གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅོད་པ་འཚོའམ་ཨ་མཚོའི་གསར་བྲིས་སྒྲུང་ཐུང་གཉིས།

2018-03-15 00:43:46 ཨ་འཚོ། ཀློག་གྲངས། མཆན ཡོད།

image001.jpg
གཅོད་པ་འཚོ། མདོ་སྨད་བླ་བྲང་གི་ཁོངས་གཏོགས་ཨ་མཆོག་ནས་སྐྱེས་ཤིང་། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཤེས་རམས་པའི་བསླབ་གནས་གཉེར་བཞིན་ཡོད།


གཡུ་སྒྲོན་མཚོ།

      སྟོན་ཟླ་མཐའ་མར་སྟོན་རླུང་གིས་བདས་པའི་ལོ་མ་སྣ་ཚོགས་ཟུར་བརྒྱད་སྲང་ལམ་གྱི་མཁའ་དབྱིངས་ནས་བར་མེད་དུ་འཕུར་ཞིང་། རེ་འཇགས་རེ་གཡུག་གི་སྟོན་རླུང་གྲང་མོ་ཞིག་འུར་གྱིས་ལྡང་ཚེ་ལོ་མའི་ཕོན་པོ་དག་གོ་རིམ་དང་ཆོས་ཉིད་ཅི་ཡང་མེད་པར་གཅིག་གིས་གཅིག་གནོན། གཅིག་མདུན་གཅིག་གིས་བཀག རྩེ་མོ་དང་རྩ་བ་ལྡོག་ཅིང་། མདུན་རྒྱབ་དང་སྔ་ཕྱིའི་དབྱེ་བ་མི་གསལ་བར་གཅིག་ཐོག་ལ་གཅིག་བརྩེགས་ནས་བར་སྣང་གི་དཀྱིལ་འཁོར་ལས་འཚང་ཁ་ཏོག་ཙམ་བརྒྱབ་འགྲོ དེ་ནས་ལོ་མ་དེ་དག་སྲང་ལམ་གྱི་གཡས་གཡོན་ལ་ངེས་གཏན་མེད་པར་ས་གཞིའི་སྟེང་དུ་ལྷུང་ཞིང་།  སེར་པོར་གྱུར་བའི་ལོ་མའི་སྟེང་དུ་དབྱིབས་གཟུགས་དང་ཆེ་ཆུང་མི་འདྲ་བའི་རི་མོ་སྣ་ཚོགས་མཆིས་ཏེ། ཟུར་གསུམ་མ་དང་སྒོ་ངའི་དབྱིབས། སེན་མོ་དང་མཛུབ་གུའི་དབྱིབས། ལོ་མ་ལ་ལར་འབུ་མུག་མའི་མཆུ་ཏོས་གཙགས་ཏེ་ཆེ་ཆུང་དང་རིང་ཐུང་མི་སྙོམས་པའི་ཁུང་བུ་མང་པོ་བཏོད་ཡོད། ལ་ཤས་ནི་བགྲེས་སོང་གི་ལག་པ་ནང་བཞིན་ལོ་རྩས་ཁེངས་ཏེ་གདོད་མའི་ཁ་དོག་དང་དབྱིབས་གཟུགས་ཀྱང་ཚོར་དཀའ། དམར་སེར་དུ་གྱུར་ཅིང་། ཅུང་སེར་ཁ་དོད་པའི་ལོ་མའི་སྒང་ལ་རྐང་པ་སྤོས་ཚེ“ཧྲག་ཧྲག”གི་སྒྲ་ཞིག་རྒྱུན་མི་ཆད།

   མོའི་མིང་ལ་གཡུ་སྒྲོན་མཚོ་ཟེར་ཞིང་། མོའི་སྐྲ་ལོའི་ཚོས་མདོག་ཁམ་སེར་ཏུ་བཅོས་ཡོད་པར་མ་ཟད། སྐྲ་འཇུ་ལི་བྱས་ནས་མཐོ་སར་བསྡམས་ཡོད། མིག་ཟུང་སྒོར་ཅིང་ཆེས་ཆེར་ཕྱེས་པ། སྨིན་མར་སྨིན་སྨྱུག་གིས་དཀྱིལ་འཁྱོགས་ཤིང་སྣེ་གཉིས་ཐད་དུ་བསྲིངས་ཏེ་བྲིས་འདུག མཆུ་སྒྲོས་སུ་ཚོས་མདོག་དམར་ནག་ཅིག་བང་རིམ་མཐུག་པོའི་སྒོ་ནས་བྱུགས་ཤིང་། གདོང་ལ་ངོ་ཕུར་དཀར་པོ་དཀར་རྐྱང་ཞིག་ཕུར་ཡོད་ལ། སོར་མོའི་སྟེང་དུ་ཁ་དོག་མི་གསལ་བའི་སོར་རྩི་ཞིག་བྱུགས་ཡོད་ན་ཡང་། སོར་རྩེ་ལ་འཇའ་ཚོན་སྣ་ལྔ་ལྟ་བུའི་ཚོན་མདོག་ཁ་པོ་རེ་བྱུགས་ཡོད་སྟབས། བལྟས་ཚོད་ཀྱིས་གསེར་ལམ་ལམ་གྱི་འོད་མདངས་སྣ་ཚོགས་བཀྲ། མོས་གོ་ལྭ་གོང་ཁ་ན་སྤུ་རིང་ཅན་ཞིག་གྱོན་ཞིང་། ལྭ་བའི་ཁ་མདོག་དང་ངོ་གདོང་གི་སྐག་ཚོས་ལས་འཕྲོས་པའི་མདངས་དེས་ཟ་ཁང་གི་མགྲོན་པོ་ཚོར་བག་ཆགས་ཁྱད་མཚར་བ་རེ་བཞག་མེད་ཅི་ཆ།

  གཡུ་སྒྲོན་མཚོས་རྐང་ལ་གོ་ལྷམ་ཡུ་རིང་སྟེང་ན་འོད་གྲུག་གྲུག་བྱེད་པ་ཞིག་གྱོན་འདུག་མོད། གོ་ལྷམ་གྱི་ཕྱི་རྟིང་ནི་མཐོ་རྒྱུ་མེད་ལ་དམའ་རྒྱུ་ཡང་མེད། ས་ངོས་དང་རྐང་གི་གོ་ལྷམ་གྱི་འཕྲད་སྦྱོར་ལས་དུས་རྒྱུན“ཐག་་་་ཐག་་་”གི་སྒྲ་རྒྱུན་མི་ཆད་པར་གྲག  སྒྲ་དེ་གྲག་ཐེངས་རེར་བོད་ཟས་ཁང་གི་སྐུ་མགྲོན་ཚོས་མོར་མིག་གི་ཟུར་མདའ་མི་འཕེན་རང་འཕེན་རེད། བྲང་གི་ནུ་ཟུང་ནི་དྲང་ཐད་དུ་འབུར་ཚུགས་སུ་དོད་ཅིང་འཕོང་ཚོས་རྒྱག་པས“s”དབྱིབས་ཀྱི་སྐྱེ་གཟུགས་རྨ་མེད་ཅིག་ཏུ་འཁུམས།

   མོ་རང་སྒེའུ་ཁུང་གི་ཁ་གཏད་ཀྱི་སྒྲོག་ཙེའི་གམ་དུ་ལངས་ནས་ཕྱི་རོལ་གྱི་ཡུལ་ལྗོངས་ལ་མིག་གཡེང་བྱས་ཐེངས་རེར། སྒེའུ་ཁུང་གི་དྲ་མའི་ངོས་སུ་སྦྱར་བའི་ཤོག་བྱང་རླུང་བུས་སྒུལ་ཏེ་ལྷབ་སེ་ལྷབ་བྱེད། རླུང་བུའི་ཤུགས་ཀྱིས་ཟད་པའི་ཤོག་བྱང་གི་སྣེ་མོས་སྲང་ལམ་གྱི་མི་ཚོགས་ལ་ལག་གཡུགས་བྱེད་པ་དང་འདྲ་བར་འགུལ་ཙམ་འགུལ་ཙམ་བྱེད་ན་ཡང་། གཡུ་སྒྲོན་མཚོས་སྣང་དོགས་ཅི་ཡང་མི་བྱེད་པར་སར་ལྷུང་བའི་སྡོང་བོའི་ལོ་མའི་སྒང་ལ་སྤོ་མཁན་གྱི་ལམ་འགྲོ་བར་ཧད་ནས་བསྡད།

ས་སྲོད་དེར། ཉི་འོད་ནི་ཁང་བརྩེགས་ཀྱིས་བསྒྲིབས་ཏེ་ཅི་ཡང་མི་མཐོང་ལ། ཕར་འགྲོ་ཚུར་འོང་གི་ལམ་འགྲོ་བ་ཚོ་སྡོང་ལོའི་སྟེང་དུ་སྤོ་ཞིང་། རང་རང་གི་གྲིབ་གཟུགས་དང་འགྲོགས་ནས་ལམ་ལ་ཆས། ཟུར་བརྒྱད་སྲང་ལམ་གྱི་བོད་ཟས་ཁང་ནི་མི་རིགས་སློབ་ཆེན་གྱི་ཁ་གཏད་དུ་ཡོད་ཅིང་། དེ་ནི་སློབ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་པ་སྐོར་ཞིག་གིས་བཙུགས་པ་རེད། ཟ་ཁང་དེར་སྒོ་ཆེན་ཞིག་དང་སྒོ་ཆུང་ཞིག་སྟེ། སྒོ་ཆེ་ཆུང་གཉིས་ཡོད། སྒོ་ཆེན་ནི་ཟ་ཁང་གི་ལྟག་རྒྱབ་ཏུ་ཡོད་ལ། སྒོ་ཆུང་ནི་ཏག་ཏག་ཟ་ཁང་གི་མདུན་ཕྱོགས་སུ་ཡོད། སྒོ་ཆེ་ཆུང་གཉིས་ཀར་དབྱེ་བ་མེད་པར་སོང་ཆོག་པ་ནི་གཡུ་སྒྲོན་མཚོ་རེད།

  གཞོན་ནུ་མ་ཞིག་དུས་རྒྱུན་དུ་སྒོ་ཆུང་བརྒྱུད་ནས་ཟ་ཁང་གི་ཆེས་ནང་ལོགས་ཀྱི་སྒྲོག་ཙེ་དེར་སྡོད་ཅིང་། རྒྱུན་ལྡན་མ་ཡིན་པ་ཞིག་ལ་ཟ་ཁང་དེར་ཕྱིན་མ་ཐག་ཏུ་རང་ཉིད་ཀྱི་མིང་དང་སྐྱེས་ཁོངས། ལས་གནས་བཅས་གསལ་བོ་འབྲི་དགོས། དེ་ནི་མགྲོན་པོ་ཚོར་མཚོན་ན་ཆེས་བློར་མི་འབབ་པའི་དོན་དག་ཅིག་རེད། མོ་རང་ཟ་ཁང་དུ་འཛུལ་མ་ཐག་ཏུ་ཁ་ཐུམ་རྒྱག་ཅིང་། སྟོད་ལྭའི་སྒྲོག་ཟྭ་ཚང་མ་དམ་པོར་བརྒྱབ་ནས་རང་ཉིད་ཀྱི་མིང་དང་སྡོད་གནས་འབྲི་རྒྱུ་ཁོ་ནར་བྲེལ།

མིང་ལ། “གཡེང་མོ།”

སྐྱེས་ཁོངས།“རི་བོ་ཧི་མ་ལ་ཡ་དང་ཆུ་མོ་ཡར་ཀླུང་གཙང་བོའི་འགྲམ་རྒྱུད།”

ས་གནས། “ཀྲིན་ནེའུ་ལུའུ་ཟུར་བརྒྱད་སྲང་ལམ་གྱི་གཡོན་ཕྱོགས། ”

  ཟ་ཁང་གི་སྟེགས་བུའི་སྟེང་དུ་སྡོད་མཁན་གྱི་བུད་མེད་དེས་ཟ་ཁང་དུ་ཡོང་མཁན་གྱི་མགྲོན་པོ་ཕལ་ཆེ་བ་ངོ་ཤེས་མོད། གཡེང་མོ་ཞེས་པའི་གཞོན་ནུ་མ་དེར་གཏན་ནས་དོ་སྣང་མི་བྱེད། མ་གཞི་ལས་གནས་གསལ་བོ་མི་འདུག་པའི་མགྲོན་པོ་ཚོར་ཟ་ཁང་གི་སྦྱིན་བདག་མ་གཡུ་སྒྲོན་མཚོས་དོ་སྣང་དེ་འདྲ། བོད་ཟས་ཁང་དེར་ཡོང་མཁན་མང་ཆེ་ཤས་ནི་རྩོམ་པ་པོ་དང་། སྒྱུ་རྩལ་པ་དང་། སློབ་ཆེན་གྱི་དགེ་རྒན་དང་། སློབ་ཆེན་པ་ཏག་ཏག་རེད། ཁོ་ཚོས་སོས་དལ་བག་ཡོད་ཀྱིས་སྒྲོག་ཙེ་བསྐོར་སྟེ་ནས་ཆང་བཏུང་ཞིང་། ཞབས་བྲོ་འཁྲབ། སོ་སོས་སོ་སོ་རང་ཉིད་ལ་དབང་བའི་ཟས་ཐུན་གཅིག་ལོངས་སུ་སྤྱད་རྗེས་ཤར་ལམ་དེད་ནས་མཐར་ནུབ་ཕྱོགས་སུ་ཆས་འགྲོ། ནམ་རྒྱུན་དེ་འདྲ་རེད།  ལམ་དེར་གྱ་གྱོག་དང་སྒང་གཤོང་སོགས་ཅི་ཡང་མེད་པར་ཐད་ཀར་མི་རིགས་སློབ་ཆེན་གྱི་ཁ་གཏད་དུ་བསྲིངས་ཡོད།

   མི་ཆེན་དེ་དག་ཟ་ཁང་གི་སྒོ་ཆེན་མ་གཏོགས་སྒོ་ཆུང་དེར་གཏན་ནས་བརྒྱུད་ཀྱི་མི་འདུག་པར་མ་ཟད། སོ་སོས་རང་རང་གི་སྐྱེས་ཁོངས་ནི་གསང་བའི་ཚུལ་གྱིས་སུས་ཀྱང་བརྗོད་དུ་མེད། དགེ་རྒན་དང་རྩོམ་པ་པོ། སྒྱུ་རྩལ་པ་དག་ནི་དུས་རྒྱུན་སྒྲོག་ཙེ་གཅིག་གི་སྒང་ལ་འཛོམས་ནས་སོ་སོ་རང་རང་གི་དགའ་ཕྱོགས་དང་དམིགས་ཡུལ། གོ་དཀའ་བའི་བརྡ་དོན་ཁ་ཤས་ལ་འགྲེལ་བ་རྒྱག སློབ་ཆེན་པ་དག་མི་ཆེན་དེ་དག་ཐག་རིང་ས་ཞིག་ནས་སྒྲོག་ཙེ་བསྐོར་ནས་སྡོད་ཅིང་། ཁོ་ཚོས་བརྩེ་དུང་དང་སྙན་ངག ཕུགས་བསམ་དང་བདེ་སྡུག་སོགས་ཤར་མར་ལབ། ཡང་མཚམས་རེར་སྙན་ངག་གྱེར། མཚམས་རེར་ཚན་རིག་དང་རིན་ཐང་ལྟ་བ་སོགས་བརྩད་ནས་ཡུན་རིང་འགོར་མོད།  མཐའ་མཇུག་སྐུ་མགྲོན་དེ་དག་གིས་ཐག་ཅི་ཡང་མི་ཆོད་། སོ་སོ་རང་རང་གི་ལྟ་སྟངས་ཁོ་ནར་ཡང་དག་པའི་གོ་ཐོབ་བསྩལ་ཏེ་གཟི་བརྗིད་ཀྱིས་འདུག དགེ་རྒན་དང་རྩོམ་པ་པོ། སྒྱུ་རྩལ་པ་དག་གིས་ཀྱང་རང་རང་གི་ཤེས་བྱ་དེ་ཕ་རོལ་པར་བརྡ་སྤྲོད་ཅི་ཐུབ་གནང་གིན་ཡོད་མོད། སྐབས་དེར་ཟ་ཁང་གི་འགྲུལ་བ་མང་ཤོས་སོང་ཚར་འདུག

   མོ་རང་དུས་རྒྱུན་དུ་ཟ་ཁང་གི་སྒོ་ཆུང་བརྒྱུད་ནས་ནང་དུ་སླེབས་ཤིང་། སླར་ཡང་ཟ་ཁང་གི་སྒོ་ཆུང་བརྒྱུད་ནས་ཕྱིར་འབུད་བྱེད། མོ་རང་ཟ་ཁང་དུ་སླེབས་ཐེངས་རེར་གོམ་སྟབས་མྱུར་མོས་ཟ་ཁང་གི་ཆེས་ནང་ལོགས་ཀྱི་སྒྲོག་ཙེའི་མཐའ་ནས་གཅིག་པུར་སྡོད་ཅིང་། མི་ཚོསག་དང་རིང་དུ་གྱེས་ཏེ་ཁ་ཁུ་སིམ་མེར་ནམ་རྒྱུན་སྡོད་སའི་གནས་དེར་འདུག མི་ཚོགས་ཀྱི་ཁྲོད་དུ་བསྡད་དེ་གླེང་མོལ་བྱེད་པ་དང་། མི་ཚོགས་དང་ལྷན་དུ་ནས་ཆང་འཐུང་རྒྱུའི་གོ་སྐབས་རེག་མ་སོང་། བོད་ཟས་ཁང་གི་མགྲོན་པོ་མང་ཆེ་ཤོས་ནི་སྒོ་ཆེན་བརྒྱུད་ནས་ནང་དུ་སླེབས་མཁན་རྐྱང་རྐྱང་རེད། ཁོང་ཚོའི་ཁྲོད་ཀྱི་མང་ཆེ་ཤོས་ནི་རྩོམ་པ་པོ་དང་། སྒྱུ་རྩལ་པ། སློབ་ཆེན་གྱི་དགེ་རྒན་དང་། སློབ་ཆེན་པ་ཏག་ཏག་རེད། དེ་བས་མོ་རང་ཁོ་ཚོའི་བཟོ་ལྟ་ལས་བག་ཁུམ་པོར་བཟོས། མོས་གདོང་རས་འོག་ནས་མངོན་ཆུང་གིས་ཟ་ཁང་གི་མགྲོན་པོ་ཚོར་ལྟ་ཐེངས་རེར། ཟ་ཁང་གི་སྦྱིན་བདག་མས་ཏག་ཏག་མོ་རང་ལ་བཅེར་བྱུང་།

“བུ་མོ་ལགས། ཁྱེད་ཀྱིས་ཅི་ཞིག་འཐུང་ངམ།”

“ནས་ཆང་དམ་བེ་གཅིག་དང་། ཤ་མོག་གཉིས།”

སྦྱིན་བདག་མས་བྱང་ཆ་ལྡན་པའི་སྒོ་ནས་མོར་ནས་ཆུང་དམ་བེ་གང་དང་ཤ་མོག་གཉིས་བྱིན།

གཡུ་སྒྲོན་མཚོ་ཟེར་བའི་གཞོན་ནུ་མ་དེ་ནི་ཟ་ཁང་གི་སྦྱིན་བདག་མ་དེའི་མིང་ཡིན། མོ་རང་ཟ་ཁང་གི་སྟེགས་བུའི་སྟེང་དུ་སྡོད་མཁན་དེ་ཡིན། ཟ་ཁང་གི་ཞབས་ཞུ་བ་དང་རྩིས་གཉེར་བ། སྟེགས་བུའི་སྟེང་དུ་སྡོད་མཁན་སོགས་ཀྱི་འགན་གཅིག་ལྕོགས་ཏུ་ཁུར་ཡོད།

   གྲོང་ཁྱེར་གྱི་གློག་སྒྲོན་གྱི་འོད་ལས་མི་གཉིས་ཀྱི་གྲིབ་གཟུགས་མཐོང་བྱུང་། མི་གཅིག་ཤོས་ནི་ལྟོ་ལྡིར་ཞིང་གཟུགས་པོ་ཐུང་བའི་སྐྱེས་པ་ཞིག་རེད།  ལག་ཏུ་ཁུག་མ་ཆུང་ཆུང་ཞིག་ཐོགས་ཤིང་། ནུབ་ལྭ་ཆ་ཚང་ཞིག་གྱོན་འདུག འགྲོས་དལ་བའི་གོམ་སྟབས་ལ་བལྟས་ན་ཁོ་པའི་རྐང་པ་དེ་འདྲའི་ཐང་པོ་མེད་པ་འདྲ།  དེའི་རྗེས་སུ་གཟུགས་པོ་རིང་ཞིང་སྒེག་ཉམས་ལྡན་པའི་བུད་མེད་ཅིག་འགྲོས་མགྱོགས་པོའི་སྒོ་ནས་སླེབས་བྱུང་། གྲིབ་གཟུགས་ལས་ཁོ་རང་གཉིས་ཀའི་གཟུགས་པོའི་བོངས་ཚད་དང་རིང་ཐུང་མ་གཏོགས། གོན་པའི་ཁ་དོག་དང་བཟང་ངན་སོགས་ཅི་ཡང་མི་མཐོང་།

  མཚན་ངོགས་དེར། མི་དེ་གཉིས་སྔ་གཞུག་བྱས་ཏེ་ཟུར་བརྒྱད་སྲང་ལམ་གྱི་བོད་ཟས་ཁང་དུ་ལོག་གིན་གདའ། གཟུགས་པོ་རྒྱགས་པའི་སྐྱེས་པ་དེ་ཟ་ཁང་གི་སྒོ་ཆེན་བརྒྱུད་ནས་སྔོན་ལ་ཟ་ཁང་གི་ནང་དུ་སླེབས་ཤིང་། ཁོས་ལག་ཐག་ཆུ་ཚོད་འཁོར་ལོ་དེ་ཅུང་ཡར་ལ་དེད་དེ། ཟ་ཁང་གི་ཤོག་བྱང་དེར་རང་གི་གནས་ཚུལ་རགས་བསྡུས་ཤིག་བྲིས།

མིང་།“ཡུམ་རྒྱལ་པོ།”

སྐྱེས་ཁོངས།“xxxxx”

ལས་གནས།“མི་རིགས་སློབ་ཆེན་གྱི་སློབ་གཙོ། ”

  གཟུགས་པོ་རྒྱགས་པའི་མི་དེས་དེ་ལྟར་བྲིས་རྗེས་ཕར་གཡོན་ཚུར་གཡོན་བྱས་ཏེ་གློག་འོད་དང་ཆེས་ཉེ་སའི་སྒྲོག་ཙེ་དེར་སྡོད་ཅིང་། ས་ལ་བསྡད་མ་ཐག་ཅུང་སྐྱེངས་པའི་ཚུལ་གྱིས་གདོང་གི་ཤེལ་མིག་སྟེང་དུ་ཆགས་པའི་ཚུལ་དྲེགས་གཙང་མར་ཕྱིས། དེ་ནས་ཕར་ལྟ་ཚུར་ལྟ་ཞིག་བྱེད་རྗེས་སླར་ཡང་གདོང་ལ་གྱོན།  ཁ་པར་སྣོགས། ཕར་ཆེར་མི་ཞིག་ལ་སྒུག་གིན་པ་འདྲ། ཁོས་རྐང་བའི་སྟེང་དུ་རྐང་པ་བརྩེགས་ནས་ཡུད་ཙམ་ལ་བསྡད། དེ་ནས་གདོང་གི་མིག་ཤེལ་ཕུད་དེ་མིག་ཕུར་ཕུར་ལན་འགའ་བྱེད། མིག་གི་ལྟ་ཕྱོགས་ཤིག་གིས་གམ་དུ་ལངས་པའི་གཡུ་སྒྲོན་མཚོའི་གྲིབ་གཟུགས་མཐོང་སོང་། མོ་ཡུན་རིང་ལ་སྐུ་མགྲོན་གྱི་གམ་དུ་ལངས་ནས་འདུག་པ་ལས་སྐད་ཆ་ཤོད་མ་སོང་བས། ཡུམ་སྐྱབས་ཟེར་བའི་སྐྱེས་པ་དེས་དོ་སྣང་མ་ཡོང་། དུས་རྒྱུན་ཡིན་ན་མཚན་ངོགས་སུ་མོས་སྐུ་མགྲོན་ཚོས་ཟ་མ་བདམས་མེད་པར་འདུག་ཡུན་ཅུང་རིང་ཚེ། མོས་མིག་གིས་འཛུམ་དམུལ་དམུལ་གྱིས་སྐུ་མགྲོན་ཚོར་ལྟ་ཐེངས་རེར་སྐུ་མགྲོན་ཚོས་ཀྱང་སྟབས་སྟབས་པོར་ཟ་མ་དང་བཏུང་བྱ་གང་ལེགས་བདམས་སྲིད།  ཡ་མཚན་པ་ཞིག་ལ་དེ་རིང་ནི་དེ་ལྟ་བུ་ཞིག་ག་ལ་ཡིན། མོས་ཟ་མའི་དཀར་ཆག་བཟུང་ནས་ཡུན་རིང་ལ་བསྡད་ཅིང་། གམ་གྱི་སློབ་གཙོ་ཟེར་བའི་སྐུ་མགྲོན་དེས་མ་ཚོར། དེ་ནས་གློག་འོད་དང་གྲིབ་གཟུགས་ཀྱི་རིམ་འགྱུར་ལས་ཁོས་སྦྱིན་བདག་མ་གཡུ་སྒྲོན་མཚོ་མཐོང་བྱུང་། ཁོའི་མིག་གི་ལྟ་ཕྱོགས་དང་གཡུ་སྒྲོན་མཚོའི་ཐུར་དུ་འབུར་བའི་ནུ་ཟུང་ནི་དྲང་ཐིག་གཙིག་གི་སྟེང་ལ་བབས་སྟེ་ཅི་ཡིན་འདི་ཡིན་མེད་པར་བཏང་།

“ཚོད་ཚོད་ལ། ཨ་ཅག་ལགས། ཅུང་ཙམ་སྒུག་རོགས་”ཞེས་ཁ་ནས་ཤོར་སོང་།

     དེ་ནས་ཅང་མ་འགོར་བར། གཞོན་ནུ་མ་དེ་མངོན་ཆུང་གིས་ཟ་ཁང་གི་སྒོ་ཆུང་བརྒྱུད་ནས་ནང་དུ་སླེབས་བྱུང་། མོས་ཕར་ལྟ་ཚུར་ལྟ་ཞིག་བྱེད་རྗེས་མགྱོགས་མོར་རང་ཉིད་ཀྱི་མིང་དང་སྡོད་གནས་བྲིས།

མིང་།“གཡེང་མོ།”

ས་གནས། “ཀྲིན་ནེའུ་ལུའུ་ཟུར་བརྒྱད་སྲང་ལམ་གྱི་གཡོན་ཕྱོགས། ”

སྐྱེས་ཁོངས།“རི་བོ་ཧི་མ་ལ་ཡ་དང་ཆུ་མོ་ཡར་ཀླུང་གཙང་བོའི་འགྲམ་རྒྱུད།”

   གཞོན་ནུ་མ་དེས་རང་གི་སྡོད་གནས་སོགས་བྲིས་རྗེས་འགྲོས་མགྱོགས་པོས་ཆེས་ནང་ལོགས་ཀྱི་སྒྲོག་ཙེའི་གམ་དུ་བསྡད།

ཟ་ཁང་གི་ཆེས་ནང་ལོགས་ཀྱི་སྒྲོག་ཙེ་དེ་ནི་གློག་སྒྲོན་དང་ཁ་ཐག་རིང་ཞིང་། ཟ་ཁང་གི་སྐུ་མགྲོན་རྣམས་དང་འབྲེལ་ལམ་དོག་པ། སྒྲོག་ཙེ་ཡང་སྒྲོག་ཙེ་གཞན་དག་ལས་ཁྱད་མཚར་ཞིག་འདུག ་ཞེང་ཐུང་ལ་སྲིད་རིང་བ། བོངས་ཚད་དང་རྒྱ་ཁྱོན། ཡོད་ཚད་ཆུང་ཆུང་ཞིག དོག་མོ་དག་མོ་ཞིག བཙིར་འདུག་པའི་སྣང་བ་ཞིག་ཤར་ཡོང་།

“ནས་ཆང་དམ་བེ་གཅིག་དང་། ཤ་མོག་གཉིས།” གཡེང་མོ་དེ་ལྟར་བཤད།

   དེའི་རྗེས་སུ། ་མི་མང་པོ་ཞིག་གཅིག་རྗེས་མཐུད་ཀྱིས་ཟ་ཁང་དེར་སླེབས་ཡོང་། དེ་དག་ནི་ཟ་ཁང་སྒོ་ཆེན་བརྒྱུད་ནས་ནང་དུ་སླེབས་མཁན་ཁོ་ན་རེད། ཁོ་རང་ཚོས་མ་བགྲོས་གཅིག་མཐུན་གྱིས་སྒྲོག་ཙེ་གཅིག་སྐོར་ནས་ལབ་གླེང་སྣ་ཚོགས་བྱེད། མང་ཆེ་ཤས་ནི་རྩོམ་པ་པོ་དང་། སྒྱུ་རྩལ་པ་དང་། སློབ་ཆེན་གྱི་དགེ་རྒན་དང་། སློབ་ཆེན་པ་ཏག་ཏག་རེད། དེའི་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡས་མས་ཀྱིས་གདོང་ལ་ཤེལ་མིག་གྱོན་འདུག བརྒྱ་ཆའི་དྲུག་ཅུ་ཡས་མས་ནི་ལུས་པོ་རྒྱགས་ཤིང་ལག་ཏུ་ཁུག་མ་ཐོགས་མཁན་རང་རེད།

ཆེས་ནང་ལོགས་ཀྱི་སྒྲོག་ཙེ་དེར་སྡོད་པའི་གཡེང་མོ་དང་ཟ་ཁང་སྟེགས་བུའི་སྟེང་དུ་སྡོད་མཁན་གྱི་གཡུ་སྒྲོན་མཚོ་གཉིས་ཀྱིས་མིག་ཤེལ་གྱོན་མི་འདུག

   དགོང་མོའི་ཆུ་ཚོད་བཅུ་པ་སླེབས་བྱུང་། ནམ་རྒྱུན་དང་འདྲ་བར་ཟ་ཁང་སྐུ་མགྲོན་མང་ཆེ་ཤོས་ཀྱིས་ལག་ཁུག་ཁྱེར་ནས་བྲེལ་སྟབས་ཀྱིས་ཆས་སོང་། སྔར་བཞིན་ཤར་ལམ་དེད་ནས་ནུབ་ཕྱོགས་ཀྱི་ལམ་ཆེན་སྟེང་དུ་གོམ་པ་རེ་རེ་བཞིན་སྤོས། རིང་ཐུང་དང་སྦོམ་ཕྲ་མི་སྙོམས་ཤིང་། ལག་ཏུ་ཁུག་མ་ཐོགས་མཁན་དེ་ཚོའི་གྲས་སུ་ལྭ་རིང་གྱོན་མཁན་བརྒྱ་ཆའི་གཅིག་ཙམ་མ་གཏོགས་མེད་པ་འདྲ། མང་ཆེ་ཤོས་ཀྱིས་རྒྱས་“ཞི་ཀྲང”དུ་འབོད་་པའི་ལྭ་བ་ཡུག་མ་དེ་གྱོན་ཡོད། དེ་ཚོར་ཐུན་མོང་གི་འདྲ་ས་ཞིག་ཡོད་པ་ནི་ལྟོ་བ་འབུར་ཞིང་། ཨག་མ་ལུགས་པ། ངོ་གདོང་སྣུམ་ཤ་དོད་པ། མགོ་བོ་མཐོན་པོར་དགྱེ་ཞིང་བྲང་ཁོག་མདུན་ཐད་དུ་བསྲིངས་པ་དེ་ཡིན།

  ཕྱིས་སུ་གཟུགས་པོ་སྐམ་ཞིང་ཤ་རིད་པ་དང་། གདོང་མདོག་དཀར་བའི་མགྲོན་པོ་ཁ་ཤས་ཀྱང་ཐད་ཀར་ཟ་ཁང་གི་སྒོ་ཆེན་བརྒྱུད་ནས་ལམ་ལ་ཆས། སྔར་བཞིན་ཤར་ལམ་དེད་ནས་ནུབ་ཕྱོགས་ཀྱི་ལམ་ཆེན་སྟེང་དུ་གོམ་པ་རེ་རེ་བཞིན་སྤོས། སྒྱིད་པ་རིང་ཞིང་དོར་མ་ཐུང་བ། ལུས་པོ་སྐམ་ཞིང་མགོ་སྐྲའི་ཁ་དོག་མཛེས་པ། འཇའ་ཚོན་སྣ་ལྔ་ལྟ་བུའི་མིག་གི་དབང་བོ་འཕྲོག་འདྲའི་གོན་པ་སྣ་ཚོགས།

ཆེ་ཆུང་དང་སྦོམ་ཕྲ་མི་འདྲ་བའི་ཁུང་བུ་མང་པོས་དེ་དག་གི་གོན་པར་རྣམ་པ་གཞན་ཞིག་བསྣན་འདུག  དེ་ཚོར་དམིགས་བསལ་གྱིས་ཁྱད་ཆོས་ཤིག་ཡོད་པ་ནི་སྐྲ་ཚུགས་འཇོག་སྟངས་དེ་རེད། ལ་ལ་ནི་བྱ་དེའི་ཅོད་པན་གྱི་ཚུགས་ཀ་དང་འདྲ་ལ། ལ་ལ་ནི་ལྕོང་མོའི་དབྱིབས་ཅན། ལ་ལ་ནི་ཁེམ་བུ་དང་འདྲ་ལ། ལ་ལ་ནི་ལྷམ་སྟན་དང་། ལ་ལ་ནི་རྩྭ་ཕྱགས་དང་འདྲ་ལ། ལ་ལ་ནི་རས་ཕྱགས་དང་འདྲ།ད་དུང་གཞན་དག དབྱིབས་དང་ཁ་དོག་མི་འདྲ་བའི་སྐྲ་ལོ་གསེང་ནས་དུ་དྲི་དང་ཆང་དྲི་ལུ་ལུ་ལུ།

   ཟ་ཁང་གི་ཆེས་ནང་ལོགས་སུ་སྡོད་མཁན་གྱི་བུ་མོ་དེས་ཟེར་གཡོལ་ཤེལ་མིག་ཅིག་གྱོན་ཞིང་། “消失的地平线”ཞེས་པའི་དེབ་ཅིག་མདུན་དུ་བླངས་ནས་ལྟ་ཙམ་ལྟ་ཙམ་བྱེད། དེ་ནས་མོས་སུན་སྣང་དང་བཅས་གློག་འོད་དང་ཁ་ཐག་རིང་བའི་སྒྲོག་ཙེ་དེའི་སྒང་ལ་སེན་འདྲད་བྱས་ནས་བསྡད།

   སྒེའུ་ཁུང་གི་གམ་གྱི་སྒྲོག་ཙེའི་འགྲམ་དུ་སྡོད་མཁན་གྱི་སྐུ་མགྲོན་དེས་གཙང་ཤོག་གིས་མིག་ཤེལ་ཕྱིས་རྗེས། ཞབས་ཞུ་སྟེགས་བུའི་འགྲམ་དུ་གཉིད་ཡོར་བྱས་ཀྱིན་པའི་གཞོན་ནུ་མ་དེའི་ཕྲག་པར་རེག་ཙམ་བྱས་ཙ་ན། བུད་མེད་དེས་ཡིད་ཆེས་དང་བཅས་ཟ་ཁང་གི་གློག་གཟིམ་བྱུང་།

“ཨ་ཙི། ག་རེ་བྱས་སོང་།”མོས་མ་ཤེས་ཁུལ་གྱིས་དེ་ལྟར་ལབ།

“གཡུ་སྒྲོན་མཚོ། སུ་ཡིན་ནམ།” སྐུ་མགྲོན་དེས་འཚབ་ཆ་དོད་པོའི་སྒོ་ནས་དེ་ལྟར་ལབ།

“ང་ཡིན།”

“ང་ཡིན།”

“ཁྱེད་གཉིས་ཀའི་སུ་ཡིན། ང་སློབ་གཙོ་ཡུམ་རྒྱལ་པོ་ཡིན། ངའི་དུས་ཚོད་མང་པོ་ཞིག་ཆུད་ཟོས་སུ་བཏང་སོང་།”

“འདི་རེད། མཐར་ཕྱིན་དཔང་ཡིག་ཡིན། ངའི་སློབ་རིན་ཕྱིར་སྟེར་རོགས།”་གཡེང་མོས་དེ་ལྟར་བཤད།

“ཧ་་་ཧ་་་་ཁྱེད་ཡིན་ནམ། གོང་རིམ་གྱི་ཡིག་ཆ་ལྟར་སློབ་རིན་ཕྱིར་སྟེར་རྒྱུ་མ་རེད།”

“ལོ་གཅིག ལོ་གཉིས། ལོ་གསུམ་་་་་་་ཤོག་བྱང་འདིའི་རིན་ཐང་མི་རྙེད་ཀི”

“དེས་ན་ཁྱེད་སུ་ཡིན། ཁྱེད་ཀྱི་མིང་ལ་ཡང་གཡུ་སྒྲོན་མཚོ་ཟེར་རམ།”

“ཡིན། ངེད་གཉིས་ཀ་ལྕམ་སྲིང་ཡིན།”

 “ཨ་ཅེ་་་་་་”

 “ནུ་མོ་་་་”

  ཆུ་ཚོད་ཀྱི་སྐར་མདའ་ཐག་ཐག་གཡས་ནས་གཡས་སུ་བཞུད། སློབ་གཙོ་ཟ་ཁང་གི་སྒོ་ཆེན་བརྒྱུད་ནས་མི་རིགས་སློབ་ཆེན་ལྟག་སྒོར་འཛུལ་མ་ཐག རང་ཉིད་ཀྱི་སྐྱེས་ཁོངས་བྲིས་མེད་པ་དེ་ཡིད་ལ་དྲན། ཁོས་ཕྱིར་བལྟས་བྱེད་རྗེས་ཁོང་འཛུམ་ཞིག་ལངས་བཞིན་མུ་མཐུད་དུ་མདུན་ཕྱོགས་སུ་ཆས་སོང་།

 
                          ནད་ཁང་ཨང་བཅུ་བདུན་པ།

ལོ་དེའི་དབྱར་ཁར། གནམ་གཤིས་སྐམ་ཤས་ཆེ་ལ། མཚམས་རེར་ཙད་པ་གཙེས་ཏེ་ཡིད་མུག་མུག་པོར་གཏོང་བར་བྱེད། ནད་གཞི་ཅུང་ཡང་བའི་ནད་པ་ཁ་ཤས་ཀྱིས་སྨན་ཁང་གི་སྤྱི་གླིང་དུ་བསྡད་དེ་ངལ་གསོ་བྱེད་པའམ། ཉི་འབྲུ་རེ་ཟོས་ནས་ཉི་མ་ཕུད་ཐབས་བྱེད་ཀྱིན་ཡོད།  ཁོ་ཚོས་སྤྱི་གླིང་གི་སྡོང་ལོའི་གྲིབ་བསིལ་འོག་ཏུ་བསྡད་དེ་རང་ཉིད་ཀྱི་ཁམས་དང་བསྟུན་པའི་ལབ་གླེང་བྱེད་པ་དང་། བྱ་སྒྲོའི་སྤོ་ལོ་རྩེ་བ་དང་། མིག་མངས་རྩེ་བ་སོགས་རང་རང་གི་དགའ་ཕྱོགས་དང་བསྟུན་པའི་རོལ་རྩེད་ལ་གཡེང་ནས་ངལ་གསོ་བྱེད། དེ་དག་ལས་ནད་པ་མང་ཆེ་ཤོས་ནི་ནད་པའི་ཁྱིམ་མི་དང་གཞན་དག་རེད།

   སྨན་ཁང་ཀ་བའི་ནད་ཁང་ཨང་བཅུ་བདུན་པར་ནད་གཞིའི་གནས་ཚུལ་ཧ་ཅང་སྡུག་པའི་ནད་པ་གཉིས་བསྡད་ཡོད། ཁོ་རང་གཉིས་ཀའི་ནད་ཀྱི་གནས་ཚུལ་ཧ་ཅང་ལྕི་བའི་ཁར་ནད་བཅོས་བྱེད་སྐབས་ཀྱི་བརྒྱུད་རིམ་ཡང་རྙོག་འཛིང་ཅན་ཞིག་རེད། དེ་མིན་ནད་ཁང་གི་གཞི་རྒྱ་ཆུང་དྲག་པས་ཉལ་ཁྲི་གཉིས་མ་གཏོགས་མི་ཤོང་། ནད་པ་དེ་གཉིས་ཀ་སྡོད་སའི་ནད་ཁང་ཨང་བཅུ་བདུན་པ་དེར་སྨན་ཁང་གི་བཟོ་བཀོད་ལྟར་སྒོ་གཅིག་དང་སྒེའུ་ཁུང་གཅིག་མ་གཏོགས་མེད་ལ། སྒོ་ནི་སྨན་ཁང་གི་བར་ཁྱིམ་ལ་ཕྱོགས་ཤིང་། སྒེའུ་ཁུང་ཁོ་ན་བརྒྱུད་ནས་ད་གཟོད་ཕྱིའི་འཇིག་རྟེན་ལ་མིག་གཡེང་བྱེད་རྒྱུ་ལས་ཐབས་གཞན་མེད།

སྒེའུ་ཁུང་དང་ཉེ་བར་བཅར་བའི་ནད་པས་ནད་བཅོས་ཀྱི་གནས་ཚུལ་དང་བསྟུན་ནས་ལུས་པོ་དགྱེ་དགྱེ་བྱས་ཏེ་ཆུ་ཚོད་གཅིག་གི་རིང་ལ་ཁམས་གཡེང་བྱས་ཆོག  ཏག་ཏག་ཉིན་གཅིག་གི་དུས་ཚོད་གཅིག་སྤྱད་ནས་ཕྱིའི་འཇིག་རྟེན་ལ་ལྟད་མོ་བལྟས་ཆོག་པ་རེད།

    ནད་པ་གཞན་པ་དེ་ནི་ནད་གཞིའི་གནས་ཚུལ་ལྟར་ཉིན་མཚན་དུས་དྲུག་ཏུ་ཉལ་ནས་འདུག་པ་ལས་ཡར་དགྱེ་མི་ཆོག་ལ། ནད་པ་འདི་གཉིས་ཀར་ལྷིང་འཇགས་ཀྱི་སྒོ་ནས་ནད་བཅོས་བྱས་པ་ལས། ཟང་ཟིང་དང་འུར་སྒྲ་སོགས་གཏན་ནས་ཡོད་མི་ཆོག དེ་ནི་སྨན་པས་བཏོན་པའི་སྒྲིག་ལམ་དང་མཉམ་འཇོག་བྱ་དགོས་ས་དེའོ།། ཆེས་ཡིད་སྐྱོ་བ་ཞིག་ལ་ནད་པ་དེ་གཉིས་ཀས་ཚགས་པར་ལ་ལྟ་མི་ཆོག་པར་མ་ཟད། རླུང་འཕྲིན་ལ་ཉན་པ་དང་བརྙན་འཕྲིན་ལ་ལྟ་བ་སོགས་ཀྱི་བྱ་སྤྱོད་ནི་དེ་བས་ཀྱང་སྤེལ་ཆོག་གི་མ་རེད། ནད་ཁང་དེར་ཁོ་རང་གཉིས་མ་གཏོགས། ཁྱིམ་མི་དང་ཉེ་འབྲེལ་སོགས་གང་ཡང་མ་མཆིས།

  དུས་རྒྱུན་ནད་པ་གཉིས་ཀྱིས་ཨ་སྔོན་ནམ་མཁའི་སྐོར་ལབ་གླེང་བྱེད། ལབ་གླེང་ཐེངས་རེར་ཕལ་ཆེར་ཆུ་ཚོད་ཁ་ཤས་འགོར། ཡང་མཚམས་མཚམས་སུ་ནད་པ་དེ་གཉིས་ཀས་རང་ཁྱིམ་གྱི་ཆུང་མ་དང་། རང་ཉིད་ཀྱི་བྱ་བ། རང་ཉིད་ཀྱི་བརྩེ་དུང་དང་ཕུགས་བསམ། འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱས་པ་སོགས་ཕན་ཚུན་གྱི་ལབ་གླེང་ནི་རྒྱུན་མི་ཆད། ཁོ་རང་གཉིས་པོ་

སྨན་ཁང་ཀ་བའི་ཁང་མིག་ཅིག་ཏུ་བསྡད་དེ་མིའི་རིགས་ཀྱི་བདེ་ཐང་དང་མདུན་ལམ། བདེ་སྐྱིད་དང་སྡུག་བསྔལ་སོགས་སེམས་ལ་གང་དྲན་དང་ཡིད་ལ་གང་ཤར་བརྗོད་ཀྱིན་ཡོད།

    ཉི་མ་གཅིག ཉི་མ་གཉིས། ཉི་མ་གསུམ། ཉི་མ་མང་པོ་མང་པོ་ཞིག་འདས་རྗེས་ཀྱི་ཉིན་ཞིག་ལ། དུས་ཚོད་ཀྱི་སྐར་མདའ་དེ་སྐར་ཆའི་སྟེང་ནས་རིམ་གྱིས་སྐར་མའི་མདའ་དང་། དེ་ནས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཆུ་ཚོད་ཀྱི་མདའི་ཐོག་ཏུ་བབས་བྱུང་། རིང་ལ་ཐུང་བའི་ཉི་མ་གཅིག་མཇུག་རྫོགས་ལ་ཉེ་དུས། དགུང་ཕྱི་དྲོའི་ཉི་ཐིག་སྨན་ཁང་ཀ་བའི་ནད་ཁང་ཨང་བཅུ་བདུན་པར་འཕྲོས་བྱུང་། ཏག་ཏག་ཕྱི་དྲོའི་དུས་ཚོད་དེར་སླེབས། སྒེའུ་ཁུང་གི་གམ་དུ་ཡོད་པའི་ནད་པ་དེ་ཡར་དགྱེ་སྟེ་ཕྱི་རོལ་གྱི་ཡུལ་ལྗོངས་ལ་ཁམས་གཡེང་བྱེད་པའི་དུས་སུ་རན། ཁོས་རང་གི་མཐོང་ལམ་དུ་མངོན་པའི་སྒེའུ་ཁུང་ཕྱི་རོལ་གྱི་བྱེད་སྒོ་སྣ་ཚོགས་གམ་གྱི་ནད་པ་དེར་ལབ། འདི་ལྟར་ཉི་མ་རེ་རེ་དང་། ཟླ་བ་རེ་རེ། ཐ་ན་ལོ་རེ་རེ་བཞིན་བགྲང་བྱ་ཁ་ཤས་འགོར་དུས། ག་ལེར་ལེར། དུས་ཡུན་ཆུ་ཚོད་གཅིག་གི་རིང་ལ་ལོངས་སུ་སྤྱད་པའི་ཕྱི་རོལ་གྱི་འཇིག་རྟེན་ནི་ནད་ཁང་ཨང་བཅུ་བདུན་པའི་འཚོ་བའི་ནང་དོན་ཆ་ཚང་དུ་གྱུར།

  ནད་ཁང་གི་སྒེའུ་ཁུང་ཉེ་སར་སྤྱི་གླིང་ཞིག་ཡོད། སྤྱི་གླིང་དུ་མཚོ་ཆུང་ཞིག་ཀྱང་སྐྱིལ་ཡོད། མཚོ་ངོགས་སུ་རི་སྐྱེས་བྱ་གག་དང་ངུར་བ། ད་དུང་མིང་མི་ཤེས་པའི་བྱ་རིགས་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ནས་བག་ཡངས་སུ་རྒྱུ།  བྱིས་པ་བསམ་མེད་སྐོར་ཞིག་གིས་བག་ལེབ་མཚོ་ནང་དུ་གཡུགས་ནས་ཆུ་བྱར་གཟན་ཆས་སྟེར་གྱིན་གདའ། བྱིས་པ་ལ་ལ་མཚོ་ངོགས་སུ་གཡེང་ནས་ཆུ་རྐྱལ་གཏགས་པ་དང་། བྱིས་པ་ལ་ལས་ཉ་འཛིན་པ་དང་། བྱིས་པ་ལ་ལས་མཚོ་འགྲམ་གྱི་རྡེའུ་ཟེགས་བཏུས་ནས་རྩེད་མོར་གཡེང་པ།  དེ་དང་ཐག་མི་རིང་བའི་སར་གསོམ་ཤིང་དང་། རྒྱ་ལྕང་། དབྱར་སྡོང་སོགས་ལྗོན་ཤིང་སྣ་ཚོགས་བཙུགས་ཡོད། ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་གཞོན་ནུ་ཕོ་གཉིས་ཀྱིས་དུང་སེམས་ཀྱི་མཆུ་འདབ་སྦྱོར་བ་དང་། དགའ་བདེའི་དཔལ་ལ་རོལ་བཞིན་གནས་དེ་རུ་འཆམ་འཆམ་དུ་འགྲོ་བཞིན་མཆིས། 

   སྤྱི་གླིང་དུ་མེ་ཏོག་རྣམ་པར་བཞད་ཅིང་། དེ་ལས་གཙོར་ཆེ་ཤས་ནི་རྒྱ་སེ་མེ་ཏོག་དང་ཆུ་སྐྱེས་པད་མ་རེད། ཁ་དོག་སྣ་ཚོགས་འཛིན་པའི་འགྱིག་བཟོས་མེ་ཏོག་དང་། འགྱིག་བཟོས་རྩེད་ཆས་སོགས་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སྣང་། དེ་དག་ལས་ཆེས་ཡིད་གར་འོང་བའི་མེ་ཏོག་པདྨ་ནི་བྱིས་པ་ཚོའི་ལག་ཆུང་གིས་སྒུལ་ཙམ་སྒུལ་བྱེད།  སྤྱི་གླིང་གི་ཕྱོགས་གཅིག་ཏུ་བྱ་སྒྲོའི་སྤོ་ལོ་དང་ཕང་ཕིང་སྤོ་ལོ་རྩེད་སའི་ར་བ་ཆུང་ཆུང་ཞིག་མཆིས། སྐབས་ལན་རེར་གནས་དེར་མི་མང་པོར་འདུས་ནས་འགྲན་སྡུར་ལ་ལྟ་བཞིན་འདུག ཛ་དྲག་ཆེ་བའི་འགྲན་སྡུར་རེ་རེ་ལས་ཆེས་ངོ་མཚར་བའི་ལྟད་མོ་རེ་རེ་མཐོང་གིན་པ་འདྲ། ནད་གཞི་ཡང་མོ་ཅན་གྱི་ནད་པ་ཁ་ཤས་གནས་དེར་བསྡད་དེ་ཉིན་གཅིག་གི་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་གདའ། སྤྱི་གླིང་གི་ནང་ལོགས་སུ་རྩྭ་ཐང་ཆུང་ཆུང་ཞིག་ཀྱང་ཡོད། དེ་ནི་སྤྱི་གླིང་ནང་གི་ཚོང་ཁང་དང་ཐག་ཉེ་བོ་ཡོད་པས་འུར་ཟིང་ཆེ་ཚུལ། བྱིས་པ་ཚོས་འཁྱགས་ཞོ་དང་དབུགས་ལྒང་ཉོ་བཞིན་པ་དང་། ཨ་མྱེས་རྒད་པོ་ཞིག་གིས་ཉ་ཤ་བསྲེགས་མ་ཞིག་ཉོ་བཞིན་པ། ཟེར་གཡོལ་ཤེལ་མིག་གྱོན་པའི་ཨ་ཅག་ཅིག་གིས་ལག་ཁུག་དམར་པོ་སྙིང་རྗེ་མོ་ཞིག་ཉོས་ཚུལ། དེ་མིན་ལ་ལས་ཉི་འབྲུ་དང་ལ་ལས་ཆང་བ་ལི་དང་ཚ་ལུ་མ་སོགས་བཟའ་བཏུང་ཅི་རིགས་ཉོ་བཞིན་པའི་ཚུལ། བྱིས་པ་ཞིག་རྒྱུགས་ནས་འཁྱགས་ཞོ་སར་ལྷུང་བ་དང་། སར་ལྷུང་བའི་འཁྱགས་ཞོ་དེ་ཧྭ་པས་ལྡག་ནས་བུད་སོང་ཚུལ། གཞོན་ནུ་མའི་སྒེག་ཉམས་དང་ཛ་དྲག་ཆེ་བའི་སྤོ་ལོ་འགྲན་བསྡུར་སོགས་ཆེས་གསོན་ཉམས་ལྡན་པའི་སྒོ་ནས་གམ་དུ་སྡོད་མཁན་གྱི་ནད་པ་དེར་ལབ།

   མཐོང་ལམ་གྱི་འཇིག་རྟེན། བདེ་ཐང་ངང་ནར་སོན་གྱིན་པའི་བྱིས་པ་བསམ་མེད་ཚོ། རང་དབང་གིས་འཚོ་བའི་ཕར་འགྲོ་ཚུར་ལོང་གི་ལམ་འགྲོ་བ། ལུས་རྩལ་སྦྱོང་མཁན་དང་འཁྱགས་ཞོ་ཉོ་མཁན། ད་དུང་ལྟད་མོ་བ་དང་འགྲན་རྩོད་པ། ཆེས་ཡིད་དུ་འོང་པའི་འཇིག་རྟེན་ཞིག་ཨང་། ཡར་དགྱེ་མི་ཐུབ་པའི་ནད་པས་ཉན་ཐེངས་རེར་ཆེས་བདེ་སྐྱིད་ལྡན་པ་ཞིག་ཨང་། ཁོས་རང་དབང་མེད་པར་རང་ཉིད་ཀྱང་སྒེའུ་ཁུང་གི་གམ་དུ་བསྡད་དེ་ཕྱི་རོལ་གྱི་འཇིག་རྟེན་མཐོང་རྒྱུ་བྱུང་ན་བསམ། ཅིའི་ཕྱིར་རང་ཉིད་སྒེའུ་ཁུང་གི་གམ་དུ་སྡོད་མཁན་དེ་མ་ཡིན་ནམ་ཞེས་རང་གིས་རང་ལ་འཁང་ར་བྱེད་བཞིན་ལུས།

  ཉིན་ཞིག་གི་ཕྱི་དྲོར། ཨེ་མ། མཚར་རོ། ཨ་ཨ་་་ཡག་པོ་རེད་ཅེས་སྒེའུ་ཁུང་གམ་དུ་སྡོད་མཁན་གྱི་ནད་པས་ཕྱི་རོལ་གྱི་སྤོ་ལོ་རྩེད་མཁན་ཞིག་བརྗོད་བྱུང་། སྒེའུ་ཁུང་གི་གམ་དུ་སྡོད་མཁན་གྱི་ནད་པ་དེས་རང་གི་མཐོང་ལམ་གྱི་བྱ་དངོས་དག་ནད་པ་གཞན་དེར་ལབ་རྗེས། ནད་པ་གཞན་དེའི་ནི་མིག་མདངས་མི་ལེགས་ཤིང་། སྙིང་གི་འཕར་ལྡིང་དང་ཁྲག་གི་འཁོར་རྒྱུག་སོགས་ཚད་མཐོ་རུ་ཕྱིན་ཏེ། རླུང་ཁམས་ཀྱི་ཚོར་བ་དང་ལུས་ཀྱི་བ་སྤུ་རེ་རེར་འཇིགས་སྣང་སྟེར། དེ་ནས་བཟུང་། ནད་ཁང་ཨང་བཅུ་བདུན་པར་སྡོད་མཁན་གྱི་ནད་པ་ཅིག་ཤོས་དེར་སྡུག་བསྔལ་དང་ཞེ་སྡང་དྲག་ཏུ་སྐྱེས། ཁོས་ཉིན་མཚན་དབྱེར་མེད་དུ་སྒེའུ་ཁུང་གི་གམ་དུ་སྡོད་མཁན་དེར་ཕྲག་དོག་བྱེད། རིམ་བཞིན་མཚན་མོར་གཉིད་མི་ཁུགས་ཤིང་ཉིན་དཀར་ཟས་ཟ་མི་ཐུབ་པར་གྱུར། མཐར་ནད་གཞི་ཇེ་སྡུག་ནས་ཇེ་སྡུག་ཏུ་གྱུར། གམ་གྱི་ནད་པ་དེའང་ལུས་སེམས་བདེ་རུ་འབབ་ཏུ་མ་བཅུག

   ཉིན་ཞིག་གི་དགོང་མོར། ནད་ཁང་གི་བར་ཁྱིམ་དང་ཁ་གཏད་དུ་ཡོད་པའི་ནད་པ་དེས་སེམས་ཚེགས་ཆེན་པོས་སྨན་ཁང་གི་གནམ་གཅལ་ལ་བཅེར་ནས་བསྡད། ཡིད་ཕངས་པ་ཞིག་ལ། ནད་ཁང་ཨང་བཅུ་བདུན་པ་ནི་སྔར་ལས་ལྷིང་འཇགས་སེ། གཅིག་སེམས་གཅིག་ལ་ཁེན་ནས་ཡིད་ཀྱི་དྲན་ཚོར་མི་བརྗོད་པའི་ཁར། ག་དུས་ཤིག་ལ་རང་ཉིད་སྨན་ཁང་ནས་སྒོར་འབུད་རྒྱུ་ཁོ་ནར་རེ་སྒུག་བྱེད། སྐབས་དེར། ཁོའི་འདུག་གྲོགས་ནད་པ་དེས་ལུ་མགོ་བརྩམས་བྱུང་། དབུགས་ཀྱི་རྒྱུ་བས་གློ་བའི་འཕར་ལྡིང་བསྒག་པ་དང་། ཁོས་ལག་པ་འདར་བཞིན་དུ་ནད་པ་གཞན་དེར་ལག་བརྡ་ཞིག་བསྟན་མོད། ནད་པ་གཞན་དེས་ནི་འགུལ་ཙམ་ཡང་མི་བྱེད་པར་འགྱིང་ནས་བསྡད།  སེམས་སུ་ཅིའི་ཕྱིར་རང་ཉིད་སྒེའུ་ཁུང་གི་གམ་དུ་སྡོད་མཁན་དེ་མ་ཡིན་ནམ་ཞེས་གནམ་རྒན་མར་ལེ་བདའ་བྱེད་བཞིན་པ་འདྲ་བར་གནམ་ལ་མཛུབ་མོ་ཀེར་ཀེར་བྱེད། ཁོས་མ་རུང་བའི་ཉམས་ཤིག་བསྟན་པས་གམ་གྱི་ནད་པ་དེའང་ལྷོད་ཅག་གེར་གྱུར།

རུས་གཟེར་རྒྱག་འདྲའི་གློ་ལུ་དེས་མཚན་ལམ་གྱི་སྨག་རིམ་དང་ལྷིང་འཇགས་གཏོར། ལུ་ཐེངས་གཅིག་ལུ་ཐེངས་གཉིས། ལུ་ཐེངས་གསུམ། རིམ་གྱིས་ལུ་ཐེངས་ཇེ་མང་དང་འགྲོས་ཚད་ཇེ་མགྱོགས་སུ་སོང་། དེ་དང་བསྟུན་ནས་ངོ་མདོག་ཡང་དམར་པོར་གྱུར། ཁོས་མ་ཁར་སོ་བཏབ་ནས་བསྲན་ཅི་ཐུབ་བྱེད་མོད། གློ་ལུ་དེ་ཇེ་བཙན་ནས་ཇེ་བཙན་དུ་སོང་སྟེ་མཐར་དབུགས་འཚང་བྱུང་། དབུགས་ཀྱི་རྒྱུ་བ་འགག ལག་པ་དང་རྐང་པ། རེ་རེ་བཞིན་འཁྱགས་པར་གྱུར། ནད་པ་གཞན་དེས་སྔར་བཞིན་སྨན་ཁང་གི་གནམ་གཅལ་ལ་བལྟས་ནས་བསྡད་འདུག ཕལ་ཆེར་ཁོས་ཅི་ཡང་ཚོར་གྱིན་མེད་པ་འདྲ།     

ཉིན་གཉིས་པའི་ནངས་མོར། ནད་གཡོག་མ་ཚོས་གནམ་ཁབ་དམ་བེ་རེ་རེ་ནད་ཁང་སོ་སོར་བསྐྱལ་མོད། ནད་ཁང་ཨང་བཅུ་བདུན་པར་གྲག་འགུལ་ཅི་ཡང་མེད་པར་ལྷིང་འཇགས་སེ། ནད་གཡོག་མས་ཡང་ཟོར་གྱིས་ནད་ཁང་གི་སྒོ་ཕྱེས་ཏེ་ནད་པར་ཁམས་བདེ་ཞིག་ཞུས་ཀྱང་ཨ་ལན་སྟེར་མཁན་བྱུང་། མོས་སྒེའུ་ཁུང་གི་གམ་དུ་སྡོད་མཁན་གྱི་ནད་པ་དེས་ཨ་ལན་མི་སྟེར་དོན་ཅི་ཡིན་ནམ་སྙམ་སྟེ་ནང་དུ་ཕྱིན་ཙ་ན། ཁོའི་ལུས་ཧྲིལ་བོ་འཁྱགས་པར་གྱུར་ཏེ་སྙིང་གི་འཕར་ལྡིང་ཡང་མཚམས་བཞག་འདུག ནད་གཡོག་མས་ནད་པའི་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་འགག་ཟིན་པ་ཤེས་མ་ཉིད། ཁ་རོག་ཁ་རོག་གེར་བེམ་པོ་བཀྱགས་ནས་ནད་ཁང་ལས་བུད་སོང་། ཕལ་ཆེར་འཇིགས་སྐྲག་ཅི་ཡང་མེད་པ་འདྲ། བབ་ཆགས་ལ་འགྲོས་མཉམ་པའི་གོམ་སྟབས་རེ་རེ་མདུན་ནས་མདུན་དུ་སྤོས། ག་ལེ་ག་ལེར་མདུན་ནས་མདུན་དུ་སྤོས།

   ཉིན་དེའི་ཕྱི་ཉིན་ནས་བཟུང་། སྒེའུ་ཁུང་གམ་གྱི་ནད་ཁྲི་དེ་སྟོང་པར་ལུས། ནད་པ་གཞན་དེའི་སེམས་སུ་ད་ནི་རང་ཉིད་ཁོ་ནས་ལོངས་སུ་སྤྱད་པས་ཆོག་སྙམ་སྟེ། ནད་གཡོག་མར་རང་ཉིད་སྒེའུ་ཁུང་གམ་གྱི་ཉལ་ཁྲི་དེའི་སྒང་ལ་སྤོར་རྒྱུའི་རེ་བ་བྱེད། ནད་གཡོག་མས་ཀྱང་སྒོ་འགྲམ་དུ་སྡོད་མཁན་གྱི་ནད་པ་དེ་་སྒེའུ་ཁུང་དང་ཉེ་བའི་ནད་ཁྲིའི་སྟེང་དུ་གནས་སྤོར་དུ་བཅུག

   ས་སྲོད་ཀྱི་མཚམས་སུ། སྨན་ཁང་ཀ་བའི་ནད་པ་ཚོར་སྨན་བཅོས་མཚམས་འཇོག་ལ་ཉེ། ནད་ཁང་གི་དྲ་ཡོལ་ཀྱང་ཕྱེས་མེད། ནད་ཁང་ཨང་བཅུ་བདུན་པའི་གློག་སྒྲོན་བཀར་མེད་ལ། ནད་ཁང་གི་སྒོ་གསེང་ནས་ལྡང་ཡོང་བའི་རླུང་བུ་འཇམ་པོ་ཞིག་གི་འགྲོས་དངབསྡོངས་ནས་སྨིན་དྲི་ཐུ་ལུ་ལུ། སྒེའུ་ཁུང་བར་གསེང་ཞིག་ལས་ནུབ་ཁའི་ཉི་ཐིག་ཅིག་འཕྲོས་ཏེ་ནད་པའི་སྐྲ་གསེང་ནས་འོད་ལམ་ལམ་བྱེད།  སྨན་པ་ནད་ཁང་ལས་སྒོར་བུད་མ་ཐག་ནད་པས་སྡུག་བསྔལ་ཆེན་པོས་འཕག་འཚག་བྱེད་ཅིང་། ལག་པ་ཡ་གཅིག་ལ་ཁེན་ནས་ཡར་དགྱེ་ཅི་ཐུབ་བྱེད།  ཁ་ནས་དབུགས་འཚང་ཞིང་ལུས་པོ་འདར་ཞོར་སྒེའུ་ཁུང་ལས་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟས། ཏག་ཏག་སྐབས་དེར་ཁོའི་མཐོང་ལམ་དུ་མངོན་དཀར་ཤང་ངེར་ཡོད་པའི་གྱང་ངོས་ཤིག་རེད།

 “ ཨ་རོག སྨན་པ། སྟོང་ཉིད་སྒྲོལ་མ། ”ཁོས་ཞེ་སྡང་གིས་བོས་མོད། སྨན་པས་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་སོང་།

 “ཨ་རོག ནད་གཡོག་མ། བདེ་སྐྱིད་འཚོ།” ཁོས་སྡུག་བསྔལ་ཆེན་པོས་བོས་མ་ཉིད། ནད་གཡོག་མས་ག་ལེར་སྒོ་ཕྱེས་བྱུང་།

 “ཨ་མ། དུག་སྦྲང་ཞིག ཨ་ཚ་ཚ།”ཞེས་བདེ་སྐྱིད་འཚོ་ཟེར་བའི་ནད་གཡོག་མ་དེས་སྐད་ཅོར་རྒྱག་བཞིན་ཕྱིར་སྒོར་བྲོས།

 “ནད་ཁང་ཨང་བཅུ་བདུན་པའི་ནང་དུ་དུག་སྦྲང་ཞིག་ཡེ་་་་”

   ནད་ཁང་གི་བར་ཁྱིམ་གྱི་སྒྲོན་འོད་ལས་མཐའ་འཁོར་གྱི་བྱ་དངོས་དག་ཇེ་ཆེ་ནས་ཇེ་ཆེ་དང་། མག་མོག་ནས་ཇེ་གསལ་ནས་ཇེ་གསལ་དུ་སྣང་། ཕྱགས་མ་དང་གད་སྙིགས་བླུགས་སའི་སློ་མ། ཚ་དེམ་དང་སྒམ་ཆུང་། སྨན་ཐོ་དང་གློག་དྲིལ། འགྱིག་དམ་ཁ་ཤས་དང་དྲ་ཡོལ། རེ་རེ་བཞིན་སྒྲོན་འོད་ཀྱི་གྲིབ་གཟུགས་ལས་ཆེ་ནས་ཆེ་རུ་གྱུར།  ཇེ་གསལ་ནས་ཇེ་གསལ་རེད།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།