གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་གསར་པ། ཆེས་མཇུག་མཐའི་ཕ་མ་སྙོར་སྐྱོང་བྱེད་མཁན།

2018-01-18 13:33:47 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

རྩོམ་མཁན་ངོ་སྤྲོད།

ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭ་འགྲིམ། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཞོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་སྤེལ། བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག སྒྲུང་རིང་པོད་བཞི་ཡོད། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སི། འཇར་མན། འཇར་པན་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པར་མ་ཟད་ནུབ་གླིང་གི་སློབ་ཆེན་ཁ་ཤས་དང་བོད་སོག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད། བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་ཕྱི་ནང་དང་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཐོབ་མྱོང་།

པར་ལེན་གསར་འགོད་པ་དེས་མདོ་དབུས་མཐོ་སྒང་དུ་ཆེས་མཇུག་མཐའི་རི་དྭགས་གླ་བ་དེ་འཚོལ་སྐབས་ཆར་རླུང་དྲག་པོས་དེད་ནས་ཚེ་ཐར་འབུམ་ཟེར་བའི་འབྲོག་ཁྱིམ་དེར་ཡོང་སྟེ་མཚན་གང་ལ་ཆར་གཡོལ་མི་བྱེད་ཀ་མེད་བྱུང་།

ཉིན་འགའི་རྗེས་སུ་ཁོས་ཁ་བྱང་ལ《ཆེས་མཇུག་མཐའི་ཕ་མ་སྙོར་སྐྱོང་བྱེད་མཁན》ཞེས་པའི་གསར་འགྱུར་ཞིག་བྲིས་ཏེ་ཚགས་པར་དང་དྲ་ཚིགས་སྟེང་དུ་སྤེལ། རྩོམ་ཡིག་ནང་དུ་ཚེ་ཐར་འབུམ་ནི་རྩེ་གཞུང་རྫོང་གི་འབྲོག་མི་ཕལ་བ་ཞིག་ཡིན་པ་དང་། ཁོང་ཚང་རྫོང་མཁར་དང་སྤྱི་ལེ་བརྒྱ་ཙམ་ཡོད་པའི་ལུང་ཁུག་ཅིག་ཏུ་ཁོ་རང་གིས“ཁང་པ”རུ་འབོད་པའི་སྨི་གྲུ་བཞི་མ་བཅུ་ཙམ་ཡོད་པའི་ས་གྱང་ཞིག་གི་ནང་དུ་བསྡད་ཡོད། ཁོ་པ་ལོ་ངོ་སུམ་ཅུའི་རིང་ལ་རྫོང་མཁར་དུའང་འགྲོ་མ་མྱོང་། ཁོའི་ཕ་རྒན་སྟན་ལ་འབྱར་ནས་ལོ་བཅུ་ལྷག་འགོར་བའི་རིང་ལ་ཚེ་ཐར་འབུམ་གྱིས་དེའི་གཅིན་སྐྱག་ལག་པས་ཉར། མ་རྒན་གྱི་མིག་ཟུང་ཞར་ནས་ལོ་དགུ་འགོར། ལོ་ལོན་གཉིས་དེ་ལྟར་གྱུར་རྗེས་ཚེ་ཐར་འབུམ་གྱི་ཆུང་མས་ཕྲུ་གུ་ཁྲིད་ནས་བུད་སོང་། ཚེ་ཐར་འབུམ་ལ་སྲིང་མོ་གཅིག་དང་ནུ་བོ་གཅིག་ཡོད་ནའང་སྲིང་མོ་སྔར་ནས་གནས་ལ་སོང་ཞིང་ནུ་བོ་སྔར་ནས་གྲྭ་པ་བྱས་ཟིན། ཚེ་ཐར་འབུམ་གྱིས་རང་ཚང་གི་རྩྭ་ས་གཞན་ལ་གླས་པའི་ཡོང་འབབ་ཉུང་ངུར་བརྟེན་ཏེ་ཕྱོགས་གཅིག་ནས་དབང་བོ་སྐྱོན་ཅན་གྱི་ཕ་མ་གཉིས་ཀ་སྙོར་སྐྱོང་བྱེད་པ་དང་། ཕྱོགས་གཅིག་ནས་ཁ་ཏོན་དགེ་སྦྱོར་བྱས་ཏེ་འཁང་ར་ཅི་ཡང་མེད་པར་འཚོ་བ་ངན་ངོན་རོལ་བཞིན་ཡོད་ཅེས་བྲིས་ཡོད།

དེ་ནས་ཉིན་འགའི་རྗེས་སུ་ས་ཕྱོགས་སོ་སོའི་གསར་འགོད་པ་མང་པོ་དོན་དག་འདི་ལ་རློམ་ཐབས་བྲལ་བའི་སེམས་ཁམས་ཀྱིས་རྩེ་གཞུང་རྫོང་ལ་སྟོན་ཁའི་སྤྲིན་བཞིན་འདུས་ཡོང་བས་རྫོང་ཨུའི་བཀོད་སྒྲིག་ལྟར་དྲིལ་བསྒྲགས་པུའུ་ཀྲང་གིས་སྐུ་དངོས་སུ་གསར་འགོད་པ་རྣམས་ཚེ་ཐར་འབུམ་ཚང་ལ་ཁྲིད་ཡོང་བར་མ་ཟད་སྐུ་དངོས་ཀྱིས་ལོ་ཙཱ་བྱས། འདི་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་གི་ཆེད་དུ་གསར་འགོད་པར་སྣེ་ལེན་བྱེད་པའི་ཚོགས་འདུ་ཞིག་དང་གཉིས་སུ་མ་མཆིས་ལ། གསར་འགོད་པ་ཚོས་འཚང་ཁ་ཤིག་ཤིག་གིས་ལག་པ་ཡར་བསྒྲེངས་པར་དྲིལ་བསྒྲགས་པུའུ་ཀྲང་གིས་སུ་ལ་ཆོག་མཆན་གནང་བ་དེས་དྲི་བ་འདོན་པར་བྱེད། 

གསར་འགོད་པ་ཀ:“སྐུ་ཞབས་ཚེ་ཐར་འབུམ་ལགས། དེང་གི་དུས་སུ་ཕལ་ཆེར་འཛམ་གླིང་ཡོངས་ན་ཕ་མ་སྙོར་སྐྱོང་བྱེད་མཁན་ཁྱོད་གཅིག་པོ་ལས་མེད་པ་དེ་ཁྱོད་ཀྱིས་ཨེ་ཤེས?”

“འཛམ་གླིང་ཡོངས་ན་ང་གཅིག་པོ་ཨེ? དཀོན་མཆོག་གསུམ། དེ་དཔེ་སྲིད་རྒྱུ་མ་རེད།”

གསར་འགོད་པ་ཁ:“སྐུ་ཞབས་ཚེ་ཐར་འབུམ་ལགས། ཁྱོད་ཀྱིས་ཕ་མ་སྙོར་སྐྱོང་བྱེད་པའི་རྒྱུ་མཚན་ཅི་ཡིན།”

“ཨ་ཙི། འདིས་ཅི་ཟེར། ཕ་མ་སྙོར་སྐྱོང་བྱེད་པར་རྒྱུ་མཚན་ཞིག་དགོས་པ་གོ་མ་མྱོང་།”

གསར་འགོད་པ་ག:“སྐུ་ཞབས་ཚེ་ཐར་འབུམ་ལགས། ངས་རྒྱུས་ལོན་བྱས་པ་ལྟར་ན་ཁྱོད་ལ་ད་དུང་སྲིང་མོ་གཅིག་དང་ནུ་བོ་གཅིག་ཡོད། གལ་ཏེ་ངོ་མ་འདི་འདྲ་ཡིན་ན་མ་མཐའ་ཡང་ཁྱོད་ཚོ་གསུམ་པོས་རེས་མོས་ཀྱིས་སྙོར་སྐྱོང་བྱས་ན་མི་འགྲིག་གམ།”

“རེས་མོས་ཨེ? གོ་མ་མྱོང་། ཕ་མ་སྙོར་སྐྱོང་བྱེད་པའི་གོ་སྐབས་ལྡན་ན་དེ་ནི་རང་གི་ཚོགས་བསགས་བསོད་ནམས་རེད། ཡང་གཅིག་བཤད་ན་ངའི་སྲིང་རྒན་མ་སྔར་ནས་གནས་ལ་བུད་སོང་བས་ད་ནི་གཞན་གྱི་མི་དང་ཁྱི་རེད། ནུ་བོ་རབ་བྱུང་བསྒྲུབས་ཏེ་སྟོན་པའི་ན་བཟའ་གྱོན་འདུག་པས་གཅིན་སྐྱག་ཉར་སྲོལ་ག་ལ་ཡོད།”

གསར་འགོད་པ་ང:“སྐུ་ཞབས་ཚེ་ཐར་འབུམ་ལགས། དེས་ན་ཁྱོད་ཀྱི་སྲིང་མོ་དང་ནུ་བོ་གཉིས་ཀས་ཁྱོད་ཀྱི་འཚོ་བའི་ཐད་ལ་རོགས་རམ་རེ་བྱེད་ཀྱིན་ཡོད་དམ།”

“ལོས་ཡོད། སྲིང་རྒན་མས་རྒྱུན་དུ་རྩམ་པ་འཐགས་ནས་སྟེར་བ་དང་། མར་ཆུར་བ་དང་ཞོ་འོ་མ་རེའང་བསྐྱལ་ཡོང་གིན་འདུག ནུ་བོས་ཀྱང་ཇ་ཚྭ་ཁུ་རེ་ཉོས་ནས་ཡོང་གིན་འདུག”

གསར་འགོད་པ་ཅ:“སྐུ་ཞབས་ཚེ་ཐར་འབུམ་ལགས། ངས་རྒྱུས་ལོན་བྱས་པ་ལྟར་ན་ཁྱོད་ཚོའི་རྫོང་མཁར་དུའང་རྒན་གསོ་ཁང་ཡོད་པས་ཁྱོད་ཀྱིས་ཕ་མ་གཉིས་ཀ་དེར་བསྐྱལ་ན་མི་འགྲིག་གམ། དེ་ལྟར་བྱས་ན་ཁྱོད་ཀྱིས་གཉེན་སྒྲིག་བྱས་ཏེ་བྱིས་པ་སྐྱེས་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཆོག་པ་མིན་ནམ།”

“མི་འདི་ཚོས་སྐད་ཆ་ཡ་མཚན་བཤད་ཀྱིན་འདུག རང་གི་བུ་ཕྲུག་གསོན་པོ་ཡོད་བཞིན་དུ་ཕ་མ་རྒན་གསོ་ཁང་ལ་སྐྱེལ་དགོས་དོན་ཅི་ཡིན།ཧེ་ཧེ། གཉེན་སྒྲིག་བྱས་ནས་བྱིས་པ་སྐྱེས་པ་དེས་ང་ལོ་ལོན་རྗེས་རྒན་གསོ་ཁང་ལ་བསྐྱལ་ཏེ་ཁོ་རང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུ་དེ་ཨེ་རེད།”

གསར་འགོད་པ་ཆ:“སྐུ་ཞབས་ཚེ་ཐར་འབུམ་ལགས། ངས་བརྩི་བཀུར་མེད་པའི་དྲི་བ་ཞིག་འདྲི། ཁྱོད་ཀྱི་ཀླད་པ་རྒྱུན་ལྡན་ཨེ་ཡིན། སྨན་པར་སྟོན་ཨེ་མྱོང་། དགོངས་དག་ཞུ།”

“ཧེ་ཧེ། གལ་ཏེ་འཛམ་གླིང་ཡོངས་ན་ང་གཅིག་པོ་མ་གཏོགས་ཕ་མ་སྙོར་སྐྱོང་བྱེད་མཁན་མེད་པ་དེ་བདེན་པ་ཡིན་ན……ཧེ་ཧེ། ངའི་ཀླད་པ་སུ་ལས་ཀྱང་རྒྱུན་ལྡན་རེད་བསམ་གི།”

གསར་འགོད་པ་ཇ:“སྐུ་ཞབས་ཚེ་ཐར་འབུམ་ལགས། གོ་ཚུལ་ལྟར་ན་ཁྱོད་རང་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ་ཕྱི་རོལ་ཏུ་ཐེངས་གཅིག་ཀྱང་འགྲོ་མ་མྱོང་བ་དང་། ཐ་ན་རྫོང་མཁར་དུའང་འགྲོ་མ་མྱོང་ཟེར། དེས་ན་ལོ་ངོ་སུམ་ཅུའི་རིང་ལ་ཕྱི་རོལ་ཏུ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་ཁྱོད་ཕྱི་རོལ་ཏུ་འགྲོ་འདོད་མེད་དམ།”

“ཧེ་ཧེ། ང་གཅིག་པོ་མ་གཏོགས་ཕ་མ་སྙོར་སྐྱོང་བྱེད་མཁན་མེད་པ་དེ་འགྱུར་ལྡོག་ནང་གི་གཅིག་ཡིན་སྲིད། དཀོན་མཆོག་གསུམ། ངས་དེ་འདྲའི་འགྱུར་ལྡོག་ལ་ལྟ་མི་ཕོད།”

གསར་འགོད་པ་རྣམས་ཁ་གྲགས་རྒྱུ་མེད་པར་གྱུར་པ་དང་། ཁོ་ཚོའི་མིག་ནང་དུ་འབྲོག་པ་རྫོབ་པོ་འདི་རིམ་བཞིན་གཟི་བྱིན་འབར་བའི་རྒྱལ་སྤྱིའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཏེ་ཚང་མ་ཟིལ་གྱིས་མནན་པ་འདྲ་བས་རེ་ཞིག་དྲི་བ་འདྲི་ཕོད་མཁན་ཡང་མེད་པར་གྱུར།

མཇུག་མཐར་གསར་འགོད་པ་ཞིག་གིས་སྤོབས་པ་ཆེ་རུ་བསྐྱེད་དེ“ཁྱེད་ཀྱིས་འདི་ལྟར་བྱེད་པ་ནི་རྩེ་གཞུང་རྫོང་གིས་དུས་ཡུན་རིང་པོར་བསམ་བློའི་དཔལ་ཡོན་དྲིལ་བསྒྲགས་བྱས་པའི་གྲུབ་འབྲས་ཨེ་རེད།”ཅེས་དྲིས།ཚེ་ཐར་འབུམ་གྱིས་དྲིལ་བསྒྲགས་པུའུ་ཀྲང་ལ“ངས་དྲི་བ་འདིའི་ནང་དོན་ཧ་གོ་མི་འདུག”ཟེར། 

དྲིལ་བསྒྲགས་པུའུ་ཀྲང་གིས་གསར་འགོད་པ་ཚོར“ཁོང་གིས‘དེ་ནི་བཤད་མ་དགོས་པ་ཞིག་རེད’ཟེར།”ཞེས་ལོ་ཙཱ་བྱས།གསར་འགོད་པ་ཚོས་ཤུགས་ཆེན་གྱིས་དྲིལ་བསྒྲགས་དང་དྲིལ་བསྒྲགས་པུས་འུད་བརྗོད་ཀྱིས་སྤྱི་བསྡོམས་བྱས་པས་རྩེ་གཞུང་རྫོང་ལ“རྒྱལ་ཡོངས་ཀྱི་བསམ་བློའི་དཔལ་ཡོན་སྔོན་ཐོན་རྫོང”གི་མཚན་སྙན་གནང་ངོ་།།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།