ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《རླུང་འཚུབ》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2018-01-03

ང་རང་དང་པོ་སློབ་གྲྭར་འགྲོ་དུས། ལམ་བར་དུ་ངེད་ཚང་གི་ཉེ་བ་བེ་ཐང་ཚང་གི་རྨོ་རྨོ་དང་འཕྲད། རྨོ་རྨོས“སྙིང་རྗེ། ཁོ་རང་སློབ་གྲྭར་བཏང་ནས་ཅི་བྱེད”ཟེར། རྨོ་རྨོས་ང་ལས་ལོ་ཆུང་བའི་རང་གི་བུ་ཆུང་བ་དཔག་མེད་གྲྭ་བ་བྱས་པས་ཉིན་དེར་དགོན་པ་རུ་བསྐྱལ་དུ་ཡོང་བ་ཡིན་འདུག ང་རང་སློབ་གྲྭར་སྐྱེལ་མཁན་གྱི་ངའི་ཞང་པོས“ཡིག་འབྲུ་རེ་ཙམ་ཨེ་ཤེས་ན་བསམས”ཞེས་ལན་བཏབ་པ་ན། རྨོ་རྨོ་དགོད་ཀྱིན་དགོད་ཀྱིན་དགོན་པའི་ཕྱོགས་སུ་ཕྱིན་སོང་། ང་དང་ཞང་པོ་སློབ་གྲྭའི་ཕྱོགས་སུ་སོང་།

སྐབས་དེར་ང་རང་ཕོ་ལོ་བཅུ་ལྔ་ལ་སོན་ཡོད་ཀྱང་། ཡུལ་མི་རྣམས་ཀྱིས་ང་རང་ཕྲུ་གུ་ཆུང་ཆུང་ཞིག་ལ་རྩི་བཞིན་འདུག སྐབས་དེར་ཡུལ་མི་ཚོས་ང་རང་ཕྲུ་གུ་ཞིག་ཏུ་རྩིས་དོན་མི་ཤེས་ནའང་ད་ལྟ་ངས་ཤེས་སོང་། ད་ལྟ་ཡུལ་མི་ཚོས་ང་རང་ནི་ཀླད་པར་སྐྱོན་ཡོད་པའི་ཀླ་ཀློར་ངོས་འཛིན་བྱེད། མི་རྣམས་ཀྱིས་ང་འདྲ་བའི་མི་རྣམས་ལོ་བརྒྱ་ལ་ཟིན་ཡང་ནར་སོན་རྒྱུ་ཡོད་མ་རེད་ཟེར།

ང་རང་ནི་ནམ་ཡང་འགྱུར་བ་མེད་ཀྱང་དུས་ཚོད་ཟེར་བའི་མཐོང་རྒྱུ་རིག་རྒྱུ་མེད་པ་དེ་ནི་འགྱུར་གྱིན་འདུག ད་ནི་མི་རྣམས་ཀྱིས་གཅིག་གཅིག་བྱེད་མི་ཆོག གཉིས་གཉིས་བྱེད་མི་ཆོག་ཟེར། དེ་རིང་ཞོགས་པར་སློབ་གྲྭའི་རྒྱལ་སྒོ་ལ ‘ང་ཁྱོད་ལ་དགའ’ཞེས་པའི་ཡི་གེ་ཆེན་པོ་བཞི་བྲིས་ཡོད་པར་དགེ་སློབ་ཀུན་གྱིས་དོ་སྣང་དེ་ཙམ་མ་བྱས་མོད། ཤང་གི་ལས་བྱེད་པ་ཁ་ཤས་ཡོང་ནས་ཡི་གེ་དེ་དག་ལ་པར་བརྒྱབ་སོང་ལ་སློབ་གཙོའི་གཞུང་ལས་ཁང་དུ་འཛུལ་སོང་།  དོན་དག་ཅི་ཞིག་བྱུང་ཡང་དལ་བྲེལ་མེད་པའི་གཤིས་ཀ་འཇམ་པོ་ཅན་གྱི་སློབ་གཙོ་དེ་རིང་བྲེལ་བྲེལ་འཚུབ་འཚུབ་ཅིག་ཏུ་འགྱུར་ཡོད་པ་ལ་བལྟས་ན་དོན་དག་ཆེན་པོ་ཞིག་བྱུང་ཡོད་ཐག་གཅོད་རེད།

དོན་དག་ཆེན་པོ་ཅི་ཞིག་བྱུང་ཡང་ང་དང་འབྲེལ་བ་ཅི་ཞིག་ཡོད་དམ་སྙམ་གྱིན་གྱང་ཟུར་དུ་བྱེ་མས་རྩེད་མོ་རྩེས་ནས་བསྡད། ཡིན་ཡང་གློ་བུར་བའི་འཚུབ་མ་ཞིག་གིས་རྡུལ་རྣམས་ངའི་ཁ་ནང་བརྫངས་ཡོང་བས་སོ་བར་ནས་སི་སི་ཞེས་སྒྲ་གྲགས་ནས་ལུས་ཡོངས་མི་བདེ་བར་འདྲ་ཞིག་བྱུང་བས་ང་རང་བྱེ་མ་དང་ཁ་བྲལ་ཏེ་སློབ་ཁང་གི་ཕྱོགས་སུ་ཕྱིན། སློབ་ཁང་གི་སྒོ་ནང་འཛུལ་བའི་སྐབས་དེར་སློབ་གཙོས་སྐད་ཆེན་པོས“བང་སྒྲིག་ཤོག”ཅེས་བོས། ངས་ང་རང་འབོད་པ་ཡིན་ནམ་སྙམ་སྐབས། སློབ་མ་ཀུན་འུར་ཟེང་ངེར་བྱས་ནས་བྱེ་བའི་ཁེངས་པའི་གླིང་རའི་ནང་དུ་བརྒྱུགས། ང་ཡང་ཁོ་ཚོ་དང་མཉམ་དུ་བརྒྱུགས་སོང་བ་ཡིན། ང་ཚོ་བྱེ་མའི་ཁྲོད་དུ་བང་རིམ་བསྒྲིགས་རྗེས་མར་ཙོག་ཏེ་སློབ་གཙོ་དང་ལས་བྱེད་པའི་ཁ་ནས་གཅིག་གཅིག་བྱེད་མི་ཆོག གཉིས་གཉིས་བྱེད་མི་ཆོག་ཅེས་བཤད་པར་ཡུན་རིང་བསྒུགས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་བཤད་རོགས་མ་བྱས། ལས་བྱེད་པ་ད་སོར་མ་གཉིད་ལས་སད་པ་དང་འདྲ་བ་དེས་དུ་རྐང་གཅིག་འཐེན་རྗེས་གཞན་ཞིག་ལ་མེ་སྒྲོན། ཁོས་བསྟུད་མར་དུ་རྐང་བཅུ་གཅིག་འཐེན་སོང་། ངས་རེ་རེ་བཞིན་བརྩིས་པ་ཡིན། 

   མོ་ཊ་ཁྲ་ཁྲ་ཞིག་སྒོ་འགྲམ་དུ་བཞག་རྗེས། དེའི་ནང་ནས་ཉེན་རྟོག་པ་མང་པོ་ཐོན་བྱུང་ལ་ཁོ་ཚོས་སྒོ་བྱང་ངོས་ཀྱི་ཡི་གེ་ལ་པར་ཡང་ཡང་བརྒྱབ་རྗེས་ང་ཚོའི་ཕྱོགས་སུ་བསླེབས། ཉེན་རྟོག་པ་མ་ཐོན་པའི་སྔོན་གྱི་བར་གསེང་དུ་ངས་ང་རང་སློབ་གྲྭར་དང་པོ་ཡོང་དུས་ཀྱི་རྣམ་པ་ལ་རྗེས་དྲན་ཞིག་བྱས། ཞང་པོས་ཡིག་རྡོག་ཁ་ཤས་ཤིག་ཤེས་པའི་ཆེད་དུ་ང་རང་སློབ་གྲྭ་རུ་སྐྱེལ་བ་ཡིན་ཟེར། ཡིན་ཡང་ང་རང་སློབ་གྲྭ་འདིའི་ནང་དུ་ལོ་གཉིས་ཙམ་བསྡད། དེའི་རིམ་ཡིག་རྡོག་གཅིག་ལའང་ངོ་མི་ཤེས་ཀྱང་དགེ་རྒན་གྱི་དབྱུག་པ་དང་ངོ་ཤེས་སུ་གྱུར། ཉིན་རེར་ལ་དབྱུག་པ་དེ་ངའི་ལུས་ལ་ཐེངས་མང་ལྷན་ཡོང་། ད་ནི་དབྱུག་པ་དེ་ངའི་ལུས་ཀྱི་ཆ་ཤས་ཤིག་ཡིན་པ་བཞིན་ན་ཟུག་དེ་ཙམ་སྐྱེས་ཀྱི་མེད། ད་ལྟ་ངས་ཡི་གེ་ཚིག་གཅིག་ཀྱང་འདོན་མི་ཤེས་ནའང་། དགེ་རྒན་གྱིས་ནག་པང་དུ་ཡི་གེ་ཅི་ཞིག་བྲིས་ན་དེ་བཞིན་ཤོག་ཐོག་ཏུ་ཕབ་ཤེས་ཀྱི་ཡོད་པས་དབྱུག་པ་དེ་ང་དང་གོམ་པ་ཁ་ཤས་ཀྱི་བར་ཐག་ཏུ་བྲལ། 

   ཉེན་རྟོག་པ་དང་སློབ་གཙོ། ལས་བྱེད་པ་རྣམས་ཁ་བརྡ་བྱེད་པའི་སྒང་དེ། བྱིས་པ་པྲ་ཆལ་ཞིག་ཁོ་ཚོའི་བར་དུ་འཛུལ་ཏེ།“དགེ་རྒན། ང་རང་གཅིན་པ་གཏོང་བར་འགྲོ་དགོས”ཟེར་སོང་། སློབ་གཙོས་ཁ་མ་གྲག་གོང་དུ་ཉེན་རྟོག་པ་ཞིག་གིས་ལག་ནང་དུ་ཡོད་པའི་འགྱིག་གི་དབྱུག་པ་ནག་པོ་དེ་སློབ་ཕྲུག་དེའི་བརླ་ཐོག་ཏུ་ཤུགས་ཀྱིས་ཐེངས་གཅིག་གཞུས་པར་ང་ཚོ་ཙོག་ཡོད་མཁན་རྣམས་ཀྱང་ཚ་འཕག་ཐེངས་གཅིག་བྱས། ང་ཚོའི་དགེ་རྒན་གྱིས་སྣང་ཚུལ་འདི་འདྲ་བ་ལ“ར་བཤའ་དུས་ལུག་འདར”ཟེར། ཡིན་ཡང་དེ་རིང་དགེ་རྒན་དེས་ཅི་ཡང་ཟེར་ཕོད་མ་སོང་། གཅིན་གཏོང་བར་འགྲོ་དགོས་ཟེར་མཁན་དེ་ད་ནི་གཅིན་ཁང་དུ་འགྲོ་མི་དགོས་པར་སྣམ་བུ་ནས་བྱེ་མའི་ཐོག་ཏུ་གཅིན་གྱི་ཐིགས་པ་བར་མེད་དུ་ཟགས་འོང་།

   ཉེན་རྟོག་པ་ཞིག་གིས“སྒོ་བྱང་ངོས་སུ་ཡི་གེ་འབྲི་མཁན་སུ་ཡིན་ཤོད། མི་བཤད་བར་དུ་བྱེ་མའི་ནང་དུ་འདི་ལྟར་ཙོག་ཤིག”ཟེར། ལན་རྒྱག་མཁན་མེད་པར་འཇམ་ཐིང་ཐིང་། དེ་ནས་སློབ་མ་རེ་རེ་ཡར་བསླངས་ནས་དྲིས། ལན་མི་རྒྱག་མཁན་དང་མི་ཤེས་ཟེར་མཁན་རྣམས་ལ་དབྱུག་པ་ཐེངས་གསུམ་རེར་གཞུས་སོང་། ཁ་ཤས་སྐྲག་ཐག་ཆོད་དེ་ངུ་མ་ཕོད་ཀྱང་ཁ་ཤས་དབྱུག་ཕོག་མ་ཐག་ཏུ་ངུས། དེ་ཚོ་ལ་དབྱུག་པ་ལྷག་མ་ཞིག་གཞུས་སོང་། ཉེན་རྟོག་པ་མིག་ཤེས་ནག་པོ་རྒྱག་མཁན་ཞིག་གིས་ང་ལ“ཡི་གེ་འབྲི་མཁན་སུ་རེད”ཟེར། ངས“མི་ཤེས”ལབ་པ་ན་ངའི་བརླ་ཐོག་ཏུ་དབྱུག་པ་ནག་པོ་དེ་ཚ་ཐག་ཆོད་ཅིག་གཞུས་བྱུང་བར་ངའི་རྐང་པ་ཚོར་བ་མེད་པ་ལྟར་གྱུར། “ངའི་རྐང་པ་ཆག་ཐལ”ངས་རང་ཉིད་ཀྱི་རྐང་པ་འཇུས་ནས་ངུས་པར་ངའི་སྒལ་བར་དབྱུག་པ་ཚ་ཐག་གཅོད་ཅིག་གཞུས་བྱུང་བར་ངའི་ལུས་ཡོངས་ཚོར་བ་མེད་པར་གྱུར་བས་དེ་རྗེས་བསྟུད་མར་དབྱུག་པ་ཁ་ཤས་གཞུས་པར་སྣང་ཡང་གང་དུ་ཕོག་པའང་མ་ཚོར། ལུས་པོར་ཚོར་བ་ཅུང་ཙམ་སྐྱེས་དུས་ང་རང་བྱེ་མའི་ནང་དུ་ཁ་སྦུབས་ནས་འགྱེལ་ཡོད་པ་ཚོར། ངའི་ཁ་ནང་དུ་བྱེ་བ་འཛུལ་ཡོད་པས་མཆིལ་མ་ག་ཚོད་བུད་ཀྱང་སོ་བར་ནས་སི་སི་ཞེས་སྒྲ་མི་བདེ་བ་གྲགས། ང་རང་ཡར་ཙོག་ཏེ་བྱེ་མའི་ནང་དུ་གཡས་འགྱེལ་གཡོན་འགྱེལ་བྱས་ནས་ཡོད་པའི་སློབ་གྲོགས་རྣམས་ལ་བལྟ་སྐབས་མང་པོ་ཞིག་གི་སྣམ་བུ་རློན་པར་གྱུར་ཡོད་པ་རིག དབྱུག་པ་མ་ཕོག་གོང་དུ་རློན་པར་གྱུར་བ་ཡིན་ནམ། ཕོག་རྗེས་སུ་རློན་པར་གྱུར་བ་གང་ཡིན་མི་ཤེས། རང་ཉིད་ཀྱི་ལག་པས་སྣམ་བུ་ལ་རིག་ཙམ་བྱེད་སྐབས། རློན་པ་འགྱུར་མེད་པ་ཚོར་བས་སེམས་བདེ་མོའི་ངང་ནས་བྱེ་མའི་ནང་དུ་ཉལ་བསྡད།

ལུང་པ་ཆུང་ཆུང་འདི་ནང་དུ་འཚོ་བའི་མི་རྣམས་ཀྱི་དྲན་པ་ནི་ནམ་མཁའ་བཞིན། ཁོ་ཚོའི་ལག་ཏུ་ས་སྨྱུག་དཀར་པོའམ་སོལ་བ་ནག་པོ་ཞིག་ཐོབ་མ་ཐག ས་དང་རྡོ་སོགས་ཡི་གེ་འབྲི་ཆོག་པའི་དངོས་པོ་རྣམས་ཀྱི་ངོས་སུ་རང་ཉིད་ཀྱི་ལྟ་བ་འབྲི་སྲིད། སྔོན་ཏག་ཏག་ལ་སྲིད་གཞུང་གི་གྱང་དཀར་དཀར་ཡི་གེ་བྲིས་ན་བསམ་བསམ་དེའི་ངོས་ལ་སུ་ཡིན་མི་ཤེས་གཅིག་གིས་སོལ་བ་ནག་པོས“མི་དམངས་ཀྱི་དངུལ་སྨར་རང་གིས་བཟའ་མཁན། ང་དང་གཅིག ཁྱོད་དང་གཉིས། ཁོ་དང་གསུམ། གྲོང་དཔོན་བློ་དགའ་དང་བཞི་རེད”ཅེས་བྲིས་ཡོད་པར་ཉེན་རྟོག་པ་དང་ལས་བྱེད་ཁ་ཤས་ཡོང་ནས་གྲོང་དཔོན་བློ་དགའི་ཁྱིམ་ནང་ཞིབ་བཤེར་བྱས་པ་ལས་འབྲི་མཁན“ང”ཞེས་པ་དེ་སུ་ཡིན་པ་རྩད་གཅོད་བྱས་མ་སོང་། “ཁྱོད”ཅེས་པ་དེ་སུ་ཡིན་རྩད་གཅོད་བྱས་བསམ་མོད། ཁོ་ཚོས་གྱང་ངོས་ཀྱི་ཡི་གེ་དག་ཀློག་དུས་དེའི་ནང་གི“ཁྱོད”ཅེས་པ་དེ་ཀློག་མཁན་རང་ཉིད་ལ་གོ་བ་འདྲ་པོ་ཞིག་འདུག་པས། ཡི་གེ་ནག་པོ་དག་ཅི་མགྱོགས་གང་མགྱོགས་ཀྱིས་བསུབས་རྗེས། ཨ་ཁུ་བློ་དགའ་མུ་ཊའི་ནང་དུ་བཅུག་ཏེ་རྫོང་ཁའི་ཕྱོགས་སུ་བྱ་འཕུར་བ་ལྟར་སོང་། ཡིན་ཡང་ལུང་པ་དོག་པོའི་ནང་གི་མི་རྣམས་ཀྱི་དྲན་པ་ནི་ཅི་འདྲའི་རྒྱ་ཆེ་ནའང་ལུང་པ་དེའི་ཕྱི་རོལ་དུ་འགྱུར་བ་ཅི་བྱུང་ཐམས་ཅད་མི་ཤེས་པ་འདྲ་སྟེ། ཐོལ་བྱུང་ཡ་མཚན་གྱིས་ཁེངས་པའི་ཀླད་པས་ཁོ་ཚོ་དོན་དངོས་དང་རྒྱ་ཇེ་ཆེར་བཀྱེད་དུ་བཅུག དེ་རིང་སློབ་གྲྭའི་སྒོ་བྱང་གི་ངོས་སུ། ‘ང་ཁྱོད་ལ་དགའ’ཞེས་བྲིས་པ་དེ་ཡང་གནད་ཚུལ་འདི་འདྲའི་འོག་ཏུ་བྱུང་བ་འདྲ། ཁོ་ཚོའི་བློ་ངོར ‘ང་ཁྱོད་ལ་དགའ’ཞེས་པ་དེ་བུ་ཞིག་བུ་མོ་ལ་དགའ་བའང་བུ་མོ་ཞིག་བུ་ལ་དགའ་བ། མི་ཞིག་མི་གཞན་ཞིག་ལ་དགའ་བ་སོགས་ལ་གོ་བ་ལས ‘ང་ཁྱོད་ལ་དགའ’ཞེས་པ་དེ་སྔར་མོ་ཞིག་ནས་རྒྱལ་ཁབ་ཀྱིས་ཁྲིམས་དང་འགལ་བའི་བྱ་བ་ག་གེ་མོ་ཞིག་མཚོན་བྱེད་ཀྱི་གབ་ཚིག་ཏུ་གྱུར་ཟིན་པ་ཁོ་ཚོས་ཤེས་མི་འདུག ངས་ཀྱང་སྔོན་ཏག་ཏག་ལ་དབྱུག་པ་ནག་པོ་དེ་ངའི་བརླ་ཐོག་ཏུ་ལྷུང་ནས་རོས་ཆག་ཤོར་བར་ལྟ་བུའི་ན་ཟུག་ལས ‘ང་ཁྱོད་ལ་དགའ’ཞེས་པའི་ཡི་གེ་བཞི་པོའི་ཉེན་ཁ་རྟོགས་བྱུང་།

  ངས་འདི་ལྟར་བསམ་བཞིན་བསམ་གྱིན་བྱེ་མའི་ཁྲོད་དུ་གཉིད་དུ་ཤོར། རྨི་ལམ་དུ་མི་མང་པོས“བློ་གྲོས་རབ་གསལ། བློ་གྲོས་རབ་གསལ”ཞེས་ཡང་ཡང་བོས། ངས་བློ་གྲོས་རབ་གསལ་ཞེས་པ་དེ་སུ་ཡིན་ནམ་སྙམ། བསམ་བློ་ཡང་ཡང་བཏང་རྗེས་མིང་ཡ་མཚན་དེ་རང་ཉིད་ཀྱི་མིང་ཡིན་པ་ཤེས་ནས“ཨ། ང་འདི་ན་ཉལ་ནས་ཡོད”ཅེས་ལན་སྤྲད་ཀྱང་ངའི་སྐད་ཆ་ཁ་ནས་ཐོན་མ་ཐག་བར་སྣང་དུ་ཡལ། ང་རང་སེམས་པ་འཚབ་ཀྱིན་པའི་སྒང་དེར་ངའི་འགྲམ་གྱི་སློབ་ཕྲུག་ཅིག་གིས“བློ་གྲོས་རབ་གསལ་འདི་རུ་ཉལ་འདུག”ཅེས་འབོད་པ་ཐོས། དེ་རྗེས་སུ་མི་ཞིག་ཡོང་སྟེ་ངའི་སྒལ་བར་དབྱུག་པ་ཞིག་གཞུས་པ་དང་མི་གཉིས་ཀྱིས་ངའི་ལག་པ་རེ་རེ་བཟུང་ནས་བྱེ་མའི་ཁྲོད་དུ་གྲིལ་མ་འདྲུད་ཀྱིས་གང་ཞིག་ལ་ཁྲིད་ཕྱིན་པ་ཚོར། ང་རང་གཉིད་ལས་སད་དུས་དགེ་རྒན་གྱི་གཞུང་ལས་ཁང་གི་ཅོག་ཙེ་རྒྱབ་སྙེས་མ་ཞིག་གི་ཐོག་ཏུ་ཙོག་ཡོད་པ་ཚོར། ངས་རང་ཉིད་ཀྱི་མཆུ་ཏོའི་ཟུར་ནས་མ་ནེའི་འོག་ཏུ་བཀྱངས་ཡོད་པའི་བྱེ་མ་འདྲེས་པའི་ཁ་ཆུ་རྣམས་ཕར་ཕྱིས་པ་ན་མི་ཁ་ཤས་ཀྱི་སྐད་ཆ་འཆད་ཀྱིན་པ་གོ

  གཅིག་གིས“ཁོ་རང་ངོ་མ་ཀླ་ཀློ་ཞིག་ཡིན་ནམ”

  “མི་སྤྱང་བོ་ཞིག་ཀླ་ཀློར་རྫུས་པ་ཡིན་ཡང་སྲིད”གཞན་ཞིག་རེད།

  “ཀླད་པ་ལ་སྐྱོན་ཡོད་པའི་སློབ་མ་ཞིག་རེད། མི་ཀུན་གྱིས་ཁོ་རང་ཀླ་ཀློ་རེད་ཟེར་གྱིན་འདུག”

  “དེ་ན་ང་ཚོ་ལམ་འགྲོ་རྒྱུག་སོང་བ་མིན་ནམ”

  ངས་སུ་ཞིག་ལམ་འགྲོ་རྒྱུག་སོང་བ་ཡིན་ནམ་སྙམ་གྱིན་ལྟ་དུས། དང་པོ་ཉེན་རྟོག་པ་རྣམས་མཐོང་བྱུང་ལ་དེ་ནས་དགེ་རྒན་རྣམས་རིག་བྱུང་།

  “ཀླ་ཀློ་འདི་གཉིད་ལས་སད་སོང”ཉེན་རྟོག་པ་ཞིག་གིས་འདི་ལྟར་བཤད། 

  ཁོ་ཚོས་འདུག་ས་རེ་བཙལ་ནས་ཙོག་སོང་ལ་ཉེན་རྟོག་པ་དཔོན་པོ་འདྲ་བ་དེས“སྒོ་བྱང་ངོས་ཀྱི་ཡི་གེ་དག་འབྲི་མཁན་ཁྱོད་རང་ཡིན་ནམ”ཞེས་དྲིས།

  ངས“ང་རང་མིན”ཞེས་ལན་བཏབ།

  “དེ་ན་ཁྱོས་སྔོན་མར ‘ང་ཁྱོད་ལ་དགའ’ཞེས་བྲིས་ཨེ་མྱོང”

  “དྲན་རྒྱུ་མེད་གི”

  “དྲན་རྒྱུ་མེད་ན་སྐྱོན་མེད། ཁྱོད་ཚོ་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སྔོན་མར་ཁྱོད་ཀྱིས་ནག་པང་གི་ངོས་སུ ‘ང་ཁྱོད་ལ་དགའ’ཞེས་བྲིས་སོང་ཟེར། དེ་དྲན་རྒྱུ་འདུག་གམ”

  ངས“དྲན་རྒྱུ་འདུག”ཅེས་ལན་བཏབ།

  ང་ལ་འདི་འདྲ་ཞིག་དྲན་རྒྱུ་འདུག ཕྱི་དྲོར་སློབ་ཚན་གྲོལ་རྗེས། པན་ཀྲང་གཟུགས་རིང་དེས་ནག་པང་གི་ངོས་སུ་ཡི་གེ་འགའ་བྲིས་རྗེས“དགེ་རྒན་གྱིས་བསླབས་སྟེ་མི་ཤེས་ན་ངས་བསླབ། བློ་གྲོས་རབ་གསལ། ཁྱོད་ཡར་ཤོག་ལ་ནག་པང་ངོས་ཀྱི་ཡི་གེ་དག་ཇི་མ་ཇི་བཞིན་དུ་ཕབ་ཤོག”ཅེས་བོས། ང་རང་ཡར་སོང་བ་ན་ཁོས་ས་སྨྱུག་ང་ལ་སྤྲད་བྱུང་། ངས་ཡི་གེ་ཀ་གཅིག་འདོན་མི་ཤེས་ཀྱང་དགེ་རྒན་གྱིས་ཅི་བྲིས་ན་དེ་ལ་དཔེ་བལྟས་ནས་ཇི་བཞིན་དུ་ཕབ་ནུས་པས་ངས་པན་ཀྲང་གིས་བྲིས་པའི་ཡི་གེ་དག་ལ་དཔེ་ལྟ་ནས་ཇི་བཞིན་དུ་ནག་པང་ངོས་སུ་ཕབ་པ་ཡིན། འཛིན་བདག་གིས་རང་གིས་བྲིས་པ་རྣམས་བསུབས་རྗེས་ནག་པང་ངོས་ཀྱི་ངས་བྲིས་པའི་ཡི་གེ་དག་ལ་འཛུབ་མོ་བཙུགས་ནས“གཅིག་ཀློགས་དང”ཟེར།

  ངས་རང་ཉིད་ཀྱི་བྲིས་པའི་ཡི་གེ་རྣམས་ལ་ཞིབ་ལྟ་བྱེད་སྐབས་ངས་ཁོ་ཚོ་ངོ་ཤེས་ཀྱི་མི་འདུག ཁོ་ཚོས་ཀྱང་ང་རང་ངོ་མི་ཤེས་པར་ང་ལ་ཞིབ་ལྟ་བྱས། ངས“ཀློག་ཤེས་ཀྱི་མི་འདུག”ཅེས་བཤད།

  ཁོས“དེ་ན་ཀ་འདོན་ཨེ་ཤེས”ཟེར།

  ངས“ཀ་ཡང་འདོན་མི་ཤེས”ཅེས་ལན་བཏབ།

 ཁོས“དེ་ན་ངས་ཁྱོད་རང་གིས་བྲིས་པའི་ཡི་གེ་འདི་དག་གི་འདོན་སྟངས་ཁྱོད་ལ་བསླབ། ཁྱོད་ཀྱིས་ཡིད་ལ་ངེས་ཨེ་ཐུབ་ལྟོས་དང་། རྗེས་མར་གོ་ཆོད་ཀྱི་རེད”ཅེས་དགེ་རྒན་རྣམས་ཀྱི་ཚུགས་ཀ་ལ་ལད་མོ་བྱས་ནས་བཤད། 

  “ཡ་ཡ”ཟེར་བ་ན་ཁོས་འདོན་སྟངས་སློབ་བྱུང་། “ང་། ཁ་ཡ་རྟགས་ཆ་ན་རོ་ཁྱོ་དཱ་ཁྱོད། ལ། ད་ག་འ་དགའ”ངས་ཀྱང་ཁོས་ཇི་ལྟར་ཀློག་པ་བཞིན་ཐེངས་གཅིག་འདོན། 

  “ད་འདོན་ཤེས་ཨེ་སོང”

   “ཤེས་སོང”

  “དེ་ན་ཐེངས་གཅིག་ཀློགས་དང”

  “ང་། ཁ་ཡ་རྟགས་ཆ་ན་རོ་ཁྱོ་དཱ་ཁྱོད། ལ། ད་ག་འ་དགའ”ཞེས་འདོན་པ་ན་ཁོ་རང་ཧ་ལས་ནས་དེ་ཡོད་ཀྱི་སློབ་གྲོགས་རྣམས་ལ“ཁྱོད་ཚོས་ལྟོས་དང་། དགེ་རྒན་རྣམས་ཆུ་ཚད་ཞན་པ་མ་གཏོགས། ངས་སློབ་ཡོང་དུས་ཀླ་ཀློ་འདིས་ཀྱང་ཡི་གེ་འདོན་ཤེས་ཡོང་གི”ཟེར་རྗེས“ཁྱོད་རང་སུ་ལ་དགའ’ཞེས་དྲིས།

  ངས་ནག་པང་ངོས་ཀྱི་ཡི་གེ་དག་བྲིས་ཤེས་ལ་འདོན་ཡང་ཤེས་པ་མ་གཏོགས། གོ་བ་ལོན་མ་སོང་ལ་ཁོའི་སྐད་ཆའི་གོ་དོན་ཡང་རྟོགས་མ་སོང་བས་ལན་ཅི་ཡང་བཏབ་མ་ཐུབ། དེ་ཡོད་ཀྱི་སློབ་མ་ཀུན་གཡོ་རྒྱུའི་མིག་ཟུང་གིས་ང་ལ་ལྟ་བཞིན་བགད། ང་ཡང་བགད་པ་ཡིན། ངས་རང་ཉིད་ཅིའི་ཕྱིར་བགད་པའང་ཤེས་མ་སོང་།

  ངས་ཉེན་རྟོག་པ་རྣམས་ལ“ཡི་གེ་དེ་དག་ནག་པང་ལ་བྲིས་མྱོང”ཞེས་བཤད། ངོ་མ་ཡིན། ངས་ཡི་གེ་ཀ་ཡང་འདོན་མི་ཤེས་ཀྱང ‘ང་ཁྱོད་ལ་དགའ’ཟེར་བ་དེ་བྲིས་ཤེས་པ་མ་ཟད། བཀླགས་ཀྱང་ཤེས། དེ་རིང་ཞོགས་པ་ཡང་ང་རང་སློབ་གྲྭའི་སྒོ་འགྲམ་དུ་འགྲེང་ནས་སྒོ་བྱང་ངོས་ཀྱི་ཡི་གེ་དག་ཐེངས་གཅིག་འདོན་པ་ཡིན། ཡི་གེ་དེ་དག་ངས་བྲིས་པའི་ཡི་གེ་དང་རྩ་བ་ནས་འདྲ་པོ་མི་འདུག ཡིག་གཟུགས་ཡག་པོ་ཞིག་གིས་བྲིས་པ་རེད་འདུག ཤིན་ཏུ་མཛེས། ཤིན་ཏུ་མཛེས་པའི་ཡི་གེ་དེ་དག་གིས་མི་མང་པོ་ལ་ན་ཟུག་སྦྱིན་སོང་།

  “སྒོ་བྱང་ངོས་ཀྱི་ཡི་གེ་དག་ཁྱོས་བྲིས་པ་ཨེ་ཡིན”ཉེན་རྟོག་པ་ཞིག་གིས་དབྱུག་པ་ངའི་མགོ་ཐོག་ཏུ་ཡར་བཀྱགས་ནས་འདི་ལྟར་དྲིས།

  ངས“ང་མིན། མནའ་བསྐྱལ་ཆོག”ཅེས་བཤད་པ་ན་ཉེན་རྟོག་པ་དེས་དབྱུག་པ་ངའི་མགོ་ལ་གཞུ་གྲབས་བྱེད་སྐབས། ཉེན་རྟོག་པ་གཞན་ཞིག་གིས“གང་ལྟར་ཁོས་ཁྲིམས་འགལ་གྱི་ཡི་གེ་འདི་དག་བྲིས་མྱོང་བ་རེད། སྒོ་བྱང་ངོས་ཀྱི་ཡི་གེ་དག་འབྲི་མཁན་ཁོ་རེད་ཟེར་ན་སུས་མ་རེད་ཟེར་ནུས། གང་ལྟར་མི་ཀླ་ཀློ་ཕག་འདྲ་འདྲ་ཞིག་རེད”ཟེར། གཞན་རྣམས་ཀྱིས་ཀྱང“ངོ་མ་རེད། དེ་བདེན”ཟེར།

  ཉེན་རྟོག་པ་དཔོན་པོ་དེས་ང་ལ“བདེན་པ་ཨེ་རེད”ཟེར།

  ངས་ཅི་ཞིག་བདེན་པ་ཨེ་རེད་ཟེར་བ་ཡིན་པ་མི་གོ་བས“བདེན་པ་རེད”ཅེས་བཤད།

  ཉིན་གང་ཁྲོས་ནས་གས་ལ་ཉེ་བའི་ཉེན་རྟོག་པ་དང་དགེ་རྒན། ལས་བྱེད་པ་ཚོས་ངའི་སྐད་ཆ་འདི་ཐོས་མ་ཐག་ཧ་ཧ་བགད་སོང་།

  ཁོ་ཚོ་བགད་ཀྱང་ང་རང་མ་བགད། གལ་སྲིད་ང་རང་བགད་བཞག་ན་གཅིན་པ་ཤོར་ཐག་གཅོད་རེད། ངའི་ལུས་སྨད་གཅིན་གྱི་སྦོས་ནས་གས་ལ་ཁད་ཡོད་པ་ཚོར། 

  “ང་རང་གཅིན་པ་གཏོང་དུ་འགྲོ་ཆོག་གམ”ངས་སྐད་ཤུགས་དལ་བུས་དྲིས། 

  དཔོན་པོས“ཆོག་དང་ཆོག”ཟེར་གྱིན་ཤོག་ལེབ་དཀར་པོ་ཞིག་ང་ལ་བསྟན་ཏེ“འདིའི་ངོས་སུ་རང་གི་མིང་བྲིས་ན་གཅིན་པ་གཏོང་དུ་འགྲོ་ཆོག”ཟེར། 

  “ངས་རང་མིང་འབྲི་མི་ཤེས”

  “འབྲི་དགོས་རྒྱུ་དེ་འབྲི་མི་ཤེས། མི་ཤེས་དགོས་རྒྱུ་དེ་འབྲི་ཤེས་ཀྱི་འདུག”ཁོས་འདི་ལྟར་འཆད་ཀྱིན་ངའི་ལག་ནང་སྨྱུ་གུ་སྤུས་ལེགས་ཤིག་བཞག་པ་དང་ཁོ་རང་གི་ལག་པས་ངའི་ལག་པ་དམ་དུ་བཟུང་ནས“ཁྱོད་ཀྱི་མིང་ལ་ཅི”ཟེར་ཞེས་དྲིས།

  ངས“བློ་གྲོས་རབ་གསལ”ཟེར་ཞེས་བཤད་མ་ཐག་ཁོའི་ལག་པས་ངའི་འཛུབ་མོ་དག་བསྒུལ་ཏེ་ཤོག་ལེབ་ཀྱི་མཇུག་ཏུ་ཡིག་འབྲུ་ཡ་མཚན་པོ་བཞི་བྲིས་སོང་། ངས་ཡི་གེ་དེ་དག་ལ་ལྟ་བཞིན་རང་གི་མཛུབ་མོས་ཡི་གེ་འདི་དག་ཅི་འདྲ་བྲིས་པ་ཡིན་ནམ་སྙམ་སྐབས། སུ་ཡིན་མི་ཤེས་གཅིག་གིས“ད་གཅིན་གཏོང་དུ་རྒྱུག”ཟེར། ང་རང་བྱ་འཕུར་བ་ལྟར་ར་བའི་ཕྱི་རོལ་དུ་ཡོད་པའི་གསང་སྤྱོད་ཀྱི་ཕྱོགས་སུ་རྒྱུགས་སོང་། 

   གསང་སྤྱོད་ཀྱི་ཁུང་ནས་འབུ་དཀར་པོ་མང་པོ་ཡར་རྡོལ་ཡོང་བ་མཐོང་བ་དང་དེ་དག་གི་ཐོག་ཏུ་གཅིན་ཤགས་སེར་བཏང་མ་ཐག་ག་སོང་ཆ་མེད་དུ་ཡལ། ངས་གཅིན་ཡུན་རིང་བཏང་བས་རང་ཉིད་ཀྱི་མཁལ་མ་ཡང་གཅིན་པ་དང་མཉམ་དུ་བཏང་ཤོར་བའི་སྣང་བ་བྱུང་། སྒོ་ནས་བུད་མ་ཐག གང་ནས་ཡོང་བ་མི་ཤེས་པའི་འཚུབ་མ་ལོག་འཁོར་ཞིག་གིས་ང་རང་བསྐོར། ཁ་མིག་དམ་དུ་བཙུམས་ནས་བསྡད། ཁ་མིག་ཕྱེ་བ་ན་ནང་དུ་བྱེ་རྡུལ་འཛུལ་མེད་པ་ཚོར་བས་དགའ་བ་ངང་ནས་ར་བའི་ནང་ཕྱོགས་སུ་ཕྱིན། གོམ་པ་སྤོས་ཐེངས་རེར་སྐྲ་ལོའི་བར་ནས་བྱེ་རྡུལ་བར་མེད་དུ་ཟགས། དེ་དག་ངའི་ཁ་དང་མིག་ནང་འཛུལ་འོང་། ངས་ཁ་ནང་གི་སི་སི་ཟེར་བའི་བྱེ་མ་དག“ཕེ’ཟེར་ཏེ་འཚུབ་མ་འགྲོ་ཕྱོགས་སུ་མཆིལ་ལུད་ཆེ་ཐག་གཅོད་ཅིག་འཕངས། མིག་ནང་དུ་བྱེ་རྡུལ་འཛུལ་ཡོད་པས་འཚུབ་མ་དེ་གསལ་པོ་ཞིག་མཐོང་མ་བྱུང་། ལག་པས་མིག་ཕུར་ཕུར་ཞིག་བྱས་རྗེས་ཞིབ་ལྟ་བྱས་པ་ན་འཚུབ་མ་ཡལ་ཕྱོགས་ཀྱི་ནམ་མཁའ་རུ་ཆུ་ཤོག་ཆེན་པོ་ཞིག་ས་པད་མ་དཀར་ཆེན་ཞིག་ལྟར་བཞད་འདུག ངས་ནམ་མཁའ་རུ་བཞད་པའི་མེ་ཏོག་དེ་མཐོང་མ་ཐག ངའི་མིག་ལམ་དུ་ཉེན་རྟོག་པ་མང་པོས་མེ་མདའ་མང་པོ་ཞིག་བཟུང་སྟེ་ངའི་རྒྱབ་ཏུ་འགྲེང་འདུག་ཅིང་མེ་མདའི་ཁ་ནག་པོ་དེ་ངའི་མགོ་ལ་གཡོ་བ་མེད་པར་གཏད་འདུག ངའི་མདུན་ཕྱོགས་སུ་ངས་གློག་བརྙན་ནང་མཐོང་མྱོང་བའི་ཡེ་ཤུ་ཆོས་པ་ཞིག་གིས་སྐད་བསངས་མཐོན་པོས་ངའི་ཉེས་དམིགས་དག་འདོན་གྱིན་འདུག ཁོའི་ཁ་ནས་ཐོན་པ་ཐམས་ཅད་དབྱིན་སྐད་ཡིན་མོད། བོད་སྐད་ཀྱང་ཅུང་ཙམ་འདྲེས་འདུག ངས་གོ་བ་ནི“ང་ཁྱོད་ལ་དགའ། ང་ཁྱོད་ལ་དགའ”ཟེར་བ་དག་རེད། མཐར་ཁོས་དབྱིན་སྐད་ཀྱིས་སྐད་ཅོ་ཞིག་བརྒྱབ་རྗེས་བོད་སྐད་ཀྱིས“ཉེས་པ་དེ་དག་གིས་རྐྱེན་གྱིས་དེ་རིང་ཁོ་རང་དམར་གསོད་ཐོངས་ཤིག”ཟེར་རྗེས་ལག་པ་དཀར་པོ་ཁྲག་དང་བྲལ་བ་དེ་བྲང་གི་གཡས་གཡོན་དུ་ཐུག་ཙམ་ཐུག་ཙམ་བྱས་རྗེས་བྱམས་བརྩེ་ལྡན་པའི་ངང་ནས་ང་ལ་འཛུམ། ཁོའི་འཛུམ་མདངས་མ་ཡལ་གོང་དུ་ངའི་ལྟག་རྒྱབ་ཏུ་ཀག་སྒྲ་ཞིག་གྲགས་པ་དང་ངའི་ཀླད་པའི་ནང་དུ་དངོས་པོ་གང་ཞིག་བཙན་གྱིས་འཛུལ་ཞིང་མེས་འཚིག་པ་ལྟར་ཚ་བྱུང་། མིག་ལམ་དམར་པོ་ནས་ནག་པོར་གྱུར།

ང་རང་དོན་དངོས་ཡིན་པ་འདྲ་བའི་འཁྲུལ་སྣང་ལས་སད་དུས། བྱེ་ཐང་གི་ཁྲོད་དུ་འབྲོ་བཞིན་འདུག

  ང་རང་ཤུག་པའི་ཁེངས་པའི་ནགས་རི་དེ་ལ་འཛིགས་སོང་། 

   རི་རྐེད་ནས་སློབ་གྲྭའི་ཕྱོགས་སུ་ལྟ་དུས། སློབ་གྲྭའི་ར་བའི་ནང་མི་མང་པོ་ཞིག་གིས་ཟང་ཟིང་བྱེད་ཀྱིན་པ་མཐོང་། ཁོ་ཚོ་ནི་ཆར་བ་མ་འབབ་སྔོན་གྱི་གྲོག་མ་དང་འདྲ ང་རང་རྐེད་ཀྱི་རྐང་ལམ་ཕྲ་མོར་བརྒྱུད་དེ་ཕ་རོལ་གྱི་ནགས་ཚལ་སྟུག་པོ་ཡོད་སར་ཕྱིན། 

  ང་རང་ནགས་ཁྲོད་ཀྱི་ཐང་ཤིང་སྡོང་པོ་ཆེན་པོ་ཞིག་གི་འོག་ཏུ་ངལ་གསོ་ནས་ཅུང་ཙམ་བསྡད། དེ་རིང་གི་ཉི་མ་འདི་མ་ཤར་བ་ཡིན་ནམ། མཚམས་སྤྲིན་མ་ཤར་གོང་དུ་གནམ་ངོ་རུབ་འགོ་བརྩམས་བྱུང་། དེ་རིང་དེ་གར་ཞག་སྡོད་མི་བྱེད་རང་བྱེད་གྱུར།

  མུན་རུབ་སོང་། སྤྱང་ཀི་ལྟོགས་པ་ཞིག་ཐག་རིང་ནས་ང་སར་བསྙེགས་ཏེ་ཡོང་གིན་པ་ཚོར། ཁོའི་ངུ་སྐད་དེ་དམའ་བོ་ནས་ཇེ་མཐོར་འགྲོ་བཞིན་འདུག་ལ་ཁོའི་སེམས་སྡུག་ཀྱང་ཇེ་ཆེར་འགྲོ་བཞིན་པ་འདྲ། ནམ་དགོང་ལ་སླེབས་དུས། ངུ་སྐད་དེ་ཐོས་པ་ཙམ་གྱིས་ངའི་སྙིང་དམར་གས་ལ་ཁད་བྱས། སྤྱང་ཀིས་ཐང་ཤིང་སྡོང་པོ་དེ་ཡང་ཡང་བསྐོར་ནས་ངུས། ང་རང་སྤྱང་ཀིའི་ངུ་སྒྲ་ལ་དེ་ཙམ་མི་སྐྲག་ནའང་སྤྱང་ཀི་དེ་ངའི་དོན་དུ་ངུས་པ་འདྲ། ཁོ་རང་ཅི་ཙམ་ངུས་ན་ངའི་སེམས་སྡུག་ཀྱང་དེ་ཙམ་ཆེ་རུ་ཕྱིན། ང་རང་མི་ཡུལ་དུ་ལོ་ངོ་མང་པོ་གསོན་མྱོང་ཡང་མི་ཡུལ་ཞེས་པ་དེ་ཡང་སྙིང་ཅི་འདྲ་བ་ཞིག་ཡིན་པ་ཚོར་མ་མྱོང་། ཡིན་ཡང་དེ་རིང་གློ་བུར་རྟོགས་སོང་། མི་ཡུལ་ཞེས་པ་ནི་སྤྱང་ཀིའི་ངུ་འབོད་ཀྱིས་ཁེངས་པའི་མཚན་མོ་ཞིག་རེད། སླར་ཡང་མི་ཡུལ་གྱི་མཚན་མོ་རུ་ལོ་ངོ་མང་པོ་ཞིག་འཚོ་བར་སྙིང་བོ་ཅི་ཞིག་མཆིས།

  ངས་རང་ཉིད་ཀྱི་སྐེ་རགས་ཞིབ་རྗེས། ཤིང་སྡོང་སྲ་མོ་ཞིག་ལ་གནམ་ཐག་འཐེན་པ་དང་རང་ཉིད་ཀྱི་སྐེ་སྡོང་གནམ་ཐག་ནང་དུ་བརྐྱངས།

ང་རང་ཤི་བར་དོ་རུ་སླེབས་པ་ཡིན་ནམ། སྤྱང་ཀིའི་ངུ་འབོད་དེ་ཐོས་རྒྱུ་མི་འདུག ཉེན་རྟོག་པ་མང་པོས་ང་རང་ཁང་པ་ལྕགས་ཀྱི་དྲ་བའི་ཁེངས་པ་ཞིག་གི་ནང་དུ་དེད། མཐར་ཁང་པ་ག་གེ་མོ་ཞིག་གི་ལྕགས་སྒོ་ཧྲག་གེར་ཕྱེས་བྱུང་ལ་ཉེན་རྟོག་པ་ཞིག་གིས་ང་ལ་རྡོག་ཐོ་ཕག་འཚག་རྒྱག་དགོས་པ་ཞིག་གཞུས་ཏེ་ཁང་པའི་ནང་དུ་བཙན་གྱིས་བརྫངས། 

   ཁང་པའི་ནང་དུ་འཛུལ་བ་ན་སྐྱག་གཅིན་གྱི་དྲི་མ་བྲོ་བ་ལས་མུན་པས་ཁེངས་པས་ཅི་ཡང་མཐོང་མི་ཐུབ།  ང་རང་གྱང་རྩ་ཞིག་ཏུ་ཙོག་གྲབས་བྱེད་པར་མི་ཞིག་གིས“ཕར་སོང་། ང་བསྡད་ཡོད”ཟེར། ང་རང་ཕར་ཙམ་སོང་སྟེ་རྐུབ་ས་ལ་བརྡབས་ནས་ཙོག་པ་ན་འོག་ཏུ་མི་མེད་པ་ཚོར། ཡིན་ཡང་ཉེ་འགྲམ་དུ་ཙོག་ཡོད་པའི་མི་ཞིག་གིས་པུས་མོ་ལ་ངའི་པུས་མོ་བརྒྱབ་པ་འདྲ། མུན་ཁྲོད་དུ་སྐད་ཅོ་ཡང་ཡང་བརྒྱབ་བྱུང་། ངས་ཁོའི་སྐད་ཆ་རྣམས་ཀྱི་གོ་དོན་མི་ཤེས་མོད། སྒྲ་གདངས་ལ་དཔྱད་ན་ཁོས་ང་ལ་དམའ་འབེབ་བྱེད་ཀྱིན་པ་གསལ་པོར་ཚོར། ངས་ཁོ་རང་ལ་ཁ་ཡ་མ་བྱས་པར་ཁང་པའི་ནང་གི་མུན་པར་ཡུན་རིང་ཧད་བསྡད། མུན་པ་ངའི་མིག་ལ་ཅུང་བྱམས་དུས་ཁང་པའི་ནང་དུ་གཡས་ཉལ་གཡོན་ཉལ་བྱས་བསྡད་ཡོད་པའི་མི་རྣམས་ནག་རོག་གེ་མངོན།  མིའི་གཟུགས་རབ་རིབ་དག་མཐོང་མ་ཐག་ངའི་སྐྲག་པ་ཡང་རིམ་གྱི་འཇགས། ང་རང་དང་པོ་སྒོ་ནས་ཡར་བརྫངས་ཡོང་དུས་འདི་ནི་གཅན་གཟན་བཀག་སའི་ར་བ་ཞིག་མིན་ནམ་སྙམ། ད་ལྟ་ཁང་པ་འདིའི་ནང་དུ་ཉལ་མཁན་ནི་གཅན་གཟན་མ་རེད། མི་རེད། ང་རང་ཐག་རིང་གི་ཞིང་གྲོང་དུ་ལོ་མང་པོ་འཚོ་མྱོང་ཡང་ར་བའམ་ཁང་པའི་ནང་དུ་དུད་འགྲོ་བཀག་པ་ལས་མི་ཞིག་བཀག་པ་མཐོང་མ་མྱོང་། དེ་རིང་མི་མང་པོ་ཞིག་ཁང་པའི་ནང་དུ་བཀག་འདུག མི་རྣམས་འདི་ལྟར་བཀག་བཞག་དུས་དུད་འགྲོ་ཁྱུ་གཅིག་དང་ཨ་ན་མ་ན་རེད། 

  ངའི་གྲོད་པས་སྐད་བརྒྱབ་སྟེ་ང་ལ་བསམ་བློ་གཏོང་དུ་མི་བཅུག ངས་ཉེན་རྟོག་པས་ཞིབ་གཤེར་ཡང་ཡང་བྱས་ཟིན་པའི་ཁུག་མ་ནང་གི་བག་ལེབ་བླངས་ཏེ་བཟའ་གྲབས་བྱེད་སྐབས། བག་ལེབ་ལས་ལྡང་བའི་དྲི་གསུང་དག་དེ་ཡོད་ཀྱི་མི་རྣམས་ཀྱི་སྣ་ལམ་དུ་འཛུལ་སོང་བ་འདྲ། མ་གྲོས་གཅིག་མཐུན་གྱིས་མགོ་བོ་བསྐོར་ཏེ་ང་སར་བལྟས་པ་དང་ག་ལེར་ཚུར་འོང་ནས་ངའི་མཐའ་རུ་རུབ། ཚུལ་དེས་ང་ལ་ཞིང་གྲོང་གི་ར་ལུག་རྣམས་ཀྱི་སྣ་ལམ་དུ་ཉུང་མ་སྐམ་པོའི་དྲི་ཞིམ་ལྡང་སོང་དུས་ཀྱི་རྣམ་པ་དག་དྲན་དུ་བཅུག ཁོ་ཚོས་དང་པོར་ངའི་བག་ལེབ་བཟའ་སྟངས་ལ་ལྟད་མོ་ལྟ་བ་དང་དེ་རྗེས་དོགས་མི་བདེ་བའི་ངག་གིས“ལོ་ལོ། ཁམ་གང་སྟེར་རོགས”ཟེར། ཁ་ཤས་ཀྱི་ངས་མ་སྟེར་གོང་ནས“ཁ་དྲོ། དྲིན་ཆེ”ཟེར། ཧ་ལམ་ངས་ཁོ་ཚོ་ལ་མང་པོ་ཞིག་སྟེར་ཟིན་པ་ལྟར་བྱས། ཁོ་ཚོས་འདི་ལྟར་ཟེར་དུས་ངས་ཁོ་ཚོ་ཅུང་གསལ་པོར་མཐོང་འོང་། སྐྲ་ལོ་རིང་ལ་ཁ་སྤུ་རྩྭ་ལྟར་སྐྱེས་པ་ཚུལ་ནི་ནགས་ཁྲོད་དུ་འཚོ་བའི་སྤྲེའུ་དང་འདྲ། མི་གཅིག་མེ་ལོང་མང་པོའི་ངོས་སུ་ཤར་བ་བཞིན་ཁོ་ཚོ་ཕན་ཚུན་དབྱེ་དཀའ། ངས་ཁོ་ཚོ་ལ་བག་ལེབ་ཁམ་གང་རེར་སྟེར་བར་ཁོ་ཚོའི་ཁ་ཡང་མ་འགུལ་པར་ཐད་ཀར་མགྲིན་པ་ནས་གྲོད་པ་ནང་ལྷུང་སོང་བ་འདྲ། སླར་ཡང་རེ་བའི་མིག་ཟུང་གིས་ངའི་ཁུག་མར་ལྟ་བཞིན་པ་མཐོང་བ་དང་ངའི་ལག་ནང་གི་བག་ལེབ་ཆེན་པོ་དེ་མཐོང་སར་མི་འདུག ངས་ཁོ་ཚོར“བག་ལེབ་རྫོགས་ཐལ”ཞེས་བཤད་མོད། སུ་ཡང་ཕར་འགྲོ་རོགས་མ་བྱས། སྐབས་དེར་མི་རྒྱགས་པ་ཞིག་ཚུར་འོང་སྟེ“ཕར་སོང་། ཕར་སོང”བདས་པས་ཁོ་ཚོ་བསམ་མི་བསམ་གྱིས་ཕར་ཕྱིན། མི་རྒྱགས་པ་དེ་ངའི་འགྲམ་དུ་ཙོག་པ་དང་ངས་ཁོ་རང་ངོ་མི་ཤེས་ཀྱང་ང་ལ“ཤགས་པོ”ཟེར་ཞིང་མི་གཞན་པ་ནང་བཞིན་རེ་བའི་མིག་གིས་ངའི་ཁུག་མ་ལ་བལྟས་བྱུང་། “ཤགས་པོ། ཁྱོད་ལ་བཟའ་རྒྱུ་འདྲ་ཡོད་དམ”ཁོས་འདི་ལྟར་བཤད་ཅིང་མཆིལ་མ་མིད་པའི་སྒྲ་སྐམ་པོ་ཞིག་ཁོའི་མགྲིན་པ་ནས་ཐོན་ཏེ་ངའི་ཕྱོགས་སུ་ལྡང་། “ང་ལ་ཁམ་མོ་ཁ་ཤས་སྟེར་རོགས། ང་རང་བཙོལ་གྲོལ་ཐོབ་རྗེས་ཁྱོད་ལ་གྱོང་རིག་ཏུ་བཅུག་མི་སྲིད”ཁོས་སླར་ཡང་འདི་ལྟར་བཤད་ཅིང་ངས་ལན་གང་ཡང་མི་བཏབ་པ་མཐོང་དུས“ཤགས་པོ། ཁྱོད་ཀྱིས་ང་རང་སུ་ཡིན་པ་ཨེ་ཤེས”ཟེར།

   “མི་ཤེས”

  “ང་རང་སུ་ཡིན་མི་ཤེས་ན་ཚོང་དཔོན་ནོར་བུ་བཟང་པོ་ངོ་ཨེ་ཤེས”

  “ཁྱོད་ཀྱིས་གཞས་ཚིག་ནང་གི་ཚོང་དཔོན་ནོར་བུ་བཟང་པོ་ཟེར་བ་ཡིན་ནམ”

  “ལོས་ཡིན། བོད་པ་ཞིག་ཡིན་ཚེ་ཚོང་དཔོན་ནོར་བུ་བཟང་པོ་ངོ་མི་ཤེས་པ་མེད། ང་རང་ཁོའི་བུ་ཡིན། ཁྱོད་ཀྱིས་ད་ལྟ་ང་ལ་ཟས་ཁམ་གང་བཟའ་རུ་བཅུག་ན་ང་རང་བཙོན་གྲོལ་ཐོབ་རྗེས་ཁྱོད་ཀྱི་འཚོ་བར་འདང་རྒྱག་མི་དགོས་པ་བཟོ་ཆོག”

  ངས་ཁུག་མ་ནས་བག་ལེབ་བླངས་ནས་ཁོ་ལ་བཟའ་རུ་བཅུག ཁོས་བག་ལེབ་ཞིམ་ཉམས་ཀྱིས་བཟའ་བཞིན་ཁོའི་ཨ་ཕ་ཚོང་དཔོན་ནོར་བུ་བཟང་པོའི་སྐོར་གྱི་གཏམ་ཧ་ལས་དགོས་པ་བཤད། ང་རང་ཁོའི་ཨ་ཕ་སྐད་གྲགས་ཅན་གྱི་གཏམ་རྒྱུད་ནང་ཉུལ་བཞིན་རྨི་ལམ་དུ་ལྷུང་། གཉིད་ལས་སད་དུས་བག་ལེབ་ཕར་ཞོག ངའི་ཁུག་མའང་རིག་སར་མི་འདུག 

  ལྕགས་ཀྱི་ཁང་པའི་ནང་དུ་ཉིན་རེར་ཟ་མ་ཐེངས་གཉིས་མ་གཏོགས་མི་འདུག གཉིས་པོ་ཀར་ཡོལ་ཕྱེད་ཙམ་ཟིན་པའི་འབྲས་ཐུག་རེད། ངས་འབྲས་ཐུག་དེ་ལག་པ་གཡས་སུ་ཁུར་ནས་མིག་གི་གཡོན་ཕྱོགས་སུ་ལྟ་ཙམ་བྱས་ན་ལག་གཡས་ཀྱི་ཀར་ཡོལ་དེ་རླངས་པ་བཞིན་ཡལ་འགྲོ་ལ་ཀར་ཡོལ་གཡོན་དུ་ཁུར་ཏེ་གཡས་ཀྱི་ཟང་ཟིང་ལ་ལྟ་ཙམ་བྱེད་སྐབས་གཡོན་གྱི་ཀར་ཡོལ་དེ་མཐོང་སར་མེད་པར་གྱུར། ང་རང་ཧ་ལས་ཏེ“ངའི་ཀར་ཡོལ་གང་དུ་འཕུར་ཐལ”ཞེས་འབོད་པ་ན་འབྲས་ཐུག་ལྡག་གིན་པའི་སྤྲེའུ་འདྲ་བའི་མི་རྣམས་ཧ་ཧ་བགད། དེ་ལྟར། ཉིན་ལྔ་ལ་ངའི་ཁ་ནང་དུ་འབྲས་ཐུག་ཁམ་གང་ཡང་འགྲོ་མ་ཐུབ། ཉིན་ལྔ་པའི་ཞོགས་པར་ཉེན་རྟོག་པ་ཞིག་གིས“ཟ་མ་བཟའ་ཤོག”ཅེས་བོས་ཡོང་དུས་ང་རང་ཡར་ཚ་ལངས་བྱས་པས་ཀླད་པའི་ནང་དུ་སིང་སྒྲ་གྲགས་ལ་མིག་ལམ་དུ་སྐར་མ་ཡང་ཡང་ཤར་བ་དང་འཇིག་རྟེན་མགོ་སྟེང་ལོག་པ་འདྲ་ཞིག་བྱས་ཏེ་སར་འགྱེལ་སོང་། 

  ང་རང་སད་དུས་མགོ་ཐོག་གི་གནམ་ཁབ་ཏུ་ཆུ་ཐིགས་འཛག་གིན་པ་མ་མཐོང་འོང་། མལ་ཁྲིའི་འགྲམ་དུ་ངས་ངོ་ཤེས་ཀྱང་མིང་ལ་ཅི་ཟེར་བ་མི་ཤེས་པའི་ཉེན་རྟོག་པ་ཞིག་གིས་ཁ་པར་རྩེད་ཀྱིན་འདུག སྐབས་དེར་སྨན་ཁང་གི་སྒོ་ཕྱེ་བྱུང་། ངས་སྨན་པ་ཞིག་ཐོན་ཡོང་བར་བསྒུགས་ཀྱང་ཡར་འཛུལ་ཡོང་མཁན་ནི་ཉེན་རྟོག་པ་གཞན་ཞིག་རེད། ཁོས་ཁང་པའི་ནང་དུ་བསྡད་ཡོད་པའི་ཉེན་རྟོག་པ་ལ“སྨན་པས་ཅི་ཟེར”ཞེས་དྲིས་པ་དང་ལག་ནང་གི་ཆུ་ཤོག་དེ་སྒྲོ་རྩེའི་ཐོག་ཏུ་བཞག ཁང་པའི་ནང་གི་ཉེན་རྟོག་པས་ལན་དུ“སྐྱོན་མི་འདུག་ཟེར”ཞེས་བཤད་རྗེས་སླར་ཡང“གླེན་རྒན་དེ་བཙོན་ཁང་དུ་ཟ་མ་རགས་ཡོད་ས་མ་རེད། ལུས་པོ་ཞེན་དྲག་འདུག་ཟེར”ཞེས་ལབ། 

  “དེ་ན་བཟང”

  “མི་འདི་གླེན་རྒན་ཞིག་རེད། ཁ་ནིང་ངས་ཁོ་རང་ཁྲིད་ཡོང་དུས་ངེད་གཉིས་གྲོང་ཁྱེར་ནང་དུ་སླེབས་པ་དང་ངས ‘ང་ལ་ལས་ཀ་ཅུང་ཙམ་ཡོད། ཁྱོད་རང་འདི་གར་ཅུང་ཙམ་སྡོད’ཅེས་བཤད་རྗེས་ང་རང་འཛིན་བཟོ་བར་སོང་། ཚུར་སླེབས་དུས་ཁོ་རང་སྲང་ལམ་དེ་གར་འགུལ་ཙམ་ཡང་མ་བྱས་པ་བསྡད་འདུག ངོ་མ་གླེན་རྒན་ཞིག་རེད”ངས་ངོ་ཤེས་པའི་ཉེན་རྟོག་པས་འདི་ལྟར་བཤད།

   “རྗེས་སུ་བཙོན་པ་ཁྲིད་དུས་འདི་ལྟར་བྱེད་མི་ཆོག”སྔོན་ཏག་ཏག་ལ་ཁང་པའི་ནང་དུ་འཛུལ་ཡོང་མཁན་དེ་དཔོན་པོ་ཞིག་ཡིན་པ་འདྲ།

  “བཙོན་པ་གཞན་པ་ཡིན་ན་ངས་དེ་ལྟར་བྱེད་ག་ལ་ཕོད། ཁོ་རང་གླེན་རྒན་ཞིག་ཡིན་པས་དེ་ལྟར་བྱས་པ་ཡིན”

 “ཁོས་ནག་ཉེས་ཅི་ཞིག་བསགས་པས་འཛིན་བཟུང་བྱས་པ་རེད”

  “ཁོས་སློབ་གྲྭའི་སྒོ་བྱང་ངོས་སུ་འབྲི་མི་དགོས་པའི་ཡི་གེ་ཁ་ཤས་བྲིས་འདུག་ཟེར”

  “ཁོས་ཀྱང་ཡི་གེ་ཤེས་སམ”

  “རང་མིང་ཡང་འབྲི་མི་ཤེས་གི”

  “འོ། ཅི་འདྲའི་གླེན་པ་ཞིག ད་ལྟ་བཙོན་ཁང་ལ་གླེན་པ་ཞིག་མཁོ་བའི་སྒང་ཡིན། ཁོ་རང་གླེན་པ་ཡིན་ཁུལ་བྱས་པའི་མི་རྒོད་པོ་ཞིག་མིན་ནམ”

  “རྩ་བ་ནས་མ་རེད། གླེན་པ་གླེན་རྐྱང་ཞིག་རེད”ངས་ངོ་ཤེས་པའི་ཉེན་རྟོག་པ་འདི་ལྟར་བཤད་རྗེས། ཁོ་གཉིས་པོས་ང་ལ་ཞིབ་ལྟ་བྱས་བྱུང་།

  ཉེན་རྟོག་པ་དཔོན་འདྲ་བ་དེས་ཆུ་ཤོག་ནང་གི་དངོས་པོ་དག་ཁ་ཕྱེ་བྱུང་། ཁང་པའི་ནང་དུ་སྔོ་ཚལ་གྱི་དྲི་མའི་ཁེངས། ངའི་གྲོད་པས་གླུ་དབྱངས་བར་མེད་དུ་ལེན། ཉེན་རྟོག་པ་དཔོན་པོའི་ཁ་ནས་ངས་སྒུག་གིན་པའི་སྐད་ཆ་དེ་ཐོན་སོང་། “ཟ་མ་འདི་ཟོས། ཟོས་རྗེས་སྨན་ཁང་ནས་བུད་ཆོག”ཟེར། 

  ངས་ཟ་མ་དེ་དག་སྐར་ཆ་ལྔའི་ཡུན་ལ་གྲོད་པའི་ནང་དུ་བརྫངས་པ་ཡིན། བྲོ་བ་ནི་ཅི་འདྲ་བ་ཞིག་ཡིན་པ་དྲན་རྒྱུ་མི་འདུག ཉེན་རྟོག་པ་གཉིས་པོ་ང་ལ་ཧ་ལས་ནས་ཧད་འདུག 

  སྨན་ཁབ་ནང་གི་སྨན་ཆུ་དེ་དག་ངའི་རྩ་ནང་དུ་ཡལ་བ་དང་ངེད་གསུམ་པོ་སྨན་ཁང་ནས་བུད།

  ང་རང་སྨན་ཁང་དུ་ཉིན་ག་ཚོད་བསྡད་པ་མི་དྲན་མོད། ཕྱི་རོལ་དུ་ཞོགས་པ་ཤར་འདུག 

  ངེད་གསུམ་པོ་བསྡད་པའི་ཉེན་རྟོག་པའི་མོ་ཊ་ཁྲ་ཁྲ་དེ་བྱ་འཕུར་བ་ལྟར་ཟང་ཟིང་གི་སྲང་ལམ་བརྒལ་ཏེ་སོང་བ་ན་ཁང་པ་དང་མི་ཚོགས་ཇེ་ཉུང་ཇེ་ཉུང་དུ་ཕྱིན། མཐར་རྩྭ་ཐང་མཐའ་ཡས་པ་ཞིག་ང་ཚོའི་མིག་ལམ་དུ་ཐོན་འོང་། མོ་ཊའི་ནང་དུ་བུ་མོ་ཞིག་གིས་ངུ་སྐད་ཀྱིས་བླངས་པའི“ཁྱོད་རང་ང་དང་བྲལ་བས་ང་རང་སེམས་པ་སྐྱོ་བྱུང”ཟེར་བའི་གླུ་དབྱངས་ཀྱི་སྒྲ་དེ་ལྷང་ལྷང་གྲགས་མོད། རྩྭ་ཐང་མཐོང་བས་ངའི་སེམས་པ་ཧ་ཅང་སྐྱིད། ངས་ཀྱང“ཁྱོད་རང་ང་དང་བྲལ་བས་ང་རང་སེམས་པ་སྐྱོ་བྱུང”ཞེས་དགའ་བའི་གླུ་དབྱངས་ལེན།  ཡར་ཡར་ཕྱིན་ཚེ་རྩྭ་ཐང་གི་ཐོག་ཏུ་གློ་བུར་རྡོ་བས་བཟོས་པའི་ཁང་པ་ཆེན་པོ་ཞིག་བྲག་རི་ཞིག་ལྟར་ང་ཚོའི་མིག་ལམ་དུ་མངོན། ང་རང་ཧ་ལས་ཏེ“ཁང་པ་ཆེན་པོ་དེ་འདྲ་སུ་ཚང་གི་ཡིན་ནམ། ཚོང་དཔོན་ནོར་བུ་བཟང་པོ་ཚང་གི་ཡིན་ནམ”ཞེས་དྲིས། ཉེན་རྟོག་པ་གང་དེ་ཡིན་མི་ཤེས་གཅིག་གིས“འདི་ནི་ང་ཚོ་སྡོད་ས་རེད། མིང་ལ་བཙོན་ཁང་ཟེར”ཞེས་བཤད་བྱུང་། ངས་ཧ་གོ་སོང་། “འདི་ནི་ཚོང་དཔོན་ནོར་བུ་བཟང་པོའི་བུ་དེ་སྡོད་ས་རེད། ངས་ཁོ་ལ་བག་ལེབ་སྦྱིན་མྱོང”ཞེས་བཤད་པ་ན་ངས་ངོ་ཤེས་པའི་ཉེན་རྟོག་པ་དེས“ཅི་འདྲའི་གླེན་རྒན་ཞིག”ཟེར། བཙོན་ཁང་ཟེར་བའི་ཁང་པ་ཆེན་པོ་དེའི་ནང་དུ་སླེབས་དུས་ཉེན་རྟོག་པས་སྔོན་མ་བཞིན་ང་ལ་རྡོག་ཐོ་འཕག་དགོས་པ་ཞིག་གཞུས་ནས་སྤྲེའུ་མང་པོ་བཀག་ཡོད་པའི་ཁང་པ་ནག་པོའི་ནང་དུ་བརྫངས་མ་བྱུང་། ཉེན་རྟོག་པ་དཔོན་པོ་དེས་བཙོན་ཁང་གི་ལུག་རེད་ཟེར་བའི་ལུ་གུ་ཡང་བརྩིས་ན་བརྒྱ་དང་བཅུ་གཅིག་ཡོད་པ་དེ་ང་ལ་འཚོ་རུ་བཅུག ང་རང་རྩྭ་ཐང་ཐོག་ཏུ་ལུག་འཚོ་ནས་ལོ་ངོ་མང་པོ་ཞིག་སྐར་ཆ་ཁ་ཤས་ཀྱི་ནང་དུ་ཟད་སོང་། ང་རང་བཙོན་ཁང་ཟེར་བའི་རྩྭ་ཐང་ཐོག་གི་ཁང་པ་ཆེན་པོ་དེ་དང་བྲལ་དུས་ལུག་དྲུག་བརྒྱ་སུམ་བཅུ་སོ་གསུམ་ལ་འཕེལ་ཡོད། ཕ་ཡུལ་དུ་ལོག་ཁར་ང་རང་རྩྭ་ཐང་ཡོངས་སུ་དཀར་བའི་ལུག་ཁྱུ་ལ་བལྟས་ནས་ངུས།

   བཙོན་ཁང་དང་བྲལ་ཏེ་ཉིན་ག་ཚོད་སོང་བ་མི་ཤེས་མོད། ཉེན་རྟོག་པའི་མོ་ཊ་ཁྲ་ཁྲ་དེ་ཞིང་གྲོང་དོག་མོར་ཡོད་པའི་ངེད་ཚང་གི་སྒོ་ཁར་སླེབས་འདུག དེ་ནས་བཟུང་ཨ་མས་ང་ལ་ཞིང་ལས་བྱེད་དུ་བཅུག

   ཉིན་ཞིག་ངས་ཞིང་ལས་ཡག་པོ་མ་བྱས་པས་ཨ་མས“ཀླ་ཀློ་ཁྱོད”ཅེས་སྡིགས་བྱུང་། 

   ང་རང་སེམས་སྡུག་ནས“ང་རང་རྩྭ་ཐང་དུ་ལོག་འདོད”ཅེས་བཤད་པ་ཡིན།

   ཨ་མས“ཁྱོད་ལ་འགྲོ་ས་ཞིག་ཡོད་དམ”ཟེར། 

   ངས“ང་རང་རྩྭ་ཐང་དུ་བཙོན་ཁང་ཟེར་བའི་ཁང་པ་ཆེན་པོ་དེའི་ནང་ལོག་ཆོག”ཅེས་བཤད་པ་ན་ཨ་མ་རེ་ཞིག་ཧད་རྗེས“ངའི་ལས་འདི”ཟེར་གྱིན་ངུས།

ཉི་འོད་ཀྱི་ཐིགས་པ་ནི་ཐང་ཤིང་གི་ཡལ་ག་བར་ནས་ཁ་བ་བཞིན་ཟགས་ཀྱིན་འདུག ཉི་འོད་ཁྲོད་དུ་བྱིའུ་ཡི་སྐད་སྙན་མོ་ལས་སྤྱང་ཀིའི་ངོ་འབོད་ཐོས་རྒྱུ་མི་འདུག་པས་ཅི་ཡིན་ནམ་སྙམ་སྐབས། ངའི་མགྲིན་པ་ན་ནས་དབུགས་ཀྱང་ལེན་དཀའ། ཉིན་འོད་ནང་དུ་ངས་མདང་དགོང་སྐེ་རགས་ཀྱིས་འཐེན་པའི་གནམ་ཐག་དེ་མཐོང་བྱུང་། མདང་དགོང་མ་གཞི་ང་རང་འདི་ལྟར་སྐེ་གནམ་ཐང་དུ་བཅུག་ཏེ་གཉིད་ཤོར་བ་ཡིན་གཤིས། ཤི་བར་དོར་སླེབས་པ་ནི་མ་ཡིན་གཤིས་སྙམ། ཡིན་ཡང་ང་རང་མི་ཡུལ་དུ་ལོ་མང་པོ་འཚོ་ཡང་མདང་དགོང་གི་རྨི་ལམ་བཞིན་གསལ་པོ་ཞིག་རྨིས་མ་མྱོང་། དེ་ནི་རྨི་ལམ་ཞིག་རྩ་བ་ནས་མ་རེད། ངའི་ལུས་སེམས་ལ་ན་ཟུག་བྱུང་བ་ནི་མངོན་སུམ་ཁྲོད་དུ་ན་ཟུག་བྱུང་བ་དང་ཨ་ན་མ་ན་རེད། ཡང་གཅིག་བཤད་ན་རྨི་ལམ་ནང་དུ་གཉིད་ལས་སད་ཚུལ་རྨི་རྒྱུ་ཡོད་དམ། 

   ངའི་གྲོད་པས་གླུ་དབྱངས་ཡང་ཡང་ལེན་བྱུང་བས་མདང་དགོང་བཙོན་ཁང་ཞེས་པའི་རྡོ་བའི་ཁང་པ་ནང་ཉུལ་བའི་མྱོང་བ་དག་དྲན་ཁོམ་ག་ལ་ཡོད། ངས་ངེད་ཚང་གི་ལྕགས་ཐབ་ཀྱི་སྟེང་དུ་བསྲེགས་པའི་རྒྱུ་མ་སྣུམ་གྱིས་ཁེངས་པ་དག་དྲན། རྒྱུ་མ་རླངས་པ་ཐོལ་ཐོལ་དེ་དག་ཨ་ཚ་ཚ་ཟེར་གྱིན་ཟོས་ན་ཅི་འདྲའི་ཞིམ་ཨང་། གང་ལྟར་ཁ་སང་ཉིན་གང་ངའི་གྲོད་པའི་ནང་དུ་ཟས་ཁམ་གང་ཡང་སོང་མེད། ཁ་སང་ཉེན་རྟོག་པ་དེ་ཚོས“སློབ་གྲྭའི་སྒོ་བྱང་ལ ‘ང་ཁྱོད་ལ་དགའ’ཞེས་འབྲི་མཁན་དེ་ང་རང་རེད”ཟེར། ངས་སྒོ་བྱང་གི་ངོས་སུ ‘ང་ཁྱོད་ལ་དགའ’ཞེས་མ་བྲིས་ཀྱང་ཅིའི་ཕྱིར་ནགས་ཁྲོད་དུ་བྲོས་ཡོང་བ་ཡིན། ད་ལྟ་ངའི་སེམས་ལ་ལྕགས་ཐབ་ཀྱི་སྟེང་དུ་བསྲེགས་པའི་རྒྱུ་མ་དག་ལས་གཞན་གང་ཡང་དྲན་འདོད་མི་འདུག

  ང་རང་ནགས་ཁྲོད་ནས་བབས་ཏེ་ཡུལ་དུ་སླེབས་པ་དང་རང་ཁྱིམ་དམིགས་ནས་སོང་། ལམ་བར་དུ་ཡུལ་མི་ཁ་ཤས་དང་འཕྲད་སོང་། ཁོས་ཚོས“ཨ་རོགས། བློ་གྲོས་རབ་གསལ། དེ་རིང་སློབ་གྲྭའི་ངལ་གསོ་ཡིན་ནམ”ཞེས་དྲིས་ཀྱང་ངས་ཁོ་ཚོར་ཁ་ཡ་མ་བྱས།

  ང་རང་ཁྱིམ་གྱི་སྒོ་འགྲམ་དུ་སླེབས་པ་དང་དུས་རྒྱུན་བཞིན་རྒྱུ་མ་བསྲེགས་པའི་དྲི་མ་བྲོ་རྒྱུ་མེད་པ་འདི་ཅི་ཡིན་ནམ་སྙམ་གྱིན་སྒོ་ནས་ཡར་འཛུལ་པ་ན་ཉེན་རྟོག་པ་མང་པོས་ཁྱིམ་ནང་ཇ་འཐུང་བཞིན་པའི་སྒང་རེད།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《རླུང་འཚུབ》

2018-01-03 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།