མྱ་ངམ་ཐང་།

                                                                                         ༡

        "ཁྲེལ་དང་ངོ་ཚ་མེད་པའི་ཁྱི་མོ་ཁྱོད་ཕར་སོང་དང་།   ངས་ཁྱོད་རང་གཏན་དུ་མ་མཐོང་ན་བསམ།"

      "དེ་སྔོན་ཁྱོད་ཀྱིས་ངས་བྱས་ཉེས་ཅི་ཞིག་བཟོས་ཀྱང་། བཟོད་སྒོམ་གནང་ཐུབ་ཟེར་བ་མིན་ནམ།" དེ་དུས་མོའི་མིག་ལམ་དུ་འུ་ཐུག་ཐབས་ཟད་ཀྱི་མདངས་ཤིག་མངོན་ཡོད་ཅིང་།  སྐད་མགོ་ཡང་ལྡབ་ཀྱིས་ཇེ་དམའ་རུ་སོང་འདུག

       ངས་མོར་ཅི་ཞིག་འཆད་པར་རྩོམ་དུས་གློ་རྡེག་ཏུ་མི་ཞིག་གིས་ངའི་ལུས་པོ་སྒུལ་ཙམ་བྱས་ཏེ་ང་རང་རྨི་ལམ་གྱི་འཇིག་རྟེན་ལས་ཕྱིར་བརྫངས། ང་འབོད་མཁན་དེ་ནི་གཞན་སུ་ཞིག་མིན་པར་ཉལ་གྲོགས་རྒྱ་རྒན་དེ་རེད།    ཁོ་རང་གཉིད་ལས་སད་མ་ཐག་ང་ལ་ཡར་ལང་དགོས་པའི་དྲན་སྐུལ་བྱ་སྲིད།

        གཉིད་ལས་སད་མ་ཐག་དུ་རྐང་གཅིག་རྔུབ་རྒྱུ་ནི་ངའི་གོམས་གཤིས་སུ་གྱུར་ཡོད།  ངས་དུ་རྐང་གཅིག་མེར་བསྒྲོན་ཅིང་འདྲུད་ལམ་དྲུད་དེ་སྤྱོད་མཁན་དུ་སོང་།    སྤྱོད་ཁང་ནས་སྐྱག་པ་གཏོང་ཞོར་དུ་བ་འཐེན་ཞོར་མོའི་ཕྱོགས་སུ་བསམ་བློ་བཏང་། ང་དང་མོ་གཉིས་ཐོར་ནས་ལོ་ངོ་གསུམ་ལྷག་འགོར།  ད་ལྟ་ང་ལ་ལྷག་པ་ནི་ངས་དེང་མར་མོ་ལ་བྲིས་པའི་སྙན་ངག་དེ་དག་རེད།  ངས་མོ་ལ་ཆེད་དུ་བྲིས་པའི་སྙན་ངག་ཉི་ཤུ་ནི་མི་གཞན་སུ་ལའང་བསྟན་མ་མྱོང་ཞིང་། དུས་དེབ་དང་ཚོགས་པར་གང་དུ་ཡང་བཀོད་མྱོང་མེད།  ད་ནངས་ཀྱི་རྨི་ལམ་དེས་ངའི་ཡིད་ལ་ལོ་དེའི་དགུན་ཁའི་དོན་དག་དེ་དྲན་དུ་བཅུག   ང་རང་ཚོད་ཚོད་ལ་ཞེ་གཏིང་ནས་རང་ལ་ཁོ་ཆད་ཅིང་ཡི་མུག་པས།  འཐེན་ནས་ཚར་ལ་ཉེ་བའི་དུ་རྐང་དེ་སྤྱོད་ཁང་གི་ཁུང་བུའི་ནང་དུ་གཡུགས་ཤིང་། ཕྱིར་ཉལ་ཁང་དུ་ལོག་སྟེ་སྙོབ་ཐེངས་གཅིག་གིས་རྙིང་རལ་དུ་གྱུར་བའི་ཟིན་བྲིས་དེབ་ཆུང་དེ་བླངས་ནས་མེར་བསྲེགས།  སྣང་ཚུལ་དེ་ངའི་འདུག་རོགས་རྒྱ་རྒན་དེས་མཐོང་འཕྲལ།   དངངས་འཚུབ་ཆེན་པོས་ངའི་མདུན་དུ་རྒྱུག་ཡོང་སྟེ་ཐང་ན་མེ་རུ་འབར་བའི་ཟིན་དེབ་དེའི་སྟེང་རྐང་བས་རྡེག་ཅི་ཐུབ་བྱེད་ཞོར།  "ཁྱོས་ཁང་པ་འདི་མེར་བསྲེག་འདོད་པ་ཡིན་ནམ" ཞེས་སྐད་ཅོར་བརྒྱབ།   དེ་ཡང་ཁག་མི་འདུག་སྟེ།  རྒྱུ་མཚན་ཁང་པ་ཆུང་ཆུང་འདི་ནི་ངེད་གཉིས་ཀྱིས་མཉམ་དུ་གླས་པ་ཡིན།  ངས་རྒྱ་རྒན་ལ་རང་ཉིད་ནི་བརྩེ་དུང་གི་རྨས་མ་ཞིག་ཡིན་རབས་དང་རྩོམ་རིག་ལ་བློ་དཀར་རབས་སོགས་ལས་གཞན་ཁ་བརྡ་མང་པོ་བྱེད་མྱོང་མེད།   རྒྱ་རྒན་དེ་ནི་ང་དང་འདྲ་བར་བརྩེ་དུང་གི་རྨས་མ་ཞིག་མིན་པར་འཚོ་གནས་ཀྱི་བརྡབ་གསིག་གིས་གཅུན་པའི་ན་གཞོན་ཞིག་རེད། ཧ་ལམ་ལོ་ན་སུམ་ཅུ་ཡོལ་ཡོད་ཚོད་འདུག ཁོའི་གནམ་སྣུམ་གྱི་སྐྲ་ལོ་རིང་བོ་དེ་གཞི་གཅིག་ཏུ་བསྡམས་ཏེ་ལྟག་རྒྱབ་དུ་དཔྱངས་ཡོད་ལ།  ག་དུས་ཡིན་ཀྱང་གདོང་ན་མིག་ཤེལ་ཞིག་གྱོན་ཡོད།  ངའི་སྣང་ངོར་མིག་ཤེལ་དེ་ནི་ཁོང་རང་ཤེས་ཡོན་པ་ཞིག་ཡིན་པའི་མཚོན་རྟགས་རེད་བསམ།  རྒྱ་རྒན་དེ་ཡང་སྙན་ངག་ལ་དགའ་མཁན་ཞིག་ཡིན་པ་མ་ཟད།  རང་གི་སྙན་ངག་དག་བཀོད་པའི་དུས་དེབ་སྣ་ཚོགས་ཀྱང་སྟོན་རྒྱུ་འདུག  དེ་ནི་རྒྱ་རྒན་ལ་མཚོན་ན་རང་ཉིད་ངོམ་སོ་བྱེད་སྤྱད་ཅིག་ཏུ་འདོད་ཡོད་མོད།  ང་ལ་མཚོན་ན་རྒྱ་རྒན་ཁོ་རང་ཆེས་སྤྱིར་བཏང་གི་ལས་ཀ་པ་ཞིག་ལས་ཐོབ་ཐང་གཞན་མེད་ཚོད་དུ་སྣང་།  ངེད་གཉིས་ལ་གཅིག་མཐུན་གྱི་གོམས་གཤིས་ཤིག་ཡོད་པ་ནི་དེབ་སྣ་ཚོགས་བཀླག་རྒྱུ་རྒྱུ་དེ་ཡིན།   དེ་ཡང་མཐར་གཏུགས་ན་ངེད་གཉིས་ནི་བསམ་པའི་འཇིག་རྟེན་དུ་ཉུལ་བར་དགའ་བོ་འདུག་པ་ལས།  དངོས་ཡོད་ཀྱི་འཚོ་བར་རྒྱང་མིག་ཆད་དེ་ཡོད།  ངེད་གཉིས་ཀྱིས་དེབ་ཀློག་པའི་ཚེ་ཤིན་ཏུ་གཟབ་ནན་ཡིན་ཏེ།    ཁ་པར་དང་བརྙན་འཕྲིན་སོགས་ཀྱི་སྒོ་གཏན་ཏེ་ལྷིང་འཇགས་ཡོང་ཅི་ཐུབ་བྱས་ཤིང་། ཕན་ཚུན་ལ་བརྩི་འཇོག་བྱ་བར་གོམས།   རྒྱ་རྒན་གྱིས་ནམ་རྒྱུན་ང་ལ་ཀུ་རེའི་ཚུལ་དུ "དཔེ་ཀློག་ལ་དགའ་བའི་ཁྱོད་རང་སློབ་ཆེན་མཐར་ཕྱིན་ནས་ལོ་ངོ་གསུམ་ཙམ་འགོར་འདུག་མོད། ད་རུང་ཡང་གཞུང་གི་བྱ་བ་ཙམ་ཡང་མ་རེག་པས། ཡིད་རེ་ཕངས" ཞེས་ངག་འཇམ་པོས་མ་ཎྀ་བཞིན་ཟློ་སྲིད།  ངའི་སྣང་ངོར་ཡང་རྒྱ་རྒན་དེ་ཤེས་བྱ་འཛོམས་པོ་འདུག་མོད། ནམ་ཞར་དུ་ ཁྱི་ལྟར་གཞན་གཡོག་རྒྱུག་རྒྱུའི་ལས་སྐལ་ཐོབ་པ་འདི་ག་རེ་ཡིན་ནམ་ཞེས་ཁོ་ལ་སྙིང་རྗེ་དང་གདུང་སེམས་སྐྱེས་མྱོང་།   དེ་ལྟར་ངེད་གཉིས་ཀྱིས་ཕན་ཚུན་ལ་སེམས་ཁུར་དང་བརྩེ་བ་བཅངས་ནས་ལོ་ཟླ་ཞག་གྲངས་མང་པོ་བསྐྱལ་མྱོང་།

                                                                 ༢

         དེ་སྔོན་ངས་འདི་ལྟར་འདོད་མྱོང་སྟེ། ང་རང་མོ་ལ་དགའ་དགའ་ཞིག་མི་གཞན་ཞིག་མོ་ལ་དགའ་མི་སྲིད་པ་དང་།     ཕྱིན་ཆད་རང་ཉིད་ནི་བུ་མོ་གཞན་ཞིག་ལ་འདི་ལྟར་དགའ་མི་སྲིད་པར་འདོད་མྱོང་།

       སློབ་ཆེན་ལོ་རིམ་བཞི་བའི་བར་དུ་ང་རང་བརྩེ་དུང་ཞེས་པ་འདི་ལ་ཡིད་ཆེས་ཆེན་པོ་མེད། ངའི་འགྲོ་རོགས་འདུག་རོགས་ཚང་མས་གཡོ་སྒྱུ་དང་ཚུལ་འཆོས་ཀྱི་བརྩེ་དུང་གི་ཟློས་གར་མང་དུ་འཁྲབ་པས།  ང་རང་དེ་ལ་ཡིད་ནག་ཆད་དེ་རང་ཉིད་ཀྱི་བློ་རུ་འགྲོ་བའི་བུ་མོ་དེ་དག་ཀྱང་རེ་ཞིག་བཏང་སྙོམས་སུ་བཞག་ཅིང་། བར་ཐག་གིས་བཀྱེད་དེ་བསྡད། ཁོ་བོས་དེ་སྔོན་བགྲོ་གླེང་ཞིག་ནས་ང་རང་བརྩེ་དུང་ལ་ཡིད་མི་ཆེས་ཞེས་པའི་སྐད་ཆ་འགའ་བཤད་པ་ན།    སློབ་གྲོགས་ཚོས་ང་རང་ལ་བརྩེ་དུང་མེད་པའི་མི་ཞེས་ཀུ་རེ་ཡང་མང་དུ་རྩེས་མྱོང་། དངོས་སྦྱོང་ལ་འགྲོ་བའི་སློབ་སྐབས་དེར་ད་གཟོད་ང་རང་བརྩེ་དུང་ཞེས་པ་འདི་ལ་ངེས་ཤེས་གསར་བ་ཞིག་ཐོབ་ཅིང་།    འཕྲད་མ་ཐག་ནས་བརྩེ་དུང་ཆགས་པ་ཞེས་པ་དེ་ལ་ཡང་བདེན་ཁ་སྤྲད་མི་སྤྲོད་ཐབས་མེད་དུ་གྱུར།

         "ང་ལ་བརྩམས་སྒྲུང་སྐོར་གྱི་དཔེ་ཆ་ཞིག་གཡར་རོགས།"

        སྡོད་ཁང་དུ་གཙང་སྦྲ་བྱེད་བཞིན་པའི་ངས་མགོ་བོ་ཡར་དགྱེ་བ་ན།  གཟུགས་ནི་རིང་རྒྱུ་མེད་མོད་ཐུང་སྣང་མི་སྟེར་ལ།  དཀར་ལ་དམར་བའི་མདངས་ཆགས་པའི་ངོ་གདོང་ན་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་ལྡན་པ།   མྱོས་བུམ་ཅུང་ཟད་མཁྲང་ཞིང་ཟླུམ་ལ་ཞི་དུལ་དང་བབ་ཆགས་ཀྱི་ཉམས་དང་ལྡན་པའི་བུ་མོ་ཞིག་འགྲེང་ཡོད་པ་མཐོང་།  མིག་མདངས་དང་མིག་མདངས་གཞིག་གཅིག་ཏུ་བསྣོལ་བ་ན། མོའི་འོད་མདངས་བཀྲ་བའི་ཕྲ་ཆུང་གི་མིག་ཟུང་དེས་ངའི་སྙིང་ལ་བསླུ་བྲིད་ཀྱི་མདའ་མོ་ཡང་ཡང་འཕངས་པས།  ངའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་ཕྱིན།  གང་ལྟར་སྐབས་དེར་མོའི་སྟེང་ན་རང་བཞིན་གྱི་མཛེས་པ་ཞིག་ངང་གིས་ཆགས་ཡོད་པས་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་ཕྲོགས་སོང་།

            ངའི"ངག་ནས་ཁྱོད་ཡིན་ནམ"ཞེས་ཤོར་བ་ན།

          མོས་ཀྱང་མགོ་ལྕོག་ལྡེམ་བྱུང་། ངས་མོ་རང་ན་ནིང་དགུན་ཁར་བོད་པའི་ཤོམ་ཟེར་བའི་འགྲན་བསྡུར་དེ་ལས་ངོ་ཤེས་པ་ཡིན།  སྐབས་དེར་ངས་བྱེད་སྒོ་འདི་རྩ་འཛུགས་བྱེད་མཁན་གྱི་གྲོགས་པོ་དེར་རོགས་བྱེད་བཞིན་ཡོད།  འགྲན་ཞུགས་མཛེས་མ་མང་པོའི་ཁྲོད་ན་མོ་ནི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུར་འདུག་པས་ང་ལ་བག་ཆགས་ཟབ་མོ་བཞག་སོང་། འགྲན་བསྡུར་དེ་ལས་མོ་ལ་ཨང་དང་པོའི་བྱ་དགའ་མ་ཐོབ་པར་ཡང་ཕངས་སེམས་སྐྱེས་མྱོང་། 

         "ཁྱོད་འདི་རུ་སྡོད་དང་།  ང་ཁ་སང་སོ་མར་འདིར་འབྱོར་བ་ཡིན་པས། གཙང་སྦྲ་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ།"

          "ངས་ཁྱོད་ཀྱི་བརྩམས་སྒྲུང་ཁ་ཤས་བཀླགས་མྱོང་ཡོད།  འདི་གའི་དགེ་རྒན་ཞིག་གིས་ཁྱོད་ནི་ངའི་ཁྱིམ་མཚེས་ཡིན་པར་བཤད་པས། ད་གཟོད་ཁྱོའི་གམ་དུ་དཔེ་ཆ་ཞིག་གཡར་དུ་ཡོང་བ་ཡིན། ལོ་འདི་གར་སློབ་ཁྲིད་ལ་བྲེལ་བ་ཆེ་བས། དཔེ་ཆ་ལེགས་པོ་ཞིག་ཀྱང་བལྟ་མི་ཐུབ་གི"

       མ་གཞིར་ངེད་གཉིས་ནི་དྲ་གྲོགས་སུ་གྱུར་ནས་ལོ་ངོ་བཞི་ཙམ་འགོར་ཡོད་པ་འདྲ། ཕན་ཚུན་ལ་ཁ་བརྡ་བྱེད་མྱོང་མེད་པས་རྒྱུས་མངའ་ཕྲན་ཙམ་མེད། ངའི་སྐད་འཕྲིན་དུ་མོ་དང་འདྲ་བའི་ངོ་མི་ཤེས་པའི་བུ་མོ་མང་པོ་འདུག  ངས་རེ་རེ་བཞིན་ཁྱོད་རང་གི་ཡིན།  མིང་ལ་ཅི་ཟེར་ཞེས་ཉེན་རྟོག་པས་འདྲི་གཅོད་བྱེད་པ་བཞིན་ལབ་གླེང་བྱེད་མ་མྱོང་།  མི་ལ་ལས་དྲ་གྲོགས་སུ་གྱུར་བ་ནས་ངོ་ཤེས་ཆགས་ཡོད་མདོག་སྟོན་པར་གོམས་ཡོད་མོད།  ང་ནི་དེ་ལས་ལྡོག་ཡོད།  མི་ལ་ལ་ཞིག་དྲ་གྲོགས་སུ་གྱུར་ནས་ལོ་ངོ་མང་པོ་འགོར་ཡོད་ཀྱང་སེམས་ངོ་སྟོན་མྱོང་མེད། དེ་ལས་མི་ལ་ཤས་རྐྱེན་གློ་བུར་བ་ཞིག་གིས་ངོ་འཕྲད་ཁ་བརྡ་ཕྲན་ཙམ་བྱས་ཀྱང་སེམས་ངོགས་སུ་འགྲོ་ཡི་འདུག

         ཉིན་དེར། ངས་མོ་ལ་ལོ་འདི་གར་ཚོང་རར་བྲིན་ཆེ་བའི་ཨ་ཕི་རྒེན་ནི་སིའི་བརྩམས་སྒྲུང་པ་ཁཱ་ལི་ཏི་ཧའོ་སེ་ནའི<<ཤོག་བྱ་གཏོང་མཁན་གྱི་མི>>དང་<<ཉི་མ་སྟོང་གི་གཟི་བྱིན>>ཞེས་པ་གཉིས་གཡར། 

       དེ་ནས་བཟུང་ང་དང་མོའི་འབྲེལ་བ་ཇེ་ཟབ་ནས་ཇེ་ཟབ་དུ་གྱུར་ཏེ།   སློབ་ཁྲིད་ཚུན་ཆད་ནས་རྒྱུན་པར་མཉམ་དུ་བསྡད་པ་ཡིན།  ངའི་སྣང་བ་ཞིག་ལ།   མོ་ནི་སློབ་གྲྭའི་ནང་གི་གཞུང་ཞབས་པ་འབའ་ཞིག་དམིགས་ཡུལ་དུ་བཟུང་ཞིང་།  བརྩེ་དུང་ཁོ་ནའི་དབང་དུ་གྱུར་བའི་བུ་མོ་མགོ་སྟོང་དེ་དག་དང་མི་འདྲ་བར།  མི་རིགས་ཀྱི་བདེ་སྡུག་དང་འཚོ་གནས ། སྐད་ཡིག་དང་རིག་གནས།  རྩོམ་རིག་སོགས་ཀྱི་སྐོར་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པར་སྙམ།  མོ་རང་ངོ་ཤེས་པའི་ཉིན་དེར།   ངས་ནི་དགའ་ཕྱོགས་མཐུན་པའི་མི་དང་འཕྲད་པ་ནི་ཚེ་འདིའི་བསོད་ནམས་ཆེ་ཤོས་རེད་སྙམ།  དེ་བས་གང་ནུས་ཀྱིས་མོའི་གམ་དུ་བཏུད་ཅི་ཐུབ་བྱས་པ་ཡིན།  དངོས་སྦྱོང་གི་དུས་ཡུན་ནང་ལ།   ངེད་གཉིས་ནི་སློབ་གྲྭ་ཆུང་ཆུང་དེའི་དགེ་སློབ་ཀུན་གྱི་གསར་འགྱུར་རུ་གྱུར་ཞིང་། ངེད་གཉིས་དང་འབྲེལ་བའི་བཤད་ཡམས་དང་གླེང་ཕྱོགས་ཀྱང་རླུང་ལྟར་གྲགས། དགེ་རྒན་དག་གིས་ཀྱང་ངེད་གཉིས་ལ་བཟའ་ཚང་ལྟ་བུའི་འདུ་ཤེས་བཟུང་ཡོད།

                                                                     ༣

      དགེ་རྒན་དུས་ཆེན་གྱི་ཉིན་ལ།    དགེ་རྒན་དག་མཉམ་གཅིག་ཏུ་ཁུལ་ཐོག་ལ་མེ་ཁོག་ཟ་རུ་ཕྱིན།  མེ་ཁོག་ཟོས་རྗེསKTVནང་དུ་སོང་སྟེ་གླུ་ལེན་གར་རྩེད་བྱས།    དགོང་མོ་དེར་ང་རང་ར་བཟི་སོང་། མི་མང་གྲས་ནས་ངས་མོར་ཅི་ཡང་མ་བཤད་ལ།   འཛུམ་ཙམ་ཡང་མ་བསྟན། མཚམས་ཤིག་ལ་མོས་ཝུ་ཆང་བླུགས་པའི་ཆང་ཕོར་ཞིག་ཡར་བཏེགས་ཏེ་ངའི་གམ་དུ་ཐོན། མོས་དོ་ནུབ་རང་གི་སེམས་ཁམས་སྐྱིད་པོ་མིན་རབས་དང་། ཞི་ལུ་ཚོར་ཡིད་ཆེས་བྱ་རྒྱུ་མེད་རབས། ངས་མོ་ལ་ཁ་ཡ་མི་བྱེད་པའི་རྒྱུ་མཚན་གང་ཡིན་རབས་སོགས་འཕྲོ་རིམ་འཕྲོར་ལབ་བྱུང་།   སྐབས་དེར་ངས་མོས་དྲངས་པའི་ཝུ་ཆང་དེ་གཙང་དག་བྱས་རྗེས་མོ་ལ་ཆང་འཐུང་མི་རུང་བ་སོགས་ཀྱི་རྒྱུ་མཚན་དང་གནས་ལུགས་མང་དུ་འཆད་མོད། དེ་ལ་མོས་ཁྱོན་ནས་ཁ་ཡ་མི་བྱེད་ལ། མུ་མཐུད་དུ་ང་ལ་ཆང་དྲངས།

 དགོང་མོ་དེར་ཕྱིར་སློབ་གྲྭར་འབྱོར་དུས་ཧ་ཅང་འཕྱི་བོ་འདུག  རླངས་འཁོར་ལས་མར་བབས་རྗེས་ངས་མོ་རང་བསྐྱོར་ཏེ་མོའི་སྡོད་ཤག་ཏུ་ཕྱིན་ཅིང་།  མོའི་སྟོད་གོས་དང་རྐང་སྣམ་སོགས་མ་ཕུད་པར་བསྙལ་བ་ཡིན། སྐབས་དེར་ང་ལ་མོར་འཁྲུག་པ་སྤྱོད་འདོད་ཀྱི་ཚོར་བ་དྲག་ཏུ་འཕེལ་མོད།  ར་བཟི་བའི་བུ་མོ་ཞིག་ལ་དེ་ལྟར་བྱས་ན་ལེགས་པོ་མི་འདུག་བསམ་སྟེ་བཙན་གྱིས་བཏང་སྙོམས་སུ་བཞག་སྟེ་ཕྱིར་རང་གི་སྡོད་ཤག་ཏུ་འགྲོ་བར་རྩོམ་ཚེ།    མོས་ངའི་ཁོག་སྟོད་ཀྱི་སྣེ་ཁ་ནས་འཐེན་ཏེ། རང་གཅིག་པུར་ཉལ་བར་སྐྲག་གི་ཟེར།  དེ་བས་ང་རང་མོའི་འགྲམ་དུ་ཟུར་ཉལ་བྱས་ཏེ་མཚན་བསྐྱལ་བ་ཡིན།

           བར་སྐབས་ཤིག་ལ།  མོ་གློ་བུར་དུ་ང་སར་འཁོར་ཏེ་ཅུང་ཁྲོ་བའི་ཉམས་ཀྱིས་ངའི་གདོང་ལ་མཛུབ་མོ་ཀེར་ཏེ "ཁྱོད་འདི་མི་ཚུལ་འཆོས་ཅན་ཞིག་རེད། རྩོམ་པ་པོ་ཞིག་ཡིན་ན་མི་ཕྱི་གསལ་ནང་གསལ་ཞིག་ཡིན་འོས"ཟེར།

         "དེ་ལྟར་བཤད་དོན་ཅི་ཡིན། "ངས་ཧ་ལས་པའི་ངང་ནས་དེ་ལྟར་དྲིས།

           "ཁྱོད་ང་ལ་དགའ་བཞིན་དུ་ང་དང་བར་ཐག་གིས་བཀྱེད་ནས་ཅི་བྱ།"

          "འུ་གཉིས་མཉམ་དུ་བསྡད་ཡོད་པ་མིན་ནམ། འདི་ང་ཁྱོད་དང་བྱོལ་བ་ཡིན་ནམ།"

           " དེ་ན། ཁྱོད་ཀྱིས་སྐད་འཕྲིན་སྒང་ནས་ང་ལ་དགའ་བོ་ཡོད་ཅེས་བཤད་པ་ལས་མངོན་སུམ་དུ་ང་ལ་འཛེམ་དོན་ཅི་ཡིན།"

         ང་གློ་རྡེག་ལ་བསམ་གཞིག་གི་ཀློང་དུ་འཕྱན།     "ང་ཁྱོད་ལ་དགའ་ཆོག་གམ།" སྐད་ཆ་འདི་ནི་དེ་སྔོན་ངས་མོ་ལ་བཤད་པའི་སྐད་ཆ་ཞིག་ཡིན།  སྐད་ཆ་འདི་ནི་རྒྱན་གྱིས་མ་སྤུད་པའི་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཡིན་མོད།  ང་ལ་མཚོན་ན། སྐད་ཆ་འདི་འདྲ་ཞིག་ངག་ནས་བཤད་ཐུབ་སོང་བ་ནི་རང་གི་ང་རྒྱལ་དང་གཟི་བརྗིད་དུ་རློམ་པར་མ་ཟད།  སེམས་སྟེང་ལ་བརྡབ་པའི་གཟེར་མ་ཞིག་བལ་སོང་བའི་སྐྱིད་སྣང་ལྡན་མྱོང་།  དོན་ངོ་མར་སྐད་ཆ་འདི་བཤད་པའི་ཆེད་དུ་ངས་ཝུ་ཆང་རྒྱ་མ་བཅུ་འཐུངས་མྱོང་བ་མ་ཟད། སྐད་ཆ་འདི་ཡང་ངོ་གདོང་དང་ངོ་གདོང་འཕྲད་ནས་བཤད་པ་མིན་པར། ཡི་གེའི་ལམ་ནས་བྲིས་ཏེ་མོའི་སྐད་འཕྲིན་སྒང་ལ་བསྐུར་བ་ཡིན།     ད་གཟོད། རང་ཉིད་ནི་ཚུལ་འཆོས་ལ་གོམས་པའི་མི་ཞིག་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་པས། རང་ཉིད་ལ་འགྲམ་ལྕག་ལྟ་བུའི་ཚ་འདྲི་ཐེངས་འགའ་བྱས་ཏེ།  དོན་ངོ་མར་ངས་མོ་ལ་དོ་སྣང་བྱས་ནས་ལོ་ཟླ་ཞག་གྲངས་མང་པོ་འགོར་ཡོད་པ་དང་། མོ་རང་ངའི་བློར་འབབ་ཚུལ། མ་འོངས་པར་མོ་དང་བཟའ་ཚང་བསྒྲིག་རྒྱུ་སོགས་ཀྱི་སེམས་ཚོར་མང་དུ་ལབ་པས།  མོ་རང་ཅུང་ཡིད་འགུལ་ཐེབས་ཏེ་མགོ་བོ་ངའི་བྲང་ཁར་སྦྱར་ནས།  "མ་གཞིར་འུ་གཉིས་ཀྱི་འདོད་བཞིན་པ་གཅིག་རེད"ཟེར།

         "ནམ་ཞིག ཁྱེད་ཀྱིས་ང་རང་བརྗེད་པར་གྱུར་ན་ཅི་ཞིག་བྱ།"  ཁོ་མོའི་གདོང་ན་པྲ་ཚགས་ཀྱི་ཉམས་ཤིག་མངོན་འདུག

      " གལ་ཏེ། ངས་དཀོན་མཆོག་དང་ཕ་ཡུལ། རང་བྱུང་ཁམས་སོགས་བརྗེད་ཀྱང་། སྙིང་གི་ཚི་ལུ་ལྟ་བུའི་ཁྱོད་རང་བརྗེད་མི་སྲིད།  རྒྱུ་མཚན།  ཁྱོད་ནི་ངའི་སྙིང་གི་ཕྱེད་ཀ་ཡིན།" ཁོ་བོས་གདེང་ཡོད་པའི་ངང་ནས་མོར་དེ་ལྟར་ལན་བཏབ་པ་ན།  མོ་ནི་མ་མོ་དང་ཁ་བྲལ་ནས་ཡུན་རིང་ཕྱིན་པའི་ལུ་གུ་ཞིག་ཡང་བསྐྱར་མ་བུ་ལྷན་འཛོམས་བྱུང་བ་བཞིན་ངའི་ལུས་པོ་དང་དམ་དུ་འཁྱུད་ཅིང་མོའི་ཤིན་ཏུ་སྙིང་རྗེ་བའི་ཁ་ཡིས་ང་ལ་ཡང་ཡང་འོ་བྱེད།   མོ་རང་འགུལ་སྒོས་རང་གི་ལྭ་བའི་སྒྲོག་གུ་རེ་རེ་བཞིན་གྲོལ་ཏེ་ནངས་ལྭ་དང་གསང་དོར་སོགས་ཕུད། ངའི་ལག་པ་གཡས་པས་མོའི་མཁྲང་ཟླུམ་གྱི་འོ་འཛིན་ཟུང་ལ་འཕུར་མཉེད་བྱས་ཙ་ན། མོའི་ངག་ནས་དབང་མེད་དུ་འཁུན་སྒྲ་ཞིག་འབྱིན་ཞིང་།  ངེད་གཉིས་འདོད་པའི་དགའ་སྟོན་ལ་རོལ།  ཤིན་ཏུ་མུན་ནག་ཅིང་ལྷིང་འཇགས་ཀྱི་མཚན་མོ་འདིར། ངའི་རྣ་ལམ་དུ་ཐོས་པའི་ཐོས་པ་ནི་མལ་ཁྲི་འགུལ་བའི་བཙིར་སྒྲ་དང་མོའི་འཁུན་སྒྲ་ལས་གཞན་ཅི་ཡང་མི་འདུག

        མཚན་མོའི་དེའི་སྣང་བརྙན་མཐའ་དག་ད་རུང་ཡང་ངའི་མིག་ལམ་དུ་གློག་བརྙན་ཇི་བཞིན་མངོན་རྒྱུ་ཡོད་པས།  ངས་མཚན་མོ་དེ་བརྗེད་ག་ལ་སྲིད།

                                                              ༤

    "མོ་ནི་བལྟས་ཚོད་ལ་ཞི་དུལ་བག་ཡོད་ཀྱི་བུ་མོ་ཞིག་ཡིན་པའི་ཚོར་སྣང་སྟེར་སྲིད་མོད།   དོན་ངོ་མར་མོ་དེ་འདྲ་ཞིག་ཡིན་མི་སྲིད།   མོ་ནི་བྱང་མ་ཞིག་ཡིན་པས་སེམས་ཆུང་བྱ་དགོས།   ཁྱོད་རང་མོའི་གཡོ་འོག་ཏུ་ཚུད་ངེས"།  དེ་སྔོན་ང་དང་སྡེ་བ་གཅིག་པའི་དགེ་རྒན་དེས་དུ་བ་རྐང་གཅིག་མེར་སྒྲོན་ཞོར་སྣང་མེད་ཀྱི་ཉམས་ཀྱིས་ང་ལ་དེ་ལྟར་བཤད།   དེ་དུས་ང་རང་དགེ་རྒན་དེའི་སྐད་ཆར་ཡེ་ནས་མ་རློམ། ངའི་སེམས་སུ།   སྐྱེས་པ་ཚོས་རང་ཉིད་ཀྱི་བློར་འབབ་སའི་བུ་མོ་དག་ལ་སེམས་བསྟན་ཏེ་དང་ལེན་མ་བྱས་ཚེ།    བུ་མོ་གང་དེའི་བྱ་སྤྱོད་ལ་སྒྲོ་འདོགས་སྣ་ཚོགས་བྱས་ཏེ་རྩིས་ཐང་དང་མི་གཞི་ལ་དམའ་འབེབས་དཔེ་མེད་བྱ་བ་རྒྱུན་ལྡན་མིན་ནམ། དེ་བས་མི་ཞིག་ལ་རྒྱུས་ལོན་བྱེད་འདོད་ན་རང་འགུལ་གྱིས་དེའི་གམ་དུ་གཅར་ཏེ་རྒྱུས་ལོན་བྱ་བ་ལས་ཐབས་བཟང་པོ་ཞིག་མེད་པར་འདོད།

         ད་ལྟ། དགེ་རྒན་དེའི་སྐད་ཆ་ང་ལ་མཚོན་ན་ལུང་བསྟན་ལྟ་བུ་ཞིག་ཏུ་ཆགས་འདུག་པས། ངས་དེང་མར་སྐད་ཆ་དེ་ལ་ཡིད་ཆེས་མ་བྱས་པར་འགྱོད་གདུང་ཚད་མེད་སྐྱེས།

         ངས་མི་ཁ་དང་བཤད་ཡམས་སྣ་ཚོགས་རྒྱབ་ཏུ་བསྐྱུར་ཏེ་བརྩེ་དུང་ལ་བློ་དཀར་གྱི་རྣམ་འགྱུར་བསྟན་མོད། ང་ནི་བརྩེ་དུང་གི་གཡུལ་ལས་ཕམ་སོང་།

          དངོས་སྦྱོང་གི་ཟླ་བ་བཞི་བོའི་རིང་ངེད་གཉིས་ཀྱིས་ཁྱོད་དགའ་ང་དུང་གི་བརྩེ་དུང་གི་ཟློས་གར་ལ་གཡེང་ནས་བསྡད་པ་མ་ཟད། ང་རང་སློབ་མཐར་ཕྱིན་རྗེས་མོ་དང་ངེད་གཉིས་གཉེན་སྒྲིག་རྒྱུར་བྱ་རྒྱུར་དམ་བཅས་ཡོད་མོད།

        དགུན་གནང་སྟེར་ལ་ཉེ་དུས་ཤིག་ལ། དངོས་སྦྱོང་དགེ་རྒན་དག་ལ་སློབ་གྲྭས་དངོས་སྦྱོང་ལེགས་གྲུབ་བྱུང་ཟིན་པའི་ཆོག་མཆན་བཀོད་ཅིང་ཕྱིར་མངགས།   མོས་ང་ཡིས་ཅ་ལག་ཐམས་ཅད་བསྡུ་གསོག་བརྒྱབ་སྟེ་བློས་མི་ཐོངས་པའི་ངང་ནས་ང་རང་ལམ་འཇུག་བྱས།   ངས་རང་གི་ཅ་ལག་དག་ཡུལ་ལ་བསྐྱལ་རྗེས་དུས་ཆད་བྱས་ནས་ཡིན་རིང་འགོར་བའི་དགོན་པའི་གྲྭ་གཞོན་ཞིག་ལ་ཐུག་ཏུ་ཕྱིན།    གྲྭ་གཞོན་དེ་ཡང་སྙན་ངག་དང་བརྩམས་སྒྲུང་ལ་དགའ་བ་མ་ཟད།   རྒྱ་ནག་གི་གླུ་བ་བང་ཧྥུན་ལ་དགའ་བོ་ཚ་པོ་འདུག   ང་ཡང་བང་ཧྥུན་གྱི་གཞས་ལ་མཉན་པར་ཧ་ཅང་དགའ།   ཁོའི་གཞས་དག་གི་ནང་ན་ལང་ཚོའི་ངར་ཤུགས་དང་ཁེར་རྐྱང་ཚོར་བ་ཤིན་ཏུ་དྲག་པས།    སློབ་ཆེན་སྐབས་སུ་རྒྱུན་པར་ཁོའི་གཞས་དག་ཐེངས་མང་པོར་མཉན་མྱོང་།   གྲྭ་གཞོན་དེས་ང་ལ་ཤྭ་མར་དང་སྐོམ་ཆུས་སྣེ་ལེན་བྱས་ཤིང་། ཟ་མ་རྒྱགས་ཐག་ཆོད་པ་ཞིག་ཟོས་རྗེས་རྩོམ་རིག་གི་སྐོར་ཁ་བརྡ་བྱས་ནས་བསྡད།   མཚན་དཀྱིལ་ལ་གྲྭ་བས་ཁོའི་ཁྱིམ་ནས་ཞག་འདུག་བྱ་ཆོག་པའི་རྒྱུ་མཚན་བཤད་མོད། ངས་ང་རང་རྒད་མོའི་གམ་དུ་འགྲོ་རྒྱུ་ཞེས་ཨུ་ཚུགས་ཀྱིས་ཕྱིར་མོའི་སྡོད་ཤག་གི་ཕྱོགས་སུ་སོང་། ང་རང་ཕྱིར་མོའི་སྡོད་ཤག་གི་སྒོ་ཁར་སླེབས་ཙ་ན།    མོའི་སྡོད་ཤག་གི་སྒོ་ཁར་མོ་ཊ་ཆུང་ངུ་ཞིག་བཞག་འདུག ངའི་བསམ་པར་དེ་ནི་དགེ་རྒན་གཞན་ཞིག་གི་མགྲོན་པོའི་ཡིན་པར་སྙམ་སྟེ་མོའི་སྡོད་ཤག་གི་སྒོ་ཁར་སླེབས་པ་ཙ་ན།  མོའི་སྡོད་ཤག་ཕྱོགས་ནས་ཞི་ལུ་ཞིག་གི་སྐད་ཅིག་གྲག་བཞིན་ཡོད་པ་མ་ཟད།   སྐད་དེ་ཧ་ཅང་རྒྱུས་ཡོད་ཅིག་རེད།  ངས་འཕྲལ་དུ་ཁ་རོག་གེར་མོའི་སྡོད་ཤག་ཕྱོགས་སུ་རྣ་བ་བླགས་ཏེ་ཉན་པ་ན། མཚམས་མཚམས་སུ་སྐྱེས་པ་ཞིག་གི་དགོད་སྒྲ་ཐོས་ཡོང་ལ།   མཚམས་ལན་རེར་བུད་མེད་ཅིག་གི་ངུ་སྒྲ་ཡང་ཐོས་ཡོང་།  ཡང་མཚམས་ལན་རེར་ངུ་སྒྲ་དང་དགོད་སྒྲ་གཉིད་ལྷན་གཅིག་ཏུ་གྱུར་ཏེ་སྒྲ་གསར་བ་ཞིག་ཀྱང་གྲག་ཡོང་།   དེ་བས་ངས་ང་རང་ཁ་རོག་གེར་མོའི་སྒོ་འགྲམ་དུ་སོང་ཙ་ན།    ད་གཟོད་འདོད་པའི་དགའ་སྟོན་རོལ་བའི་སྒྲ་སྣ་ཚོགས་རེ་རེ་བཞིན་ངའི་ཐོས་འཛིན་གྱི་བུ་གའི་ནང་དུ་ཕྱིན།    ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་དུ་བ་རྐང་གཅིག་མེར་སྒྲོན་ཏེ་ས་ལ་ཙོག་ནས་བསྡད།  ལྟ་ཕྱོགས་ཤིག་ལ་རླངས་འཁོར་དེ་ནི་ངའི་ཤ་ཉེ་ཞིག་གི་རླངས་འཁོར་ཡིན་པ་འདྲ་བས་ལག་པས་མིག་མིག་ཕུར་ཙམ་བྱས་ཏེ་བལྟས་ཙ་ན།  དཀར་གསལ་ཟླ་བའི་འོག་ཏུ་རླངས་འཁོར་དེ་གསལ་ལེར་བའི་མཐོང་ལམ་དུ་མངོན་འདུག རེད།   དེ་ནི་ངའི་ཕུ་བོ་ཞིག་གི་རླངས་འཁོར་རེད།   ཁོ་རང་གསར་བུ་རྫིག་པོ་ཞིག་ཡིན་ལ།   ཕྱི་རྒྱལ་ནས་ཕྱིར་ལོག་སྟེ་ལོ་མང་པོ་འགོར་མེད་ཀྱང་། ང་ཚོའི་ས་ཆའི་བུ་མོ་ཡག་མ་མང་པོ་ཁོའི་རྩེད་ཆས་སུ་གྱུར་མྱོང་། ངས་བལྟས་བལྟས་རིག་རིག་ལ་རང་ཉིད་དགའ་སའི་བུ་མོ་དེ་མི་གཞན་གྱི་རྩེད་ཆས་སུ་འགྱུར་བཞིན་པར་ལྟད་མོར་ལྟ་བ་ལས། ང་རང་དོན་དངོས་འདི་བསྒྱུར་བཅོས་བྱེད་པའི་ནུས་པ་བྲལ།   སྐབས་དེར། ང་ལ་མེ་མདའ་ཞིག་ཡོད་ན་ཅི་མ་རུང་སྙམ། ངས་མེ་མདའ་བསྣམས་ཏེ་ང་ལ་ཁྲེལ་མེད་གནང་མཁན་གྱི་མི་དེ་མེད་པར་གཏོང་འདོད།

          མཚན་མོ་དེར།   ང་རང་གྲོགས་པོ་ཞིག་གི་གམ་དུ་ཆས་ཤིང་། ཁོའི་གམ་ནས་སྡུག་བཤད་ལུང་པ་གང་བྱས་ཙ་ན། ཁོ་དགོད་བཞིན་དུ། "ཁྱོད་རང་གླེན་པ་རང་རེད།  མོ་ནི་བྱང་མ་ཞིག་ཡིན་ནི་རེད"ཅེས་བཤད།

         མཚན་མོ་དེར། ངས་པར་མཛོད་ལས་ངེད་གཉིས་རྒྱལ་སྟོན་དུས་ཆེན་སྐབས་ནང་ལོག་གི་གྲོང་ཁྱེར་འགར་ལྟ་སྐོར་དུ་སོང་བའི་སྐབས་ཀྱི་པར་དེ་དག་རེ་རེ་བཞིན་བསུབ་ཞིང་། མོའི་ཁ་པར་ཨང་གྲངས་དང་སྐད་འཕྲིན།  པོད་འཕྲིན། གླེང་མོལ་སོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བསུབ་སྟེ་ཕྱིན་ཆད་མོ་ལ་ཁ་ཡ་མི་བྱ་བའི་སྙིང་ཕུར་བརྡབས།  མོ་ལ་རྩིས་མེད་དུ་གཏོང་ཆེད་དུ༼ངས་གཏན་དུ་ཁྱོད་རང་མ་མཐོང་ན་བསམ༽ཞེས་པའི་སྙན་ངག་ཅིག་བློས་བསླངས་བྱས་ཏེ་རང་གི་སྐད་འཕྲིན་རྒྱབ་ལྗོངས་སུ་སྤེལ།             

    ལོ་ངོ་གསུམ་ཙམ་བཞུད་སོང་མོད།   མོས་ང་ལ་དེ་ལྟར་ཁྲེལ་མེད་བྱས་པ་ཞིག་ཞིག་ངས་ད་རུང་ཡང་ཀུ་ཡངས་གནང་ཐབས་བྲལ།   འདི་ནི་ང་ལ་མཚོན་ན་ཤིན་ཏུ་གློ་བུར་བ་ཞིག་དང་ཤིན་ཏུ་དང་ལེན་བྱ་མི་ཐུབ་པ་ཞིག་རེད། མཚན་མོ་དེའི་སྣང་བརྙན་མཐའ་དག་ད་དུང་ཡང་ངའི་ཡིད་ལ་གློག་བརྙན་ཇི་བཞིན་ཤར་ཡོང་བས་ངས་མཚན་མོ་དེ་བརྗེད་ག་ལ་སྲིད།

                           ༥

     ཕྱི་ཉིན།  ངའི་ཕུ་བོ་དེས་ངར་ཁ་པར་བཏང་སྟེ་མཉམ་དུ་ཟ་མ་ཟ་བར་དུས་བཅད་བྱས། ངེད་གཉིས་སློབ་གྲྭའི་སྒོ་འགྲམ་གྱི་ཟ་ཁང་དེ་གར་ཕྱིན་ཏེ་ཟ་མ་ཟ་ཞོར་ཁ་བརྡ་གློད།   ཁོ་རང་ག་ས་གང་དུ་སོང་ཡང་བུད་མེད་ཚོའི་སྐོར་རྐྱང་རྐྱང་གླེང་བར་དགའ།  ངས་ཁོ་ལ་མདང་དགོང་གང་དུ་སོང་མིན་འདྲི་འདོད་དུས་ཁོས་ཚུར་ང་ལ"མདང་དགོང་ངས་ཁྱེད་ཅག་སློབ་གྲྭའི་བུད་མེད་དགེ་རྒན་ཞིག་ཡར་འཇོག་བརྒྱབ་དང་"ཟེར། སྐད་ཆ་དེ་ཐོས་འཕྲལ་ངའི་སྙིང་ལ་གཟེར་མ་བརྡབ་པ་ལྟ་བུའི་ན་ཟུག་སྐྱེས་མོད། ན་ཟུག་ཁོག་ཏུ་བཅུག་པ་ལས་ཐབས་གཞན་མི་འདུག  ངའི་བརྩེ་དུང་གི་མེ་ཏོག་ཚལ་དུ་དེ་ལྟར་ཤྭ་འོད་བརྒྱུགས།

        ངས་ཟ་མ་སྟབས་བདེ་ཞིག་ཟོས་རྗེས་ཁང་བརྩེགས་ཀྱི་སྟེང་དུ་འགོས།   ངས་ལག་པ་གཉིས་ཁང་སྟེང་གི་ལན་ཀན་གྱི་སྟེང་བཞག་སྟེ་དུད་སྤྲིན་འཐིབས་པའི་བར་སྣང་ལ་བལྟས་པ་ན།   གྲོང་ཁྱེར་གྱི་བར་སྣང་ནི་དུ་སྨུག་གིས་བདག་ཏུ་བཟུང་ཡོད་ཅིང་།   ངའི་ནང་སེམས་ཀྱི་འཇིག་རྟེན་ཡང་མུན་པས་བདག་ཏུ་བཟུང་ཡོད། དེ་བས་ངས་གྲོང་ཁྱེར་ནི་ཆེད་དུ་སེམས་པ་མུན་པས་ཁེངས་པའི་མི་དག་གི་སྡོད་ས་ཡིན་པར་སྙམ་པ་དང་།  རང་ཉིད་ནི་གྲོང་ཁྱེར་འདི་དང་ཤིན་ཏུ་འཚམས་པོ་འདུག་པར་སྙམ།  གལ་ཏེ་ཕ་ཡུལ་ན་ཡོད་ཚེ།   ནམ་མཁའ་ནི་དྭངས་གཙང་གི་མེ་ལོང་ཞིག་དང་འདྲ་བས། ངའི་ནང་སེམས་ཀྱི་མུན་པ་དེ་ལྷག་ཏུ་གནག་པའི་ཚོར་སྣང་སྟེར། 

      ང་རང་ན་ནིང་དགུན་ཁར་གྲོང་ཁྱེར་འདི་ལ་འབྱོར་བ་ཡིན།    གྲོང་ཁྱེར་འདིར་འབྱོར་བའི་ཉིན་རྒྱ་རྒན་དེ་དང་ངེད་གཉིས་མགྲོན་ཁང་གཅིག་ཏུ་འཁེལ་སོང་།    དགོང་མོར་ངེད་གཉིས་ཀྱིས་ཡར་བཤད་མར་བཤད་མང་དུ་བྱས་མཐར།   མཉམ་དུ་ཁང་པ་ཞིག་གླ་རྒྱུར་གྲོས་མཐུན་བྱུང་སྟེ་མཉམ་དུ་འདུག་རྒྱུར་ཐག་བཅད་པ་ཡིན།

      གྲོང་ཁྱེར་འདིར་འབྱོར་རྗེས། ང་ལ་རྒྱ་རྒན་དེ་ལས་གཞན་པའི་ངོ་ཤེས་དང་གྲོགས་པོ་གཅིག་ཀྱང་མེད།  དེ་བས་འདིར་འབྱོར་རྗེས་ང་རང་ནད་པ་རོལ་ཚོགས་ཀྱི་གཞས་དག་ལ་སྔར་ལས་དགའ་བར་གྱུར།   བོད་ཀྱི་གཞས་པ་ཚོས་བཏང་བའི་གཞས་ལས་ང་རང་ཆེས་དགའ་ས་ནི་ནད་པ་རོལ་ཚོགས་ཀྱིས་བཏང་བའི་གཞས་རེད། ཁོང་ཅག་གི་གཞས་དེ་ལས་ངས་ཁེར་རྐྱང་དང་ཁུ་སིམ་གྱི་ཚོར་བ་དཔེ་མེད་མྱོང་ཐུབ།   གང་ལྟར་ངའི་སེམས་ཁམས་དང་མཐུན་པོར་ཆགས་འདུག ང་ལ་མཚོན་ན་ཁོང་ཅག་གི་གཞས་ལ་མཉན་པ་ནི་སུ་ཡིས་གནང་མི་ཐུབ་པའི་ལོངས་སྤྱོད་ཅིག་ཏུ་འདོད་མྱོང་། ཁོང་ཅག་གི་གཞས་ལ་མཉན་རྒྱུ་ནི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

        ཤིན་ཏུ་ཡིད་མུག་པའི་སྐབས་སུ་ང་རང་གཅིག་པུར་ཆང་ཁང་འགྲིམ་པར་དགའ་པོ་ཡོད། ཆང་འཐུང་བྱེད་ཀྱི་སྒོར་མོ་མེད་ཀྱང་ཆང་ཁང་འགྲིམ་འདོད་ཀྱི་ཀུན་སློང་དེ་གཏན་དུ་འགོག་ཐབས་བྲལ།    ཟླ་སྔོན་མར་ཉོས་པའིipadཡང་གཟའ་འཁོར་སྔོན་མའི་ཆང་རིན་དུ་སྟེར་བཞག   མཚམས་མཚམས་སུ་ང་རང་ར་བཟི་སྟེ་རོ་ལྟར་གྱུར་ཞིང་ཕྱིར་མལ་ཁང་དུ་ལོག་དུས།    རྒྱ་རྒན་གྱིས་ངའི་གྱོན་པ་དང་ལྷམ་ཕུད་དག་དེ་ང་རང་མལ་ཁྲིའི་སྟེང་དུ་བསྙལ་བ་དང་། ང་ལ་ཆུ་ཚ་བསྐོལ་བ་སོགས་བྱས་ཏེ་བདག་སྐྱོང་བྱ་སྲིད། ངས་ཀྱང་ཁོང་ལ་རང་གི་ཕུ་བོ་ཞིག་གི་བསམ་པ་བཅངས་པ་ཡིན།    ཡིན་ཡང་ངས་མངོན་བསལ་དུ་ཁོ་ལ་སེམས་པ་བསྟན་མྱོང་མེད།

        དེ་ལྟར་མུ་མཐུད་དུ་དུ་སྤྲིན་གྱིས་བསྒྲིབས་པའི་བར་སྣང་ལ་ལྟ་བཞིན་རང་ཉིད་གྲོང་ཁྱེར་འདིར་འབྱོར་ནས་ལོ་ངོ་གསུམ་འགོར་བར་ཕྱིར་དྲན་བྱས།    ལོ་ངོ་གསུམ་གྱི་དུས་ཡུན་ནི་མིག་རྡེབ་དབང་ཙམ་དུ་ཟད།   མི་ཚེ་ཡང་འདིའི་རང་བཞིན་ལས་མ་འདས་པར་སྙམ།   ཕ་ཡུལ་ན་ཡོད་དུས་ཉིན་གཅིག་གི་དུས་ཚོད་ནི་ཤིན་ཏུ་རིང་བའི་ཚོར་སྣང་འདུག་ལ།   ཉིན་གཅིག་ལ་བྱ་བ་མང་པོ་བསྒྲུབ་ཐུབ།    འོན་ཀྱང་འདིར་བསྐྱལ་བའི་ཟླ་བ་རེ་རེ་ནི་གཟའ་འཁོར་གཅིག་གི་འགྲོས་ལས་མ་འདས་པར་སྙམ།    ལོ་ངོ་གསུམ་གྱི་དུས་ཡུན་རིང་།  ངས་སྒོར་མོ་ཅི་ཡང་གསོག་མ་ཐུབ་ལ། བརྩམས་སྒྲུང་དང་སྙན་ངམ་ཀྱང་རེ་གཉིས་ལས་འབྲི་མ་ཐུབ། ང་ལ་ལྷག་པ་ནི་ཤ་ཁྲག་ལས་སྐྱེས་པའི་རྟའི་རྔོག་མ་ལྟ་བུའི་སྐྲ་ལོ་དང་སྙན་ངག་ཏུ་མི་ཤོང་བའི་ཁེར་རྐྱང་འབའ་ཞིག་རེད།       

                                                       ༦

       ཕྱིས་སུ། ངའི་ཤ་ཉེ་དེས་ང་ལ་ཁ་པར་བཏང་སྟེ།    ང་ལ་འོས་མེད་བྱས་པར་དགོངས་དག་ཞུས་པ་དང་། ཁོས་ངེད་གཉིས་འགྲིག་ཡོད་པ་མ་ཤེས་རབས།   ཁོ་དང་མོ་གཉིས་སྔ་མོ་ནས་དགའ་རོགས་ཡིན་རབས། མོའི་སེམས་ན་ང་གཅིག་པུ་ཡོད་རབས་སོགས་ཚི་སྔ་ཕྱི་འགལ་བ་ཡང་ཡོད་པའི་རྒྱུ་མཚན་དང་གནས་ལུགས་ལུང་པ་གང་བཤད་སོང་།    སྐབས་དེར།  ང་ངོ་མ་གཏིང་ནས་དགོད་རྒྱུ་འོང་།  མོ་ང་ལ་དགའ་བཞིན་དུ་སྐྱེས་པ་གཞན་ཞིག་དང་འགྲོགས་ན་དེ་ནི་གནས་ལུགས་དང་མཐུན་པ་ཞིག་ཡིན་ནམ།   ང་རང་གཏིང་ནས་མོའི་སྦྱོར་བ་ལ་ཁོ་ཆད།

             དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ལ། ཁོ་དང་མོ་གཉིས་རིང་བོ་མ་འགོར་བར་ཐོར་ཟིན་མོད། ད་ལྟ་མོ་ལ་མངལ་ཆགས་ཏེ་བྱིས་པ་ཞིག་བཙས་འདུག་ཟེར། མོས་བྱིས་པ་དེའི་ཕ་རྒན་ནི་ང་ཡིན་ཞེས་བཤད་ཀྱིན་ཡོད་རབས་ཟེར།   ངའི་སེམས་ལ་དེ་ནི་གཟས་ཏེ་ང་ལ་བསྙད་བཏགས་པ་རེད་སྙམ།    དེ་ནི་རྩམ་པ་རང་གིས་ཟོས། རྩུམ་ཁུག་གཞན་གྱི་མགོར་བསྐོན་ཞེས་པ་ལས་མ་འདས་པར་སྙམ། ང་རང་དེ་ལ་ཡིད་ཆེས་མ་བྱུང་ལ། དེ་ལ་དོ་སྣང་ཡང་བྱ་འདོད་མི་འདུག 

         དེ་བས་ལས་ཀ་དང་བརྩེ་དུང་གང་ཅིའི་ཐད་ནས་ཕམ་ཁ་དཔེ་མེད་མྱངས་པའི་ང་རང་ཁོར་ཡུག་དེ་དང་རྒྱང་ནས་བཀྱེད་ན་འདོད་སོང་། ང་རང་སུས་ཀྱང་ངོ་མི་ཤེས་པའི་གྲོང་ཁྱེར་ཞིག་ཏུ་ཆས་ཏེ་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་ན་འདོད་པས། མི་རྐྱང་རྟ་རྐྱང་སྒོས་གྲོང་ཁྱེར་དུ་ཕྱིན་པ་ཡིན།

                                             ༧

         ལོ་ངོ་བདུན་གྱི་སྔོན་ལ།   ངས་སློབ་ཆེན་གྲགས་ཆེན་ཞིག་ལ་རྒྱུགས་འཕྲོད་སོང་ཞེས་ང་ཚོའི་གྲོང་སྡེ་འུར་ཟིང་དུ་བཟོས་ཤིང་།  ཕོ་མོ་རྒན་གཞོན་ཁྱད་མེད་ཀྱིས་ང་ལ་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་གཏོར་ཏེ་ང་ནི་ངེད་ཚོའི་ཡུལ་གྱི་བྱིས་པ་ཚོས་མིག་དཔེ་བལྟ་སར་གྱུར། སྡེ་མི་ཚོས་རང་ཉིད་ཀྱི་བུ་ཕྲུག་དག་ཀྱང་ངེས་པར་དུ་སློབ་གྲྭ་བཏང་སྟེ་མ་འོངས་པར་ང་ལྟར་སློབ་ཆེན་གྲགས་ཆེན་ཞིག་ཏུ་འགྲིམ་ཐུབ་དགོས་ཞེས་སྙིང་ཕུར་བརྡབས། ལོ་ངོ་བདུན་གྱི་རྗེས་སུ་ང་རང་སློབ་ཆེན་གྲགས་ཆེན་དེ་ནས་ལག་སྟོང་མཆན་ལ་བཙིར་ཏེ་ཕྱིར་ཕ་ཡུལ་དུ་སླེབས། སླེབས་ནས་ཀྱང་ལོ་ངོ་གསུམ་ཙམ་འགྱང་ལ་ཉེ། ལོ་ངོ་གསུམ་གྱི་རིང་ང་ལ་གཞུང་ཞབས་པའི་ལས་གནས་ཙམ་ཡང་རེག་མ་སོང་བར་ཅི་ཡིན་འདི་ཡིན་མེད་པར་དུས་ཚོད་སྟོང་ཟད་དུ་བཏང་ནས་བསྡད། ཕ་ཡུལ་ནས་བསྡད་པའི་ལོ་དེ་གའི་རིང་ལ་ཡུལ་མི་ཚོས་ང་མཐོང་ན་དེང་མ་ལྟར་མཐེ་བོང་བསྒྲེངས་ཏེ་བརྩི་མཐོང་མི་བྱ་བར་མཐོང་ཆུང་གི་མིག་གིས་ལྟ་བར་བྱེད་ཅིང་།     ང་སོང་ཤུལ་ནས་ངའི་ཕྱོགས་ཀྱི་སྐད་ཆ་སྣ་ཚོགས་ལབ་རྒྱུ་ནི་རྒྱུན་ལྡན་དུ་གྱུར། ད་སྔ་ཡུལ་མི་ཚོས་བྱིས་པ་དག་སློབ་ཆུང་མཐར་ཕྱིན་པའམ་དམའ་འབྲིང་ཙམ་བཏོན་ཚར་རྗེས་སློབ་གྲྭ་གཏོང་མཚམས་བཞག་སྟེ་ཁྱིམ་གཞི་བཅའ་རུ་བཅུག་འགྲོ། ཁོ་ཚོས་རང་གི་བྱིས་པ་དག་སློབ་གྲྭར་བཏང་བཏང་མཐར་ང་བཞིན་འཁྱམས་པོའི་འཚོ་བ་རོལ་དུ་འཇུག་འདོད་མི་འདུག སྡེ་བའི་བཤད་ཡམས་སྣ་ཚོགས་ཀྱིས་ཨ་ཕ་ཡང་ངའི་སྟེང་ལ་ལྟ་ཚུལ་འདུག དེ་བས་ཕ་ཡུལ་ནས་བསྡད་པའི་དུས་ཡུན་ནང་ལ་ང་ལ་སྐྱིད་སྣང་ཞིག་ཡོད་མ་མྱོང་། 

              མཚམས་ལན་རེར། ངའི་སྣང་བར་མི་ཞེས་པ་འདི་ནི་ཅི་འདྲའི་སྙིང་རྗེ་བའི་སྲོག་ཆགས་ཤིག་རེད་ཨང་བསམ།    སྐབས་དེར་ངའི་ཡིད་ལ་དགེ་ཆོས་འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་།།   རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།།   དྲིན་བྱས་དྲིན་དུ་མི་བཟོ་གྲོགས་ངན་གྱི་གཤིས་ལ།།   བསམ་ན་ངུ་མ་དགོད་ཀྱི་སྣང་བ་སྐྱེས་བྱུང་།། ཞེས་པའི་ཚིག་དེ་ཡིད་ལ་སིམ་པ་ཞིག་རེད། ཁོ་ཚོས་མིག་མདུན་གྱི་ཁེ་ཕན་ཉི་ཚེ་བའི་སླད་དུ་རང་གི་རྩིས་ཐང་དང་མི་གཞི། དགའ་ཕྱོགས་དང་ཕུགས་བསམ་སོགས་ཡལ་བར་དོར་བར་ཐེ་ཚོམ་མི་འདུག ང་ལ་མཚོན་ན། དེ་ནི་སྲིད་མིན་གྱི་དཔེ་ཞིག་རེད། མི་ཚང་མས་ང་ནི་རྒྱུན་ལྡན་ཞིག་མ་རེད་ཅེས་བཤད་མོད།  གང་ལྟར་ང་ལ་ཁོ་ཚོ་དང་མི་འདྲ་བའི་བསམ་ཚུལ་མང་པོ་འདུག བསམ་ཚུལ་དེ་དག་གིས་ང་རང་དུས་ཀྱི་བས་མཐའ་རུ་འདེད་ཀྱིན་ཡོད།

                                                               ༨

         ད་སྔ།  ང་ལ་ཕུགས་བསམ་དང་འདུན་མ། རྨི་ལམ་ཞེས་ཆེན་པོ་ཞིག་མེད། ལྷག་ཏུ་སློབ་ཆེན་སྐབས་སུ་སྐད་ཡིག་དང་མི་རིགས། སྒྱུ་རྩལ་ཞེས་འུར་བརྒྱབ་པ་དྲན་དུས་རང་ཉིད་ལ་གཏིང་ནས་དགོད་རྒྱུ་ཡོང་གི ངའི་ད་སྔའི་འུར་རྒྱག་རོགས་ཚང་མས་རེ་རེ་བཞིན་གཉེན་བསྒྲིགས་ཤིང་། བྱིས་པ་གཉོར།  ཁྱིམ་འཐབ་དང་འཚོ་ཚིས་ཀྱི་དོན་དུ་འདུར་བ་ལས་དེ་སྔོན་གྱི་རྨི་ལམ་མཐའ་དག་ལ་གྱེས་ཕྱག་ཕུལ་ཟིན།   ངས་ཁོ་ཚོའི་འགྱུར་ལྡོག་མཐོང་དུས་ད་གཟོད་རང་ཉིད་ལ་ཅི་ཡང་མེད་པ་ཚོར་ལ།  ཁེར་རྐྱང་གི་ཚོར་བ་ཤིན་ཏུ་ལྕི།  དེ་བས་ངས་ཁེར་རྐྱང་སངས་ཐབས་སུ་ངས་རང་ཉིད་ཀྱི་ནང་སེམས་མཚོན་པའི་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་མང་པོ་བློས་བསླངས་བྱས་མྱོང་བ་དང་། འཛམ་གླིང་ན་སྐད་གྲགས་ཆོད་པའི་གློག་བརྙན་དག་ལ་བལྟས་པ་ཡིན།   མཚམས་མཚམས་སུ་རང་ཉིད་ཀྱི་སེམས་ཁམས་དང་མཐུན་པའི་གཞས་ལ་ཉན་པ་ཡིན།   འདི་དག་གིས་ང་ལ་དངོས་ཡོད་ལས་འདས་པའི་གསར་བ་གསར་རྐྱང་གི་འཇིག་རྟེན་ཞིག་བཞེངས་ཡོད་ལ།    ང་རང་འཇིག་རྟེན་དེ་ནས་འཚ་བ་རོལ་རྒྱུར་ཤིན་ཏུ་དགའ་བར་གྱུར། ང་རང་གདོང་འབག་གྱོན་པའི་མི་ཞིག་དང་ཁ་བརྡ་བྱས་ཏེ་དུས་ཚོད་བསྐྱལ་བ་ལས་སྒྲུང་ནང་གི་མི་ཞིག་དང་ཁ་བརྡ་བྱ་བར་དགའ།

     ད་སྔ་ང་ལ་ཕུགས་བསམ་ཆེ་ཤོས་ཤིག་ཡོད་པ་ནི་སྒྲུང་རིང་དེབ་གཅིག་དང་སྒྲུང་ཐུང་གི་དེབ་གཅིག་ཕུད་རྒྱུ་དེ་ཡིན།    དེ་བས་ངས་རང་གི་གསེར་ལས་དཀོན་པའི་དུས་ཚོད་ཐམས་ཅད་བརྩམས་སྒྲུང་གསར་རྩོམ་གྱི་སྟེང་དུ་བཀོལ་བཞིན་ཡོད་ལ།   གང་དུ་སོང་ཡང་གང་ནས་བསྡད་ཀྱང་དེའི་ཕྱོགས་སུ་སེམས་པ་འཁོར་ནས་ཡོད།   ཧྥ་རིན་སིའི་རྩོམ་པ་པོ་གྲགས་ཅན་པར་ཀྲ་ཁི་ཡིས་༼མི་ཡུལ་གྱི་སྤྲོ་གར༽རྩོམ་པའི་ཆེད་དུ་མི་ལོ་སུམ་ཅུའི་དུས་ཚོད་བཀོལ་བར་འཆར་གཞི་བཟོས་མྱོང་བར་གྲགས།   ཁོང་གི་སྙིང་སྟོབས་དེ་འདྲ་ནི་ང་མ་ཟད་བོད་ཀྱི་སྒྲུང་གཏམ་པ་གྲགས་ཅན་ཡིན་པར་རློམ་མཁན་དག་ལ་ཤིན་ཏུ་དབེན་པ་རེད། ང་ལ་དེ་ལྟ་བུའི་སྙིང་སྟོབས་སྟོངས་ཀྱང་སྒྲུང་རིང་གི་སླད་དུ་མི་ལོ་གཅིག་ཙམ་བཀོལ་ཐུབ་པའི་གདེང་དང་སྤོབས་པས་ཕྱུག  གང་ལྟར་ང་ཉེ་ལམ་བརྩམས་སྒྲུང་གི་ནང་དུ་མགོ་འཐོམས་ཡོད་ལ།  ཚོར་བ་དབེན་དུས་ཇ་ཁ་ཆང་ཁ་རེ་འགྲིམ་སྟེ་རྣམ་གཡེང་བྱས་པ་ཡིན།

      བརྒྱ་ལ་མི་ཞིག་གིས། ང་ལ"ཁྱོད་ཀྱི་ལས་ཐོབ་ནི་ཅི་ཞིག་ཡིན"ཞེས་དྲིས་ཚེ། ང་རང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར"ང་ནི་རྩོམ་པ་པོ་ཞིག་ཡིན"ཞེས་ལན་གདབ་ངེས།   དྲང་མོར་བཤད་ན་ང་ལ་ཡི་གེའི་འཇིག་རྟེན་བཞེངས་རྒྱུ་ལྷག་པའི་ལས་ཀ་ཞིག་མི་འདུག་ཅིང་། ངས་ལས་ཀ་འདི་གཉེར་ནས་ཀྱང་མི་ལོ་བཅུ་གྲངས་ཁ་ཤས་འགོར་ཡོད།   དེའི་རིང་ངས་རྩོམ་རིག་ཅེས་པ་འདི་ལ་ཁྲེལ་མེད་ཀྱི་སྦྱོར་བ་གང་ཡང་བརྩམ་མེད།  མཚམས་ལན་རེར། ངའི་ཉེ་འཁོར་གྱི་མི་དག་གིས་ང་ལ་ཤ་ཚ་མདོག་གིས"ད་ནི་བྱ་བ་ཚད་ལྡན་ཞིག་ཚོལ་དང"ཞེས་སློབ་གསོ་རྒྱག་སྲིད།  ངའི་སྣང་བ་ཞིག་ལ། ཚད་ལྡན་གྱི་བྱ་བ་ཞེས་པ་ནི་ཡང་སྙིང་ག་འདྲ་ཞིག་ཡིན་ནམ་སྙམ།  ངས་སློབ་ཆུང་སྐབས་སུ།   མ་འོངས་གངས་ལྗོངས་གསར་བ་འཛུགས་སྐྲུན་བྱེད་ཅེས་པའི་ཚིག་དུམ་ཞིག་བློར་བཟུང་མྱོང་བ་ད་རུང་ཡང་ཡིད་ངོགས་ན་འདུག  དེ་ནི་ད་གཟོད་བྱ་བ་ཚད་ལྡན་ཞིག་ཡིན་ནམ་སྙམ། ཡང་སློབ་ཆུང་སྐབས་ཀྱི་རྒྱ་ཡིག་གི་བསླབ་དེབ་ཏུ༼ཀྲུང་གོའི་བསྐྱར་དར་གྱི་སླད་དུ་དཔེ་ཆ་ཀློག༽ཅེས་པ་ཞིག་ཡིད་ལ་འཁོར།    དེ་ནི་ཚད་ལྡན་གྱི་བྱ་བ་ཞིག་ཡིན་པར་འདོད། ཡིན་ཡང་ངས་བསམ་བློ་ཇི་ལྟར་བཏང་ཚད་ལྡན་གྱི་བྱ་བ་ཞེས་པ་དེ་ག་འདྲ་ཡིན་པ་ཤེས་མ་སོང་ལ། ཚད་ལྡན་ཞེས་པའི་ཚད་ག་འདྲ་ཞིག་ཡིན་པ་ཡང་རྟོག་ཐབས་བྲལ།  སློབ་མའི་དུས་ལ། ང་ཚོས་རྒྱུན་པར་ཤེས་བྱས་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་ཅེས་པའི་གདམས་ངག་དེར་ཡིད་ཆེས་ཆེན་པོ་བྱེད། ང་ཡང་སློབ་འབྲིང་ཡིན་དུས་ཐེངས་ཤིག་ལ་དོན་གྲུབ་རྒྱལ་གྱི་སྒྲུང་ཐུང་༼པད་མཚོ༽༼འབྲུག་མཚོ༽བཀླགས་མྱོང་། སྐབས་དེ་ནས་བཟུང་ང་ནི་སྐད་ཡིག་དགེ་རྒན་ཞིག་བྱས་ན་འདོད་པའི་སྙིང་ཕུར་བརྡབས་ཏེ་རེ་བ་བརྒྱབ་མྱོང་།   ཡིན་ཡང་ང་རང་སློབ་ཆེན་ནས་མཐར་ཕྱིན་ཏེ་ཕ་ཡུལ་དུ་ལོག་རྗེས་ང་རང་དགེ་རྒན་བྱེད་པའི་ལས་སྐལ་དེ་ཐོབ་མ་བྱུང་། ད་གཟོད་ཤེས་བྱས་མིའི་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་ཅེས་པ་དེ་ཡང་རྫུན་གཏམ་འབའ་ཞིག་ཡིན་པར་འདོད། དེ་ལས་སྐྱེས་ཁུངས་དང་དབང་ཐང་།   ངོ་སོ་དང་མོ་སྒོ་ཡིས་མིའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་ཅེ་ན་ང་རང་ཡིད་ཅུང་ཙམ་ཡིད་ཆེས།  ཕལ་བའི་སློབ་ཆེན་རེ་ནས་མཐར་ཕྱིན་པའི་ཁ་ཆེ་དབང་ཆེན་གྱི་བུ་ཕྲུག་དག་ནི་སློབ་གྲྭ་ག་གེའི་དགེ་རྒན་དུ་གྱུར་ཡོད་ལ། ང་དང་འདྲ་བའི་མི་སེར་གྱི་བུ་ཕྲུག་དག་ནི་མགོན་མེབ་སྐྱབས་མེད་ཡིན་པས། ཤེས་བྱས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་མི་འདུག  དེ་ནི་བར་སྣང་ནས་ཕོ་བྲང་བཞེངས་པ་དང་འདྲ།

                                                         ༩

         ས་ཁི་སིའི་རོལ་དབྱངས་འདི་ནི་སྐྱོ་གདུང་གི་གཙང་པོ་ཞིག་དང་ཅི་འདྲིའི་འདྲ་ཨང་། སྟོང་ལྷིང་ལྷིང་གི་ཆང་ཁང་དུ་ང་གཅིག་པུ་སྟོང་འདང་གི་དབང་དུ་ཤོར་ནས་ཡོད།   ང་ནི་ཆང་ཁང་འདི་སྲུང་བའི་སོ་བ་དང་མཚུངས།  ངས་རང་གི་མིག་སྔར་གྱི་གནས་སྟངས་ལ་བསམ་གཞིག་ཅིག་བཏང་བ་ན། ངའི་ད་ལྟའི་གནས་སྟངས་འདི་ནི་ངའི་ཚེ་སྔོན་མའི་བྱས་ཉེས་ཀྱིས་བསྐྱེད་པ་མིན་པར་ད་ལྟའི་བྱས་ཉེས་ཀྱིས་བསྐྱེད་པ་ཡིན་པར་འདོད། རྒྱུན་མཚན་ང་ཆུང་དུས་སུ་བྱ་བྱེའུ་དང་ཉ་སོགས་ཀྱིས་ཚེ་སྲོག་བཅད་པ་བགྲང་གིས་མི་ལོངས་པའི་ཚོད་ཡིན།   མ་ཟད། སློབ་ཆེན་གྱི་སྐབས་སུ་རང་ཉིད་ལ་འདང་ཤིན་ཏུ་ཆེ་བའི་རྒྱའི་གཞོན་ནུ་མ་ཞིག་ལ་དང་བཟའ་ཚང་བསྒྲིག་རྒྱུའི་དམ་བཅས་ཏེ་རྒྱས་བཟའ་རྒྱས་འཐུང་བྱས་ནས་བསྡད་པ་དང་། བར་ཞིག་ལ། མོར་ང་རང་ཕྱི་རྒྱལ་ལ་སློབ་གཉེར་དུ་འགྲོ་དགོས་ཚུལ་བཤད་དེ་མགོ་སྐོར་བཏང་བ་སོགས་ཡིད་ལ་དྲན་དུས། མོ་ནི་བུ་མོ་གཞུང་དྲང་དང་ཡ་རབས་ཤིག་ཡིན་མོད། ངས་དེ་ལྟར་རྩེད་སྤྱད་བྱས་པ་ཡིད་ལ་དྲན་ན་ང་རང་གནོངས་འགྱོད་ཚད་མེད་སྐྱེས་ལ། ངའི་ད་ལྟའི་གནས་སྟངས་འདི་དག་ནི་ངའི་བྱ་སྤྱོད་ཀྱིས་བསྐྱེད་པ་ཞིག་ཡིན་པར་སྙམ། 

          ངས་ཉིན་དཀར་མལ་ཤག་ནས་བརྩམས་སྒྲུང་གི་བྲིས་ཤིང་། དགོང་མོར་ཆང་ཁང་འདི་ནས་ལས་ཀ་ལས་པ་ཡིན། ཆང་ཁང་འདིའི་ནང་གི་མགྲོན་པོ་ཕལ་ཆེ་བ་ནི་རྒྱ་མི་ཡིན་ལ།   མཚམས་མཚམས་སུ་རྒྱ་བླ་རེ་གཉིས་མཐོང་སྲིད།  ཐེངས་ཤིག་ལ།  རྒྱ་བླ་ཞིག་གིས་ང་ལ་རྒྱ་སྐད་ཀྱིས་ཆོས་ལུགས་དང་འབྲེལ་བའི་གནས་ལུགས་ཉ་ཉོག་ལུང་པ་གང་བཤད།  ངས་ཁྱེད་ཀྱིས་གསུངས་པ་བདེན་ཞེས་མགོ་ལྕོག་ལྡེམ་ལྡེམ་བྱས་ཙ་ན།  ཁོས་ང་ལ་ཁོ་རང་གིས་བརྩམས་པའི་རྒྱ་ཡིག་གི་མི་ཆོས་ཀུན་སྤྱོད་དང་འབྲེལ་བའི་དེབ་གཉིས་སྦྱིན།   རྒྱ་བླ་དེ་དག་ལ་ད་རུང་འགྲོ་རོགས་མཛེས་མ་རེ་ཡང་ཡོད་སྲིད་ལ།  ཁོ་ཚོས་རྒྱ་བླ་དག་ལ་གུས་པ་ཡོད་མདོག་སྟོན་སྲིད་མོད། ལྐོག་ནས་ཅི་བྱེད་པ་ང་དོགས་པ་སྐྱེས་འོང་།  རྒྱུ་མཚན། ཆང་ཁང་འདི་ནས། ངས་རྒྱའི་སྦྱིན་བདག་ཅིག་ངོ་ཤེས་སོང་། ཁོ་ན་རེ།" ང་ཁྱོད་ཚོའི་བོད་ཀྱི་བླ་མ་དག་གི་སྤྱོད་པ་ལ་དོགས་པ་སྐྱེ་ཡི"ཟེར། ངས་ཁོ་ལ་རྒྱུ་མཚན་དྲིས་པ་ན། ཁོས་ཡིད་ཆེས་ཡོད་པའི་སྒོ་ནས་ང་ལ།  "ང་ལ་བོད་ཀྱི་གྲོགས་པོ་བླ་མ་ཞིག་ཡོད། ཐེངས་ཤིག་ལ། ཁོ་རང་ནང་ལོག་ཏུ་ཕེབས་འདུག ངས་ཁོ་རང་གདན་དྲངས་ཏེ་ཟས་མགྲོན་ཡིད་ཚིམས་པ་ཞིག་བྱས་ཤིང་། དེ་ན་སྐར་ལྔའི་མགྲོན་ཁང་ཞིག་ཏུ་ཕྱིན་པ་ཡིན། ངས་ཁོ་ལ། ངེད་གཉིས་ཤིན་ཏུ་འདྲིས་པས། ཉིད་ཀྱི་རང་འདོད་ལྟར་སྐྱིད་ལ་རོལ། འདི་གར་བུད་མེད་མཛེས་མ་མང་པོ་འདུག་པས། ངས་ཡག་མ་འགའ་ཁྲིད་ཡོང་། ཞེས་བཤད་ཙ་ན། ཁོས་ཀྱང་མི་འཐད་པའི་རྣམ་འགྱུར་བསྟན་མ་སོང་། ངས་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་གཉིས་ཁྲིད་དེ་ཁོའི་གམ་དུ་སོང་བ་ན། ཁོས་གཡོན་པ་མོ་འགྲིག་བསྡད་ཡོད་ཁུ་ཟེར། དེ་ནས་ངས་བུ་མོ་གཞན་པ་དེ་ཁྲིད་དེ་སྒོར་ཕྱིན། ད་ལྟ་བསམ་ན། ང་རང་ཁོ་ཚོའི་མི་གཞི་ལ་དོགས་པ་ཟ་འོང་།  "

      ངས་ཁོ་རང་ལ་དེ་ནི་བླ་མ་རྫུན་མ་ཞིག་ཡིན་པའི་རྒྱུ་མཚན་དང་གནས་ལུགས་མང་དུ་བཤད་མོད། དེ་ནི་སྤྱང་ཀིའི་རྣ་བར་ཆོས་བཤད་དུ་གྱུར་སོང་།

      དེ་སྔོན་ང་ཁུ་སིམ་མེར་སྐྱུར་མཁན་གྱི་དགའ་གྲོགས་དེ་དང་ངེད་གཉིས་ལྷན་དུ་ཉལ་དུས་ཤིག་ལ།  མོས་སྤྲུལ་སྐུ་ཞིག་གིས་མོ་ལ་དགའ་མདོག་བསྟན་ནས་འདུག་གི་མི་འཇུག་ཅེས་བཤད་པ་དང་།  ད་རུང་སྤྲུལ་སྐུ་དེས་མོ་ལ། ཁོ་པ་སྤྲུལ་སྐུའི་ཞེས་པའི་ཐོབ་ཐང་ཞིག་ཡོད་པ་ནི་སྡུག་བསྔལ་གྱི་གཞི་མ་ཡིན་པ་དང་། དེས་རང་ཉིད་ནི་མི་གཞན་དང་འདྲ་བར་འཇིག་རྟེན་གྱི་ཡིད་འོང་གི་ལོངས་སྤྱོད་མང་དག་ཅིག་ལོངས་སུ་སྤྱོད་པར་བཀག་རྒྱ་བཟོས་འདུག་ཟེར་བ་དང་། ཡང་མཚམས་མཚམས་སུ་ཁུག་དམར་སྒོར་ཆིག་སྟོང་ལྷག་བསྐུར་ཏེ་དེ་ནི་ཁོ་པའི་སེམས་མཚོན་བྱེད་ཙམ་ཡིན་ཞེས་བསྐུར་བ་མྱོང་། མོས་ཁོ་པའི་ཁུག་དམར་མ་བླངས་པ་མ་ཟད། ཁོ་པ་དང་ལེན་ཡང་མ་གནང་ཞེས་ང་ལ་བཤད་པ་དྲན། སྐབས་དེར་ངས་མོ་ནི་དངུལ་ལོར་གྱི་བསླུ་བྲིད་གནང་སླ་བ་ཞིག་མིན་པར་བརྩེ་དུང་ལ་བློ་དཀར་མཁན་ཞིག་ཡིན་པར་འདུག་ཅེས་སེམས་འགུལ་ཐེབས་མྱོང་།  གང་ལྟར། ང་རང་ཆང་ཁང་འདིར་འབྱོར་རྗེས་དེ་ལྟ་བུའི་ཟློས་གར་སྣ་ཚོགས་མང་དུ་མཐོང་རྒྱུ་འདུག་པས་དེ་ཡང་རྒྱུན་ལྡན་དུ་སེམས།

                                                     ༡༠

          ཉིན་ཞིག   ང་རང་ལས་ཚགས་གྲོལ་རྗེས་ཕྱིར་མལ་ཤག་ཏུ་སོང་བ་ན། ངའི་གྲོགས་པོ་རྒྱ་རྒན་དེ་མལ་ཤག་ཏུ་མི་འདུག  ངའི་སེམས་ལ་རྒྱ་རྒན་ནམ་རྒྱུན་ང་ཕྱིར་ལོག་དུས་ཉལ་འདུག་མོད། དོ་ནུབ་ཁོ་གང་ཞིག་ལ་བུད་སོང་སྙམ་ནས་མར་བསྡད་དེ་ ཁོང་ལ་ཁ་པར་བཏང་ན་འདོད་པས་ཁ་པར་བཏང་བ་ན། ཁ་པར་གྱི་སྒོ་བརྒྱབ་འདུག  དེ་ནས་ངའི་ལྟ་ཕྱོགས་ཤིག་ལ་རང་གི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་དེ་སྔར་གྱི་གནས་སུ་མི་འདུག  ངས་རང་གི་མིག་འཕྲུལ་བ་རེད་འདོད་དེ་མིག་ལ་ལག་པས་འཕུར་འཕུར་འགའ་བྱས་ཏེ་བལྟས་པ་ན། ངའི་འདང་ཤིན་ཏུ་ཆེ་བའི་གློག་ཀླད་མི་འདུག  གློག་ཀླད་དེ་ངས་ཟླ་འགའ་ལ་ཆང་ཁང་ནས་གླ་བ་བྱས་ཏེ་བསགས་པའི་སྒོར་མོས་ཉོས་པ་ཡིན་ལ།  དེ་ལས་གལ་ཆེ་བ་ཞིག་ནི་དེའི་ནང་དུ་ངས་ལོ་ངོ་གཅིག་གི་རིང་བྲིས་པའི་སྒྲུང་གཏམ་དག་བཅུག་ཡོད།  ང་རང་སྐད་ཅིག་ཉིད་རྟབ་རྟབ་པོར་གྱུར་ཞིང་། ཁོའི་སྟེང་ལ་སྙིང་ལངས། 

         ངས་ཁོའི་ལམ་སར་བལྟས་པ་ན།    ཁོའི་རྙིང་རལ་དུ་གྱུར་བའི་དུས་དེབ་རྙིང་བ་དེ་དག་ལས་གང་ཡང་མཐོང་མ་བྱུང་། སྒྲོག་ཙེའི་འཐེན་སྒམ་དུ་ཤོག་བུ་ཞིག་བཞག་འདུག  ངས་དེའི་ཁ་ཕྱེ་སྟེ་བལྟས་ཙ་ན།

          ངའི་སྙིང་ཉེ་བའི་གྲོགས་པོ་ལགས། ང་ལ་སྒོར་མོ་འགའ་དགོས་མཁོ་ཆེ་བས་ཐ་ཤལ་གྱི་བྱ་བ་འདི་མི་སྒྲུབ་ཐུ་མེད་དུ་གྱུར།    ཁྱོད་ཀྱིས་ང་ལ་གུ་ཡངས་གནང་རོགས། གལ་ཏེ་ང་ལ་སྒོར་མོ་ཡོད་གྱུར་ན། ངས་ཁྱོད་ལ་སྐྱིན་ཚབ་སྤྲོད། འོ། ཁྱོད་ཀྱི་བརྩམས་ཆོས་དེ་དག་ནི་ངས་མཐེབ་སྡེར་དུ་བཅུག་དེ་ཁྱོའི་སྔས་མགོའི་འོག་ཏུ་བཞག་ཡོད། 

            དོན་ངོ་མར་ཁོས་ཟླ་ངོ་མར་ཁ་པར་ཉོ་བྱེད་དུ་ངའི་ལག་ནས་སྒོར་སྟོང་གསུམ་བསྐྱིས་སོང་། གང་ལྟར་འཕྲིན་ཡིག་འདི་བཀླགས་ཙ་ན། མ་མཐའ་ཡང་རང་གི་བུ་ཕྲུག་ལྟ་བུའི་བརྩམས་ཆོས་བོར་བརླག་མ་བྱུང་བས་བློ་སེམས་ཅུང་བདེ་བར་གྱུར། ངས་ཁོའི་སྐད་འཕྲིན་དུ་སྐད་ཅིག་བཞག་པ་ན། ཁོས་ང་རང་བསུབ་འདུག  ད་ནི་ཁང་གླ་ཡང་འཇལ་བའི་དུས་ལ་བབས་ཡོད་པས་རྗེས་མར་སྡོད་ཤག་གནས་སྤར་རྒྱུའི་འཆར་གཞི་འཐེན་པ་ཡིན།

       ཕྱི་ཉིན། ངས་དངོས་པོ་སྡུད་གསོག་བརྒྱབ་སྟེ་མེ་འཁོར་འབབ་ཚིགས་འགྲམ་དུ་ཕྱིན་པ། གློ་བུར་དུ་རྒྱ་རྒན་ཞིག་ངའི་གམ་དུ་རྒྱུགས་ཡོང་སྟེ་ལྐོག་ལྐོག་སུད་སུད་ཀྱིས་རུམ་ནས་ཁ་པར་ཞིག་བླངས་ཏེ།

    "ཁ་པར་ཀུ་ཤུ་བརྒྱད་པ་ཕམ་བཙོང་བྱ"ཟེར།

    "  ང་ལ་ཁ་པར་མི་དགོས"

    "ངས་ད་སོ་མར་ཅིག་ནས་བརྐུས་པ་ཡིན།"སྐབས་དེར་ཁོའི་གདོང་ན་འུ་ཐུག་གི་ཉམས་ཤིག་མངོན་འདུག

    "ངས་ང་ལ་སྒོར་མོ་མེད། ངོ་མ་མེད"ཞེས་བཤད་པ་ན།

       "འུ་གཉིས་ཀྱི་ཁ་པར་བརྗེ་ཆོག"ཟེར།

         སྐབས་དེར་ངས་དེ་བྱས་ན་ཆོག་གི་འདོད་དེ།    མྱུར་བར་རང་གི་ཁ་པར་ལས་བྱང་བུ་བླངས་ཏེ་ཁོའི་ལག་ཏུ་བཞག་པ་ན། ཁོས་ཀྱང་འཚབ་འཚུབ་ཀྱིས་ཁ་པར་ངའི་ལག་ཏུ་བཞག་བྱུང་། དེ་ནས་ཁོ་རང་བྱ་འཕུར་བ་ལྟར་མི་ཚོགས་ཀྱི་ཁྲོད་དུ་ཡལ།  ངས་ད་སོ་མར་བརྗེས་པའི་ཁ་པར་ནང་བྱང་བུ་འཇོག་གྲབས་བྱེད་སྐབས། གློ་བུར་དུ་མི་འགའ་རྒྱུག་ཡོང་སྟེ་ངའི་མཐའ་ནས་རུབ། གཟུགས་ཤིན་ཏུ་རིང་ལ་སྐྲ་ལོ་སེར་པོར་བསྒྱུར་བའི་ཤ་དར་ཁྲག་དར་གྱི་གསར་བུ་ཞིག་གོམ་གང་མདུན་དུ་སྤོས་ནས། ང་ལ་"ཁྱོད་ངར་བ་རེད།  ངའི་ཁ་པར་ཕྱིར་སྤྲོད་ཟེར།"ངས་ཁ་པར་ནི་བརྐུས་པ་མིན་རབས་དང་དེ་ནི་མི་ཞིག་གིས་ལག་ནས་ཉོས་རབས་སོགས་ཡང་ཡང་བཤད་ཀྱང་མི་དེ་དག་གིས་རྣར་མི་འགྲོ།  གཟུགས་རིང་དེས་མི་གཞན་པ་དག་ལ་མིག་བཤེར་ཞིག་བྱས་པ་ན། ཚང་མ་ངའི་མཐའ་ནས་རུབ་སྟེ་ང་ལ་གཅར་བྱུང་།  ཁོ་ཚོས་ང་ལ་གཅར་རྡུང་ཡིད་ཚིམས་པ་ཞིག་བྱས་རྗེས། ངའི་ངའི་ལག་གི་སྒོར་ལྷག་བརྒྱད་བརྒྱ་དང་ཁ་པར། ལག་འདོགས་ཆུ་ཚོད་སོགས་ཚང་མ་ཁྱེར་ཟིན།         ངས་སྒོར་ཁུག་ནང་དུ་བལྟས་པ་ན།  སྒོར་ཁུག་ཏུ་ཞིང་ལས་དངུལ་ཁང་གཅིག  ང་རང་འཕྲལ་དུ་མེས་འཁོར་འབབ་ཚིགས་འགྲམ་གྱི་ཞིང་ལས་དངུལ་ཁང་དེའི་ནང་དུ་ཕྱིན་ཏེ་དངུལ་ཅི་ཙམ་ཡོད་པར་བལྟས་ཙན། རྙིང་རལ་དུ་གྱུར་བའི་སྒོར་བརྒྱ་ཐམ་པ་འདུག  གང་ལྟར་མགྲོན་ཁང་དུ་འདུག་བྱེད་དུ་མི་འདང་བས་ཟ་ཟམ་རྒྱགས་ཐག་ཆོད་པ་ཞིག་ཟ་དགོས་སྙམ་སྟེ་སྒོར་རྡོག་དེ་འཁྱེར་ནས་ཟ་མ་སྟབས་བདེ་ཞིག་ཟོས་པ་དང་། ཟ་ཟམ་ཟོས་རྗེས་ལན་དྲུག་ནག་པོ་ཞེས་པའི་ཐ་མག་སྒམ་གཅིག་ཉོས་དེ་ཕྱིེར་ས་འོག་ལྕགས་ལམ་དུ་ཉལ་དུ་ཆས།

        ངས་དུ་བ་རྐང་གཅིག་མེར་བསྒྲོན་རྗེས། འདི་ཡང་སྐྱེ་བ་འདིའི་བྱས་ཉེས་ཀྱི་བསྐྱེད་འབྲས་ཡིན་པར་འདོད།

            མཚན་མོར།  ང་རང་ས་འོག་ལྕགས་ལམ་དུ་སོང་བ་ན།   དེ་རུ་དམའ་རིམ་སྤྱི་ཚོགས་ཀྱི་མི་དག་གིས་མགྲོན་ཁང་གླ་མ་ཐུབ་པར་དེ་རུ་ཉལ་ཏེ་མཙན་སྐྱེལ་བ་མཐོང་། ཁོ་ཚོ་ལ་མ་མཐའ་ཡང་ཚིལ་དྲེགས་ཆགས་པའི་ཉལ་ལྡན་རེ་འདུག  ང་ནི་ཐབས་དབེན་ཏེ་ཐད་ཀར་ཐང་ལ་གན་རྐྱལ་ལོག་སྟེ་མཚན་བསྐྱལ་བ་ཡིན། བར་གླགས་ཤིག་ལ། ཡུ་གུར་གྱི་མི་ཞིག་གིས་ཤོག་སྒམ་ཞིག་ཁྱེར་ཡོང་སྟེ་ང་ལ་སྟན་གྱི་ཁལ་མ་བྱོས་ཟེར། ངས་ཤོག་སྒམ་དེ་སྟན་མ་བྱས་པར་དེའི་སྟེང་དུ་སྙན་ངག་ཅིག་བྲིས་པ་ཡིན།

           ང་ནི་ཤེལ་དམ་སྟོང་བ་ཞིག
           ཆུང་ནས་རྨིས་པའི་རྨི་ལམ་ལྗང་གུ།
           དུས་ཚོད་ཀྱི་མེ་མདའི་ཁ་ནས་བོར།
           མིག་འདྲིས་སུ་སོང་བའི་ངོ་གདོང་དང་རྒྱབ་གཟུགས་མཐའ་དག
           ཡིད་ཀྱི་འདོགས་ཐག་ལས་ཤོར་ཏེ།
           བརྗེད་ངེས་ཀྱི་འོབས་སུ་ལྟུང་།
           མིག་ལ་ཐོགས་པ་དག་ཀྱང་།
           འཁྱགས་པ་རྡོ་དང་འདྲ་བར།
           མཐོང་ཙ་ན་སྙིང་ལ་ཙག་ཤེད་རྒྱུག
           གཞས་ཤིག་ལ་ཉན་ཏེ་རང་སེམས་གསོ་ཞོར།
           བརྩམས་སྒྲུང་ནང་གི་མི་ཞིག་དང་གྲོགས་བསྒྲིགས།
           རང་ནི་གད་སྙིགས་ཁྲོད་ན་གཉིད་དུ་ཡུར་བའི།
           ཤེལ་དམ་སྟོང་བ་ཞིག

          མཚན་གུང་ལ། ང་རང་རྨི་ལམ་གྱི་འཇིག་རྟེན་དུ་འཕྱན། རྨི་ལམ་དུ་ངའི་སྒྲུང་རིང་དེབ་གཅིག་དང་སྒྲུང་ཐུང་དེབ་གཅིག་པར་ད་བསྐྲུན་ཏེ་ཤིན་ཏུ་གཟབ་རྒྱས་ཆེ་བའི་ཁྱབ་བསྒྲགས་མཛད་སྒོ་ཞིག་འཚོག་བཞིན་འདུག  མཛད་སྒོའི་སྟེང་དུ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་དུས་དེབ་སོ་སོའི་རྩོམ་སྒྲིག་པ་མང་པོ་སླེབས་འདུག་ཅིང་ཚང་མས་ང་ལ་བསྟོད་པའི་མཐེ་བོང་སྒྲེང་གིན་རྟེན་འབྲེལ་གྱི་ཞུ་ཚིག་འབུལ་བཞིན་འདུག  མཚམས་དེར་ངའི་ཡིད་ལ་འདི་ནི་རྨི་ལམ་ཡིན་པའི་དོགས་སྣང་གིས་ཁྱབ་མོད། ངས་ཅི་ལྟར་བསམ་བློ་བཏང་ཡང་འདི་ནི་རྨི་ལམ་ཞིག་མིན་པ་འདྲ། ངས་འདི་ནི་རྨི་ལམ་ཞིག་མིན་པ་དང་།གལ་ཏེ་རྨི་ལམ་ཞིག་ཡིན་ན་ཡང་ང་རང་རྨི་ལམ་འདི་ལས་གཏན་དུ་སད་རྒྱུ་མེད་པའི་སྨོན་འདུན་ཞུ་བཞིན་འདུག

                                               2018ལོའི་ཟླ10བའི་ནང་སྤོས་ལྡན་གྲོང་ནས་གྲུབ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མྱ་ངམ་ཐང་།

2018-10-22 ཀླུ་ཐར་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།