ང་ཚོས་ཁྲིན་ཏུའུ་ནས་ཚོང་བདག་ཅིག་བཟུང་ཡོད་པ་དང་།  རྐུས་རྒྱུའང་དེ་ས་ནས་རྙེད་བྱུང་།   ད་ལྟ་སྐད་ཆ་འགའ་ཁྱེད་ལ་འདྲི་དགོས་པས།  ཅུང་ཙམ་འགོར་རྗེས་ཉེན་རྟོག་པ་གཉིས་ཁྱེད་ཀྱི་གམ་ལ་བཅར་རྒྱུ་ཡིན་པས།  ཁྱེད་རང་བླ་བྲང་ལ་བཞུགས་ཡོད་པས། ་་

་་ཡོད་དང་ཡོད།   ད་སྐད་ཆ་ཡག་པོ་གོ་བྱུང་།་་

་་ལགས་སོ།་་

་་བྱེའུ་འགྲམ་ལྕགས་བཟུང་ཡོད་དམ།་་   ཝ་བླ་མས་བྲིས་པར།

་་རྐུན་མ་བྱེའུ་འགྲམ་ལྕགས་རེད་མི་འདུག་ལགས།་་

་་དེ་ན།་་

་་ང་ཚོས་ད་ལྟ་རྐུན་མ་སུ་ཡིན་གསལ་ཐག་ཆོད་མེད།  འོན་ཀྱང་བརྐུ་རྒྱུ་ཉོ་མཁན་གྱི་ཚོང་བ་ཀྲང་ཡཱང་ཟིན་བྱུང་།་་

པགགགགགགགགགག    ཝ་བླ་མས་མོ་ཊ་དེ་ལམ་འགྲམ་གྱི་གློག་ཤིང་ལ་བརྡབ་པ་དང་།     ཁོས་འཁོར་ལོ་ཤེད་ཀྱིས་སྐོར་བར་བྱེད་སྐབས།     མོ་ཊ་མགོ་གཏིང་ལོག་ནས་ཆུ་ཤུལ་ནང་དུ་འགྱེལ།      མི་ཚོས་སྐོར་ནས་འ་འུར་ཟང་ཟིང་གིས་ཁེངས་སོང་ལ།ཝ་བླ་མས་ཤེད་ཤུགས་ཡོད་ཚད་ཀྱིས་འོད་ཀྱི་ཕྱོགས་ལ་བསྣུད་པ་ན་ཤེལ་སྒོ་ལས་མགོ་ཐར་ཙམ་བྱུང་།     ཁོའི་ཁ་སྣ་ལས་ཁྲག་ཆད་མེད་དུ་ཕྱུང་བཞིན་འདུག་ལ།    རིམ་གྱིས་མིག་འོད་ཤོར་བ་དང་ཚོར་མེད་གྱུར་ནས་དུབ།  

་་འདི་ལུག་ཆུང་དགོན་གྱི་ཝ་བླ་མ་རེད།   མགྱོགས་པོར་སྨན་ཁང་ལ་སྐྱེལ་དགོས་རེད།     ངའི་རླངས་འཁོར་ནང་ལ་ཚང་མས་སྐྱེལ་རོགས།་་  མི་ཚོགས་འཁོར་བའི་ནང་གི་སྐྱེས་པ་ཞིག་གིས་དེ་ལྟར་བཤད་པའི་མཚམས་ལ་སྨན་ཁང་གི་རླངས་འཁོར་ཀྱང ་་ ཏེས་པུ། ཏེས་པུ་་ ཞེས་ངུ་བཞིན་སླེབས་བྱུང་།  །

རྒྱ་ཟླ་ལྔ་བའི་ཚེས་བརྒྱད་ཉིན།

༄༅།  །ལུང་པའི་རི་རྒྱུད་གཉིས་སྣོལ་བའི་མཚམས་ནི་ལུག་ཆུང་སྡེ་བའི་གཞི་བདག་གཉན་པོ་ལུག་འཕན་ཡིན།     གཞི་བདག་འདི་ཆིབས་པ་ཁྱུང་བྱས་ཡོད་པའི་ལུག་མགོ་ཅན་གྱི་ལྷ་ཞིག་ཏུ་བཤད་སྲོལ་ཡོད་ལ་ཕར་ལྟས་ཚོད་ལ་རི་རྩེ་གཉིས་ལྡན་གྱི་རི་བོ་འདི་ལུག་མགོ་ཅན་ཞིག་ལ་ཤིན་ཏུ་འདྲ།   རི་འོག་ཏུ་རྐང་ལམ་ཕྲ་མོ་ཞིག་རྒྱུ་ཡོད་ལ།   མོ་ཐོ་གཉིས་ལམ་དཀྱུལ་དེ་ནས་ངོ་འཕྲད།   སྔོན་ཆད་ལམ་འགྲོ་རྟ་བ་ཐུག་པའི་སྲོལ་ལྟར།   ལམ་འགྲོ་ངོ་འཕྲད་ངོ་ཤེས་ཡིན་རུང་མིན་རུང་སྐད་ཆ་ཚིག་གསུམ་རེ་བཤད་དགོས་པ་ཡིན།

་་འོ་བརྒྱལ།་་  སྐྱ་ཆས་ཅན་དེས་འཕྲུལ་རྨོག་ཕུད་ནས་གཞན་པ་གྲྭ་ཆས་ཅན་དེ་ལ་མཚངས་འདྲི་ཞུས།

་་དཀའ་མ་ཐལ།   ཡ་ཡ།  ཁྱོད་ཡིན་ནས།་་  གྲྭ་བས་རང་གི་མགོ་རུས་ཕུད་པ་དང་།  ་་གང་ལ་འགྲོ་གྲལ་ཡིན་་  ཞེས་དྲིས།

་་ཡ་ཡ།  ཁྱེད་ཡིན་ནས།  སྐེ་དཀྲིས་དཀྲིས་པས་ཞལ་འཚོས་མ་བྱུང་། ་་

་་ཧ་ཧ།་་

་་ང་འབུ་ཞག་འདུག་ས་ལ་འགྲོ་ཡིན།  དེ་རིང་ངེད་རུ་སྡེ་བའི་རུ་སྤོ་མགོ་ཚུགས་ནི་རེད།་་

སྐྱ་བོས་དེ་ལྟར་ལན་བཏབ།   སྐྱ་སེར་འདི་གཉིས་ནི་སྔོན་ན་ཟས་ཁང་ནས་ཐུག་པའི་མི་དེ་གཉིས་ཡིན།  སྐབས་དེར།  ཁོ་གཉིས་ཀྱིས་བྱེའུ་འགྲམ་ལྕགས་རྐུན་མ་ཡིན་མིན་ལ་ལྟ་བ་མི་འདྲ་བ་གཉིས་ཁྱེར་ཡོད།

་་ཁྱེད་རུའི་དགོན་པའི་ལྷ་སྐུ་ཕྱིར་ལ་ལོན་ཡོད་ཟེར་གི་འདུག་ག་་   གྲྭ་བས་དྲིས་པར།

་་གཏམ་བཟང་འདི་ད་ལྟ་སྟོད་རྒྱ་དཀར་ནས་སྨད་རྒྱ་ནག་བར་ཏུ་ཁྱབ་ཡོད་རྒྱུ་རེད།་་

་་ཁྱེད་རུའི་ཝ་བླ་མ་ད་ལྟ་ཅི་རེད་ཀི་འདུག་་

་་ཝ་བླ་མ་ཁྲུན་ཏུའུའི་སྨན་ཁང་ནང་ན་ཡོད་ས་རེད།  ཉེན་རྟོག་པས་སྲུང་འདུག་ཟེར།་་

་་བྱེའུ་འགྲམ་ལྕགས།་་

་་ཁོ་ཕྱིར་ལ་ཐོན་འདུག   དཀར་མགོའི་བུད་འདུག་་

་་དེ་ཡག་ཟིག་་  གྲྭ་བ་ཅུང་མགུ་བའི་ངང་ནས་བཤད་པར།  ་་ངས་དེ་དུས་བྱེའུ་འགྲམ་ལྕགས་རྐུན་མ་ཡིད་ས་མ་རེད་ཟེར་མྱོང་ལེ།་་

་་གསུང་མྱོང་གསུང་མྱོང་།   ཁྲི་ཐོག་བླ་མ་རྐུན་མ་ཡིན་ནོ་སུས་བསམ་ཕོད།   བཙོན་དུ་བཟུང་བའི་བྱེའུ་འགྲམ་ལྕགས་རྐུན་མའི་ཚང་ལ་ལྷུང་འགྲོ་བ་སུས་དྲན་ཐུབ།   རྒྱུ་འབྲས་ཟེར་བ་མཚར་པོ་རེད་ཡ།་་     རྒན་པོས་མགོ་བོ་གཡུག་བཞིན་འདི་དག་ཚང་མ་རྨི་ལམ་ཡིན་སྣང་ལྟ་བུ་འཆར།

་་བྱེའུ་འགྲམ་ལྕགས་ལྷུང་ནི་མིན་པ་སོང་ནི་ཡིན་ནའང་ཐང་།་་  གྲྭ་བས་དེ་ལྟར་བཤད་རྗེས་སྐེ་དཀྲིས་མགོ་ལ་བཏུམ།

རྒན་པོ་ཡང་སད་པ་བཞིན། 

་་ཧ།   དེ་འདྲ་ཡིན་ན་ཐང་།་་

་་ཡ།  ད་དེ་རིང་སྐད་བཟང་གོ་ཐལ།  བདེ་མོ་བྱོས།་་

་་བདེ་མོ་བྱོས།་་

ཁོ་གཉིས་སླར་ཡང་ལམ་ལ་བཞུད་པ་དང་།   མོ་ཐོ་གཉིས་པོ་ལམ་གཅིག་གི་སྣ་གཉིས་ལ་སོ་སོར་རྒྱུ་བཞིན།    ཡུལ་ལྗོངས་ཀྱི་མཛེས་སྡུག་ཇེ་ཆེར་ནས་ཇེ་ཆེར་བསྐྱེད།     ལུང་བའི་མཐའ་ལ་སྨུག་པ་སྲབ་མོ་ཞིག་གི་གཡོགས་འདུག་ལ།   གཉན་པོ་ལུག་འཕན་གྱི་རྩེ་མོ་ལ་རྒོད་ཀྱི་གཤོག་པ་བསྒྱུར་བ་ལྟ་བུའི་སྤྲིན་ཕུང་ཞིག་དལ་བར་བསྐྱོད་ཀྱིན་འདུག་པ་ནི་ཁོང་གི་ཆིབས་བྱ་ཡིན་ནམ།  གང་ལྟར། འདི་ནི་གསོན་ཤུགས་ཀྱིས་བསྟས་པའི་སོས་ཀའི་ཞོགས་པ་ཞིག་རེད། 

རྒྱ་ཟླ་བཞི་བའི་ཚེས་དྲུག་ཉིན།

༄༅།  །བྱེའུ་འགྲམ་ལྕགས་ཀྱིས་མོ་ཞུས་རྗེས་ཕྱིར་ལ་ལོག་གྲབས་བྱས།    ཉི་མ་རི་ཁ་ནས་ནུབ་པའི་མཚམས་ལ།    སྤྲིན་པ་སྔོ་ནག་དེ་དག་གི་མཐའ་ལ་གསེར་གྱི་ཁ་རྒྱན་སྤྲས་འདུག   བྱེའུ་འགྲམ་ལྕགས་ཀྱིས་སེམས་ལ་དགའ་སྤྲོ་ཁོར་ཡོད།  མཁན་པོ་སྟག་གྲུབ་ཀྱིས་ཁོ་ལ་ལམ་སྟོན་གསལ་བོ་བྱས་སོང་ཏེ།  སྤྲིན་ལ་ཉི་འོད་འཕྲོས་པ་ཇི་བཞིན།    ད་ལྟ་ཁོས་ཨ་མེས་ཀྱི་སྐྱ་བྲིས་དེ་དག་བཙོང་རྒྱུའི་སེམས་ཐག་ཆོད་སོང་ལ།  མོ་ཊ་དཀྲུ་ས་ཞིག་ཕྱེས་ནས་ཚོང་བྱེད་པའི་འཆར་གཞི་དེའང་ལམ་ལ་འགྲོ་བའི་རྟེན་འབྲེལ་ཐོག་མ་འགྲིག་སོང་།

མཁན་པོ་སྟག་གྲུབ་སྒོ་ཁར་བཞེངས་འདུག  ཁོས་བྱེའུ་འགྲམ་ལྕགས་ལ་སྐྱེལ་མ་བྱེད་བསམ་མོད།   ཁོ་པའི་མོ་ཐོ་དེ་རྦད་ནས་འབར་མ་བྱུང་།

་་དགྲ་འདུལ།  ཅི་རེད།  མོ་ཐོ་མི་འབར་ནི་ཨེ་རེད།་་  མཁན་པོས་དེ་ལྟར་དྲིས།   འོན་ཀྱང་ཁོང་གི་དྲི་བཞིན་པ་ནི་དོན་དག་གཞན་ཞིག་ཡིན་པ་འདྲ།   ཁོ་རང་གིས་ཐག་ཆོད་མ་ཐུབ་པའི་དོན་དག་ཅིག་ཡིན་པ་འདྲ།

་་མོ་ཆག་འདི་འདི་འདྲ་ཡིན་རེད་ཀོ་་  བྱེའུ་འགྲམ་ལྕགས་མོ་ཐོ་ལས་བབ་སྟེ་ཕུར་རིང་ཕུད་པ་དང་།   མོ་ཐོའི་གམ་ནས་མཛེར་མགོ་འགའ་ལ་ལག་པས་གཅུས་རྒྱབ།   མཁན་པོ་སྒོ་འཐེམ་ནས་བབ་ཏེ་ལྟས་པ་དང་།  སྐར་མ་གཅིག་ཙམ་འགོར་རྗེས་བྱེའུ་འགྲམ་ལྕགས་ཕྱིར་མོ་ཐོ་ལ་བཞོན་ཏེ་ཤེད་ཀྱིས་འགུལ་རྭ་ལ་རྡོག་དེད་བྱས།  འོན་ཀྱང་འཕྲུལ་ཆག་དེ་ལ་གྲགས་འགུལ་ཅི་ཡང་མ་བྱུང་།  དུས་འདི་མཚམས་ལ་མུན་ཡོངས་སུ་རུབ་སོང་།

་་ད་དོ་ནུབ་ཁྱོད་འགྲོ་རྒྱུ་རེད་མ་བྱུང་།   ངས་ཁྱོད་ལ་ཉལ་ས་བཅའ།  འདི་ན་བསྡོད་བཞོག་་       མཁན་པོས་དེ་ལྟར་གསུང་བ་དང་བྱེའུ་འགྲམ་ལྕགས་ལའང་ཐབས་གཞན་མེད།

་་དགོན་ནང་ནས་ཞག་འདུག་བྱས་ན་ཉེས་པ་ཕོག་ཨེ་འགྲོའམ།་་

་་སྐྱོན་ནི་མ་རེད།   ངས་བསམ་ན་དེ་རིང་ཆོས་སྐྱོང་གིས་ཁྱོད་མངགས་ཀི་མི་འདུག་་  མཁན་པོའི་ཞལ་ལ་གསལ་ཁ་ཞིག་དོད།

ཁོང་གཉིས་ཀྱིས་ཉལ་ས་བཅའ་ཚར་རྗེས།  དགོན་པའི་ཚོགས་འགྱེད་བྱས་པའི་ཐིག་པ་དེ་ནུབ་ཟས་ལ་ཟོས་པ་རེད།

་་འདི་སྤྱིར་ན་དཀོར་ཟས་རེད་མོད།    དེ་རིང་ཁྱོད་ཆོས་སྐྱོང་སྲུང་མའི་མགྲོན་པོ་ཡིན་པས།    འདི་ཁྱོས་སེམས་བདེ་བདེ་བྱས་ནས་ཟོས་དང་སྡིག་པ་མེད།  ཧ་ཧ།་་

་་ཡ་ཡ་ཡ།  ཆོས་སྐྱོང་སྲུང་མས་མགྲོན་ལ་བོས་ན་ལོས་ཟ་དང་ལོས་ཟ།་་  བྱེའུ་འགྲམ་ལྕགས་ཀྱིས་མཁན་པོའི་སྐད་ཆ་དེ་ཁ་མཚར་ལ་གོ་ཡོད་པ་རེད།   འོན་ཀྱང་མཁན་པོའི་སྐད་ཆ་ལ་དོན་དེ་བས་གཟབ་པ་ཞིག་ཡོད། 

བར་ལམ་ཞིག་ནས་མཁན་པོ་སྟག་གྲུབ་ཀྱིས་གཟབ་ནན་ངང་བྱེའུ་འགྲམ་ལྕགས་ལ་སྐད་ཆ་འདི་ལྟར་དྲིས་བྱུང་སྟེ།

་་ དགྲ་འདུལ།་་

་་ཨ་ལགས།་་

་་ཁྱོས་ང་ལ་བློ་བཅོལ་ཕོད་དམ།་་

་་མཁན་པོ་ཁྱེད་ཀྱིས་སྐད་ཆ་དེ་གང་ནས་གསུང་འོས་པ་རེད།    ཁྱེད་མིན་པའི་སྐྱབས་ས་ང་ལ་མེད།་་

མཁན་པོས་ཅུང་ཙམ་ལ་བསམ་བློ་བྱས་པ་དང་།  དེ་ནས།

་་ངས་ཁྱོད་ལ་དོན་ཆེན་ཞིག་བཅོལ་རྒྱུ་ཡོད།  དེ་གྲུབ་སོང་ན་འུག་གཉིས་ལ་ཚེ་ཕྱི་མའི་བྲོ་ཁ་ཞིག་ཡོད།  དེ་མ་འགྲུབ་ན་འུག་གཉིས་བཙོན་ལ་འགྲོ་དགོས་ཐུག་རྒྱུ་རེད།་་   བྱེའུ་འགྲམ་ལྕགས་ཀྱིས་དོན་དག་དེ་ཅི་ཡིན་དྲན་མི་ཐུབ་མོད།   ཁོས་མཁན་པོ་ལ་ཡིད་ཆེས་ལྡོག་མེད་ཡོད་པས།   དེ་དོན་དག་འགྲིག་པ་ཞིག་ཡིན་པའི་འདང་ཚོད་ཡོད།

་་མཁན་པོ་ཁྱོད་ཀྱིས་བཀའ་ཅི་ཡོད་བགོས་དང་རེད།  ངའི་སྲོག་མགོ་བོས་ཁ་ལ་གཏད་ན་མི་ཤེས་མོད།  དེ་མིན་ཁྱོད་ཀྱིས་ཅི་གསུང་སྒྲུབ་ངེས་ཡིན།་་

་་ཡ་ཡ།  དེ་ན་ངས་ཁྱོད་ལ་བཤད།་་  ཁོང་གཉིས་ཀྱི་མགོ་བོ་ཕྱོགས་གཅིག་དུ་སྡུད་ཙམ་བྱས།

་་སྔོན་ཆད་དུས་འགྱུར་སྐབས་རྐུན་བཅོམ་གཏོར་གསུམ་ཤོར་མ་མྱོང་བའི་བལ་སྐུ་ལོཀེཤྭརའི་སྐུ་དང་།      སྡེ་དགེའི་རྒྱལ་བོས་ཕུལ་བའི་སྒྲོན་སྐུ་སོགས་རྐུན་ལ་ཤོར་སོང་ཟིག   ད་དུང་དེ་མིན་གྱི་སྐུ་གསུམ་ཡང་རྐུས་སོང་ཟིག    འུག་གཉིས་ཀྱིས་དེ་ཕྱིར་ལ་ཨེ་ལོན་ལྟ་དགོས།་་

་་ཨ།   ནམ་ཞིག་ལ།  སུས་རྐུས་རེད།་་  བྱེའུ་འགྲམ་ལྕགས་ཀྱིས་སྐུ་དེ་དག་མཇལ་མ་ཐག་ཡིན། 

་་དེ་སྐད་ཆ་རིང་པོ་རེད།  རྗེས་མ་ཁྱོད་ཀྱིས་ཤེས་རྒྱུ་རེད།   ད་ལྟ་དགོན་ནང་ལ་ཡོད་པ་དེ་དག་རྫུན་མ་རེད།    རྐུན་མས་འདྲ་བཟོ་བྱས་པ་རེད།་་

་་ཨ།་་

་་དོ་ནུབ་འུག་གཉིས་ཀྱིས་སྐུ་དེ་དག་ས་ཆ་གཞན་ཞིག་ལ་ཞབས་ཞུ་བྱེད་འཇོག་དགོས།  དེ་ནས་ཉེན་རྟོག་པ་སླེབས་ན་ལྷ་སྐུ་་དག་མ་དེ་དག་བརྩད་ཆོད་ཡོང་རྒྱུ་རེད།་་

་་ཁྱེད་ཀྱིས་ཅི་གསུང་ན་དེ་ཡིན།་་   དོན་དག་འདི་འདྲ་ཆེ་བོ་ཞིག་ལ་བྱེའུ་འགྲམ་ལྕགས་ཀྱིས་འདང་བརྒྱག་ག་ལ་ཤེས། 

ཁོང་གཉིས་ཀྱིས་བགྲོ་གླེང་ཡུན་རིང་ལ་བྱས་མཐར།       བྱེའུ་འགྲམ་ལྕགས་སོང་ནས་འགྲེམ་སྟོན་ཁང་གི་སྐུ་རྫུས་མ་དག་རྐུས་ནས་འཁྱེར་ཡོང་ཏེ་མཁན་པོ་སྟག་གྲུབ་ལ་སྤྲད།    མཁན་པོས་དེ་དག་དགོན་པའི་འདུ་ཁང་གི་མཆོད་སྒམ་ཞིག་གི་ནང་དུ་སྦས།  དེ་ལྟར་གྲུབ་རྗེས་མཚན་མོའི་དུས་ཚོད་གཉིས་པ་རེད་འདུག་ལ།     ཁོང་གཉིས་ཕྱིར་གྲྭ་ཤག་ལ་སླེབས་པ་དང་།     དུས་དེར་ཁ་བ་ཡང་མོ་ཞིག་ཟླ་འོད་ཀྱིས་ཕབ་པ་བཞིན་ས་ལ་བབ། 

་་ད་ཅི་བྱེད་དགོས་རེད།་་ བྱེའུ་འགྲམ་ལྕགས་ཀྱིས་དེ་ལྟར་དྲིས།

་་དེ་ནས་སང་ཉིན་གནངས་ཉིན་ཞིག་ལ་ཉེན་རྟོག་པས་ཁྱོད་ལ་སྐད་ཆ་འདྲི་རྒྱུ་རེད།     སྡུག་ན་ཁྱོད་བཀག་ཉར་བྱེད་ནའང་ཐང་།  མི་ཁས་ཁྱོད་ལ་སྡང་ནི་རེད།   འོན་ཀྱང་ཁྱོད་ཀྱིས་བསམ་དགོས་པ་ནི་ཁྱོད་ཀྱིས་ལྷ་སྐུ་རྐུས་མེད་པ་དེ་རེད།  འུག་གཉིས་ཀྱིས་ལྷ་སྐུའི་བཞུགས་ས་བརྗེས་པ་ཙམ་རེད།  ་་

་་ཨིམ།་་

་་ཉེན་རྟོག་པའི་བཀག་འདྲི་ལས་ཐར་ན།  ཁྱོད་ཀྱིས་འཆར་གཞི་ལྟར་ཁྲུན་ཏུའུ་ལ་ཚོང་བྱེད་དུ་སོང་།  ཁྱོས་མི་འདི་ལ་འབྲེལ་བ་བྱས་ཏེ་ཚོང་བྱེད་དགོས་རབས་ཤོད།་་  མཁན་པོ་སྟག་གྲུབ་ཀྱིས་བྱེའུ་འགྲམ་ལྕགས་ལ་པར་ཞིག་བསྟན་པ་དང་། པར་དེའི་ཐོག་ལ་མཁན་སྟག་གྲུབ་དང་ཝ་བླ་མ།  ད་དུང་མི་གཞན་ཞིག་འདུག   

་་འདིའི་མིང་ལ་ཀྲང་ཡཱང་ཟེར་རེད།  ཁྲུན་ཏུའུའི་ཚོང་བ་ཞིག་རེད།་་

་་ཡ་ཡ།  ཤེས་སོང་། ་་

ཁྱོད་ཁྲུན་ཏུའུ་ལ་འགྲོ་དུས།   ཉེན་རྟོག་པ་ཁྱོད་ཀྱི་རྗེས་ནས་ལྐོག་ལྟར་ཐོན་ཡོང་རེད།    ཁྱོད་ཀྱིས་ལྷ་སྐུ་མང་པོ་ཁྱེར་ཡོད་མདོག་ཟ་ཟུར་ཙམ་སྟོན་ནས་ཁོ་ཚོ་ཚོང་བ་འདིའི་རུ་ཐོག་ལ་ཁྲིད་ན་ལྷ་སྐུ་དག་མ་དེ་ལ་ཡོད་ཐག་ཆོད།་་

་་ཨིམ།་་

་་འུག་གཉིས་ཀྱིས་གསང་བརྡ་ཞིག་སྒྲིག་འཇོག   དེ་ནས་ཁ་པར་རྒྱབ་ནས་འབྲེལ་བ་བྱེད།་་

་་རེད་ལགས།་་

་་དེ་ནས་ཉིན་གཅིག་ཞིག་ལ་ཁྱོད་ཀྱིས་ཀྲང་ཡཱང་བཙལ་ནས་སྐྱ་ཐིག་གི་རི་མོ་དེ་དག་བཙོང་དགོས་ཤོད།   ཡིན་གཅིག་མིན་གཅིག་ཉེན་རྟོག་པའི་དོགས་པ་སློང་ཐུབ་དགོས།   དེ་འདྲ་བྱས་ན་ཁོ་ཚོས་ཁྱོད་དང་ཀྲང་ཡཱང་གཉིས་འཛིན་ཐབས་བྱེད་པ་རེད་ལ།   ཀྲང་ཡཱང་གི་ཚོང་ཁང་ནང་ཉེན་རྟོག་པས་བཤེར་ཞིབ་བྱས་ན་ལྷ་སྐུ་འཕུར་འགྲོ་ས་མེད། ་་

མཁན་པོ་སྟག་གྲུབ་ཀྱིས་ཐབས་ཤེས་དང་བརྒྱུད་རིམ་སོགས་རེ་རེ་བཞིན་ཞིབ་མོར་བཤད་ལ།  བྱེའུ་འགྲམ་ལྕགས་ཀྱིས་དེ་དག་ནན་ཏན་གྱིས་སེམས་ལ་བཟུང་།  ཁ་པར་འབྲེལ་སྐབས་ཀྱི་གསང་བརྡ་ཡང་བསྒྲིགས།

་་ གལ་ཏེ་འུག་གཉིས་ཀྱི་བསམ་ཐོག་ནས་མ་སོང་ན།  ཁྱོད་ཀྱིས་ང་བཙོང་ཞིག    ང་རང་བན་རྒན་མྱི་རྐྱང་ལ་ཕྱིར་བལྟས་བྱེད་ས་ཅི་ཡང་མེད།   འོན་ཀྱང་ཁྱོད་ལ་བཟའ་འཁོར་བ་ཡོད་རེད།  བཙོན་ལ་འགྲོ་མི་བབ།་་  ཁོང་གིས་དེ་ལྟར་གསུང་བཞིན་ཐལ་མོ་སྦྱར་ནས་གསོལ་བ་བཏབ།

་་དོན་འདི་གྲུབ་རྒྱུ་རེད།   ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་གདོང་གྲོགས་ཡོད་ན།   འུག་གཉིས་གནས་ཚུལ་དེ་འདྲ་ལ་ལྷུང་གི་མ་རེད།  མཁན་ཁྱེད་ཀྱིས་ང་ལ་སྐྱབས་འགྲོ་མ་བརྗེད་ལགས།་་

མཁན་པོ་སྟག་གྲུབ་ཀྱིས་ཕྱག་གཡས་བྱེའུ་འགྲམ་ལྕགས་ཀྱི་མགོ་ལ་བཞག་ཏེ་གསོལ་བ་མང་པོ་བྱས་སོང་ལ།    གསོལ་བ་བཏབ་རྗེས་ཁོང་གིས་བྱེའུ་འགྲམ་ལྕགས་ལ་བཤད་དོན།

་་གསོལ་བ་འདི་དག་ང་ལ་ནུས་མཐུ་ཡོད་པས་ཁྱོད་སྐྱོབ་ཐུབ་པ་བཤད་ཀྱིན་མེད།  འོན་ཀྱང་འདི་སྙིང་ཁུང་རུས་པའི་སྟེང་གི་གསོལ་བ་ལྷད་མེད་ཡིན་པས།  ཁྱོད་ལ་མགོན་སྐྱོབ་བྱེད་པའི་ལྷ་ཞིག་ཁོར་ངེས་རེད།་་

་་ལགས་སོ།་་

དེ་ནུབ།  བྱེའུ་འགྲམ་ལྕགས་ལ་གཉིད་མ་འཁོར།  མཁན་པོ་སྟག་གྲུབ་ཀྱང་གཟིམ་མ་ཐུབ།  ཁོང་གཉིས་ཀྱིས་མིག་གཅེར་ནས་འདང་འཇག་སྣ་ཚོགས་བྱས་ནས་ཉིན་མོ་ཤར་བར་སྒུག    མཆོད་ཁྲིའི་སྟེང་གི་མར་མེ་ནི་གད་རྒྱངས་དང་འགྲོགས་ནས་གར་ལ་རོལ་བའི་ཆོས་སྐྱོང་ལྟར།  མཚན་གང་བོར་ལྡམ་ལྡེམ་མ་ཆད།  །    

                                                                        བྱེའུ་འགྲམ་ལྕགས་ཀྱི་གཏམ་གབ་རྩེད་ཅེས་པ་རྫོགས་སོ། །    ། །


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།