གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། ཆུ་ཚོད་ལོག་འཁོར།

2018-06-10 11:19:59 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

  ང་རང་ལྔ་རིག་དཔེ་ཁང་གི་སྒེའུ་ཁུང་གམ་གྱི་ཅོག་ཙེའི་འགྲམ་དུ་ཙོག་གིན་ལོ་རྒྱུས་ཀྱི་དཔེ་ཆ་ཞིག་ལ་ལྟ་ཞོར་མངར་ཇ་འཐུང་། ལོ་རྒྱུས་ཀྱི་དཔེ་ཆ་འདི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་དང་འདྲ། དེང་དུས་ཀྱི་ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱིས་དཔེ་ཆ་འདིའི་ནང་གི་དོན་དག་ཡོད་ཚད་རྫུན་རྐྱང་རྐྱང་རེད་ཟེར་མོད། ལོ་རྒྱུས་འདིའི་བྱེད་པོ་བླ་ཆེན་དེས་རྩོམ་པ་སྔོན་དུ་འགྲོ་བའི་གཏམ་དུ་དེབ་འདིའི་ནང་དུ་བཤད་པ་ཡོད་ཚད་བདེན་པ་རྐྱང་རྐྱང་ཡིན། རྫུན་བཤད་ན་རང་ཉིད་དམྱལ་བར་ལྷུང་འགྲོ་ཟེར། ང་ཚོ་ལོ་ངོ་སྟོང་གི་སྔོན་དུ་ལོག་ཐབས་བྲལ་བས་ལོ་རྒྱུས་ཅེས་པ་ནི་སྣང་ལ་མ་ངེས་པའི་རྨི་ལམ་དུ་གྱུར་ལ། དམག་འཁྲུག་དང་སྒྱུ་འཕྲུལ་མེད་པའི་དུས་རབས་འདིའི་རྗེས་རབས་པ་རྣམས་ཀྱི་འཆར་སྒོ་མཚོན་ཡུལ་དུའང་གྱུར། 

  ང་རང་ཡང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་དང་འདྲ་བའི་ལོ་རྒྱུས་དེབ་འདིའི་ནང་དུ་ཞིབ་འབྲི་བྱས་པའི་མི་སྣ་དེ་དག་དང་འདྲ་བ་ཞིག་ཏུ་འགྱུར་སྲིད་དམ་སྙམ་གྱིན། ཕྱི་རོལ་ཏུ་ལྟ་སྐབས། མ་སྐྱེས་ཨ་མ་ཞེས་པའི་གྱང་ངོས་སེར་པོ་དེ་ལས་ལྡོག་འཕྲོ་བྱེད་འོང་བའི་ཉི་འོད་ཀྱིས་ངའི་མག་མོག་གི་སྣང་བ་ཡོད་ཚད་བསྲེགས་སོང་།   

  ང་རང་མ་སྐྱེས་ཨ་མ་ཞེས་པའི་ཆང་ཁང་དེའི་ནང་དུ་འཛུལ་རྒྱུར་སུན། དེའི་ནང་གི་བརླ་ཤ་རྗེན་པར་ཕུད་པའི་རྒྱ་མོ་དང་མིག་ཤེལ་ཅན་གྱི་རྒྱ་བོད་སྙན་ངག་པ་རྣམས་ཀྱིས་མིག་ཆུ་འཆོར་བཞིན་ཚངས་དབྱངས་རྒྱ་མཚོའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ནམ་ཡང་འཆད་ཀྱིན་ཡོད། དུས་མཐའ་ཡི་སྐྱེ་བོ་རྣམས་ཀྱིས་ངའི་བློ་ངོར་དྭངས་ཤིང་གཙང་བའི་བླ་ཆེན་དེ་བརྩེ་དུང་གི་མྱོས་པའི་རྒྱལ་སྲས་ཞིག་ཏུ་བསྒྱུར། བརྩེ་དུང་གི་རྩ་བ་འདོད་སྲེད་ཡིན་ན།  ཚངས་དབྱངས་རྒྱ་མཚོའི་བརྩེ་དུང་གི་གཏམ་རྒྱུད་ཀྱིས་འཆད་མཁན་རྣམས་ཀྱི་འདོད་སྲེད་མཚོན་པ་ལས་གཞན་གང་ཡང་མཚོན་མི་ཐུབ། ཁོ་ཚོས“རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཀྱང་འདི་འདྲ་འདི་འདྲ་བྱས་ན་ང་ཚོས་བྱེད་མི་ཆོག་རྒྱུ་ཅི་ཡོད”ཅེས་རང་རང་གི་འདོད་སྲེད་ལ་ཁ་གཡར་ས་ཞིག་འཚོལ་གྱིན་འདུག 

  ང་རང་མ་སྐྱེས་ཨ་མ་རུ་འཛུལ་ཐེངས་རེར་ཉེ་འགྲམ་གྱི་མི་རྣམས་དང་ཁ་རྩོད་དྲག་པོ་ཞིག་ཤོར་ངེས་ལ་ཕོར་བའི་ནང་གི་ཆང་ཡང་འཐུང་འཕྲོ་ལུས་འགྲོ། དེ་རིང་ཞོགས་པར་ང་རང་སླར་ཡང་དེའི་ནང་དུ་ཐེངས་གཅིག་འཛུལ་དུ་སོང་། དེ་ནི་ང་རང་དེའི་ནང་དུ་འཛུལ་བསམ་པས་འཛུལ་བ་མ་ཡིན་པར་ལས་བྱེད་སྙན་ངག་པ་ཞིག་གིས་ང་རང་དེའི་ནང་དུ་འཕྲད་དགོས་ཅེས་ཁ་པར་ནས་བརྡ་བརྒྱབ་པས་ཡིན།

  ནང་དུ་སླེབས་དུས་ལས་བྱེད་སྙན་ངག་པ་དེ་སླེབས་མི་འདུག ང་རང་དུས་ཡུན་རིང་པོ་ཞིག་དེའི་ནང་དུ་ཆང་འཐུང་གིན་པའི་རྒྱ་མོ་རྣམས་ཀྱི་གདོང་གི་སྐྱོ་སྣང་ལ་ཧད་བསྡད། ཁོང་མོ་ཚོའི་ངོ་འཁྱག་པ་མང་པོ་ལས་སྐྱོ་སྣང་རྣམ་པ་གཅིག་ཏུ་ཤར་བ་དག་མཐོང་མ་ཐག་ང་རང་དགའ་ལྷང་ལྷང་། ནག་མོ་ཚོའི་འཛུམ་མདངས་ལས་སྐྱོ་སྣང་གི་རྣམ་པ་མཛེས་ཀྱང་། ཁང་པ་འདིའི་ནང་གི་མི་རྣམས་ཀྱི་སྐྱོ་སྣང་ལ་དགོད་བྲོ་བའི་ཆ་ཞིག་འདྲེས་འདུག་པས་མཛེས་པའི་ཆ་གང་ཡང་མ་མངོན། སྒེའུ་ཁུང་གི་ཕྱི་རོལ་ཏུ་བར་སྐོར་སྐོར་མཁན་རྣམས་ལ་ལྟ་སྐབས། རྒྱ་གར་ཞྭ་མོ་གྱོན་པའི་ལས་བྱེད་སྙན་ངག་པ་དེ་ཅི་ཞིག་བོར་བ་བཞིན་མི་ཚོགས་བར་ནས་ཚུར་ཐོན་བྱུང་།

 

  ལོ་གསུམ་གྱི་སྔོན་དུ་ང་རང་སྨར་ཁམས་རྫོང་དུ་ལས་ཀ་བགོ་དུས། དང་པོར་རྫོང་དཔོན་གཞོན་པ་ཀྲང་ཧྲུ་ལ་འབྲེལ་བ་བྱེད་དགོས་འདུག་པས་ང་རང་ཐད་ཀར་རྫོང་དཔོན་གྱི་གཞུང་ལས་ཁང་དུ་སོང་། ཁོ་རང་དཔོན་ཉམས་ཀྱི་ཁེངས་བཞིན“ཁྱོད་རང་སློབ་གྲྭ་གང་ནས་ཐོན་པ་ཡིན”དང’སྔོན་མ་ལས་ཀ་ཅི་བྱེད་མྱོང”“དགའ་ཕྱོགས་འདྲ་ཨེ་ཡོད”སོགས་དྲིས་བྱུང་བར་ངས་ཀྱང་དྲི་བ་རེ་ལ་ལན་འོས་མཚམས་རེ་བཏབ་པ་ན། ཁོས“ཆོག་ཐལ། ཁྱོད་རང་བུད་སོང”ཟེར། 

  རྗེས་ནས་ངེད་གཉིས་རྫོང་ཁའི་ཆང་ཁང་ཞིག་ཏུ་ཡང་ཡང་འཕྲད་ཅིང་རིམ་གྱིས་གྲོགས་པོར་གྱུར། ཆང་འཐུང་ཞོར་དུ་ཁོ་རང་ནི་སྙན་ངག་པ་ཞིག་ཡིན་པ་ཤེས་ཤིང་ངས་ཁོ་ལ་གཏམ་རྒྱུད་མང་པོ་བཤད། ངས་གཏམ་རྒྱུད་བཤད་ཐེངས་རེར། ཁོས“ཁྱོད་ཀྱི་གཏམ་རྒྱུད་འདི་དག་ཡི་གེར་ཕབ་ན་བརྩམས་སྒྲུང་ཧ་ལས་པ་ཞིག་འབྱུང་ངེས་རེད”ཅེས་བཤད་ངེས། རྗེས་མར་སླར་ཡང་གཏམ་རྒྱུད་གཞན་ཞིག་གི་འགོ་རྩོམ་སྐབས། ཁོས“སྔོན་མ་བཤད་པའི་གཏམ་རྒྱུད་དེ་ཡི་གེར་ཕབ་ཨེ་ཡོད”ཅེས་འདྲི་ངེས། ང་རང་ནི་མི་ལེ་ལོ་ཅན་ཞིག་ཡིན་པ་དང་གཉིད་རྒྱུར་དགའ་བས་ཞོགས་པ་ཡར་སད་དུས་ཞོགས་པ་རྫོགས་ལ་ཕྱི་དྲོ་སད་དུས་ཕྱི་དྲོ་ཡང་རྫོགས་ཤིང་མཚན་མོ་ནི་ཆང་འཐུང་བར་འགྲོ་དགོས་པས་དེ་རིང་ཟེར་བའི་ཉི་མ་མང་པོ་འདི་ལྟར་ཕར་འདས་ཀྱང་སེམས་སུ་ཉར་བའི་གཏམ་རྒྱུད་དག་སེམས་ནས་རུལ་པ་ལས་ཡི་གེ་ནག་ཆུང་དུ་འགྱུར་མ་ཐུབ། ངས“ད་དུང་བྲིས་མེད”ཅེས་བཤད་པ་ན་ཁོས“ཨ་ཁ་ཁ”ཟེར། ཆང་ཁང་ནང་དུ་མི་མང་པོས་ཁོ་ལ་ཆང་བཀྱགས་ཤིང་དེ་རྗེས་ང་ལ་བཀྱགས་འོང་། ཁོས་ཆང་བཀྱགས་ཚད་འཐུང་ཡང་ང་ལ་བཀྱགས་དུས“ཨུ་ཚུགས་བྱེད་མི་རུང”ཞེས་འགྱོག་མཁན་རྣམས་ལ་བསླབ་བྱ་བརྒྱབ་སྲིད།

   ལོ་དེར་ང་རང་རྫོང་ཁའི་ཡིག་སྒྱུར་ཅུས་སུ་ལས་ཀར་ཞུགས། དང་པོ་ལས་ཀ་བྱེད་དུས་ཅུས་ཀྲང་གིས་མི་སུ་འཕྲད་ཀྱང་ང་ལ་ལེགས་ཆ་འདི་འདྲ་འདི་འདྲ་ཡོད་ཅེས་ཡང་ཡང་བསྟོད་ནའང་ང་རང་ནམ་ཡང་གློག་ཀླད་ཀྱི་མདུན་དུ་མགོ་བཞག་ནས་རོ་ཉལ་བྱས་བསྡད་པས། ལོ་གཅིག་གི་རྗེས་སུ་ཅུས་ཀྲང་གི་ང་རང་མཐོང་མ་སྐྱག་དྲི་བྲོ་བ་ལྟ་བུའི་རྣམ་འགྱུར་ཡ་མཚན་ཞིག་སྟོན་འོང་། སླར་ཡང་རོ་ཉལ་བརྒྱབ་ནས་ལོ་གཅིག་འདས་རྗེས་ཅུས་ཀྲང་གི་ང་རང་གཞུང་ལས་ཁང་ནས་བདས། དེ་ནི་གྲ་སྒྲིག་ཡོད་པའི་བདའ་སྟངས་ཞིག་སྟེ། གཞུང་ལས་ཁང་ནས་བདས་པ་ཙམ་མ་ཡིན་པར་ངའི་གཞུང་ཞབས་པའི་ཐོབ་ཐང་ཡང་མེད་པ་བཟོས་འདུག གནད་ཚུལ་འདི་ངས་གྲོགས་པོ་རྫོང་དཔོན་གཞོན་པ་དེ་ལ་ཡང་ཡང་བཤད་ཀྱང་ཁོས་ང་ལ་སེམས་གསོ་ཡང་ཡང་བྱས་པ་ལས་རོགས་གང་ཡང་མ་བྱས། ངའི་གྲོགས་པོ་དེ་ནི་འདི་འདྲ་ཞིག་རེད། དོན་ཆུང་ཆུང་རྣམས་ཅི་ཐུབ་ཀྱིས་རོགས་བྱེད་མོད། དོན་ཆེན་པོ་འཕྲད་དུས་རང་མགོ་གང་ཐོན་གྱི་བུད་འགྲོ།

   ལས་ཀ་བོར་རྗེས་ལས་ཀ་ཡོད་པའི་ལོ་གཉིས་པོར་རྗེས་དྲན་ཞིག་བྱས་མོད། འདི་འདྲ་བྱས་པ་ཡིན་བསམ་བསམ་གྱི་ལས་ཀ་ཅི་ཡང་བྱས་མི་འདུག ལོ་གཉིས་རིང་ངའི་ལས་ཀ་ཉག་གཅིག་ནི་སྲོག་ཆགས་ཀྱི་རོ་མང་པོའི་ཁོག་པར་ནང་བརྫངས་རྗེས་སུ། སླར་ཡང་གསང་སྤྱོད་དུ་བསྐྱལ་བ་དང་གཉིད་ཞོར་དུ་རྨི་ལམ་མང་པོ་རྨིས་ནས་གཏམ་རྒྱུད་བསགས་པ་ཙམ་རེད། ཡིན་ཡང་ངས་ལོ་གཉིས་ཀྱི་རིང་ལ་སྒོར་མོ་མང་ཙམ་བསགས་འདུག་པས་ལས་ཀ་ནས་བདས་མ་ཐག ང་རང་ཡུལ་དུ་མ་ལོག་པར་གྲྭ་ལོག་དང་བྲོས་བྱོལ་མ་ཁ་ཤས་དང་མཉམ་དུ་ལྷ་སར་སོང་བ་ཡིན། དེའི་ཕྱིར་ཡུལ་མི་རྣམས་ཀྱིས“ཁོ་རང་ལྷ་སར་བྲོས་སོང་བ་རེད”ཅེས་འཆད་ཀྱིན་འདུག་ཟེར།

  གཞུང་ཞབས་པ་མིན་པར་གྱུར་ནས་ལྷ་སར་སླེབས་རྗེས། ངས་སྙན་ངག་འབྲི་ཤེས་པའི་རྫོང་དཔོན་ཀྲང་ཧྲུ་ལ“ལས་བྱེད་སྙན་ངག་པ”ཞེས་འབོད་པ་ཡིན། ངས་ཁ་པར་ནས“ལས་བྱེད་སྙན་ངག་པ”ཞེས་འབོད་ཐེངས་རེར། ཁོས་ཕ་རོལ་ནས་དཔོན་པོ་ཚོས་ཚོགས་འདུ་འཚོགས་སྐབས་དམའ་འབེགས་བྱེད་པའི་སྡིགས་ཚིག་བེད་སྤྱད་ནས་ང་ལ་ཡང་ཡང་བསྡིགས།

 

   དེ་རིང་ལས་བྱེད་སྙན་ངག་པ་དེ་སྒོ་ནས་ཡར་ཐོན་པ་དང་རྒྱ་གར་ཞྭ་མོ་མར་ཕུད་པའི་སྐབས་དེ་ང་རང་མཐོང་ཐལ། ཁོའི་གཟུགས་ཇེ་ཐུང་དུ་གྱུར་འདུག་ལ་མགོ་བོ་ཡང་ཇེ་ཆུང་དུ་ཕྱིན་འདུག མིག་གཉིས་ནི་དོང་དུ་ལྷུང་བས་ཧ་ལམ་རིག་སར་མི་འདུག ཁོ་རང་ངའི་ཕྱོགས་སུ་འོང་བའང་ཤིན་ཏུ་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པ་བཞིན་དལ།

  ངས་ཁོ་རང་མཐོང་མ་ཐག “ཨ་རོགས། ལས་བྱེད་སྙན་ངག་པ་ཁྱོད་ཅི་ཞིག་ན་བཞིན་འདུག”ཅེས་དྲིས་པ་ན“ན་བཞིན་འདུག ཅི་ཞིག་ན་བཞིན་པ་མི་ཤེས་གི”ཟེར་གྱིན་རྒྱ་གར་ཞྭ་མོ་དེ་ཅོག་ཙེའི་ཐོག་ཏུ་བཞག་བྱུང་ལ་ཆང་ཕོར་གཉིས་ཀ་བཀབ་སོང་།

   ངས་དེ་སྔོན་གྱི་མི་དེའི་ཕྱེད་ཀར་གྱུར་ཟིན་པའི་ལས་བྱེད་སྙན་ངག་པ་ལ“ཡང་སྙིང་དོན་དག་ཅི་ཞིག་བྱུང”ཞེས་དྲིས།

   “དོན་དག་གང་ཡང་མ་བྱུང”

   “ཁྱོད་ཀྱི་མདོག་ཤོར་འདུག”

  “ན་ནིང་ནས་བཟུང་མགོ་བོ་ན་གི ད་ལོ་དཔྱིད་ཀར་མགྲིན་པ་ན་གི དབྱར་འགོ་ཚུགས་དུས་སྐེད་པ་ན་གི ད་ནི་ལུས་པོ་ཡོངས་རྫོགས་ན་གི་འདུག”

  “དེ་ན་སྨན་ཁང་དུ་སོང”

  “རྫོང་སྨན་ཁང་དུ་བརྟག་དཔྱད་བྱེད་དུས་ནད་མི་འདུག་ཟེར། ལྷ་སར་ཡང་བརྟག་དཔྱད་བྱེད་དུ་འོངས་པ་ཡིན། ཁ་སང་སྨན་ཁང་གིས་ནད་མི་འདུག་ཟེར”ཁོས་འདི་ལྟར་བཤད་རྗེས“ཡ་མཚན་རེད། ལུས་ཡོངས་རྫོགས་ན་བཞིན་ཡོད་ཀྱང་ནད་གཅིག་ཀྱང་མེད་པ་ཅི་ཡིན་ན། ང་སྨན་ཁང་གི་བརྟག་དཔྱད་ཀྱི་འབྲས་བུ་ལ་ཡིད་མི་ཆེས་ཀི དེ་རིང་ང་རང་སྨན་ཁང་ཆེན་པོ་ཞིག་ཏུ་འགྲོ་དགོས”ཞེས་ང་ལ་ཁོ་རང་སྨན་ཁང་ཆེན་པོ་དུ་འགྲོ་བར་ངོམ་པ་ལྟར་བྱེད། 

  “ཁྱོས་གཏམ་རྒྱུད་དག་ཡིག་ཐོག་ཏུ་ཕབ་ཡོད་དམ”

  “ཁྱོད་རང་ན་ནས་འདི་ཙམ་ལ་སླེབས་ཀྱང་ངའི་གཏམ་རྒྱུད་དག་དྲན་གྱིན་འདུག་གམ”

  “རྩེད་མོ་མིན། དྲན་གྱི་འདུག”

  “ང་ལ་ཁོམ་པ་ཞིག་མི་འདུག ཁྱོད་ཀྱིས་ཡིག་ཐོག་ཏུ་ཕབ་ནའང་གཅིག་པ་རེད”

  “དེ་ན་ལོ་གཅིག་དང་ཕྱེད་ཙམ་ལ་ཁྱོད་ཀྱིས་ལྷ་སར་ཅི་བྱེད་བསྡད་པ་ཡིན”

  “ལས་ཀ་གང་ཡང་བྱས་མེད། ཡིན་ཡང་ཁོམ་པ་ཞིག་མི་འདུག”

  ངའི་སྐད་ཆ་འདི་ཐོས་མ་ཐག་ཁོ་རང་བགད་བྱུང་། བགད་ཚུལ་སྔོན་མ་དང་འདྲ་ནའང་དབུགས་ཐུང་བས་དགོད་སྒྲ་ལ་ཤུགས་བྲལ་ལ། གློ་བུར་བགད་རྗེས་གློ་བུར་ཡལ།

  བགད་ཚར་རྗེས་བཤད་རྒྱུར“ངས་ཀྱང་གཏམ་རྒྱུད་དེ་དག་ཡིག་ཐོག་ཏུ་ཕབ་པར་ཚོད་ལྟ་བྱས་མྱོང་། ཡིན་ཡང་གཏམ་རྒྱུད་དེ་དག་ངའི་གཏམ་རྒྱུད་མིན་པས་ཁྱོད་རང་གིས་བཤད་པ་ནང་བཞིན་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཐུབ་ཀྱི་མི་འདུག”ཅེས་དང“དེའི་སྐོར་ད་ལྟ་བཤད་ཁོམ་མེད། རྗེས་སུ་བཤད་ཆོག ང་རང་སྨན་ཁང་དུ་འགྲོ་དགོས”ཟེར།

  ངེད་གཉིས་མཉམ་དུ་སྒོ་བུད་པ་དང་བར་སྐོར་གྱི་སྐོར་ལམ་དུ་སླེབས། 

  ཁོས“ཁྱོད་ཀྱི་གྲོགས་པོ་ན་ནས་འདི་ཙམ་ལ་སླེབས་ཀྱང་ཁྱོད་ཀྱིས་ང་ལ་སྙིང་རྗེ་ཅུང་ཙམ་ཡང་བྱེད་ཀྱིན་མི་འདུག”ཟེར་བྱུང་བ་དང་ང་རང་བགད་པ་ཡིན།

    ངོས་ངའི་གདོང་ལ་ཞིབ་ལྟ་བྱེད་བྱུང་། ཕལ་ཆེར་ངའི་དགོད་སྒྲ་ཡལ་རྗེས་ཀྱི་འཛུམ་མདངས་ལ་ཞིབ་ལྟ་བྱེད་པ་ཡིན་ངེས།

  “ཁག་ཅི་ཡོད། མི་ཟེར་བ་དེ་སྡུག་བསྔལ་རང་ལུས་སུ་མ་བྱུང་ན་ཤེས་ནི་མ་རེད། མ་འོངས་པ་ཁྱོད་ཀྱི་ལུས་པོ་ཡོད་ཚད་ན་ཡང་ནད་ཅི་ཡིན་མི་ཤེས་པ་ཞིག་ཕོག་དུས། ངའི་སྡུག་བསྔལ་ཚོར་གི་རེད”ཅེས་བཤད་རྗེས་བར་སྐོར་ལོག་སྐོར་བྱས་ནས་ཕྱིན་སོང་།

  ངས་ཁོའི་རྗེས་ནས“ཁྱོད་ཀྱིས་ང་ལ་ལུང་སྟོན་པ་ཡིན་ནམ”ཞེས་བོས་ཀྱང་ཁོས་ང་ལ་ལག་གཡུགས་ཡང་ཡང་བྱས་རྗེས་གྱང་ཟུར་ཞིག་ནས་ཡལ་སོང་།

 

  “གྲོགས་པོ། ཆང་ཁང་མ་སྐྱེས་ཨ་མ་རུ་སླེབས་ཀྱང་སྙན་ངག་དང་ཚངས་དབྱངས་རྒྱ་མཚོ་གླེང་ཙམ་ཡང་མི་བྱེད་པའི་ཁྱོད་ནི་ངེས་པ་དོན་གྱི་སྙན་ངག་པ་དེ་རེད། ”ངས་ཆིག་ལབ་འདི་འདྲ་ཞིག་ཡང་ཡང་རྒྱག་གིན་ལྔ་རིག་དཔེ་ཁང་དུ་འཛུལ། 

  ད་ལྟ་ང་རང་ཆིག་ལབ་ཡང་ཡང་བརྒྱབ་པར་གོམས་འདུག དུས་རྒྱུན་ཆང་འཐུང་རྗེས་ལྷ་སའི་མུན་ཁྲོད་དུ་ཆིག་ལབ་རྒྱག་གིན་འགྲོ་སྐབས། གྲོགས་པོ་ཚོས་རྒྱབ་ནས“ཨ་རོགས། ཁྱོས་སུ་ལ་ཁ་པར་རྒྱག་གིན་ཡོད། དགའ་རོགས་ལ་ཁ་པར་རྒྱག་གིན་ཡོད་དམ”ཞེས་བོས་ཡོང་དུས། ངས་གཞི་ནས་རང་ཉིད་ཀྱིས་ཆིག་ལབ་རྒྱག་གིན་པ་ཚོར།

   ང་རང་ལས་བྱེད་སྙན་ངག་པ་དེ་དང་བྲལ་རྗེས། ལྔ་རིག་དཔེ་ཁང་དུ་འཛུལ་ནས་ལོ་རྒྱུས་ཀྱི་དེབ་དེར་བལྟས་ཏེ་ཕྱི་དྲོ་ཕར་བསྐྱལ། ངས་དེབ་ཀྱི་ཁ་བརྒྱབ་པ་དང་ཇ་ཕོར་ཡར་བླངས་ཏེ་འཐུང་ཉམས་ཤིག་བྱས་ཀྱང་འཁྱག་པར་གྱུར་འདུག་པས་རང་ས་མར་བཞག སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས་པ་ན་གྱང་སེར་པོའི་ངོས་སུ་འཕྲོ་བའི་ཉི་འོད་ཀྱང་མཐོང་སར་མི་འདུག 

 

  དཔེ་དེབ་དང་ཇ་རིན་སྦྱིན་བདག་ལ་ཡར་སྤྲད་དེ། ཕྱི་རོལ་དུ་ཐོན་པ་ན་གྲང་རླུང་ཞིག་གིས་ངའི་སྐྲ་ལོ་བསྒུལ་ཙམ་བསྒུལ་ཙམ་བྱས། ངས་ང་རང་སུ་ཡིན་ནམ། ལྷ་ས་རུ་ཡང་སྙིང་ཅི་བྱེད་དུ་ཡོང་བ་ཡིན་ནམ་སྙམ།

  ང་རང་སུ་ཡིན་མི་ཤེས་མོད། ངས་མི་ཡུལ་དུ་གཏམ་རྒྱུད་མང་པོ་བཞག་མྱོང་། ལས་བྱེད་སྙན་ངག་པ་དེས་ང་ལ་གཏམ་རྒྱུད་རྣམས་ཡིག་ཐོག་ཏུ་ཕབ་ཟེར་བ་ནས་བཟུང་། ཡིག་ཐོག་ཏུ་ཕབ་པའི་བསམ་ཚུལ་ཡོད་ཀྱང་དེ་སང་ཉིན་བྱེད་རྒྱུ་བཞག་པས་དེ་རིང་མང་པོ་ཞིག་ཕར་འདས་ཤིང་ལོ་ཁ་ཤས་ཕར་འདས་ཀྱང་ངས་ཡིག་འབྲུ་གཅིག་ཀྱང་བྲིས་མེད།

  གལ་སྲིད་ང་རང་ལོ་གསུམ་ཙམ་ཡིན་དུས། ཞིང་ཐང་གི་ཁྲོད་དུ་འཆམ་འཆམ་དུ་འགྲོ་སྐབས་སྦྲུལ་ཆེན་པོ་ཞིག་དང་འཕྲད་ཅིང་དེ་དང་འཛིངས་པས་མཐར་ང་རང་ཕམ་ནས་ཁྱིམ་མི་རྣམས་ཀྱིས་རྫོང་སྨན་ཁང་དུ་ཁུར་བའི་ཚུལ་འདི་ཡིག་ཐོག་ཏུ་ཕབ་གྱུར་ན། ཆར་བ་བབས་དུས་ན་ཟུག་སྐྱེས་ཡོང་བའི་དུག་སྦྲུལ་གྱིས་རྨུགས་པའི་ཐལ་མོ་དེའང་དྲག་ཨེ་འགྲོ ཆུང་དུས་ང་རང་རུ་བ་སར་ཡོད་དུས་མཚན་གྱི་སྤྱང་ཀིའི་ངུ་ཟུག་དག་ཡིག་ཐོག་ཏུ་ཕབ་གྱུར་ན། ངའི་རྩེད་གྲོགས་ཐ་ཤལ་དག ལང་ཚོ་འབར་བའི་ངའི་ལུས་པོ་ལ་བྱུང་བའི་ན་ཚ་དག པེ་ཅིང་དུ་ཇ་ཆང་རོལ་བའི་སློབ་ཆེན་གྱི་འཚོ་བ་དག དབྱིན་ཇིའི་ལོན་ཏུན་གྱི་སྲང་ལམ་ན་ཉུལ་བའི་ཉིན་མོ་དག གཅིག་ནི་ཞི་ཕྲུག་ཅིག་དང་འདྲ་ལ་གཅིག་ནི་ཙི་ཙི་ཞིག་དང་འདྲ་བ། གཅིག་ཤོས་ནི་ཧ་པ་ཞིག་དང་འདྲ་བའི་བུ་མོ་སྤུན་གསུམ་དང་དགའ་རོགས་འགྲིག་པའི་ལོ་ཟླ་དག་ཡིག་ཐོག་ཏུ་ཕབ་ན་སླར་ལོག་བྱེད་སྲིད་དམ།

  ངས་འདི་ལྟར་སྙམ་གྱིན་ལྷ་སའི་སྲང་ལམ་རྒལ་སྐབས། དེ་དག་སང་ཉིན་དང་བཅས་པའི་མ་འོངས་པའི་བགྲང་བྱ་ནང་འབྲི་ཆོག དེ་རིང་ཆང་ཁང་ཞིག་ཏུ་འཛུལ་འགྲོ་སྙམ་བྱུང་།

  ས་སྲོད་ལ་ང་རང་རྒྱུས་ཡོད་ཡོད་ཀྱི་སྲང་ལམ་དེའི་ཐོག་ཏུ་སླེབས། སྲང་ལམ་དེའི་གཡས་ཕྱོགས་ནི་མིང་མི་ཤེས་པའི་ལྷ་ཁང་ཞིག་གི་སྐོར་ལམ་ཡིན་ལ་གཡོན་ཕྱོགས་ཀྱི་གློག་འོད་དམར་པོ་འཕྲོ་བའི་ཁང་ཆུང་དག་གི་སྒོ་འགྲམ་དུ་རྒྱ་མོ་ན་ཆུང་མང་པོས་མགྲོན་པོ་འཐེན་གྱིན་ཡོད། སྲང་ལམ་དེའི་སྣེ་མོར་ངས་མཚན་མོ་མང་པོ་ཕར་བསྐྱལ་མྱོང་བའི་གློག་འོད་ལྗང་ཁུ་ཟེར་བའི་ཆང་ཁང་དེ་ཡོད། 

  ང་རང་ཆང་ཁང་ནང་དུ་འཛུལ་དུས་གློག་འོད་ལྗང་ཁུ་དང་མཉམ་དུ་འགད་ཉམས་བྱེད་པའི་རོལ་དབྱངས་རྒྱུས་ཡོད་དེ་གྲགས་བྱུང་། རོལ་དབྱངས་དེ་གྲགས་མ་ཐག ངའི་ངོ་ཤེས་དག་གིས“ད་བྲོ་འཁྲབ་འགྲོ”ཟེར་གྱིན་པ་དང་ང་རང་སྒོ་ནས་ཐོན་པ་དང་ཁེལ། ཁོ་ཚོས་ང་རང་ཐོན་ཡོང་བ་མཐོང་མ་ཐག ང་ལ་ཆང་ཕོར་ལྦུ་བ་སོབ་སོབ་ཞིག་བཀྱགས་ཤིང་ཞབས་དག་བརྒྱབ་རྗེས་གར་སྟེགས་ཐོག་ཕྱིན་སོང་། ངས་གར་སྟེགས་ཐོག་གི་གཡས་གཡོ་གཡོན་གཡོ་བྱེད་ཀྱིན་པའི་ལང་ཚོའི་ལུས་ཕུང་དག་ལ་ལྟ་ཡིན། ཁོ་ཚོ་སྨྱོས་སོང་བ་མིན་ནམ། མིན་ན་སྨྱོན་པ་བཞིན་གྱི་བྲོ་འཁྲབས་སྟངས་དེ་སུས་གསར་གཏོད་བྱས་པ་ཡིན་ནམ་སྙམ། སྔོན་མར་གློག་འོད་སྔོན་པོ་དང་རོལ་དབྱངས་འཚུབ་པོ་དེ་འཇག་མ་ཐག་ངས་ཀྱང་རོ་ལངས་བརྒྱབ་པ་ལྟ་བུའི་ཇི་ཁེན་སེན་གྱི་ཞབས་བྲོ་ཞིག་འཁྲབ་མྱོང་། ཡིན་ཡང་དེ་རིང་དེ་ཅི་འདྲ་ཞིག་འཁྲབ་དགོས་པ་དྲན་རྒྱུ་མི་འདུག 

  ངས་ཆང་འཐུང་གིན་གཡས་གཡོན་དུ་ལྟ་སྐབས། གཡོན་གྱི་ཅོག་ཙེའི་ཐོག་ཏུ་བུ་མོ་མཛེས་མ་ཞིག་གིས་ཞི་མིས་འོ་མ་ལྡག་པ་བཞིན་གྱིས་ཆང་འཐུང་གིན་པ་རིག་པས་མཚར་སྣང་ཞིག་སྐྱེས་ཤིང་། ངས་མོའི་ཆང་འཐུང་ཚུལ་ལ་ཡུན་རིང་ཞིབ་ལྟ་བྱས་པས། སྐབས་ཤིག་མོས་ཀྱང་ང་ལ་བལྟས་བྱུང་བས་མིག་ཟུང་དང་མིག་ཟུང་འཕྲད་པས་མོ་རང་ཤིན་ཏུ་དོགས་མི་བདེ་བར་གྱུར་སོང་། 

    ང་རང་བུ་མོ་ཚོའི་དོགས་མི་བདེ་བའི་རྣམ་འགྱུར་ལ་དགའ་བས་ཆང་ཕོར་ཁུར་ནས་མོ་སར་ཕྱིན། 

  “ཁྱོད་ཀྱི་མིང་ལ་ཅི་ཟེར། ཕ་ཡུལ་གང་ནས་ཡིན”ངས་འདི་ལྟར་དྲིས་པས་མོས་མི་འདི་ཆང་གིས་བཟིས་ཡོད་པ་མིན་ནམ་སྙམ་པ་འདྲ་བའི་མིག་ཟུང་གིས་ང་ལ་ལྟ་ཡག་ཅིག་བྱས་རྗེས“ངའི་མིང་ལ་མེ་ཏོག་སྒྲོན་ཟེར། ཕ་ཡུལ་ཤམ་བྷ་ལ་ནས་ཡིན”ཞེས་བསམ་མི་བསམ་གྱིས་བཤད་བྱུང་།

  “འོ། ཤམ་བྷ་ལ་ནི་བྱང་ཕྱོགས་སུ་གནས་པའི་གནས་ཁྱད་པར་བ་དེ་ཡིན་ནམ། ངས་ལོ་རྒྱུས་ཀྱི་དེབ་ཁ་ཤས་ནང་གནས་དེ་མཐོང་མྱོང”

  མོ་རང་ཧ་ཧ་བགད་རྗེས“མི་ཁྱོད་རང་ཡིན་ན”ཟེར་ཞིང“ངས་བདེ་ཆེན་སེམས་ཀྱི་ཉི་ཟླ་ཟེར་བ་ཡིན”ཟེར།

  “འོ། ངས་ཁྱོད་རང་ཤམ་བྷ་ལ་ནས་ཡོང་བའི་ལྷ་མོ་ཞིག་མིན་ནམ་སྙམ་བྱུང”

   མོས་ལག་ནང་གི་ཆང་ཕོར་མར་བཞག་ནས་བགད།

  “ཤམ་བྷ་ལ་རུ་གནས་ཁྱད་པར་ཅི་འདྲ་ཡོད་དམ”

  “ཁ་བ་དཀར་པོ་ཡོད་རེད”

  “གནས་མཆོག་ཁ་བ་དཀར་པོ་ཡིན་རྒྱུ་རེད། དེ་ན་ཤམ་བྷ་ལའི་མི་རྣམས་ཀྱིས་ལྷ་ས་བ་ནང་བཞིན་ཇ་མངར་པོ་ཨེ་འཐུང་། ནས་ཆང་ཁམ་པ་ཨེ་འཐུང་། ཤ་འབྲས་ཨེ་ཟ། གང་ལྟར་ཁོ་ཚོས་ཅི་ཞིག་ཟ་གི་ཡོད་རེད་ཟེར་བ་ཡིན”

  “འོ། ག་འདྲ་བཤད་དགོས་ན། ཇ་འཐུང་ཡང་ཇ་མངར་མོ་མ་རེད། ནས་ཆང་ཧ་ལམ་གཅིག་པ་རེད། ཤ་དང་འབྲས་ཟ་གི་རེད། ཡིན་ཡང་ལྷ་སའི་ཤ་འབྲས་དང་མི་འདྲ”མོས་སྐད་ཆ་བཤད་རྗེས་མིག་ཀེམ་ཀེམ་གཡོ་བར་བྱེད།

  “དེ་ན་གནམ་གཤིས་ཅི་འདྲ་ཡོད་དམ། རྩྭ་ཐང་ཡིན་ནམ། རི་ལུང་ཡིན། ལུག་འཚོའམ་གྲོ་ནས་བཏབ”

  “འོ། ཅི་འདྲ་བཤད་དགོས་ན”མོས་འདི་ལྟར་དོགས་མི་བདེ་བའི་ངང་ནས“མི་ཁྱོད་རང་ཡིན། དྲི་བ་འདི་འདྲ་འདྲི་མཁན་ཞིག་སུ་ཡོད་དམ”ཞེས་བཤད་རྗེས་ཕོར་བའི་ནང་གི་ཆང་ལྗང་ཁུ་དེ་འཐུང་ཙམ་འཐུང་ཙམ་བྱས།

  ངས་མོའི་ཆང་འཐུང་ཚུལ་ལ་ལྟ་བཞིན“ཆང་འདི་ཞིམ་པོ་འདུག་གམ”ལྕེས་མཆུ་ཏོ་ལྡག་ཙམ་གྱིས་འདི་ལྟར་དྲིས་པ་ན“མི་ཡ་མཚན་ཞིག”ཟེར་གྱིན་ངའི་ཆང་ཕོར་སྟོང་པའི་ནང་དུ་ཆང་ལྗང་ཁུ་དེ་བླུགས་བྱུང་།

  ཆང་དེའི་བྲོ་བ་ནི་མངར་མོ་ཡིན་པ་དང་འདྲ་ལ་སྐྱུར་མོ་ཡིན་པ་དང་ཡང་འདྲ། ངེད་གཉིས་ཀྱིས་པེ་ཙི་ཁ་ཤས་ཞབས་དག་བརྒྱབ་རྗེས་མོས“ད་དུང་པེ་ཙི་གང་འཐུང”ཟེར། ངས“ད་མི་འཐུང”ཞེས་ལན་བཏབ། 

  “ཁྱོད་ཀྱིས་ཞབས་བྲོ་མི་འཁྲབ་བམ ”མོས་དི་ལྟར་དྲིས་རྗེས། སྐེ་གཡས་ཕྱོགས་སུ་གཅུ་བ་འདྲ་ཞིག་བྱས། རྗེས་སུ་དེ་ནི་མོའི་གོམས་གཤིས་འདྲ་བོ་ཡིན་པ་ཤེས། མོས་སྐེ་གཡས་སུ་གཅུ་བའི་སྤྱོད་ཚུལ་དེས་མོ་ལ་ཐུན་མོང་མ་ཡིན་པའི་མཛེས་པ་ཞིག་བླུགས། མཛེས་པ་དེས་ཚུལ་དེ་མཐོང་མཁན་ཡོད་དོ་ཅོག་མོ་ལ་ཡ་མཚན་དང་དགའ་བ་སྐྱེས་སུ་བཅུག 

  “བྲོ་འཁྲབ་མི་ཤེས”

  “ངས་ཀྱང་འཁྲབ་མི་ཤེས། དེ་རིང་གྲོགས་མོ་ཞིག་གིས་ཡིན་གཅིག་མིན་གཉིས་ཆང་ཁང་དུ་འགྲོ་དགོས་ཟེར། ང་རང་ཟང་ཟིང་འདི་འདྲར་ལ་གོམས་པ་མི་འདུག”

  “དེ་ན་ངེད་གཉིས་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ”ངས་བཤད།

  “ཆོག་གི”

  ངེད་གཉིས་ཕྱི་རོལ་དུ་ཐོན་པ་དང་མུན་ནམ་ཞིག་ལ་རུབ་པ་མི་ཤེས་པར་ས་གཞི་བཀབ་ཅིང་། ལྷ་སའི་ཉིད་འོད་ཀྱིས་འཚིག་པའི་མི་རྣམས་ཀྱི་ལུས་ལ་རླུང་བུ་འཁྱག་པ་ཞིག་གིས་བྱིལ་བྱིལ་བྱས། མུན་པས་ཉིན་མོའི་དུས་སུ་མིག་ལ་དེ་ཙམ་མི་གསལ་བའི་སྒོ་བྱང་དག་ད་ནི་དཀར་ཁྲ་དམར་ཁྲ་རུ་བཏང་འདུག 

  སྲང་ལམ་གྱི་གཡོན་ཕྱོགས་ནས་ཡར་ཡར་སོང་ན་གློག་འོད་དམར་པོའི་ཁེངས་པའི་ཁང་ཆུང་མང་པོ་ཡོད་སར་ཐོན། སྐབས་དེར་རྒྱ་མོ་ཕལ་ཆེར་གཅེར་བུ་ཡིན་པ་ཞིག་གིས“ཕོ་གསར། ནང་དུ་འཛུལ་ཤོག ཐེངས་གཅིག་ལ་སྒོར་བརྒྱ་དང་ལྔ་བཅུ་མ་གཏོགས་མི་དགོས”ཟེར།

  ངས“ང་ལ་རོགས་པ་ཡོད་པ་མ་མཐོང་ངམ”ཟེར་བ་ན་མེ་ཏོག་སྒྲོན་གྱིས“སུ་ཁྱོད་ཀྱི་རོགས་པ་རེད”ཟེར་གྱིན་ང་རང་ཁང་ཆུང་དམར་པོ་དེའི་ནང་དུ་ཡར་ཕུད་བྱུང་། སྒོ་ཁར་འགྲེང་ཡོད་པའི་རྒྱ་མོ་གཞོན་ནུ་མ་དེས་ཚུལ་འདི་མཐོང་བ་ན་ལག་པས་མཆུ་ཏོ་བཀབ་ནས་བགད། 

  གློག་འོད་དམར་པོ་འཕྲོ་བའི་ཁང་པ་དག་དང་བྲལ་བ་ན། མེ་ཏོག་དཀར་ཁྲ་དམར་ཁྲ་དུ་མ་བཞད་པའི་སྲང་ལམ་ཞིག་གི་ཐོག་ཏུ་སླེབས། 

  “མེ་ཏོག་འདི་དག་ནི་སྐལ་བཟང་མེ་ཏོག་རེད”མོའི་སྐད་ཆ་ལ་སྐྱོ་སྣང་གིས་ཁེངས་ཡོད་པ་ཚོར། མོའི་ངོ་གདོང་དཀར་པོའི་ངོས་སུའང་སྐྱོ་སྣང་གི་སྨུག་པ་སྐྱ་སེར་ཞིག་འཁྲིགས་འདུག་པ་རིག ང་རང་བུ་མོ་ཚོའི་སྐྱོ་སྣང་གིས་ཁེངས་པའི་རྣམ་འགྱུར་གྱི་ནང་འདྲེས་པའི་རྨོངས་པའི་ཆ་ལ་སུན་པས“མེ་ཏོག་འདི་ནི་སྐལ་བཟང་མེ་ཏོག་རྫུན་མ་རེད། ངའི་ཕ་ཡུལ་དུ་འདི་ལ་ཨུ་སུ་མེ་ཏོག་ཟེར”ཞེས་བཤད་པ་ན་མོའི་སྐྱོ་སྣང་དེ་ཁོང་ཁྲོ་ལངས་པའི་རྣམ་པར་གྱུར། ང་རང་བུ་མོ་ཚོ་ཁོང་ཁྲོ་ལངས་པའི་རྣམ་པར་དགའ་བས་སེམས་པ་དགའ་ལྷང་ལྷང་ངང་མདུན་དུ་བསྐྱོད། 

  ངས་མེ་ཏོག་དེ་དག་ལ་སྐལ་བཟང་མེ་ཏོག་རྫུན་མ་ཞེས་བསྡིགས་པར་འགྱོད་པ་ཅུང་ཙམ་སྐྱེས་ཀྱང་མེ་ཏོག་དེ་དག་གིས་ངའི་སྐད་ཆ་ལ་དོ་སྣང་མ་བྱས་པ་འདྲ། ཚང་མ་མགོ་བོ་སྒུར་གྱིན་རིག་པ་མི་གསལ་བ་ལྟར་འདུག གཅིག་བྱས་ན་ཁོ་ཚོས་རང་ཉིད་སྐལ་བཟང་མེ་ཏོག་ཅིག་ཏུ་འགྱུར་བའི་རྨི་ལམ་ཞིག་རྨིས་ཀྱིན་ཡོད་ནའང་ཐང་། གང་ལྟར་ང་ཚོའི་ཕ་ཡུལ་དུ་མེ་ཏོག་འདི་དག་ལ་སྐལ་བཟང་མེ་ཏོག་མི་ཟེར། ཨུ་སུ་མེ་ཏོག་ཟེར། ཡུལ་ཁ་ཤས་སུ་དེ་ལ་ཏ་ཟིག་ལུག་མིག་ཟེར། དེ་འདྲ་ཟེར་བའི་རྒྱུ་མཚན་ནི་མེ་ཏོག་དེ་ཏ་ཟིག་ནས་རྒྱ་ནག་ཏུ་དར་བ་དང་རྗེས་སུ་རྒྱ་དཔོན་ཀྲང་ཟེར་བ་ཞིག་གིས་ལྷ་ས་རུ་ཁུར་ཡོང་བ་རེད་ཟེར། དེའི་ཕྱིར་ལྷ་ས་བ་ཁ་ཤས་ཀྱིས་མེ་ཏོག་འདི་ལ་ཀྲང་སྐུ་ངོ་མེ་ཏོག་ཟེར་བ་རེད། ཨུ་སུ་མེ་ཏོག་ཟེར་བའི་རྒྱུ་མཚན་ནི་མེ་ཏོག་དེའི་འདབ་མ་ཨུ་སུ་ཟེར་བའི་ཚལ་དེར་འདྲ་བས་ཡིན།

  ངས་སྐད་ཆ་འདི་དག་མེ་ཏོག་སྒྲོན་ལ་བཤད་བསམས་ཀྱང་མོ་རང་གིས་མེ་ཏོག་དེའི་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་ནས་སེམས་པ་དགའ་བའི་ཚུལ་དེ་མཐོང་འདོད་མི་འདུག 

  གློག་འོད་མེད་པའི་སྲང་ལམ་གཞན་ཞིག་ཏུ་སླེབས་མ་ཐག འགྲོ་ཞོར་དུ་མོའི་ལག་པ་འཇུ་ཙམ་བྱས་ཏེ་མོ་ལ་སེམས་གསོ་ཞིག་བྱེད་དགོས་བསམ་ཡང་མོས་གཡོལ་གང་ཐུབ་བྱས། སྲང་ལམ་གྱི་སྣེ་རུ་སླེབས་དུས་ངེད་གཉིས་ཀྱི་ལག་པ་འཕྲད་སོང་། མོས་སྣང་དོགས་མེད་པར་ང་ལ་འཇུ་རུ་བཅུག ངས་མོ་རང་མགྲོན་ཁང་ཞིག་ཏུ་ཁྲིད།

 

   དེའི་སང་ཉིན་ཉི་འོད་ཀྱིས་གཉིད་ལས་སློང་དུས། མོ་རང་མལ་ཁྲིའི་ཐོག་ཏུ་མི་འདུག སྐད་འཕྲིན་དུ“དེ་རིང་ལས་ཀ་ཡོད། སྔོན་ལ་བུད་སོང་བ་ཡིན”ཟེར། ང་རང་སྒོར་བུད་ནས་ཉི་འོད་ཀྱིས་ཁེངས་པའི་ལྷ་སའི་སྲང་ལམ་བརྒལ་ཏེ་ཕྱིན། ངའི་རྣམ་ཤེས་ལ་ཡང་སྙིང་ཅི་ཞིག་མཁོ་བ་ཡིན་ནམ། ངའི་སེམས་པ་དེ་ནམ་ཡང་རྣལ་ལ་ཕབ་དཀའ། ཆང་རག་དང་དུ་བ། བུད་མེད་ཡོད་ཚད་མངའ་རྗེས་ཀྱང་ང་རང་མི་ཡུལ་དུ་དངོས་པོ་མེད་པོ་ཞིག་འཚོལ་བར་འགྲོ་བཞིན་མཆིས།

   མི་ཡུལ་གྱི་ལོ་ཉི་ཤུ་ལྷག་ནི་དེ་རིང་གི་ཉིན་མོ་དང་གཅིག་པ་རེད། ང་ལ་ཁོམ་པ་ཞིག་ཡོད་མ་མྱོང་ནའང་བྱ་བ་གང་ཡང་བྱས་མ་ཐུབ་ལ་བྱེད་དགོས་པ་ཡོད་ཚད་རྗེས་སུ་ལྷག ངའི་གྲོགས་པོ་ལས་བྱེད་སྙན་ངག་པ་དེར་ཁ་པར་ཞིག་བརྒྱབས་ཀྱང་། བུད་མེད་ཅིག་གིས་བྱང་ཆ་ལྡན་པའི་སྐད་ཀྱིས“དགོངས་པ་མ་ཚོམས། ཁ་པར་ཨང་གྲངས་འདི་འདྲ་ཞིག་ཡེ་ནས་མི་འདུག”ཟེར། ངས་མོ་ལ་སྡིགས་མོ་ཡིད་ཚིམས་པ་ཞིག་བྱས་མོད“དགོངས་པ་མ་ཚོམས། ཁ་པར་ཨང་གྲངས་འདི་འདྲ་ཞིག་ཡེ་ནས་མི་འདུག”སྔར་བཞིན་འདི་ལྟར་ཟེར་ཡོང་བས་ཐབས་ཤེས་མེད་སོང་།

   ངས་ཆང་ཁང་ཞིག་འཚོལ་བཞིན་སོང་ནའང་། མཚན་མོར་ཆང་ཁང་གིས་ཁེངས་པའི་ལྷ་སའི་གྲོང་ཁྱེར་འདི། ཉིན་མོ་སླེབས་ཚེ་སྐོར་ལམ་ལས་ལྷག་མི་འདུག དེའི་ཕྱིར་ངས་ལྷ་སའི་མཚན་མོ་ལ་འདོད་ལྷའི་ས་ཞེས་འབོད་ཅིང་ཉིན་མོ་སླེབས་མ་ཐག་ངས་ལྷ་སའི་སྔོན་གྱི་འདོད་ཅེས་པ་དེ་བསུབས་པ་ཡིན།

 

   མེ་ཏོག་སྒྲོན་དང་ངེད་གཉིས་དགའ་རོགས་སུ་གྱུར་བ་ནས་བཟུང་། ང་རང་ཉིན་རྟག་པར་ལྷ་སའི་གྲོང་ཁྱེར་བརྒལ་ནས་ཐག་རིང་དུ་ཡོད་པའི་མོ་ལ་དབང་བའི་ཁང་པ་ཆུང་ཆུང་དེ་རུ་ཟ་མ་བཟའ་བར་འགྲོ་དགོས། ངས་ཟ་མ་བཟོས་ཚར་མ་ཐག་མོ་རང་ལས་ཀར་བུད་འགྲོ འགྲོ་ཁར་ང་ལ“ཁྱོད་ཀྱིས་དཀར་ཡོལ་བཀྲུས་རྗེས། ཁང་པའི་ནང་གཙང་སྦྲ་ཐེངས་གཅིག་བྱེད་རོགས”ཟེར་ཞིང་མེ་ལོང་གི་མདུན་དུ་འགྲེང་ནས་ངོ་ལ་བྱི་དོར་བྱས་རྗེས་སྒོར་བུད་འགྲོ ངས་ལྷ་སའི་ཉིན་མོ་རིང་པོ་དེ་བེད་སྤྱད་དེ་མོའི་མེ་ཏོག་ལྡུམ་ར་དང་ཧྲ་ཧྥ། ཉལ་ཁང་སོགས་ཉལ་ས་བདེ་མོ་གང་ཡོད་དུ་རོ་ཉལ་བརྒྱབ་ནས་བསྡད་པ་ལས་ལས་ཀ་གང་ཡང་བྱས་མ་མྱོང་། 

  ང་རང་ཉིན་དཀར་ཉལ་དྲགས་པས་མཚན་མོའི་དུས་སུ་གཉིད་ཁུག་གི་མེད་ཀྱང་མེ་ཏོག་སྒྲོན་མགོ་སྙེས་འབོལ་གྱི་ཐོག་ཏུ་བཞག་མ་ཐག རྨི་ལམ་གྱི་ཞིང་དུ་ཕྱིན་འགྲོ མོའི་དབུགས་རྒྱུན་དལ་མོས་ང་རང་གཉིད་མི་འོང་བའི་སུན་སྣང་ཆེ་ཆེར་བཏང་བ་ན། མཚན་གཅིག་ལ་མོའི་རྨི་ལམ་ཐེངས་མང་དཀྲོགས། མོ་རང་གཉིད་ལས་སད་དུས་ང་ལ“ངའི་རྨི་ལམ་རྨིས་མཚམས་གང་ལ་སླེབས་ཐལ”ཞེས་དྲིས་པར་ངས་ལན་དུ“ཁྱོད་ཀྱིས་རྨི་ལམ་དུ་སྐྱེས་པ་ཞིག་རྨི་བཞིན་ཡོད་དམ”ཟེར་བ་ན་མོ་རང་ངུ་ཞིང་མིག་ཆུ་མ་བསྐམས་གོང་དུ་སླར་ཡང་རྨི་ལམ་དུ་ལྷུང་།

 

  ཞོགས་པ་ཞིག་ལ་མོས་ང་རང་གཉིད་ལས་བསླངས་ནས“ཁྱོད་ལ་ལས་ཀ་མེད་ན་གཏམ་རྒྱུད་ཁ་ཤས་ཡིག་ཐོག་ཕབ་ཤོག”ཟེར་གྱིན་ང་ལ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་སྲབ་མོ་ཞིག་སྟེར། མོས་དུས་རྒྱུན་ངའི་གཏམ་རྒྱུད་དག་ཏུ་མོ་རང་འཛུལ་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་འདུག ངས“དེ་རིང་ཁྱོད་རང་ལས་ཀ་ལ་འགྲོ་མི་དགོས་སམ”ཞེས་དྲིས་པར“དེ་རིང་ཆུ་ཚོད་འཁོར་ལོས་སྐད་བརྒྱབ་མ་བྱུང་། ད་ལྟ་ཆུ་ཚོད་བཅུ་པར་ཐོན་འདུག ལས་ཀ་རྗེས་སུ་ལུས་འདུག”ཟེར། ནམ་རྒྱུན་ཞོགས་པར་ངའི་གཉིད་ལ་བར་ཆད་བཟོ་མཁན་གྱི་གྱང་ངོས་ཀྱི་ཆུ་ཚོད་འཁོར་ལོ་ཆེན་པོ་དེའི་མདའ་ཐུང་མཚན་མོའི་ཆུ་ཚོད་གསུམ་པར་ཐོན་ཏེ་གཡོ་འགུལ་མེད་པར་གནས་འདུག མོ་རང་བུད་སོང་རྗེས། ངས་ཆུ་ཚོད་འཁོར་ལོ་དེ་ལག་ཆ་དུ་མ་སྤྱད་དེ་གཏོར་པ་དང་སླར་གོ་རིམ་ལྡན་པའི་ངང་ཡར་སྤྲད་པ་ན་སྐར་མདའ་ཚག་སྒྲ་དང་བཅས་འགྲོ་བྱུང་། ཆུ་ཚོད་འཁོར་ལོ་སྔར་མལ་གྱི་གྱང་ངོས་སུ་གཟར་བ་དང་སླར་ཡང་ཞིབ་ལྟ་ཞིག་བྱེད་དུས། སྐར་མདའ་ཚག་སྒྲ་དང་བཅས་ལྡོག་འཁོར་རྒྱག་གིན་འགྲོ་བཞིན་པ་རིག ཆུ་ཚོད་གཅིག་གི་རྗེས་སུ་ངས་སླར་ཡང་གྱང་ངོས་ཀྱི་ཆུ་ཚོད་འཁོར་ལོ་ལ་བལྟས་དུས་མཚན་མོའི་ཆུ་ཚུད་གཉིས་པར་ལོག་འདུག་པ་མཐོང་བས་ངས་ཆུ་ཚོད་འཁོར་ལོ་དེ་སྐར་ཁུང་ནས་མེ་ཏོག་ལྡུམ་རའི་ནང་དུ་གཡུགས། 

 

   ཕྱི་དྲོར་མེ་ཏོག་སྒྲོན་སྒོ་ནས་ཡར་ཐོན་ཡོང་དུས་ལག་ཏུ་ཆུ་ཚོད་འཁོར་ལོ་ཆེན་པོ་ཞིག་འཁུར་རྒྱུ་འདུག “ཆུ་ཚོད་འཁོར་ལོ་གསར་བ་ཞིག་ཉོས་པ་ཡིན་ནམ”ཞེས་དྲིས་ཚེ“འདི་སྔོན་མ་དེ་རེད། ཁྱོད་ཀྱིས་མེ་ཏོག་ལྡུམ་རའི་ནང་གཡུགས་བཞག”ཅེས་བཤད་རྗེས་ཧྲ་ཧྥའི་ཐོག་ཏུ་ཙོག་གིན་ལྡོག་འཁོར་རྒྱག་གིན་པའི་ཆུ་ཚོད་འཁོར་ལོ་དེ་ལ་མཚར་སྣང་གི་མིག་ཟུང་ཀེམ་ཀེམ་གཡོ་བཞིན་བལྟས། མཐར་མོས“ངའི་ཆུ་ཚོད་འདི་ཧ་ལས་དགོས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་གྱུར་འདུག”ཟེར་མ་ཐག་ཆུ་ཚོད་འཁོར་ལོས་ཏིང་ཏིང་ཞེས་སྐད་རྒྱག་བྱུང་། དུས་རྒྱུན་ཞོགས་པའི་ཆུ་ཚོད་བདུན་པར་སྐད་འདི་ལྟར་བརྒྱབ་ནས་མོ་རང་མལ་ལས་བསླངས་པ་ཡིན་མོད། དེ་རིང་མོ་རང་ལས་ཀ་གྲོལ་ཏེ་ཁྱིམ་དུ་སླེབས་པ་ཐག་ཆུ་ཚོད་ལྡོག་འཁོར་དེས་སྐད་རྒྱག་འོང་དུས་ད་ལྟ་ནི་ཞོགས་པ་ཡིན་པའི་སྣང་བ་ཤར། 

  ངས་མོས་ཆུ་ཚོད་ལྡོག་འཁོར་དེ་ལ་མཚར་སྣང་གིས་བརྟག་དཔྱད་བྱེད་ཚུལ་ལ་ཁ་ཡ་མ་བྱས་པར་ཕྱི་རོལ་ཏུ་ཐོན་པ་དང་། མོས་གསོས་པའི་ཞི་མི་རྒྱགས་པ་དེས་ང་རང་བདག་པོ་རུ་འཁྲུལ་བ་འདྲ། མཱ་མཱ་ཟེར་གྱིན་མགོ་བོ་ཆེན་པོ་དེ་མེ་ཏོག་གི་གསེབ་ནས་ཚུར་ཐོན་པ་དང་ཡིན་རྒྱུ་ནི་རང་གི་བདག་པོ་མིན་པ། ཁྱིམ་དུ་རོ་ཉལ་རྒྱག་མཁན་གྱི་གཞོན་ནུ་ཐ་ཤལ་དེ་ཡིན་པ་ཤེས་ཏེ། ཁུ་སེམ་མེར་མེ་ཏོག་ཁྲོད་དུ་ཡལ། ང་རང་དང་པོར་མེ་ཏོག་སྒྲོན་གྱི་ཁྱིམ་དུ་འོང་དུས། ཁོ་རང་ངའི་པང་དུ་ཉལ་བྱུང་བས་ངས་ཐལ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས་བདས་པ་ཡིན། ཅུང་ཙམ་འགོར་རྗེས་ན་ཟུག་འཇགས་པ་དང་ཐལ་ལྕག་དེ་བརྗེད་པ་འདྲ། སླར་ཡང་ངའི་འགྲམ་དུ་འོངས་ཏེ་ལུས་རྒྱགས་པ་དེ་ངའི་རྐང་པར་བྱིལ་ཙམ་བྱིལ་ཙམ་བྱས། ངས་ཁོ་ལ་རྡོག་ཐོས་འཕག་འཚག་རྒྱག་དགོས་པ་ཞིག་གཞུས། ཁོ་རང་སྐད་ངན་ཤོར་གྱིན་བྲོས་སོང་། དེ་ནས་བཟུང་ཁོ་རང་ངའི་རིག་སར་འོང་མི་ཕོད། ས་སྲོད་ལ་མེ་ཏོག་སྒྲོན་ལྡུམ་རའི་ནང་སོང་ནས་ལི་ལི་ཞེས་འབོད་ཚེ་མི་བསམ་བསམས་ཀྱིས་མོའི་འགྲམ་དུ་ཐོན། མཚན་མོ་ཡང་མོའི་རྒྱབ་ཏུ་སྣ་རྫི་རྫི་ངང་གབ་ཀྱིན་ངའི་འགུལ་སྤྱོད་ཀྱི་སྒྲ་ལ་ཉན། མ་ཎི་འདོན་རྒྱུའང་བརྗེད་འདུག

 

    མེ་ཏོག་སྒྲོན་གྱི་ཁང་ཆུང་ནང་ཉིན་མཚན་མགོ་འཇུག་ལྡོག་ནས་འཚོ་བ་རོལ་སྒང་ལ། སྨར་ཁམས་སྒང་གི་གྲོགས་པོ་ཞིག་གི་ཁ་པར་ནས་ང་ལ“རྫོང་དཔོན་གཞོན་པ་འདས་སོང”ཟེར། སྨར་ཁམས་སྒང་གི་མི་དམངས་རྣམས་ཀྱིས་ཀྲང་ཧྲུ་ལ་རྫོང་དཔོན་གཞོན་པ་ཞེས་འབོད་པ་ལས་ཁོ་རང་སྙན་ངག་པ་ཞིག་ཡིན་པ་མི་ཤེས། རྫོང་དཔོན་གཞོན་པ་དང་ལས་བྱེད་སྙན་ངག་པ་གཉིས་མི་མི་འདྲ་བ་གཉིས་ཡིན་པའི་སྣང་བ་ཤར། དེའི་ཕྱིར་ང་ལ་སྐྱོ་བ་གང་ཡང་སྐྱེས་མ་བྱུང་། འདས་སོང་བ་ནི་རྫོང་དཔོན་གཞོན་པ་ཡིན་གཤིས། ངའི་སེམས་ནང་གི་ལས་བྱེད་སྙན་ངག་པ་དེ་སྨར་ཁམས་སྒང་གི་ཆང་ཁང་ནང་དུ་དཔོན་ཉམས་གང་ཡང་མེད་པར་སྐབས་རེར་ཧ་ཧ་བགད་ཅིང་ལན་རེར་གཤིས་ཀ་མི་འདྲ་བའི་མི་དག་གི་གཏམ་རྒྱུད་ལ་ཉན་གྱིན། སྙན་ངག་རླབས་པོ་ཆེ་ཞིག་བློས་སློང་གིན་མི་ཡུལ་དུ་ཇི་སྲིད་བར་འཚོ་འདུག 

    ལས་བྱེད་སྙན་ངག་པ་དང་མ་སྐྱེས་ཨ་མའི་ཆང་ཁང་དུ་འཕྲད་ཉིན། ངས་ཁོའི་འོད་ཤོར་བའི་མིག་གཉིས་ལས་ཁོས་འཆི་བ་ཞེས་པའི་གྲིབ་མ་ཞིག་འཁྲིད་ཡོད་པ་ཤེས།  ཟླ་ཁ་ཤས་ཀྱི་རྗེས་སུ་འཆི་བ་ཞེས་པའི་གྲིབ་མ་དེས་ཁོ་རང་ཁྲིད་ནས་མི་ཡུལ་ནས་ཡལ་རྗེས། ང་ལ་ངའི་གཏམ་རྒྱུད་དག་ཡིག་ཐོག་ཏུ་ཕབ་པར་སྐུལ་མཁན་གསར་བ་ཞིག་ཐོན། དེ་ནི་མེ་ཏོག་སྒྲོན་རེད། མོས་ང་ལ་གཏམ་རྒྱུད་འབྲི་བར་གློག་ཀླད་དང་། ཁང་པ། ཆང་རག་སོགས་འཚོ་བའི་ཉེར་མཁོ་ཕུལ་བ་དེ་ནི། མོས་བཤད་པར་བལྟས་ན་མོ་རང་ང་ལ་དགའ་བས་ཡིན་ཟེར། ངས་བལྟས་ན་ནག་མོ་ཚོའི་བསམ་ཚུལ་འདི་འདྲ་སྟབས་བདེ་ཞིག་མིན་པས། ཉེར་མཁོ་དེ་དག་ཕུལ་བའི་དམིགས་ཡུལ་གཞན་ཞིག་ཡོད་ཐག་ཆོད་རེད། མེ་ཏོག་སྒྲོན་གྱི་དམིགས་ཡུལ་ནི་མོ་རང་ངས་ཡིག་ཐོག་ཏུ་ཕབ་པའི་གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་དེ་བྱེད་བསམས་པ་རེད་སྙམ།

  ངས་ལྷ་ས་རུ་གཏམ་རྒྱུད་མང་པོ་ཞིག་བསགས་ཡོད། གཏམ་རྒྱུད་དེ་དག་ལ་དབྱེ་བ་ཆེན་པོ་གཉིས་སུ་དགར་ཆོག གཅིག་ནི་ལྷའི་ས་ཞིབ་འབྲི་བྱེད་པའི་ཉིན་དཀར་གྱི་འཚོ་བ་དང་གཉིས་ནི་འདོད་ལྷའི་ས་ཞིབ་འབྲི་བྱེད་པའི་མཚན་མོའི་འཚོ་བ་རེད། དང་པོ་དེ་ཆོས་ཀྱིས་གྲུབ་ལ་གཉིས་པ་དེ་འདོད་སྲེད་དང་ཆང་རག རོ་ལངས་བརྒྱབ་པ་ལྟ་བུའི་ཞབས་བྲོ་དག་གིས་གྲུབ། 

   ཉིན་དེའི་མཚན་མོར་མེ་ཏོག་སྒྲོན་ང་ལ་འཐམས་ནས“ངེད་གཉིས་ཀྱིས་བྱིས་པ་སྙིང་ལ་རྗེ་མོ་ཞིག་བཟོ”ཟེར།

  ངས“འཇིག་རྟེན་འདིའི་ཐོག་གི་མི་ཞིག་ཡིན་ན། ཉིན་རེ་བཞིན་སྲོག་ཆགས་ཀྱི་རོ་བཟའ་དགོས། གཡོ་རྒྱུ་འཁྲབ་དགོས། འདོད་སྲེད་ཀྱིས་ཁེངས་དགོས། དེ་ལྟར་ན་འཇིག་རྟེན་འདིའི་ཐོག་ཏུ་བྱིས་པ་ཞིག་བཟོ་བ་ནི་སྡིག་པ་ཆེན་པོ་ཞིག་བསགས་པ་ཡིན”ཞེས་བཤད་པ་ན། མོ་ངུས་བྱུང་། ངུ་བཞིན་ངུ་བཞིན་རྨི་ལམ་གྱི་ཞིང་དུ་ལྷུང་། མོའི་རྨི་ལམ་དུ་མ་འོངས་པར་སྡིག་པ་གསོག་མཁན་གྱི་བྱིས་པ་སྙིང་ལ་རྗེ་མོ་མང་པོ་འཁོར་ཡོད་པ་འདྲ་སྟེ། མོའི་མཁུར་ཚོས་སུ་འཛུམ་མདངས་དམར་པོ་ཞིག་ཡལ་བ་མེད་པར་བཞད།

   སང་ཉིན་ཞོགས་པར་ཁ་པར་འོང་བའི་སྒྲས་ང་རང་བསླངས། ངས“ལྦེ”ཟེར་དུས་ཕ་རོལ་པོས“དེ་རིང་གླིང་གའི་ནང་ཤོག ཆང་འཐུང་བར་འགྲོ”ཟེར་བྱུང་བས་སུན་སྣང་གིས་ཁ་པར་གྱི་ཁ་བརྒྱབ་རྗེས་ཉལ་བསྡད། ཅང་མ་འགོར་བར་སླར་ཡང་ཁ་པར་ཡོང་བའི་སྒྲས་ང་རང་གཉིད་ལས་དཀྲོགས་བྱུང་བ་དང“ཕེ”ཞེས་བསྡིགས་པ་ཡིན། ཕ་རོལ་པོས་ངའི་སྡིགས་མོ་ལ་ཁ་ཡ་མི་བྱེད་པར“མགྱོགས་པོར་ཤོག འཛེམ་དགོས་མ་རེད། ཚང་མ་ཕ་ཡུལ་གཅིག་རེད”ཅེས་ལབ། 

  མི་དེས་ངའི་གཉིད་པའི་སྣང་བ་གང་ཡང་མེད་པར་བཟོ་བས“ཁྱོད་རང་ཡང་སྙིང་སུ་ཡིན”ཞེས་དྲིས། 

  “ཁྱོད་ཀྱི་ང་རང་ངོ་ཤེས་ཀྱི་མི་འདུག་གམ། ང་རང་ཁྱོད་ཀྱི་ཕ་ཡུལ་གཅིག་པ་རེད་ཡ”ཟེར།

  “ང་ལ་ཕ་ཡུལ་མེད”    

  “ཤོག་དང་། དེ་རིང་ང་ཚོས་སྐྱིད་པོ་འདྲ་བྱ”

  ངས་ཁོའི་སྐད་ཆ་བཤད་སྟངས་ལ་ཤིན་ཏུ་སུན་པས“ཕ་ཡུལ། ཕ་ཡུལ། ཕག་རོ་ཟ། ཁྱོས་ཕ་ཡུལ་ཕག་རོ་ཟ”ཞེས་ཕ་ཡུལ་གྱི་སྐད་ཀྱིས་བསྡིགས་རྗེས་ཁ་པར་གྱི་ཁ་བརྒྱབ་ནས་ཉལ་བསྡད། ཡིན་ཡང་ཕག་རོ་ཟ་རྒྱུའི་ཁ་པར་དེས་ངའི་རིག་པ་གསལ་པོར་བཏང་འདུག་པས་འདོད་མི་འདོད་ངང་མལ་ལས་ལངས་དགོས་བྱུང་། 

  འཇིག་རྟེན་འདི་ན་ཆེས་སུན་པ་ནི་ཕ་ཡུལ་ཞེས་པའི་ཚིག་གཉིས་པོ་དེ་རེད། ཚིག་དེ་གཉིས་ལས་ང་རང་དམྱལ་བ་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ལ་དགའ་ཆེ། ཕ་ཡུལ་ཞེས་པའི་ཚིག་གཉིས་པོས་ང་ལ་སུན་སྣང་དང་། ཁོང་ཁྲོ། ངོ་ཚ་སོགས་མང་པོ་ཞིག་ཁུར་ཡོང་། དེ་ལས་ལྡོག་སྟེ། དམྱལ་བ་ཞེས་པའི་ཚིག་གཉིས་པོ་དེས་ང་ལ་ལྟུང་བཤགས་བྱས་སུ་བཅུག 

  ཕ་ཡུལ་ཞེས་པའི་དམྱལ་ཁམས་མན་ལ་གནས་པའི་ས་ཆ་དེའི་མི་རྣམས་ཀྱིས་རང་ཉིད་ཆེན་པོ་ཡིན་སྣང་གིས། ང་ལ་ཁོང་དགོད་ཤོར་ཞིང་ངའི་སྐྱོན་ཆ་མང་པོ་ཞིག་ཁོ་ཚོའི་སྐད་ཆ་དང་རྣམ་འགྱུར་བར་ནས་ཇེ་ཆེར་བཏང་། ངས་ཁོ་ཚོ་ལ་ཁང་སྟེང་དུ་རྩྭ་སྐྱེ་རྒྱུ་ཚང་ཞེས་སྡིགས་ཀྱིན་ཐག་རིང་དུ་སོང་བ་ན། ཁོ་ཚོ་ངའི་མིག་ལམ་ནས་ཇེ་ཉུང་ནས་ཇེ་ཆུང་མཐར་གྲོག་མ་ལྟར་གྱུར། ང་རང་མི་ཡུལ་ཞེས་པའི་རི་བོ་ཆེན་པོ་དེའི་ཐོག་ཏུ་ལངས་ཀྱིན་རྒྱང་ལྟ་ཞིག་བྱེད་དུས། དམྱལ་ཁམས་མན་ལ་གནས་པའི་ཁང་པ་དེ་ཚོ་ནི་གྲོག་ཚང་འགའ་དང་འདྲ་ལ། དེ་དག་གི་ཐོག་ཏུ་རྩམ་པ་གཏོར་བ་བཞིན་གྱི་རྩྭ་སྐམ་སྐྱེས་ཡོད་པ་རིག་པས་ངས་ཀི་ཞིག་བཏབ་པ་ཡིན། 

 

  ཁང་པའི་ནང་མེ་ཏོག་སྒྲོན་གྱིས་བཞག་པའི་ཟ་མ་དག་འཁྱག་པར་གྱུར་འདུག གྱང་ངོས་ཀྱི་ལྡོག་འཁོར་བྱེད་ཀྱིན་པའི་ཆུ་ཚོད་དེ་ཞོགས་པའི་ཆུ་ཚོད་དྲུག་པ་ལ་ཟིན་ཙམ་རེད་མོད། ལྷ་སའི་ཉི་མ་དམར་པོ་དེ་ནུབ་ཀྱི་རི་རྩེ་རུ་ལྷུང་ལ་ཁད་འདུག 

   སྒམ་དུ་བཅུག་ཡོད་པའི་མེ་ཏོག་སྒྲོན་གྱི་སྟོད་ཐུང་གི་པར་ཁུག་ནས་སྒོར་མོ་བརྒྱ་ལོར་ཁ་ཤས་བརྐུས་རྗེས་ཕྱི་རོལ་དུ་ཐོན། ས་སྲོད་སླེབ་ལ་ཉེ་བའི་ཕྱི་རོལ་གྱི་སྲང་ལམ་དུ་ཐ་མག་ཅིག་བརྔུབ་རྒྱུ་ཡོད་ན་ཅི་འདྲའི་སྐྱིད་ཨང་སྙམ། ངས་དུ་རྐང་མང་པོ་ཞིག་ཐལ་བར་བཏང་ཟིན་མོད། ངས་དེ་ཚོའི་བྲོ་བ་ཅི་འདྲ་ཞིག་ཡིན་པ་དྲན་རྒྱུ་མེད། ཡིན་ཡང་གནམ་གཤིས་ཅུང་གྲང་དུས། ཡང་ན་སྐྱག་པ་བཏང་དུས་སུ་ཐ་མག་ཅིག་འཐེན་ན་ཅི་འདྲའི་ཞིམ་ཨང་སྙམ་ཡོང་། དེ་རིང་ང་རང་སྲང་ལམ་འདིའི་ཐོག་ཏུ་འགྲོ་དུས་ཐ་མག་ཅིག་འཐེན་རྒྱུ་ཡོད་ན་ཅི་འདྲའི་སྐྱིད་ཨང་སྙམ། དེ་བས་ཀྱང་དུ་རྐང་གི་སྲིན་བལ་དེ་ཆང་གི་ནང་བཅུག་ཙམ་བྱས་རྗེས་གཞིབས་ན་ཅི་འདྲའི་ཞིམ་ཨང་སྙམ། ཆང་ཕོར་ཞིག་མཁོ་དུས་ཆང་ཁང་དུ་འགྲོ་དགོས། ང་རང་ལྷ་སའི་ཆང་ཁང་མང་པོ་ཞིག་ཏུ་སོང་མྱོང་ཡང་དྲན་རྒྱུ་ཡོད་པ་ནི་གློག་འོད་ལྗང་ཁུ་ལས་མི་འདུག

  ང་རང་ཆང་ཁང་གློག་འོད་ལྗང་ཁུ་ལ་དམིགས་ཏེ་འགྲོ་སྐབས། ལྷ་སའི་གནས་མཇལ་བ་མང་པོ་པོ་ཏ་ལ་དང་བར་སྐོར་གྱི་ཕྱོགས་ནས་ཆང་ཁང་ཆེས་མང་སའི་ཕྱོགས་སུ་དམིགས་ཏེ་འོང་གིན་པ་རིག ཡང་ན་ཁོ་ཚོ་ལྷ་ས་ནས་འདོད་ལྷའི་ས་རུ་ཆས་ཀྱིན་འདུག 

  ས་སྲོད་ཡལ་རྗེས་མཚན་མོ་སླེབས། 

  མཚན་མོ་དེར། ང་རང་ལམ་ནོར་ཤོར་བས་པོ་ཏ་ལའི་འོག་ཏུ་ཐོན། དུས་རྒྱུན་ངས་པོ་ཏ་ལ་ནི་ཉིན་མཚན་གཉིས་ཀ་ལྷའི་ས་ཡིན་པ་ཡིད་ཆེས་ཡོད་མོད། མཚན་མོ་དེར་ང་རང་པོ་ཏ་ལའི་འོག་ཏུ་ཐོན་དུས། པོ་ཏ་ལ་ཡང་འདོད་ལྷ་ཡིས་དབང་དུ་བྱས་འདུག རྒྱ་ཡིན་ནམ་བོད་ཡིན་མི་ཤེས་པའི་རྒན་མོ་ཁྱུ་གཅིག་གིས་སྣང་བ་ཤིན་ཏུ་སྤྲོ་པོ་བཟོ་བྱེད་ཀྱི་རོལ་དབྱངས་ཀྱི་སྟངས་སྟབས་དང་བསྟུན་ཏེ་བོད་གཞས་ཡིན་ནམ་རྒྱ་གཞས་ཡིན་མི་ཤེས་པའི་བྲོ་ཞིག་གཡས་བསྐོར་གཡོན་བསྐོར་བྱེད་ཀྱིན་པོ་ཏ་ལའི་ཐང་ཆེན་དུ་འཁྲབ་ཀྱིན་འདུག 

   དགོང་ཟས་ཟོས་དྲགས་ཏེ། གྲོད་པ་ན་བཞིན་པའི་མི་མང་པོས་གྲོད་པ་རྡུང་གིན་པོ་ཏ་ལར་གཡས་བསྐོར་དང་གཡོན་བསྐོར་ཅི་དགར་བྱེད། རྒྱབ་ཀྱི་ཀླུ་ཁང་དུ་ཐོན་དུས་གློག་འོད་འོག་ཏུ་ཆུ་ཁར་གཡེང་བའི་གསེར་ཉ་རྒྱགས་པ་དག་མཐོང་མ་ཐག ལྕེ་ལེབ་ཀྱིས་མཆུ་ཏོ་ལྡག་ཙམ་ལྡག་ཙམ་བྱས། ལག་གི་འཛུབ་མོས་མ་ཎིའི་ཕྲེང་བ་ཞིག་མགྱོགས་ཤིག་ཤིག་གིས་བགྲང་མོད། མཚན་མོར་ཉི་གདུགས་དང་། ཉི་ཞྭ། ཉི་ཤེལ་ཕུད་ཡོད་པའི་ཡུལ་སྐོར་བ་རྒྱ་མོ་དེ་ཚོར། རང་ཉིད་བརྒྱུད་དེ་འགྲོ་སྐབས། ཞིབ་ལྟ་ཡིད་ཚིམས་པ་རེ་བྱས། 

  ང་རང་འདོད་ལྷའི་དབང་དུ་གྱུར་བའི་པོ་ཏ་ལ་ནས་འདོད་ལྷའི་ཕོ་བྲང་ཡོད་སའམ། ཡང་ན་ཆང་ཁང་མང་པོས་ཁེངས་པའི་སྲང་ལམ་ཡོད་སར་ཕྱིན། ང་རང་གློག་འོད་ལྗང་ཁུ་ཞེས་པའི་ཆང་ཁང་གི་ནང་དུ་འཛུལ་མ་ཐག བྲོ་འཁྲབ་ནས་ཆད་ཡོད་པའི་གྲོགས་པོ་དག་གར་སྟེགས་ནས་མར་བབས་ཏེ། ཅོག་ཙེའི་གཡས་གཡོན་དུ་ཆང་འཐུང་གིན་ངལ་གསོ། ང་རང་ཐོན་མ་ཐག“མི་འདི་ཉིན་འདི་གར་བུ་མོ་ཞིག་གི་རུམ་དུ་རོ་ཉལ་བརྒྱབ་ནས་བསྡད་པ་མིན་ནམ”ཟེར་གྱིན་ང་རང་བོས། 

  བློ་གྲོས་ཟེར་བའི་ལྷ་ས་བ་དེས“ཧ་ཤང་། ཆང་འདི་ཞབས་དག་ཡིན། ཆང་འདིར་བཟི་པོ་མི་འདུག”ཅེས་བཤད་ཀྱང་ཁོ་རང་བཟི་ནས་ཕལ་ཆེར་རང་ངོ་མི་ཤེས་པར་གྱུར་འདུག 

  དུས་ནམ་ཞིག་ནས་འདི་ལྟར་བོས་པ་མི་ཤེས་མོད་གང་ལྟར་ལྷ་ས་རུ་ཡོད་པའི་གྲོགས་པོ་རྣམས་ཀྱིས་ང་ལ་ཧ་ཤང་ཞེས་འབོད་ཡོང་། དེ་ནི་ངས་གནའ་བོ་རྒྱའི་མཁས་པས་བརྩམས་པའི་ཕོ་མོའི་འདོད་པ་ཇི་ལྟར་གཅོད་དགོས་ཚུལ་ཞིབ་འབྲི་བྱས་པའི་གསུང་རབ་མང་པོ་ཀློག་གིན་ཡོད་པས་མིན་ནམ་སྙམ་ཡང་ངའི་གྲོགས་པོ་ཚོས་དེའི་རྐྱེན་གྱིས་མ་རེད་ཟེར། ངས“དེ་ན་ཅིའི་ཕྱིར་ང་ལ་ཧ་ཤང་ཞེས་འབོད་པ་ཡིན”ཞེས་དྲིས། “ང་ཚོ་མཉམ་དུ་རྩེ་སྐོར་ལ་འགྲོ་སྐབས། ང་ཚོས་རྒྱ་མོ་ཚོའི་བརླ་ཤར་ལྟ་བཞིན་འགྲོ་མོད། ཁྱོད་རང་ནི་པོ་ཏ་ལར་ཅེར་ནས་འགྲོ་བཞིན་འདུག ”ཁོ་ཚོས་གསལ་བཤད་འདི་ལྟར་བྱས། ངས“རྩེ་སྐོར་འགྲོ་དུས། པོ་ཏ་ལར་མི་བལྟ་གང་ལ་ལྟ། དེ་ན་ང་ལ་ཧ་ཤང་དུ་འབོད་པར་གནས་ལུགས་གང་ཡང་མི་འདུག”ཅེས་བཤད་ཀྱང་ཁོ་ཚོས“ལྟོས་དང་། ཧ་ཤང་གིས་གནས་ལུགས་བཤད་བྱུང་། ང་ཚོ་རྩེ་སྐོར་དུ་འགྲོ་དོན་ནི་བརླ་ཤ་དམར་རྗེན་དུ་བུད་པའི་རྒྱ་མོ་ཚོ་མཇལ་སོང་བར་ལོས་ཡིན”ཞེས་བཤད་ཅིང་ངས་ལན་མི་བཏབ་པ་མཐོང་དུས“ང་ཚོས་ཧ་ཤང་ལ་མཚང་མིང་ཧ་ཤང་བཏགས་པས་སེམས་ལ་ཕོག་ཡོད་པ་འདྲ”ཟེར། ངས“ངའི་མགོ་ལ་སྐྲ་ལོ་སྐྱེས་ཡོད་པས་ཧ་ཤང་ཞེས་འབོད་ན་ཕོག་ཀི་མི་འདུག”ཅེས་ལབ་པ་ཡིན། མཚང་མིང་སེམས་ལ་ཕོག་དུས་ཁོ་ཚོས་ནམ་ཡང་ཧ་ཤང་ཞེས་འབོད་ཡོང་ལ་མི་ཕོག་དུས་ངའི་མཚང་མིང་བརྗེད་འགྲོ་གི་འདུག ཡིན་ཡང་དེ་རིང་བློ་གྲོས་ཆང་གིས་བཟི་ཡོད་པ་ཁོ་ཐག་རེད། ཁོ་ཚོས་བརྗེད་ནས་ཡུན་རིང་འདས་པའི་ངའི་མཚང་མིང་དེ་འབོད་བྱུང་།

  “ཧ་ཤང་། ཆང་འདི་མངར་པོ་མིན་ཞིམ་པོ་རེད”ཁོས་པེ་ཙི་གང་འཐུངས་རྗེས། མིག་བཙུམས་ནས་ཆང་གི་བྲོ་བ་མྱོང་ཞིང“མངར་པོ་མིན་ཡང་ཞིམ་པོ་ཡོད་པ་དེ་བརྩེ་དུང་གི་བྲོ་བ་རེད”ཅེས་ཟེར། ངས་ཀྱང་པེ་ཙི་གང་འཐུང་མ་ཐག ཆང་དེའི་བྲོ་བ་སྐྱུར་ཁུ་རྙིང་པ་ཞིག་དང་འདྲ་བས་མགྲིན་པ་ནང་ཤུགས་ཀྱིས་མར་མིད་ཀྱང་ཡར་བསྐྱུགས་བྱུང་། ཁོ་ཚོས་ངས་ཆང་འཐུང་དུས་ཀྱི་སྡུག་བསྔལ་གྱི་རྣམ་འགྱུར་ལ་ལྟ་བཞིན་ཡིད་ཚིམས་ནས་བགད། བློ་གྲོས་ཀྱིས“ངས་ངོ་མ་བཤད་པ་ཡིན། བརྩེ་དུང་གི་བྲོ་བ་ངོ་མ་ནི་ནག་མོ་ཞིག་གི་རུམ་ནས་བུད་དུས་རང་ཉིད་ལ་ཤེད་རྟ་རྔ་ཙམ་ཡང་ལྷག་མེད་པ་ཚོར་བ་དེ་རེད”ཟེར།

  ངས་ཁོ་ཚོས་ཆང་རྡུགས་པོ་འདི་འདྲ་བར་འཐུང་དོན་ནི་བརྩེ་དུང་གི་བྲོ་བ་མྱོང་ཆེད་མིན་པར། སྒོར་མོ་ཆད་སོང་བས་ཡིན་རྒྱུ་རེད་སྙམ་གྱིན། ལྷ་སའི་སྦི་རག་ཤེལ་དམ་བཅུ་ཉོས་ནས་ཚུར་འོང་དུས། ཁོ་ཚོས་སྔར་བཞིན་བརྩེ་དུང་གླེང་གིན་པའི་སྒང་རེད།

  “ཧ་ཤང་། ཁྱོས་ཨེ་ཤེས། བོད་མོ་ལས་རྒྱ་མོ་དྲོད་ཆེ་བ་ཡོད་པ་དེ”མིང་ལ་རྒྱ་མཚོ་ཟེར་བའི་གྲོགས་པོ་རྒྱགས་པ་དེས་ང་ལ་འདི་ལྟར་དྲིས། ཁོའི་ལག་པ་གཉིས་ཅོག་ཙེའི་ཐོག་ཏུ་བཞག་ཡོད་པས་ཅོག་ཙེའི་ཕྱེད་ཀ་བདག་ཏུ་བཟུང་། འཛུབ་མོ་སྦོམ་པོ་དེས་མིག་ཤེལ་ཡར་འདེད་ཙམ་འདེད་ཙམ་བྱས། མཆུ་འགྲམ་དུ་ནམ་ཡང་འཛུམ་མདངས་ཡ་མཚན་ཞིག་ཁུར་འདུག 

  “བོད་མོ་ལས་རྒྱ་མོ་དྲོད་ཆེ་བ་ཡོད་དམ”ངས་ར་བཟི་སྟེ་སྣ་ནས་འཁུན་སྒྲ་སྒྲོག་གིན་པའི་བློ་གྲོས་ལ་འདི་ལྟར་དྲིས་པས་ཁོས“ལོས་ཡིན”ཟེར། ངའི་དྲི་བས་ཁོའི་རིག་པ་ཇེ་གསལ་དུ་བཏང་བ་འདྲ། བསམ་བློ་ཡུད་ཙམ་ཞིག་བཏང་རྗེས“ངེད་གཉིས་ཚོད་ལྟ་བྱེད་པར་འགྲོ། དྲོད་ཆེ་བ་ཡོད་ན་ཁྱོས་ང་ལ་སྒོར་ཆིག་སྟོང་སྟེར་དགོས། མེད་ན་ངས་ཁྱོད་ལ་སྒོར་ཆིག་སྟོང་སྟེར་ཆོག”ཅེས་ལབ། 

  གྲོགས་པོ་གཞན་པ་ཚོས“དེ་ལྟར་བྱོས། ང་ཚོས་དཔང་པོ་བྱེད་ཆོག”ཟེར།

 

  ལྷ་སའི་སྦི་རག་ཞབས་དག་བརྒྱབ་རྗེས། ང་རང་ཡང་ཅུང་བཟི་ཡོད་པ་འདྲ། ཁོ་ཚོ་དང་མཉམ་དུ་སྒོར་བུད་ཅིང་སྲང་ལམ་གྱི་གཡོན་ཕྱོགས་ནས་གློག་འོད་དམར་པོ་ཡོད་སར་སོང་། སྐབས་དེར་རྒྱ་མོ་ལོ་ཆུང་ཞིག་གིས“བློ་གྲོས། ཁྱོད་རང་འདི་གར་མ་འོངས་བར་ཉིན་གཉིས་གསུམ་ཙམ་འགོར་སོང་། གང་བྱེད་དུ་སོང་བ་ཡིན”ཞེས་ལེ་བདའ་འདྲ་བྱས། 

  “ཉིན་གཉིས་རེད། ཅི་རེད། ང་རང་དྲན་ནས་བསྡད་མི་ཚུགས་པ་རེད་དམ”བློ་གྲོས་ཀྱིས་འདི་ལྟར་བཤད་སྐབས། གྲོགས་པོ་གཞན་པ་ཚོ་ཆང་གིས་བཟི་བ་ཡིན་ནམ་གློག་འོད་འོག་ཏུ་ངོ་གདོང་དམར་པོར་གྱུར་ཡོད་པ་རིག་ལ་དོགས་མི་བདེ་བའི་ངང  “ང་ཚོས་ཆང་ཁང་ནས་ཁྱོད་གཉིས་སྒུག་ཆོག’ཅེས་བཤད་རྗེས། མི་འདོད་འདོད་ཀྱིས་ཁ་ཕྱིར་འཁོར་ནས་ཕྱིན་སོང་།

   གྲོགས་པོ་གཞན་པ་རྣམས་ཕྱིན་ཚར་རྗེས། རྒྱ་མོ་དེས་ང་ཡང་མཐོང་བ་འདྲ“ཁོ་རང་སུ་རེད”ཅེས་དྲིས།

  “ཧ་ཤང་རེད”བློ་གྲོས་ཀྱིས་འདི་ལྟར་བཤད་མ་ཐག རྒྱ་མོ་དེ་ཨོ་ཧོ་ཧོ་ཟེར་ཏེ་བགད་བྱུང་།

   མོས་ང་ལ་ལྟ་ཡག་གཅིག་བྱས་རྗེས“ཁོ་འདི་གར་ཅི་བྱེད་དུ་འོང་རེད”ཅེས་དྲིས།

  བློ་གྲོས་ནས“ཁོ་རང་འཇིག་རྟེན་འཁོར་བའི་མི་རྟག་པ་མྱོང་དུ་འོངས་བ”རེད་ཟེར།

   རྒྱ་མོ་དེ་སླར་ཡང་ཨོ་ཧོ་ཧོ་ཟེར་གྱིན་ངེད་གཉིས་གློག་འོད་དམར་པོས་ཁེངས་པའི་ཁང་པའི་ནང་དུ་ཁྲིད། ཁང་པ་དེའི་ནང་དུའང་ཁང་ཆུང་མང་པོ་འདུག 

   ངའི་གྲོགས་པོས“ཁོ་ལ་འཇིག་རྟེན་འཁོར་བའི་མི་རྟག་པ་ཡག་པོ་ཞིག་མྱོང་དུ་བཅུག་རོགས། ཧ་ཤང་ཚོ་ལ་དགོས་པ་ནི་བློ་བསྐྱེད་འདྲ་རེད”ཟེར་དུས“དེ་ཁྱོད་ཀྱིས་སེམས་ནད་བྱེད་དགོས་མ་རེད། གློག་འོད་དམར་པོ་ཅན་གྱི་ཁང་ཆུང་འདི་ཧ་ཤང་ཚོས་སྒོམ་སྒྲུབ་བྱེད་སའི་བྲག་ཕུག་དང་གཅིག་པ་ཡོད་རེད”ཟེར་རྗེས། སྐད་བཏང་ནས་གཞན་ཞིག་འབོད་པ་རྩོམ་དུས། གློག་འོད་དམར་པོ་ཅན་གྱི་ཁང་པ་འདི་དག་གི་སྦྱིན་བདག་དང་འདྲ་བའི་བུད་མེད་ལོ་བཞི་བཅུ་ལྔ་བཅུ་ལ་སོན་པ་ཞིག་སྒོར་ཐོན་བྱུང་། མོས་ང་རང་ཁྲིད་ནས་ཁང་ཆུང་ཞིག་ཏུ་འཛུལ་ཞིང“ཅུང་ཙམ་སྒུགས་དང་། ཁང་པའི་ནང་དུ་བསྡུ་གསོག་ཐེངས་གཅིག་བྱེད་དགོས་པ་འདུག”ཟེར་གྱིན་གློག་འོད་དམར་པོའི་ཁྲོད་ཀྱི་རབ་རིབ་ཀྱི་དངོས་པོ་ཁ་ཤས་གད་སྙིགས་བླུག་སྒམ་དུ་བླུགས་སོང་།

    ང་རང་མལ་ཁྲིའི་ཐོག་ཏུ་ཉལ་གྱིན་མི་རྟག་པ་གླེང་མཁན་གྱི་གཞོན་ནུ་མ་དེ་ཇི་ལྟར་བསྒུགས་ཀྱང་སྒོ་ནས་ཐོན་མ་བྱུང་། 

   ཁང་པའི་ནང་དུ་ཡོད་པའི་སྦྱིན་བདག་མས་གཙང་སྦྲ་བྱས་རྗེས། གོས་རྣམས་ཕུད་དེ་གཅེར་བུ་ངའི་ཕྱོགས་སུ་འོང་གིན་པ་མཐོང་མ་ཐག ང་རང་སྐྲག་ཐག་ཆོད་ནས་མལ་ཁྲིའི་སྣེ་རུ་ནུར་ཅི་ཐུབ་བྱས་མོད། སྦྱིན་བདག་མས“ཁྱོད་རང་ང་ལ་འཛེམ་དགོས་དོན་མེད”ཟེར།

 

    ང་རང་ཁང་ཆུང་དམར་པོ་དེ་ལས་བུད་པ་ན། བློ་གྲོས་ཀྱིས་ཐ་མག་རིང་པོ་ཞིག་འཐེན་གྱིན“ངས་ཁྱོད་རང་ཆུ་ཚོད་གཅིག་ཙམ་ལ་བསྒུགས་པ་ཡིན། ཁྱོད་རང་སྦྱིན་བདག་མའི་རུམ་དུ་མཚན་གང་ཉལ་བསམ་པ་ཨེ་ཡིན་སྙམ་བྱུང”ཞེས་བཤད་ཀྱང་སྒོ་ནས་བུད་མ་ཐག་མགོ་ཡོམ་བར་མེད་དུ་འཁོར་ཡོང་བས་གློག་འོད་དམར་པོའི་ནང་གི་ཁོའི་ངོ་གདོང་ཡང་གསལ་པོ་ཞིག་མཐོང་གི་མི་འདུག

   རྨི་ལམ་དང་འདྲ་བའི་གློག་འོད་དམར་པོ་དག་དང་བྲལ་ནས་སྲང་ལམ་དུ་ཐོན་ཚེ། རླུང་བུ་འཁྱག་པ་ཞིག་གིས་ངེད་གཉིས་ཀྱིས་ལུས་པོ་སྒུལ་ཙམ་སྒུལ་ཙམ་བྱེད་ལ། མི་དང་རླངས་འཁོར་གང་ཡང་མེད་པའི་མུན་པས་བཟུང་བའི་ལམ་ཐོག་ཏུ་མེ་ཏོག་སྐམ་པོ་ཁ་ཤས་སག་སྒྲ་དང་བཅས་ཐག་རིང་དུ་འཕུར།  ངས་གྲོགས་པོ་ལ“ད་སྟོན་ཀ་ཚེས་ཡོང་བ་ཨེ་རེད”ཅེས་དྲིས་པས“ངས་ཀྱང་མི་ཤེས”ཟེར། 

   རྒྱུ་མཚན་མེད་པར་ངའི་སེམས་པ་ངུ་སྙིང་དྲག་པོས་གཟིར།

 “གྲོགས་པོ། ཁྱོད་ལ་ཅི་བྱུང་། ཁྱོད་ཀྱི་ངོ་མདོག་ཤོར་འདུག”

   “ང་རང་སྐྱིད་པོ་མི་འདུག”

   “གཅིན་པ་ཞིག་བཏང་ན་སེམས་པ་སྐྱིད་དུ་འགྲོ་གི་རེད”

   ཤིང་སྡོང་ཞིག་གི་གྲིབ་མའི་ནང་འགྲེང་ནས་ཡུན་རིང་བསྡད་མོད། གཅིན་པ་ཐིགས་པ་གཅིག་ཀྱང་ཟགས་རྒྱུ་མི་འདུག ཁ་ཕྱིར་བསྐོར་ཏེ་སྲང་ལམ་དུ་ཐོན་ཚེ་ང་ལ་གཅིན་པ་གཏོང་ཟེར་མཁན་གྱི་གྲོགས་པོ་དེ་མཐོང་སར་མི་འདུག དེ་སྔོན་ངེད་གཉིས་ནུབ་ནས་ཤར་དུ་འགྲོའམ་ཤར་ནས་ནུབ་དུ་འོང་བ་དྲན་རྒྱུ་མེད་པས་ལམ་ནོར་ཤོར། ང་རང་ཡར་ཡར་བསྐྱོད་པ་ན་གློག་འོད་ལྗང་ཁུ་ཞེས་པའི་ཆང་ཁང་དེ་རླངས་པ་བཞིན་ཡལ་སོང་བ་འདྲ། སྒོ་བྱང་ཡོད་ཚད་ཀྱི་མིང་ནི་ཆ་མེད་པ་དག་དག་རེད། 

  

   ང་རང་མེ་ཏོག་སྒྲོན་གྱི་ཁང་པའི་ནང་སླེབས་དུས། མཁའ་མཐའ་ནས་འོད་སྣང་ཞིག་ཐོན་ཏེ། གྲོང་ཁྱེར་འདིའི་མུན་པ་དང་མུན་པའི་ནང་གི་འདོད་ལྷ་རྣམས་ཕར་ཕར་བསྐྲད། མེ་ཏོག་སྒྲོན་རང་ཉིད་ཀྱི་མལ་ཁྲིའི་ཐོག་ཏུ་ཞི་ཕྲུག་ཆུང་ཆུང་ཞིག་ལྟར་གཉིད་སྐྱིད་པོ་ཞིག་ཁུག་འདུག ང་རང་ཧྲ་ཧྥ་ནག་ཆེན་དེའི་ཐོག་ཏུ་ཉལ་མ་ཐག་རྨི་ལམ་གྱི་ཞིང་དུ་ལྷུང་། གཉིད་ལས་སད་དུས། ངས་རྨི་ལམ་ཅི་ཞིག་རྨིས་པ་དྲན་རྒྱུ་མི་འདུག ངའི་ཁ་གཏད་ཀྱི་གློག་བརྙན་དེ་ཁ་ཕྱེ་འདུག་ཅིང་མདུན་ངོས་སུ་ཁ་ལྕེ་བདེ་བའི་གསར་འགོད་པ་ཞིག་གིས་གསར་འགྱུར་འཆད་པའི་སྒང་རེད། མོས“མཛེས་སྡུག་ལྡན་པའི་སྟོན་ཁ་ཤར་སོང”ཟེར། ངས་སྔས་འབོལ་དུ་ཡོད་པའི་ཡའོ་ཀུང་མནན་པ་ན། མོ་རང་ངའི་འཇིག་རྟེན་ནས་ཡལ་སོང་། འཇིག་རྟེན་འདི་ངའི་བསམ་འདུན་ལྟར་འཇམ་ཐིང་ཐིང་དུ་གནས།

  མི་ཟེར་བ་དེ་འཇིག་རྟེན་འདི་རུ་འུར་སྒྲ་བཟོ་རུ་ཡོང་བ་ཡིན་ནམ།

  གཉིད་ལས་སད་རྗེས། ངའི་འོག་སྨད་ནས་ཚ་དྲོད་རྒྱས་ཀྱིན་པ་ཚོར། དང་པོར་ཚ་དྲོད་ཕལ་བ་ཞིག་ཡིན་སྙམ་མོད། ཉལ་གྱིན་ཉལ་གྱིན་སྔོན་མར་བལྟས་མྱོང་བའི《སྐྱེས་པའི་བདེ་ཐང》ཞེས་པའི་དུས་དེབ་དེ་ཡིད་ལ་འཁོར། བདེ་ཐང་བདེ་ཐང་ཟེར་ཡང་དེའི་ནང་དུ་ནད་པའི་པར་གྱིས་ཁེངས། ད་ལྟའང་བརྗེད་མི་ཐུབ་པ་ནི་སྐྱེས་པ་ཞིག་གི་མཚན་མ་རུལ་ནས་མེད་པ་གྱུར་ཡོད་པ་མ་ཟད་བརླ་ཤ་གཉིས་ཀ་ཡང་རུལ་འགོ་བརྩམས། པར་དེའི་འོག་གི་གསལ་བཤད་ཡི་གེ་རུ་སྐྱེས་པ་དེས་ལོ་གཅིག་གི་སྔོན་དུ་སྨད་འཚོང་མར་སྤྱོད་པས་མཚན་མའི་ནད་འདི་འགོས་པ་རེད་ཅེས་བྲིས་འདུག པར་དེ་མཐོང་བ་ནས་བཟུང་རྨི་ལམ་དུ་ང་ལའང་ནད་དེ་འདྲ་ཞིག་ཕོག་པ་ཡང་ཡང་རྨིས་ཤིང་བསྐྲགས་ཏེ། ཐེངས་མང་གཉིད་ལས་སད། གཉིད་ལས་སད་རྗེས། རང་ཉིད་ཀྱི་མཚན་མ་དང་བརླ་ཤ་ལ་ཞིབ་ལྟ་ཞིག་བྱས་པ་ན། ནད་གང་ཡང་བྱུང་མེད་པ་མཐོང་བ་དང་བློ་བདེ་བག་ཕེབས་ངང་སླར་ཡང་རྨི་ལམ་དུ་ཉུལ་འགྲོ དེ་རིང་ངས་རྨི་ལམ་ཅི་ཡང་མ་རྨིས་ཀྱང་གཉིད་ལས་སད་དུས། ངའི་མཚན་མ་དང་བརླ་ཤ་བཅས་ལུས་སྨད་ལ་ཚ་བ་རྒྱས་ཡོད་པ་ཚོར། ངས་སླར་ཡང་མཚན་མ་རུལ་ཡོད་པའི་པར་དེའི་གསལ་བཤད་ཡི་གེ་རུ“དང་པོ་ནད་འདི་འགོས་དུས་ནད་རྟགས་ནི་མཚན་མ་དང་བརླ་ཤ་ལ་ཚ་བ་རྒྱས་པ་ཡིན”ཞེས་དྲིས་ཡོད་པ་དྲན་ཞིང་མཇུག་ཏུ“ལོ་གཅིག་གི་རྗེས་སུ་ནད་འདི་འགོས་མཁན་རྣམས་ལུས་ཡོངས་སུ་རྨ་རྒྱས་ནས་ཤི་བ་ཡིན”ཞེས་པ་དེའང་དྲན་བྱུང་བས་མདང་དགོང་ང་ལ་ནད་དེ་འགོས་པ་མིན་ནམ། ངས་མནོ་བསམ་ཡང་ཡང་བཏང་རྗེས། ལུས་ཡོངས་སུ་ཚ་བ་རྒྱས་ཡོང་བ་ཚོར། ནད་དེ་འགོས་ཡོད་པ་ཐག་གཅོད་རེད་སྙམ། 

  ཅང་མ་འགོར་བ་མེ་ཏོག་སྒྲོན་ལས་ཀ་གྲོལ་ནས་ཁྱིམ་དུ་ཐོན་བྱུང་། མོས་ང་རང་ད་དུང་ཧྲ་ཧྥའི་ཐོག་ཏུ་ཉལ་ཡོད་པ་མཐོང་བ་དང་ངའི་ཐོད་པར་ལག་པས་བྱིལ་གྱིན“ཆམ་པ་ན་བ་མ་རེད་དམ”ཟེར། 

  “མ་རེད”

  “དེས་ན་བཟང”

    མོ་རང་ཟ་མ་བཟོ་བར་ཕྱིན་སོང་། མི་རིང་བར་ཚལ་འཁྲུད་པའི་ཆུ་སྒྲ་གྲགས།

    མོས་ཟ་མ་དག་ཅོག་ཙེའི་ཐོག་ཏུ་བསྒྲིགས་རྗེས། ང་རང་བོས། 

   ང་རང་ཡར་ལངས་བསམས་ནའང་མགོ་བོ་གཟེར་བྲེང་ངེར་བྱས་པས་མལ་ཐུལ་གྱིས་མགོ་བོ་བཏུམས་ཏེ་ཉལ་བསྡད། ཁང་པའི་ནང་མེ་ཏོག་སྒྲོན་སྐད་ཆུང་ངུས་ངུས་པའི་སྒྲ་གྲགས། དེ་ནས་མོས་དལ་མོས་ཟ་མ་བཟའ་བའི་སྒྲ་གོ མོ་ལ་ཁ་ཡ་བྱེད་ཁོམ་ག་ལ་ཡོད། ལོ་གཅིག་གི་རྗེས་སུ་ཕ་ཡུལ་གྱི་མི་རྣམས་ཀྱིས་ལོ་ཉི་ཤུ་རྩ་གྲངས་ལ་ཟིན་པའི་ང་རང་མཚན་མའི་ནད་ཕོག་ནས་རུལ་སོང་བའི་གནས་ཚུལ་གླེང་བྱུང་ན་ཟ་མ་བཟའ་བཞིན་ཡོད་པའི་མི་དག་གིས“ཕེ”ཞེས་བཤད་ཁོ་ཐག་རེད། 

   མཚན་མོར་ཉལ་ཁར། མེ་ཏོག་སྒྲོན་གྱིས“ཁྱོད་རང་འདི་ལྟར་ང་དང་ཁ་ཁར་ཉལ་རྒྱུ་ཡིན་ནམ”ཞེས་ལབ་ཡོང་ཡང་ངས་ལན་གང་ཡང་མ་བཏབ། ངས་ནག་མོ་ཞིག་ཉལ་ཡོད་པའི་ཉལ་ཁྲི་དྲན་མ་ཐག་སེམས་རྩ་འདར་འོང་། མཐར་མོ་རང་ངུ་བཞིན་ངུ་བཞིན་ཉལ་ཁང་དུ་འཛུལ་སོང་།

 

   ཕྱི་ཉིན། མོ་རང་ལས་ཀ་གྲོལ་དུས། མོས་ང་རང་སྔར་བཞིན་ཉལ་ཡོད་པ་མཐོང་བས་སླར་ཡང་ངའི་ཐོད་པ་ལ་ལག་པས་རེག “ཚ་བ་ལ། ཆམ་པ་ཕོག་ཡོད་ས་རེད”ཟེར། ཅུང་ཙམ་འགོར་རྗེས་མོས་ཆམ་སྨན་མང་པོ་ཁུར་བྱུང་། ངས“ཕན་ནི་མ་རེད”ཟེར་ཡང་པེ་ཙི་ཞིག་གི་ནང་དུ་ཆུ་ཁོལ་བླུགས་ནས་ང་ལ་ཨུ་ཚུགས་བྱས། “ཕན་ནི་མ་རེད”སྐད་དྲག་པོ་བརྒྱབ་པ་ན་མོ་རང་ངུས། 

  ངས་ད་ང་རང་ནི་མི་རིང་བར་འཆི་འགྲོ་རྒྱུ་རེད། དེ་ནི་ལྡོག་ཐབས་མེད་པའི་ལས་ཡིན་པས། མཚན་མ་ལ་འགོས་ནད་ཕོག་ཚུལ་མི་གཞན་ལ་བཤད་བཞག་ན་ངོ་ཚ་རྒྱུ་ཅི་ཡོད་སྙམ། 

   “མེ་ཏོག་སྒྲོན། ཁྱོད་མ་ངུ། ངའི་ནད་འདི་ཆམ་པ་མ་རེད། མདང་དགོང་ང་ལ་ནད་མི་གཙང་བ་ཞིག་འགོས་འདུག”ངས་དལ་བྲེལ་མེད་པར་འདི་ལྟར་བཤད་ཀྱང་མོས་ངས་རྩེད་དགོད་བཤད་པར་ངོས་འཛིན་པ་དང་འདྲ་བར་བདེན་དུ་མ་བཟུང་། ང་རང་མདང་དགོང་གློག་འོད་ལྗང་ཁུའི་ཆང་ཁང་དུ་སོང་ཚུལ། ཆང་འཐུངས་རྗེས་གྲོགས་པོ་བློ་གྲོས་དང་རྒྱན་འཛུགས་ཚུལ། གློག་འོད་དམར་པོའི་ཁང་ཆུང་དུ་འཛུལ་ཚུལ་སོགས་མ་གསང་དྲང་པོར་བཤད་པ་ན། མོ་རང་སྐད་ཤུགས་ཆེན་པོས་ངུས“ཁྱོད་ཀྱིས་ལས་ཀ་དེ་རིགས་ཇི་ལྟར་བྱེད་ཉན་ནི་རེད། ཁྱོད་ཀྱིས་ལས་ཀ་དེ་རིགས་བྱེད་ཡོང་བསམ་པའི་དགུ་ལའང་མེད”ཅེས་ངའི་ལག་པ་ཡང་ཡང་འཐེན།

 “མེ་ཏོག་སྒྲོན། ཁྱོད་མ་ངུ་རོགས། མི་ཀུན་འཆི་བ་ལས་ཐར་མི་ཐུབ་པས་ང་རང་མི་རིང་བར་ཤི་འགྲོ་རྒྱུར་སྐྲག་རྒྱུ་མེད། ང་རང་ཤི་རྗེས་ཁྱོད་ཀྱིས་ང་རང་མེ་ཏོག་ལྡུམ་རའི་ནང་དུ་སྦས་བཞག་རོགས། ནད་འདི་ངེད་གཉིས་ཀྱི་གསང་བ་བྱོས”ངས་འདི་ལྟར་བཤད་མ་ཐག མོའི་ངུ་སྐད་ཇེ་ཆེར་སོང་བ་ལས་ལན་གང་ཡང་བཏབ་མ་བྱུང་།

 

 “ཡར་ལོངས་ཤོག ངེད་གཉིས་སྨན་ཁང་དུ་འགྲོ”

  ཕྱིར་ཉིན་ང་རང་གཉིད་ལས་སད་དུས། ང་ལ་ནད་ཅིག་ཕོག་ཡོད་པ་བརྗེད་འདུག་ཀྱང་མེ་ཏོག་སྒྲོན་གྱིས་གསལ་འདེབས་བྱེད་པའི་ཚུལ་དུ་ང་རང་བོས།

  “མེ་ཏོག་སྒྲོན། སྐུ་མཁྱེན། ང་རང་སྨན་ཁང་དུ་མ་འཁྲིད་རོགས། ནད་གཅིག་ཁུར་ནས་ཤི་སོང་ན་བདེ་རེད། སྨན་ཁང་དུ་སོང་ན་ནད་བཞི་ལྔ་ཙམ་ཁུར་ནས་ཤི་དགོས་ཁོ་ཐག་རེད”ངས་འདི་ལྟར་ཞུ་བ་ཡང་ཡང་བྱས་མོད། མེ་ཏོག་སྒྲོན་གྱིས“ཁྱོད་རང་ཁ་བདེ་མོ་བྱེད་ཡོང”ཟེར་གྱིན། ང་རང་ལུས་པོ་འཁྲུད་དུ་བཅུག་ཅིང་གོས་གསར་པ་ཆ་ཚང་ཞིག་གྱོན་བཅུག དེ་ནས་ཟ་མ་བཟའ་རུ་བཅུག ངས་ཅི་ཡང་བྱེད་མི་བསམ་ཡང་མོས་ང་རང་ནི་བྱིས་པ་ཞིག་ལྟར་འདེད་ཡོང་གི་འདུག  

 

  ང་རང་མོའི་རྗེས་སུ་འགྲོ་དུས། ཞོགས་པར་སྐོར་བར་འགྲོ་མཁན་ཚོས་ངའི་གསང་བ་ཤེས་ཡོད་པ་བཞིན་ང་ལ་ཡང་ཡང་བལྟས། 

   མཐར་མོས་ང་རང་ཕོ་ནད་སྨན་ཁང་ཞིག་ཏུ་ཁྲིད་སོང་། སྨན་ཁང་གི་སྒོ་ཁར་སྨན་པ་གཞོན་ནུ་མ་ཞིག་བསུ་མར་སླེབས། མེ་ཏོག་སྒྲོན་གྱིས“མོ་རང་ནི་ངའི་གྲོགས་མོ་རེད”ཅེས་ངོ་སྤྲད། སྨན་པ་དེའི་རྣམ་འགྱུར་ལ་བལྟས་ན་མེ་ཏོག་སྒྲོན་གྱིས་ཁ་པར་ནས་ངའི་གསང་བ་ཡོད་ཚད་བཤད་ཟིན་པ་འདྲ། སྨན་པས་མེ་ཏོག་སྒྲོན་སྒོ་ཁར་བཞག་རྗེས་ང་ལ“ཁྱོད་རང་ངའི་རྗེས་སུ་ཤོག”ཟེར།

   ངས་མེ་ཏོག་སྒྲོན་ལ“ཁྱོད་ཀྱང་ངའི་རྗེས་སུ་ཡོང་རོགས”ཞེས་ཞུ་བ་བྱས་མོད་མོས“ང་ལ་ནད་མེད་པས་སྨན་ཁང་ནང་ཅི་ལ་འགྲོ”ཟེར་ནས་འགྲོ་རོགས་མ་བྱས།

   སྨན་པ་གཞོན་ནུ་མ་དེས་ང་རང་ཁང་ཆུང་ཞིག་ཏུ་ཁྲིད་རྗེས། ཅོག་ཙེའི་མདུན་དུ་ཙོག་གིན་རེའུ་མིག་ཅིག་གི་ཐོག་ཏུ། ངའི་མིང་དང་ལོ་ན། ཕ་ཡུལ་བཅས་བྲིས་རྗེས“མེ་ཏོག་སྒྲོན་གྱིས་ཡོད་ཚད་ང་ལ་བཤད་བྱུང་། ཁྱོད་ཀྱིས་ང་ལ་གསང་དགོས་དོན་མེད། དང་པོ་ནད་ཅི་འདྲ་བྱུང་ཚུལ་ཤོད”ཟེར། ངས་ངའི་ནད་དེ་ཅི་འདྲ་བྱུང་ཚུལ་ཇི་མ་ཇི་བཞིན་དུ་མོ་ལ་བཤད། ངས་བཤད་པའི་སྐབས་སུ་མོས་ཤོག་དཀར་གྱི་རེའུ་མིག་ཐོག་ཏུ་མགྱོགས་ཤིག་ཤིག་གིས་ཡི་གེ་བྲིས། ངས་བཤད་ཚར་བ་དང་མོས་ཀྱང་བྲིས་ཚར་སོང་། ངས་ཤོག་དཀར་གྱི་ངོས་སུ་ཡུན་རིང་ཞིག་བལྟས་ཀྱང་ཡིག་འབྲུ་ཚིག་གཅིག་ཀྱང་བཀླགས་མ་ཐུབ། མཐར་ན་རྒྱ་ཡིག་དང་བོད་ཡིག་གཉིས་གང་ཡིན་པ་ཡང་མི་ཤེས།

  མོས་སྐད་ཆ་འདི་དག་དྲིས་རྗེས“རྐང་སྣམ་མར་ཕུད་དང་། ངས་བརྟག་དཔྱད་ཅིག་བྱ”ཟེར་བྱུང་བས་ངས་གོ་ནོར་ཐེབས་པ་མིན་ནམ་སྙམ་གྱིན“ཅི་ཟེར”ཞེས་དྲིས།

  “རྐང་སྣམ་མར་ཕུད་ཟེར་བ་ཡིན།”མོས་སླར་ཡང་འདི་ལྟར་ཟེར།

  “དེ། ག་ལ་རུང”ང་རང་ངོ་ཚ་ནས་འདི་ལྟར་བཤད།

  “ཁྱོད་རང་ང་ལ་ངོ་ཚ་དགོས་མ་རེད། མེ་ཏོག་སྒྲོན་ངེད་གཉིས་གྲོགས་མོ་བཟང་པོ་རེད། མོའི་ཅ་ལག་ཡོད་ཚད་ངའི་ཡིན་ལ་ངའི་ཅ་ལག་ཡོད་ཚད་ཀྱང་མོའི་ཡིན”

  ངས་རྐང་སྣམ་ལྷམ་མཚམས་སུ་མར་དེད་ནས་མོའི་མདུན་དུ་འགྲེང་བསྡད། སྒེའུ་ཁུང་ཕྱི་རོལ་དུ་བལྟས་པ་ན། དེ་རིང་གི་ཉི་མ་ད་དུང་མ་ཤར་བ་ཡིན་ནམ། སྤྲིན་པས་བསྒྲིབས་པ་ཡིན། གང་ལྟར་ལྷ་སའི་གྲོང་ཁྱེར་ལ་ཉི་འོད་ཕོག་མི་འདུག དབུགས་རིང་ཞིག་གཏོང་བ་དང་སྨན་པས་ཅི་བྱེད་ཀྱིན་ཡོད་པར་ལྟ་དུས། སྨན་པས་འཛུབ་མོས་ངའི་མཚན་མ་ཡར་སྒུལ་མར་སྒུལ་དང་ཕར་སྒུལ་ཚུལ་སྒུལ་བྱེད་ཀྱིན་འདུག མོས་འདི་ལྟར་བརྟག་དཔྱད་ཡིད་ཚིམས་པ་ཞིག་བྱས་རྗེས་ངའི་ཕོ་མཚན་ལ་སེན་རྩེས་ཚག་སྒྲ་དང་བཅས་བརྒྱབ་པ་དང“བདེ་བདེ་སང་སང་རེད། ནད་གང་ཡང་འགོས་མི་འདུག”ཟེར།

  ངས་སྣམ་བུ་ཡར་འཐེན་ཏེ། མོའི་མདུན་དུ་གཡོ་བ་མེད་པ་འགྲེང་བསྡད། “ཁྱོད་རང་སོང་ན་ཆོག མེ་ཏོག་སྒྲོན་གྱིས་ཁྱོད་རང་བསྒུགས་ཡོད”ཅེས་བཤད་བྱུང་བས་ང་རང་རྟབ་རྟབ་པོར་སྒོར་བུད། 

   བརྟག་དཔྱད་ཁང་དེའི་ཕྱི་རོལ་དུ་ཐོན་པ་ཐག ངོ་ཚ། སྐྲག་སྣང་། འགྱོད་པས་གཟེངས་པའི་ངའི་ལུས་ཡོངས་ཀྱི་བ་སྤུ་དག་མར་འཇགས་ཤིང་ནམ་མཁའ་ལ་ལྡིང་གིན་པའི་ལུས་སེམས་གཉིས་ཀ་སར་བབས་ཏེ་མེ་ཏོག་སྒྲོན་ཡོད་སར་སོང་།

  “ཁྱོད་རང་ནམ་འཆི་རྒྱུ་རེད”མེ་ཏོག་སྒྲོན་གྱིས་འཛུམ་མུལ་མུལ་ངང་འདི་ལྟར་དྲིས་བྱུང་། ངས་ལན་གང་ཡང་མ་བཏབ།

 

    ངེད་གཉིས་མཉམ་པོར་ལྷ་སའི་སྲང་ལམ་དུ་ཕྱིན་པ་ན་ཉི་འོད་གློ་བུར་ཐོན་བྱུང་བས་འཇིག་རྟེན་སེར་ལམ་ལམ་དུ་གྱུར།

    ཞོགས་པའི་ཉི་འོད་དྲོན་མོའི་འོག་ཏུ། འདི་ལྟར་སེམས་ནད་གང་ཡང་མེད་པར་འགྲོ་ཚེ། སེམས་པ་ཧ་ཅང་སྐྱིད། 

   ངས་མེ་ཏོག་སྒྲོན་ལ“ཁྱོད་ཀྱི་གྲོགས་མོས་ང་ལ‘ཁྱོད་རང་མེ་ཏོག་སྒྲོན་གྱི་དགའ་རོགས་ཡིན་ན་ངའི་དགའ་རོགས་ལོས་ཡིན’ཟེར་གྱིན་བརྟག་དཔྱད་བྱེད་པ་ཁ་གཡར་ནས་ངའི་ཕོ་མཚན་ཡར་སྒུལ་མར་སྒུལ་ཡུན་རིང་བྱས་ཐལ”ཞེས་བཤད་པ་ན། མོ་རང་བགད་ནས་འགྲོ་ཡང་མི་ཐུབ་པར་ལྟར་བྱས་ཤིང་དགོད་ཁ་ཅུང་འཇགས་དུས་ང་ལ“སྙིང་རྗེ། སྙིང་རྗེ”ཟེར།

   ངེད་གཉིས་པོ་ཏ་ལར་སྐོར་བ་ཐེངས་གསུམ་བརྒྱབ་རྗེས། ལྷ་སའི་སྲང་ལམ་དོག་མོ་ཞིག་གི་ཐོག་ཏུ་དལ་བྲེལ་མེད་པར་ཕྱིན། 

   ངས་ལྷ་སའི་སྤྲིན་པས་མ་གོས་པའི་ནམ་མཁའ་ལ་ལྟ་བཞིན“ཆར་བ་ཞིག་འབབ་རོགས་བྱས་ན་ཅི་མ་རུང་སྙམ”ཞེས་བཤད།

 “དེ་འདྲ་ཟེར་དོན་མེད”མོས་བཤད“དྲག་ཆར་ཞིག་ནམ་ཡང་འབབ་ངེས”

 “ངེད་གཉིས་ཀྱི་བཤད་པའི་སྐད་ཆ་འདི་ནི་སྒྲུང་ནང་གི་མི་སྣ་ཞིག་གིས་བཤད་མྱོང་འདུག”ངས་མེ་ཏོག་སྒྲོན་ལ་འདི་ལྟར་ལབ་དུས། མོའི་ངོ་གདོང་ངའི་ཕྱོགས་སུ་འཁོར་ཏེ“མི་སྣ་དེ་སུ་རེད”ཟེར། ལྷ་སའི་ཉི་འོད་ཕོག་པའི་མོའི་མཁུར་ཚོས་བདེ་སྐྱིད་ཀྱིས་དམར་འདུག་ཅིང་སྐྲ་ལོ་རྣམས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཕར་གཡོ་ཚུར་གཡོ་བྱས། སྣང་ཚུལ་འདི་མཐོང་མ་ཐག་ང་རང་མོ་ལ་སེམས་ཤོར། ཡིན་ཡང་སྐད་ཆ་འདི་དག་སྔོན་མ་མི་སྣ་སུ་ཞིག་གིས་བཤད་མྱོང་པ་དྲན་མ་ཐུབ། མོ་ལ་ངའི་ལན་མི་མཁོ་བ་འདྲ། སྐྲ་ལོ་རྒྱབ་ཏུ་ཤད་ཀྱིན་མདུན་དུ་ཕྱིན།

   ཞོགས་པ་སྔ་མོར་ལངས་པས་ཡིན་ནམ། དེ་རིང་གི་ཉི་མ་ནི་ཧ་ཅང་རིང་། ཕྱི་དྲོ་གང་བོར་ངེད་གཉིས་ཆང་ཁང་ཞིག་གི་ཁང་སྟེང་དུ་ཡོད་པའི་ཉི་གདུགས་ཆེན་པོ་དེའི་འོག་ཏུ་ཙོག་གིན་རྒུན་ཆང་གྲང་མོ་འཐུང་། མོས་རྒུན་ཆང་གི་པེ་ཙེ་ཕར་སྒུལ་ཚུར་སྒུལ་བྱས་པ་ན། ནང་དུ་ཆབ་རོམ་གྱི་ཤང་སྒྲ་གྲགས། ང་རང་ཆབ་རོམ་པེ་ཙི་ལ་ཐུག་པའི་སྒྲ་དེ་ལ་ཉན་རྒྱུར་དགའ་ལ་མོ་རང་ཡང་དགའ་བ་འདྲ། པེ་ཙི་ལག་པས་ཡང་ཡང་སྒུལ། ཁང་པ་འདིའི་སྟེང་དུ་ཙོག་དུས། ལྷ་སའི་གྲོང་ཁྱེར་ཧྲིལ་པོ་མིག་ལམ་དུ་མངོན། བར་སྐོར་དང་པོ་ཏ་ལའི་གཡས་གཡོན་དུ་ལྷ་བསང་གི་དུ་བ་དཀར་པོ་ནམ་མཁའ་རུ་འཐེན། ནམ་མཁའ་རུ་སྤྲིན་པ་མེད་ཀྱང་དུ་བ་དེ་ཚོ་བར་སྣང་དུ་ཡལ་སོང་བས་སྤྲིན་པ་རྡོག་པོ་གཅིག་ལའང་འགྱུར་མ་ཐུབ། མོས་ང་ལ་སྐད་ཆ་རེར་བཤད་རྗེས། མིག་ཟུང་ཀེམ་ཀེམ་གཡོ་བར་བྱེད། 

    ངེད་གཉིས་རྐང་ཐང་ལ་ལོག་པས་ཁྱིམ་དུ་སླེབས་མ་ཐག་ཨ་ཡོ་ཨ་ནའི་སྐད་ངན་ཤོར་གྱིན་མལ་སར་ལྷུང་སོང་། དུས་རྒྱུན་ལྟར་མོས་མགོ་སྔས་འབོལ་ཐོག་ཏུ་བཞག་མ་ཐག སྔུར་བ་ཡང་མོ་ཞིག་འཐེན་གྱིན་གཉིད། ངའི་ལུས་པོ་འདི་ངལ་བས་གདུང་ཡང་གཉིད་མ་ཁུག སྒེའུ་ཁུང་ཕྱི་རོལ་ནས་འཕྲོ་ཡོང་བའི་མཚམས་སྤྲིན་གྱི་དམར་མདངས་ནི་མེ་ཏོག་སྒྲོན་གྱི་རྨི་ལམ་དང་འདྲ། གྱང་ངོས་ཀྱི་ཆུ་ཚོད་ལོག་འཁོར་དེ་སག་སྒྲ་དང་བཅས་འགྲོ་བཞིན་འདུག ཁང་པ་འདི་ནི་གྲོང་ཁྱེར་ཕྱི་རོལ་གྱི་ཞིང་ཐང་ཞིག་གི་ཐོག་ཏུ་གནས་ཡོད་པས་རླངས་འཁོར་དང་མི་ཚོགས་ཀྱི་སྒྲ་གང་ཡང་ཐོས་རྒྱུ་མེད། ཞོགས་པའི་དུས་སུ་བྱེའུ་ཁ་ཤས་ཀྱིས“ང་ལྟོགས་བྱུང”ཞེས་སྐད་ཡང་ཡང་བརྒྱབ་ཀྱང་ཕྱི་དྲོའི་དུས་སུ་བརྒྱགས་དྲགས་པས་ལྐུགས་པའི་ངང་ཚུལ་འཛིན། འཇིག་རྟེན་འདིའི་ནང་གི་སྒྲ་དབྱངས་ཉག་གཅིག་སྟེ། ཆུ་ཚོད་ལོག་འཁོར་གྱི་སག་སྒྲ་ལ་ཉན་བཞིན་དེ་རིང་ལམ་བར་དུ་ཆུ་ཚོད་གསུམ་ཙམ་འགོར་འདུག་ཨང་སྙམ། 

  མེ་ཏོག་སྒྲོན་གྱིས་ངའི་ཁེར་རྐྱང་གི་ཚོར་བ་ལ་ཁ་ཡ་གང་ཡང་མ་བྱས་པར་རང་མགོ་གང་ཐོན་གྱིས་རྨི་ལམ་དུ་འགྲོ་བཞིན་འདུག ང་རང་མོའི་ཤི་སོང་བ་ལྟ་བུའི་གཉིད་སྟངས་དེ་ལ་སུན་ཞིང་སྣང་བ་སྐྱིད་དྲགས་པའི་གདོང་དངོས་ཀྱི་རྣམ་འགྱུར་ལ་ལྷག་ཏུ་སུན། མོ་རང་མིག་ཆུ་ཤོར་ཚུལ་ལ་དགའ་ལ་མཚན་མོའི་གློག་འོད་མག་མོག་འོག་ཏུ་འདོད་པས་བཟི་དུས་ཀྱི་གདོང་ངོས་སུ་ཤར་བའི་ན་ཟུག་བྱུང་བ་འདྲ་བའི་རྣམ་འགྱུར་ལ་དགའ། 

   དེ་རིང་ང་རང་སུན་ཆེ་བ་ནི་མོ་རང་ཤི་སོང་བ་ལྟ་བུའི་གཉིད་སྟངས་དེ་རེད།

  ངའི་ལག་པས་མོའི་ཁ་སྣ་བཀབ་སྟེ། འགྲོས་སྙོམས་པའི་དབུགས་རྒྱུན་བཀག ངས་མོ་རང་དུས་རྒྱུན་ལྟར་འཕག་འཚག་བརྒྱབ་ནས་གཉིད་ལས་སད་པར་བསྒུགས་ཀྱང་གྲག་འགུལ་ཅི་ཡང་མི་འདུག འཇིག་རྟེན་འདི་ནི་ངའི་བསམ་འདུན་ལྟར་འཇམ་ཐིང་ཐིང་དུ་གྱུར། 

 

   ཕྱི་ཉིན་གཉིད་ལས་སད་དུས། མེ་ཏོག་སྒྲོན་མལ་ཁྲིའི་ཐོག་ཏུ་ཤི་འདུག 

  ངས་མོ་རང་ཤི་ཟིན་པ་ཤེས་རྗེས་སྐྲག་སྣང་གང་ཡང་སྐྱེས་མ་བྱུང་། མོ་རང་ཤི་སྟངས་དེ་ནི་མོ་རང་དུས་རྒྱུན་གཉིད་དུ་ཤོར་དུས་ཀྱི་རྣམ་པ་དང་ཨ་ན་མ་ན་རེད། གཉིད་དུ་འཆོར་སྐབས་ལྟར་ང་ལ་སུན་པོ་བཟོ་བྱེད་ཀྱི་དབུགས་རྒྱུན་སྙོམས་མོ་དེ་ཡང་མི་འདུག མོ་རང་མལ་ཁྲིའི་ཐོག་ཏུ་ཤི་ཡོད་པ་ཤེས་རྗེས་ང་རང་སླར་ཡང་ཉལ་ཞིང་གཉིད་ཀྱང་ཡུན་རིང་ཙམ་ཤོར། གྱང་ངོས་ཀྱི་ཆུ་ཚོད་ལོག་འཁོར་དེ་ལ་བལྟས་ན། ང་རང་སླར་ཡང་ཆུ་ཚོད་གཉིས་གསུམ་ཙམ་གཉིད་དུ་ཤོར་བ་འདྲ། སྒེའུ་ཁུང་གི་ཕྱི་རོལ་ཏུ་གནམ་ནག་འདུག་པས་ད་དུང་ཡང་མུན་མ་གསལ་བ་དང་འདྲ་ལ་སྒེའུ་ཁུང་གི་ཤེལ་སྒོའི་ངོས་སུ་རླངས་པ་སྐྱ་བོ་ཞིག་འཁྲིགས་འདུག སྔོན་མར་ངས་རླངས་པས་སྐྱ་བོར་བཟོས་པའི་ཤེལ་ངོས་སུ་འཛུབ་མོས“ང་ཁྱོད་ལ་དགའ”ཞེས་ཡང་ཡང་བྲིས་མྱོང་། ངས་ཡི་གེ་བཞི་པོ་དེ་ཤེལ་སྒོ་ལ་བྲིས་པ་ཡིན་ནམ། མེ་ཏོག་སྒྲོན་ལ་བྲིས་པ་ཡིན། ཡང་ན་ངས་ནམ་ཡང་མེ་མདའ་ཐེངས་གཅིག་རྒྱག་འདོད་པའི་ཕྱི་རོལ་ཀྱི་འཇིག་རྟེན་ལ་བྲིས་པ་ཡིན། ད་ལྟ་ཡང་གསལ་པོ་ཞིག་དྲན་རྒྱུ་མི་འདུག 

  དུས་རྒྱུན་མུན་གསལ་མ་ཐག་ནས་ང་རང་གཉིད་སྙིང་འདོད་པའི་སྣང་བས་བཟི་ཡོང་བས་མེ་ཏོག་སྒྲོན་གྱིས“སྐྱེ་བ་སྔོན་མ་ཁྱོད་རང་འུག་པ་ཞིག་ཡིན་ཁོ་ཐག་རེད”ཅེས་བཤད། ངས་ལན་དུ“སྐྱེ་བ་ཕྱི་མའང་འུག་པ་ཞིག་བྱེད་འདོད”ཅེས་ཟེར་མྱོང་། དེ་བཞིན་འཇིག་རྟེན་དུ་མུན་པ་བཀབ་དུས་ང་རང་གཉིད་རྩ་བ་ནས་མི་ཁུག

    ཕྱི་རོལ་ཏུ་སྒྲ་མེད་པའི་ཆར་བ་ཞིག་འབབ་བཞིན་འདུག ལས་བྱེད་སྙན་ངག་པ་དེས་ལུང་བསྟན་པའི་ནད་མེད་ཀྱང་ཡོད་སྣང་ཤར་བའི་ནད་དེ་ང་ལ་ཕོག་དུས། ངས་མེ་ཏོག་སྒྲོན་ལ “ང་རང་ཤི་རྗེས་ཁྱོད་ཀྱིས་ང་རང་མེ་ཏོག་ལྡུམ་རའི་ནང་དུ་སྦས་འཇོག་རོགས། ནད་འདི་ངེད་གཉིས་ཀྱི་གསང་བ་བྱོས”ཞེས་ཞུ་བ་བྱེད་པ་བཞིན། ངས་མེ་ཏོག་ལྡུམ་རའི་ནང་དུ་དོང་ཆེ་ཆུང་རན་པ་ཞིག་བྲུས་ཚར་བ་དང་ཆར་བས་ངའི་སྐྲ་ལོ་བརླན་ཙམ་བྱས། ངས་མེ་ཏོག་སྒྲོན་གྱི་ཕུང་པོར་འོ་ཞིག་བྱས་རྗེས། དོང་ནང་དུ་བཞག དོང་རློན་པ་དེ་ནི་མཚན་མོར་གཉིད་མི་ཡོང་དུས་ངའི་ཕྱོགས་སུ་ཡང་ཡང་ཡོང་བའི་ཁེར་རྐྱང་གི་སྣང་བའི་མུན་དོང་དེ་དང་འདྲ། ཡིན་ཡང་དེ་རིང་མུན་དོང་དེའི་ནང་དུ་ཉལ་མཁན་ནི་རང་ཉིད་མིན་པར་མེ་ཏོག་སྒྲོན་རེད། མེ་ཏོག་སྒྲོན་ལ་ཁེར་རྐྱང་གི་སྣང་བ་ཞིག་བྱུང་མྱོང་མེད་པ་འདྲ། ས་དོང་རློན་པའི་ནང་དུ་ཉལ་ཡོད་པའི་མོའི་གདོང་ངོས་སུ་བཞད་པའི་འཛུམ་མདངས་ནི་མེ་ཏོག་ལྡུམ་རའི་ནང་གི་ཆར་བས་བརླན་པའི་མེ་ཏོག་ལས་ཀྱང་མཛེས། དོང་དུ་ཉལ་མ་ཐག་མོའི་མིག་སྤུའི་ངོས་སུ་ཟིལ་བ་མང་པོ་འཁྲུངས་འདུག ངས་མོའི་འཇམ་ཐིང་ཐིང་གི་མཛེས་པ་ལ་ལྟད་མོ་ཡུན་རིང་ཞིག་བལྟས་རྗེས། ས་བླུགས་པ་ན་མཛེས་པ་ཐ་དག་མུན་དོང་དུ་ཡལ་སོང་།

 

  ངས་མོ་རང་སྦས་ཚར་བ་དང་། མི་འཚོལ་ཡིག་ཅིག་འབྲི་འགོ་བརྩམས། “མེ་ཏོག་སྒྲོན། མོ་ལོ་སུམ་ཅུ། ཚེས་བཅུ་གཅིག་ཉིན་གྱི་ཞོགས་པར་ལས་ཀ་སོང་རྗེས་ཚུར་མ་ལོག”ངས་འདི་ལྟར་བྲིས་རྗེས། མོ་རང་གི་ལུས་ཀྱི་རྣམ་པ་དག་ཞིབ་འབྲི་ཞིག་བྱེད་དགོས་བསམས་ཀྱང་ཡིག་འབྲུ་གཅིག་ཀྱང་བྲིས་མ་ཐུབ། དེ་ནི་ངས་མོ་རང་གསལ་པོ་ཞིག་དྲན་མ་ཐུབ་པ་ཡིན་ནམ། ཡི་གེས་མོ་རང་མཚོན་མ་ཐུབ་པ་ཡིན་མི་ཤེས། ངའི་རྗེས་དྲན་གྱི་ཁྲོད་དུ་མེ་ཏོག་སྒྲོན་ནི་བྱ་བ་ཙག་ཙིག་མང་པོས་གྲུབ་པའི་འཚོ་བ་ཞིག་ལས་ཤ་ཁྲག་གི་ཕུང་པོ་ཞིག་རེད་མི་འདུག ངས་མེ་ཏོག་སྒྲོན་ཞིབ་འབྲི་བྱེད་མི་ཐུབ་དུས། ཐ་མག་ཅིག་འཐེན་རྒྱུ་ཡོད་ན་ཅི་མ་རུང་སྙམ་བྱུང་། སྟོད་ཐུང་པར་ཁུག་ཡོད་ཚད་བསློགས་པ་ན་སྒོར་མོ་གཅིག་ལོར་རྙིང་པ་ཞིག་གི་ནང་དུ་དུ་རྐང་འཐེན་འཕྲོ་ཞིག་རྙེད་བྱུང་བ་དེ་ལ་མེ་བསྒྲོན་རྗེས། མི་འཚོལ་ཡིག་གི་མགོ་རུ་མོ་རང་གི་པར་ཞིག་བཞག་ན་རེད་སྙམ། ལོ་གསུམ་གྱི་རིང་ལས་བྱེད་སྙན་ངག་པ་དང་མེ་ཏོག་སྒྲོན་གྱིས་ང་ལ་གཏམ་རྒྱུད་འབྲི་བར་ཡང་ཡང་དུ་བསྐུལ་ཀྱང་ཡིག་འབྲུ་གཅིག་ཀྱང་ཕབ་ཐུབ་མེད། ཡིན་ཡང་མི་འཚོལ་ཡིག་འདི་ངས་ཡིག་ཐོག་ཏུ་ཕབ་པའི་གཏམ་རྒྱུད་ཐོག་མར་གྱུར། མི་འཚོལ་ཡིག་དེ་ཚར་གཅིག་བཀླགས་རྗེས་གཏམ་རྒྱུད་ཡིག་ཐོག་ཏུ་ཕབ་པའང་དེ་འདྲའི་དཀའ་མོ་ཞིག་མ་རེད་སྙམ།

   མི་འཚོལ་ཡིག་གི་འགོ་རུ་བཞག་པའི་པར་དེ་ནི་ངས་བར་སྐོར་ནང་བླངས་པའི་མོ་རང་གི་པར་ཞིག་ཡིན། པར་ནང་གི་མོ་རང་གི་སྐྲ་ལོ་ཡང་རླུང་གིས་སྐྱོད་ཀྱིན་འདུག་ལ་མཁུར་མགོ་གཅིག་ཉི་འོད་ཀྱིས་སེར་བོར་བཏང་འདུག་ཅིང་ཅིག་ཤོས་དེ་གྲིབ་མའི་ཁྲོད་དུ་ཡོད་ཀྱང་། མོ་རང་གི་འཛུམ་མདངས་ཀྱིས་གསལ། རྒྱབ་ལྗོངས་སུ་མ་ཎི་འཁོར་ལོ་ཁུར་ཡོད་པའི་སྐོར་བར་འགྲོ་མཁན་གྱིས་ཁེངས། མོ་རང་ནི་མི་ཚོགས་ཀྱི་ཁྲོད་དུ་གློ་བུར་བཞད་པའི་ཉི་དགའ་མེ་ཏོག་རྐང་རིང་ཞིག་ལྟར། གོས་དཀར་ཁྲ་དམར་ཁྲ་གྱོན་པའི་མི་ཚོགས་ནས་ཡར་འཕག་སྟེ་པར་མིག་ཁྲོད་ཀྱི་མི་སྣ་གཙོ་བོར་གྱུར།  ངས་མོའི་པར་ལ་ཇི་ལྟར་བལྟས་ན་དེ་ལྟར་རྨི་ལམ་ཉིད་ཇི་བཞིན་པར་དུ་བླངས་དང་མཚུངས། མི་འཚོལ་ཡིག་དེ་དྲྭ་ལམ་དུ་སྤེལ་རྗེས། མི་མང་པོས་བརྒྱུད་བསྐུར་བྱས་སོང་ལ་ཉེན་རྟོག་པ་མང་པོ་ཞིག་ཀྱང་ཁྱིམ་དུ་འཛུལ་བྱུང་། ཁོ་ཚོས་ཁྱིམ་གྱི་ཁང་པ་རེ་རེ་ལ་ཞིབ་ལྟ་བྱས་རྗེས་བསྔགས་བརྗོད་རེ་རེ་བྱེད། ངས་ཁོ་ཚོ་ལ་མི་རིང་བརLamborghiniརྟགས་ཅན་གྱི་མོ་ཊ་ཞིག་ཉོ་རྒྱུ་ཡིན་ཞེས་བཤད་པ་ན་ཁོ་རང་ཚོ་ཧ་ལས་ནས་ངའི་ཕུན་སུམ་ཚོགས་པའི་འཚོ་བར་བསྟོད་ར་ཡང་ཡང་བྱས། ངས་འཁྱགས་སྒམ་དུ་ཡོད་པའི་སྦི་རག་དག་བཤམས་པ་ན། ཁོ་ཚོས་ཡིད་ཚིམས་པ་ཞིག་འཐུངས་རྗེས་སྒོར་བུད་སོང་། སྒོར་བུད་ཁར་ངས“ཁྱོད་ཚོ་རྗེས་མར་ངའི་ཁྱིམ་དུ་མགྲོན་ཡོང་བར་དགའ་བསུ་ཞུ”ཞེས་བཤད་ཅིང་མི་རེ་རེར་ལག་འཇུ་བྱས། ཁོ་ཚོ་དགའ་འདུག

 

  ཉི་མ་གང་ཙམ་ཞིག་འདས་པ་མི་ཤེས་མོད། གང་ལྟར་ང་རང་མེ་ཏོག་ལྡུམ་རའི་ནང་གི་འདུག་སྟེགས་ཤིག་གི་ཐོག་ཏུ་ཙོག་གིན་ཉི་མར་ལྡེ་སྐབས། མེ་ཏོག་སྒྲོན་སྦས་ཡོད་སའི་དོང་ཐོག་ཏུ་མེ་ཏོག་མང་པོ་སྐྱེས་ཡོད་པ་རིག ངས་མེ་ཏོག་དེ་དག་ལ་ཞིབ་ལྟ་བྱེད་སྐབས་སྡོང་པོ་རྣམས་འགུལ་གྱིན་འདུག མཐར་མེ་ཏོག་གི་ཁྲོད་དུ་ཞི་མི་ཞིག་ཐོན་ཡོང་། ཞི་མི་དེ་ཤ་རིད་པར་གྱུར་ཏེ་ཞི་མི་ཞིག་དང་མི་འདྲ་བར་སྤྲེལ་ཕྲུག་ཅིག་ལྟར་འགྱུར་ཡོད་པ་མཐོང་། ངས་ཁོ་ལ་ཞིབ་ལྟ་བྱེད་སྐབས་ཁོས་ཀྱང་ང་ལ་ཞིབ་ལྟ་བྱས། མཐར་ཁོ་རང་ང་ལ་སྐྲག་ནས་སླར་མེ་ཏོག་གི་ནང་དུ་འཛུལ་སོང་། ངས་ཁོའི་རྒྱབ་གཟུགས་ལས་ཁོ་རང་ནི་སྔོན་མར་མེ་ཏོག་སྒྲོན་གྱིས་གསོས་པའི་ཞི་མི་རྒྱགས་པ་དེ་ཡིན་པ་ངོ་ཤེས། དེ་སྐབས་མེ་ཏོག་སྒྲོན་གྱིས་རྒྱ་སྐད་ཀྱིས་ཁོ་ལ་མིང་མཛེས་པོ་ཞིག་བཏགས་ཡོད་ལ་ནམ་ཡང་སྙིང་ཉེ་ཉེ་ཡིས་ཁོ་རང་འབོད་པར་བྱེད། ངས“ང་ཚོས་བོད་ཀྱིས་ཞི་མི་ལ་མིང་བཏགས་སྲོལ་མེད”ཅེས་བཤད་པ་ཡིན།

   ངས་འཁྱག་སྒམ་དུ་བཅུག་ཡོད་པའི་ཤ་རྡོག་ཅིག་ཆུ་ཁོལ་ནང་སྦངས་ནས་ཚ་མོར་བཟོས་རྗེས། ཞི་མི་ཡོད་སར་འཕངས་པ་ན། ཁོས་དེ་ནི་རྡོ་འཕངས་ཡོང་བ་རེད་སྙམ་པ་འདྲ། འཕག་ཐེངས་གཅིག་གིས་ར་བའི་ཕྱི་ལ་མཆོངས་ཤིང་སྐད་ངན་འཆོར་གྱིན་ཐག་རིང་དུ་བྲོས་སོང་།

 

  མི་རིང་བར་མེ་ཏོག་སྒྲོན་སྦས་ཤུལ་དུ་སྐྱེས་པའི་མེ་ཏོག་དེ་དག་ལ་མེ་ཏོག་བཞད་ཡོང་བ་ན། ངས་གཞི་ནས་སྐལ་བཟང་མེ་ཏོག་རྫུན་མ་དག་ཡིན་པ་ཤེས། མེ་ཏོག་སྒྲོན་གྱི་ཤ་ཁྲག་བཞིབས་ཏེ་སྐྱེས་ཡོང་བའི་མེ་ཏོག་དཀར་ཁྲ་དམར་ཁྲ་མང་པོ་ལྡུམ་རའི་གང་སར་ཁེངས་པས། མེ་ཏོག་སྒྲོན་སྦས་ས་ཞིབ་ཕྲ་དེ་གང་དུ་ཡིན་པའང་མི་ཤེས་པར་བཟོས། སྐབས་དེར་ངས་གནའ་སྔ་མོར་ང་རང་ཇག་ལ་སོང་ཚུལ་གྱི་གཏམ་རྒྱུད་ཅིག་འབྲི་སྒང་ཡིན། ངས་གཏམ་རྒྱུད་དེའི་མཇུག་བསྡུ་ཚུལ་བློས་བསླང་ཕྱིར་མེ་ཏོག་ལྡུམ་རའི་ནང་དུ་འཆམ་འཆམ་དུ་འོང་། ལྡུམ་རའི་གང་སར་དཀར་ཁྲ་དམར་ཁྲའི་སྐལ་བཟང་མེ་ཏོག་རྫུན་མས་ཁེངས་ཡོད་པ་མཐོང་བ་དང་གཏམ་རྒྱུད་ཀྱི་མཇུག་བསྡུ་སྟངས་ཡག་པོ་ཞིག་ཡིད་ལ་འཁོར་བྱུང་། 

  རླུང་བུ་ཕྲན་ཙམ་ཡང་མེད་མོད། ངས“མེ་ཏོག་སྒྲོན། མེ་ཏོག་སྒྲོན”ཞེས་མེ་ཏོག་འདི་དག་ལ་བོས་པ་ན་ཁོ་ཚོས་མགོ་ལྕོག་ལྡེམ་ལྡེམ་བྱེད་ཡོང་། 

  

           *གསལ་བཤད། བརྩམས་སྒྲུང་འདི་ནི་བརྩམས་སྒྲུང་དེབ《རོ་ལངས》ལས་བདམས།

 

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།