གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་མིག

2018-06-13 10:57:02 སྒྲེ་བོ། ཀློག་གྲངས། མཆན ཡོད།

ཞོགས་པ་དེའི་མཁའ་དབུགས་དྭངས་ཤིང་བསིལ།  རྒྱང་མ་ཉེ་ནས་གྲགས་འོང་བའི་བྱ་སྐད་དེ་རྣ་བར་ལྷུང་འོང་དུས།  ཐལ་རྡུལ་དང་སྨུག་རླངས་འཐིབ་པའི་གློག་བརྙན་ནང་གི་གྲོང་གསེབ་དེ་དག་གི་ཞོགས་པ་ཡིད་ལ་ཤར་འོང་ལ།  དོན་དངོས་སུ་ད་ལྟ་དེ་ལྟ་བུའི་གྲོང་གསེབ་ཞིག་ན་ང་རང་གནས་བཅས་ཏེ་ཡོད་པ་སུ་ལ་གསལ།   ཞོགས་པ་དེར་ང་ཡིས་ཉམས་འཇོག་དང་གཟབ་གནད་ཨེན་ཙམ་མེད་པར་དབྱིན་སྒྲུང་(རྒྱལ་ཁབ་མེད་པའི་མི།)ཞེས་པ་ཀློག་གིན་ཡོད།    བརྩམས་སྒྲུང་འདིའི་རྩོམ་པ་པོའི་རྒྱལ་ཁོངས་དང་ཐོབ་ཐང་སོགས་ལ་རྒྱུས་ལོན་ཏིལ་ཙམ་མེད་ལ་ཐ་ན་ཁོང་ལ་འདི་ལས་བརྩམས་ཆོས་གཞན་དག་ཅི་ཡོད་ཀྱང་ག་ལ་ཤེས།  ཡིན་ཡང་།  བརྩམས་སྒྲུང་འདིའི་ཁ་བྱང་མཐོང་འཕྲལ་དུ་དཔེ་ཆ་འདི་བླུ་བའི་འདུན་མ་ཅིག་ཅར་བྱུང་བས་བླུས་བཞག་པ་ཡིན།  

ཉེ་ཆར་སློབ་གནང་དང་བསྟུན་ནས་ཆེད་དུ་ང་ལ་ཐུག་འཕྲད་དུ་ལྷགས་པའི་ལོ་ངོ་གཉིས་ལྷག་བར་གྱིས་ཆོད་པའི་སྤུན་ཆུང་དང་།   གལ་ཏེ་ང་རང་ཚེ་འདིར་རྩོམ་པ་པོའམ་སྙན་ངག་པའི་ཆོ་ལོ་འཛིན་མཁན་ཞིག་ཏུ་གྱུར་ཚེ་ང་ཡི་གཏན་གྱི་རྩོམ་གྲོགས་སུ་གྱུར་པའི་རྩོམ་གྲོགས་ཆར་བ་ལགས་ཀྱང་།   དམིགས་འདུན་གཞན་ཞིག་གི་རྐྱེན་པས་སློབ་བྱོལ་བྱས་ཏེ་གནས་སྐབས་ང་ཅག་ལྷན་དུ་གནས་བཅས་ཡོད།  དེ་བཞིན་ཆུང་ནས་འདྲིས་ཤིང་འགྲོགས་པའི་ཆུང་གྲོགས་མར་མེ་ཡང་ཉེ་ལམ་ལག་རྩལ་སློབ་ཐོན་བྱུང་ཡོད་ལ་སྟབས་ཡག་ན་ཁོ་རང་རང་ཡུལ་དུ་ལོག་པར་ཕྱོགས་ཀུན་ནས་ཆ་འགྲིག་པས།  གནས་སྐབས་བྱ་བ་གང་ལ་ཡང་ལས་ཞུགས་མ་བྱས་པར་དེ་ལྟར་མདའ་རྟེན་མདུང་རྟེན་གྱིས་དམིགས་འདུན་ཞིག་ལ་སྒུག་ནས་ཡོད།  གང་ལྟར་ང་ཅག་རེ་རེ་བཞིན་གྲོང་གསེབ་འདི་རུ་ལ་འདུས་ལུང་འདུས་བྱུང་འོང་དུས།  ང་ཚོས་ཉིན་རེ་རེ་བཞིན་མཉམ་དུ་བསུ་སྐྱེལ་བྱེད་དགོས་པས་གནས་བབ་ཀྱི་སྟེང་ནས་ང་ཚོ་ནང་མི་ཞིག་དང་ཀུན་ནས་མཚུངས།

ཞོགས་པ་དེར་ཁོ་ཅག་གིས་ཀྱང་ང་དང་འདྲ་བར་རང་རང་ས་ན་བྲེལ་བྲེལ་གྱིས་ཡོད་དེ།  དཔེར་ན་ང་ཡི་རྩོམ་གྲོགས་ཆར་བས་དབྱིན་སྒྲུང་(ཞོགས་པའི་བུ་མོ།)ཞེས་པ་ཀློག་གིན་འདུག   དེ་ནི་ཆེ་ཆུང་རན་པའི་དབྱིན་སྒྲུང་གི་དཔེ་དེབ་ཅིག་རེད་ལ་ཁོས་དཔེ་ཆ་བཀླགས་འགོ་བརྩམས་ནས་གཟའ་འཁོར་རེ་ཟུང་ཕྱིན་ཟིན།  ཁ་སང་ངེད་གཉིས་གླེང་མོལ་ཞིག་གི་ཁྲོད་ནས་ཁོས་དབྱིན་སྒྲུང་དེ་རགས་ཀློག་དང་ཞིབ་ཀློག་གིས་མཐར་དབྱིན་སྒྲུང་དེ་བོད་འགྱུར་བྱ་འཆར་ཡོད་པའི་ཟུར་ཞིག་ང་ལ་གླེང་ཙམ་བྱས་བྱུང་།   ཁོ་ལ་དངོས་གནས་འཆར་གཞི་དེ་འདྲ་ཞིག་ཡོད་ཚོད།  ཁོས་ཞོགས་པ་རེ་རེར་དཔེ་ཆ་དེ་དེ་ལྟར་ཧུར་ཐག་དང་མོས་འདུན་གྱིས་བཀླགས་སྟངས་རེ་རེ་ནི་ད་དུང་ང་ཡི་མིག་ལ་ཐོགས་འདུག  དགའ་ཕྱོགས་རེ་རེའི་ཆེད་དུ་འདི་ལྟར་བརྩོན་ཐུབ་པ་ནི་མཛེས་སྡུག་ཅིག་ཅི་ལ་མིན་ཨང་སྙམ་བྱུང་། 

ཆུང་གྲོགས་མར་མེ་ལགས་ཀྱིས་ང་ཚོར་ཞོགས་ཟས་གཡོ་བཞིན་འདུག་ལ་མ་གཞི་ནས་ཁོའི་ཆེད་ལས་ནི་སྤྲི་གོར་མཛེས་རྩལ་ཡིན་པ་དང་ལག་རྩལ་དེ་དང་ཁད་ཉེ་བའི་ཟས་གཡོ་བར་ང་ཅག་ལས་ཁོ་བཟང་པ་བསྙོན་མེད་ཡིན།  འདས་པའི་ཉིན་ཤས་གོང་ནས་ཁོའི་ཟས་གཡོ་ལག་རྩལ་ཐད་ཀྱི་བག་ཆགས་མི་དམན་པ་ཞིག་ང་ཚོར་བཞག་ཟིན་པ་བདེན།  རྒྱུ་རྐྱེན་དེ་ལ་བརྟེན་ནས་ང་ཚོས་ཀྱང་ཁོ་ལ་ཀྱལ་ཀ་དང་དོན་དངོས་འདྲེས་མའི་ཚིག་གི་ཟོལ་བསྟོད་རེ་རེ་ཉིན་རེའི་ཟས་ཐུན་གྱི་དུས་ཚོད་སླེབས་ལ་ཁད་དུ་ལྷག་ཏུ་སྤུར།  ཞོགས་པ་དེ་ལ་ཡང་ཁོས་མ་སྐུལ་རང་འགུལ་གྱིས་ང་ཚོར་ཞོགས་ཟས་གཡོ་བཞིན་འདུག

ཁྲོག་་་་    ཁྲོག་་་་་་གློ་བུར་དུ་སྒོ་རྡུང་བྱུང་།    ང་རང་འཕྲལ་དུ་ལངས་ཏེ་སྒོ་ཕྱེ་པ་ན།  “ཞོགས་པ་བདེ་ལེགས།   རྗེས་མའི་ཟླ་བ་ཚེས་མ་ཐག   ཁྱེད་རྣམས་འདི་ནས་སྤོ་རོགས།”

ང་ཡི་སེམས་པ་དོགས་ཚོམ་ངང་།”སྤོ།”  ངས་ཅི་ཡིན་འདི་ཡིན་མེད་པར་ཁ་ནས་དེ་ལྟར་ལབ་མ་ཐག   ཁོས་སླར་ཡང་།”ཁང་པ་སྤོ་རོགས།     

ངས་ཅི་ཡིན་འདི་ཡིན་མི་ཤེས་པར།”ཅིའི་ཕྱིར།”

ཁོས།“ཁང་པ་བསྐྱར་བཟོ་བྱེད་དགོས་འདུག   ད་མི་འགྱངས་པར་ཆར་དུས་ལ་སླེབས།  ཁང་པའི་ནང་བསྐྱར་བཟོ་མ་བྱས་ན་ཁང་པའི་ནང་དུ་བཞའ་ཚན་བརྡོལ་འོང་ངེས།”

ཁོས་མུ་མཐུད་དུ།  ”ཁྱེད་ཚོས་ཁང་པ་གཞན་ཞིག་བཙལ་ཏེ་སྤོ་རོགས།   ཁྱེད་ཅག་སྤོ་བར་ལས་སླ་བོ་འདུག   ཅ་ག་མང་པོ་མི་འདུག    དཔེ་ཆ་དེ་དག་དབོར་བར་ཚེགས་ཆེ་ན་འདིར་རང་ཅག་ཞོག་དང་།   ངས་སྙིགས་ཟོམ་དུ་བླུག་ཆོག”

ཁོ་ཅག་གསུམ་སྟེ་ཆར་བ་དང་མར་མེ།  ང་ཡི་སྤུན་ཆུང་དག་གིས་ཅི་ཡང་མི་བཤད་པར་ཧད་ནས་ལུས་འདུག   ང་ཡིས་བསམ་བློ་གཏོང་ཁོམ་མེད་པར་ཁོ་ལ།  

”ཁང་པ་སྤོ་རྒྱུ་ལས་སླ་བོ་གཏན་ནས་མ་རེད་ལ།   སྤྱིར་ཁང་མིག་འདིར་ཉི་འོད་འཕྲོས་པ་གཞན་ལས་རྒྱུན་རིང་བས་བཞའ་ཚན་དེ་ཙམ་བརྡོལ་རྒྱུ་མ་རེད།    མ་ཟད།  རླངས་འཁོར་སོགས་འགྲོ་ལམ་མེད་པས་འདི་འདྲའི་གྲོང་ཚོགས་ཀྱི་བར་ནས་ཡར་མར་ལ་ཁང་པ་སྤོ་རྒྱུ་དེ་གཏན་ནས་སླ་བོ་ཞིག་མ་རེད།  དེ་བས་ཁྱོད་ཀྱིས་བསམ་བློ་གཏོང་རོགས་ལ་བསམ་ཤེས་ཀྱང་གནང་རོགས།”

ཁང་བདག་རྒད་ཕོ་དེ་རྣམ་འགྱུར་ཏོག་ཙམ་འགྱུར་ཡང་།    བསམ་བློ་ཞིག་བཏང་རྗེས་ཁོས་མུ་མཐུད་དུ།  

“ཅིས་ཀྱང་སྤོ་དགོས་ཡོད།”ཅེས་ནན་གྱིས་བཤད་བྱུང་།  

ཁོའི་ཨུ་ཚུགས་དང་རྣམ་འགྱུར་རེ་རེའི་བར་གསེང་དུ་གནས་ཚུལ་གཞན་ཞིག་བསྐུངས་འདུག་པ་ཁོའི་མིག་མདངས་ཁོ་ནས་གསལ་བཤད་བྱས་བྱུང་བས།   ད་ནི་ངས་ཀྱང་གནས་བབ་དང་གནས་སྟངས་ཙམ་ལ་ཁ་གཡར་ནས་འགྲེལ་བརྗོད་བྱས་མ་བྱས་མེད་པས་མགོ་བོ་ལྕོག་ལྕོག་བྱས།

ཁོག་རྩིས་ཤིག་བརྒྱབ་ན་རྒྱུན་དུ་ནས་ཟླ་རེ་རེའི་ཚེས་ལྔ་ཉིན་ང་ཡིས་ཁང་གླ་སྤྲོད་པའི་དུས་ཚོད་ཡིན་ལ་ད་ནས་ཟླ་རྗེས་མའི་ཚེས་ལྔའི་བར་དུ་ཁང་གླ་སྤྲད་ཟིན།  ཁང་མིག་འདི་ནས་མང་མཐར་གཟའ་འཁོར་གཅིག་ཙམ་འདུག་རྒྱུའི་དུས་ཚོད་ཡོད་པ་དང་དེ་ནས་ག་ཤེད་དུ་གནས་སྤར་དགོས་པ་འདྲ་སྙམ་བྱུང་།

ནམ་ཚ་ཞོགས་པའི་དུས་ཚོད་བརྒྱད་དང་ཕྱེད་ཙམ་རེད་ལ་ང་རང་ལས་ཚོགས་སུ་འགྲོ་བའི་དུས་ཚོད་ལ་སླེབས་འདུག  ངེད་ཅག་གིས་སེམས་ཁྲལ་དང་འཁང་ར་བྱེད་བཞིན་ཞོགས་ཟས་རོལ་རྗེས་རང་རང་སོ་སོའི་ལམ་དུ་ཆས།  ང་རང་ལས་ཚོགས་སུ་སླེབས་མ་ཐག་ཟླ་འདིའི་ཚགས་པར་སྒྲིག་ཚོད་ལ་ཐོན་འདུག་པས་ཚགས་པར་སྒྲིག་བཞིན་སེམས་ཀྱི་སྒོ་མོ་ནིཚེགས་ཆེ་ལ་ཆུང་བའི་ཁང་བ་སྤོ་བའི་སེམས་ཁྲལ་དེས་མནན་བྱུང་།

ད་ཡང་ཁང་མིག་འདིའི་ནང་གི་ཅ་ག་ཆེ་ཆུང་ཡོད་ཚད་བསྡུ་གསོ་བྱ་རན་ལ། གཞན་གྱི་སྟངས་འཛིན་དང་བཀོད་འདོམས་འོག་ནས་འཚོ་བ་སྐྱོང་དགོས་པ་དེ་སུ་ལ་ལན་ནམ།  ཕྱོགས་གཞན་ཞིག་ནས་འཚོ་གནས་ངན་ངོན་འདིའི་ཕྱིར་དུ་གཞན་གྱི་བཀོད་ཇུས་ལ་ད་ནི་ཡོངས་སུ་ལོབས་ཟིན་པ་ཞིག་ཀྱང་རེད།  གཡུང་གཤིས་རིགས་ཤིག་རྒྱུད་ལ་འཇགས་འོང་ཚུལ་འདི་བརྒྱུད་ནས་ང་ཡིས་རེ་བ་གཞན་ཞིག་བོར་བཞིན་གདའ།

དུས་ཚོད་ནི་མགྱོགས་པ་ལ་ཨང་།   ད་ནི་ཁང་པ་སྤར་ནས་གཟའ་འཁོར་ཁ་ཤས་འགོར་སོང་ལ་སེམས་ངལ་དེ་ལས་གྲོལ་ནས་དེ་ལྟར་འགོར།   དེ་བཞིན་ཁོམ་མི་ཁོམ་བར་ནས་བཀླག་འགོ་བརྩམས་པའི་(རྒྱལ་ཁབ་མེད་པའི་མི།ཞེས་པ་ཡོངས་སུ་བཀླགས་གྲུབ་ཟིན།  ད་ཐེངས་ཀྱི་དཔེ་ཀློག་འདི་ནི་ས་ཆ་ག་གེ་མོ་རེ་དང་མི་སྣ་ཆེས་གེ་མོ་རེ་ངོ་འཕྲོད་པ་དང་དེ་དག་རྒྱུས་ལོན་པ་ཙམ་རེ་མ་ཡིན་པར།  གང་དེའི་རྩོམ་པ་པོའི་གནས་བབ་དང་གནས་སྟངས་རེ་རེ་ང་ཡི་བློ་སྦྱོང་དུ་གྱུར་སོང་།    སྣང་ཚུལ་ཞིག་ལ་བརྩམས་སྒྲུང་འདིའི་བརྗོད་སྙིང་ནི་ང་ཡི་ཁང་མིག་འདིའི་ནང་ན་ཡོད་པ་ཞིག་ཀྱང་རེད་སྙམ་བཞིན་དེ་རིང་གི་ཉི་ནུབ་ལ་ཧད།

                                                             2018/06/7


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།