གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྱམ་རུ་གནམ་ལྷ་རྒྱལ་གྱི་བརྩམས་སྒྲུང་གསར་པ། 《ལུག་ཤ》

2018-11-08 22:10:07 འཁྱམ་རུ་གནམ་ལྷ་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

                                    གཅིག

  གཡང་སྐྱིད་ཀྱིས་ཆུ་ཤོག་ནང་གི་ལུག་ཤ་དེ་ལག་པ་གཉིས་ཀྱིས་དམ་པོར་བཅིངས་ནས་རང་ཁྱིམ་ཕྱོགས་སུ་གུལ་གུལ་དུ་བསྐྱོད། ལྷགས་རླུང་ཁྲོད་ཀྱི་ས་རྡུལ་དག་གིས་ཅི་མི་སྙམ་པར་འཚང་ཁ་རྒྱག་བཞིན་ཐད་ཀར་གཡང་སྐྱིད་ཀྱི་མིག་ནང་ལ་གཙུབས་ཡོང་བར་བསྟུན། ཁོ་མོའི་མཐོང་བྱེད་རབ་རིབ་དུ་བསྒྲིབས་སོང་། དེའི་ཁར་དོ་དགོང་ཟླ་འོད་ཉག་ཙམ་ཡང་ས་ལ་འཕྲོས་མི་འདུག་པ་དང་། ཁྱིམ་དུ་ལྡོག་པའི་རྐང་ལམ་དེ་ཡང་བདེ་ཞིང་སྙོམས་པ་ཞིག་མིན་སྟབས། སྐབས་རེར་མོའི་རྐང་པ་འགྲེ་ལྡོག་བྱུང་སྟེ་རྐུབ་ཚོས་ས་ལ་རྒྱག་པ་དང་། མཚམས་རེར་རྐང་པ་ས་དུང་དུ་ལྷུང་སྟེ་ལུས་པོ་ཤུགས་ཀྱིས་མདུན་ཕྱོགས་སུ་འགྱེལ་བ་ན། ལག་ཏུ་དམ་པོར་བཅིངས་བའི་ཆུ་ཤོག་ནང་གི་ལུག་ཤ་དེ་དག་ཀྱང་ལན་གྲངས་དུ་མར་མདུན་ཕྱོགས་སུ་ཐང་མར་བརྡལ་སོང་། མོས་སྨག་རུམ་ཁྲོད་དུ་ལག་བསྙབས་བྱས་ཏེ་ཐང་ལ་བརྡལ་བའི་ལུག་ཤ་ཕྱིར་ཆུ་ཤོག་ནང་དུ་བཏུས་རྗེས། སླར་ཡང་མུ་མཐུད་དུ་རང་ཁྱིམ་གྱི་ཕྱོགས་སུ་འདར་ལྡེམ་ལྡེམ་དུ་བསྐྱོད། སྐབས་དེར། མོ་ནི་རྒྱ་མཚོའི་འཇིངས་སུ་བསྐྱོད་པའི་གཡོར་གྲུ་ཆུང་ཆུང་ཞིག་རྦ་རླབས་ཀྱིས་ཕར་གཡོ་ཚུར་འདེད་བྱེད་པ་དང་ཀུན་ནས་མཚུངས།

  གཡང་སྐྱིད་ཁྱིམ་ལ་སླེབས་རྗེས། མོས་མྱུར་དུ་ལུག་ཤ་བཙོས་པ་དང་། དེ་ནས་ཚ་ཐབ་ཀྱི་སྟེགས་ཁར་ཙོག་ནས་མུ་མཐུད་དུ་སྐྱབས་ལོ་ལ་བསྒུགས་ནས་བསྡད།

  “ཁོ་ད་དུང་བསླེབ་རྒྱུ་མེད་པ་ཅི་ཡིན་ནམ། དཀོན་མཆོག་གསུམ་པོས་མཁྱེན། ཁོ་ལ་གེགས་དང་བར་ཆད་མེད་པར་ཤོག” གཡང་སྐྱིད་ཀྱིས་འདི་ལྟར་ཁེར་ལབ་ཅིག་བརྒྱབ་པ་དང་། སེམས་སུ་གློ་བུར་བའི་འཚུབ་ཆ་ཞིག་འགོག་མེད་དུ་འཕོས་བྱུང་།

  སྐབས་ཤིག་ལ། ཞིམ་མངར་གྱི་ལུག་ཤའི་ཁ་རླངས་ཀྱིས་ཁྱིམ་ནང་ཡོངས་སུ་ཁེངས་སོང་ལ། གཡང་སྐྱིད་ཀྱི་སེམས་སུ་ད་རེས་དྲི་མ་འདི་ནི་སྡེ་དཔོན་བཙུན་ཐར་ཚང་ནས་བསྣམས་པའི་དྲི་མ་དེ་ལས་ཀྱང་ཞིམ་པོ་བདོག་པའི་ཉམས་སྣང་ཞིག་བྱུང་། དེར་བརྟེན། མོར་སླར་ཡང་ཕོ་བ་ལྟོགས་པའི་ཚོར་སྣང་ཞིག་སྐྱེས་མོད། འོན་ཀྱང་ལྟོགས་སྣང་དེ་ཡུན་གྱིས་བདེ་སྣང་དུ་གྱུར་སོང་། “སྐྱབས་ལོ་ཁྱིམ་ལ་སླེབས་རྗེས། ངས་ཐོག་མར་ཁོ་ལ་གཡོས་རྒྱུ་འདི་དང་། དེ་ནས་རྩིབས་གུ་འདི། དེ་ནས་བྲང་མགོ་འདི་བཟའ་རུ་འཇུག དེ་ནས……” མོས་སྐྱབས་ལོ་ལུག་ཤ་བཟའ་རྒྱུར་ཧ་ཅང་དགའ་བ་དྲན་མ་ཐག། བཞིན་ལ་སྔར་མེད་ཀྱི་འཛུམ་མདངས་ཤིག་མངོན་བཞིན་ངག་ལས་དེ་ལྟར་ཐལ།

  ནམ་སྟོད་ཡོལ་ལ་ཉེ། ཕྱི་རོལ་དུ། ལྷགས་རླུང་ནི་སྔར་བཞིན་འུར་འུར་དུ་ལྡང་བཞིན་འདུག་ལ། གཡང་སྐྱིད་ཀྱིས་མུ་མཐུད་དུ་རྣ་བ་བླགས་ཏེ་སྐྱབས་ལོ་ལ་སྒུག་བཞིན་གདའ།

                                     གཉིས།

  དེ་རིང་ནི་བོད་ལུགས་ཀྱི་ནམ་གང་ཡིན་པས། ཁྱིམ་མཚེས་རྣམས་གནམ་ལོ་གསར་པ་བསུ་བའི་ལྟ་གོན་སྣ་ཚོགས་ལ་བྲེལ་བཞིན་འདུག ཕྱི་དྲོའི་དུས་སུ། གཡང་སྐྱིད་སྔར་ལྟར་མཆོད་མདུན་དུ་སོང་ནས་མཆོད་ཁྲིའི་སྟེང་དུ་མཆོད་མེ་མཚན་ཐུབ་ཅིག་བསྒྲོན་ཏེ། གོམས་སྲོལ་ལྟར་སུ་དང་གང་ཞིག་ལ་གསོལ་བ་བཏབ་རྗེས། ལོ་གསར་བ་བསུ་བའི་ལྟ་གོན་སྣ་ཚོགས་ཀྱི་མགོ་བརྩམས། མོས་སྒོ་ཕྱི་ནང་ཀུན་ལ་བྱི་དོར་ཡག་པོ་ཞིག་བགྱིས་རྗེས། ཡུད་ཙམ་ལ་ངལ་ཞིག་གསོ་ཆེད་ཚ་ཐབ་ཀྱི་སྟེགས་ཁར་བསྡད་མ་ཐག ལག་ཁྱེར་ཁ་པར་གློ་བུར་དུ་གྲག་བྱུང་། གཡང་སྐྱིད་ཏོག་སེ་ཡར་ལངས་ནས་ཁ་པར་གྱི་ཕྱོགས་སུ་རྒྱུགས། ཁ་པར་ལ་བརྡ་རྟགས་མི་བཟང་བས་རས་ཁུག་ཅིག་གི་ནང་དུ་བཅུག་ཏེ་ཁྱིམ་གྱི་ཀ་བའི་མཐོ་ས་ཞིག་ལ་བཀལ་ནས་བཞག་འདུག ཁ་པར་གློ་བུར་དུ་གྲག་མ་ཐག མོ་རྟབ་རྟབ་པོར་རྒྱུགས་ཏེ་ཐོག་མར་ཀ་བའི་སྟེང་གི་རས་ཁུག་ཡུན་གྱིས་མར་བླངས་པ་དང་། དེ་ནས་རས་ཁུག་ནང་གི་ཁ་པར་མྱུར་དུ་ཕྱིར་བླངས་ནས་སྣེ་ལེན་བྱས།

  མོས་ཁ་པར་ལ་ཉན་རྗེས། ཡུན་རིང་ལ་ངུས་ནས་མཚམས་འཇོག་མ་ཐུབ་པར་གྱུར་བས། ངག་ནས་སྐད་ཆ་ཚིག་གཅིག་ཀྱང་འཁྲོལ་མ་བྱུང་།

  “ཁྱོད་ད་ལྟ་གང་ན་ཡོད་དམ།”གཡང་སྐྱིད་ཀྱིས་ངུ་སྐད་མཐོན་པོ་ཞིག་གི་གསེང་ནས་སྐད་ཆ་དེ་གསལ་ལ་མི་གསལ་བ་ཞིག་ཏུ་ལབ།

  “གཡང་སྐྱིད། ང་སྡེ་བའི་ཐག་ཉེ་ཞིག་ན་ཡོད། མུན་རུབ་རྗེས་ཡུལ་ལ་ལོག་ངེས་ཡིན། ……ད་ནི་སྐད་ཆ་མང་པོ་བཤད་པར་སྟབས་མི་བདེ་བས། དོ་དགོང་ངེད་གཉིས་ངོ་ཐུག་རྗེས་ཁྱོད་ལ་ཞིབ་ཏུ་བརྗོད…… ”

  ཕ་རོལ་བས་ཁ་པར་གྱི་སྒོ་བརྒྱབ་བྱུང་།

  གཡང་སྐྱིད་ཀྱིས་ཁ་པར་གཏོང་མཁན་དེ་ནི་སྐྱབས་ལོ་ཡིན་པ་ཁྲུན་ཐག་ཆོད་པས། སེམས་ཀྱི་དགའ་སྤྲོ་ནི་ཐབ་ཀྱི་ཆུ་ཁོལ་བཞིན་ཡུན་རིང་ལ་འཇགས་ཐབས་མ་བྱུང་།

  སྐྱབས་ལོ་ནི་གཡང་སྐྱིད་ཀྱི་ཁྱོ་ག་ཡིན་ལ། ཁོ་ནི་ཚོང་བ་ཞིག་ཀྱང་ཡིན། ལོ་ངོ་གཉིས་ཀྱི་ཡར་སྔོན་དུ་ཁོ་རང་འཚང་མིང་ལ་རྡོ་བྷ་སྐེ་རིང་ཟེར་བ་ཞིག་དང་མཉམ་དུ་ཕྱི་ལ་ཚོང་ལེན་པར་ཕྱིན་རྗེས། ད་བར་དུ་ཕྱིར་ལྡོག་རྒྱུ་མ་བྱུང་།

  “སྐྱབས་ལོ་ལོ་ངོ་གཉིས་ལ་ཕྱིར་ལྡོག་མ་བྱུང་། ད་ནི་མི་ཇི་འདྲ་ཞིག་ཏུ་གྱུར་ཡོད་དམ། ཡང་སྨྲ་ར་སྟུག་པོ་དེ་བཞར་མེད་པ་ཁོ་ཐག་ཡིན། ཁོ་དོ་དགོང་ཡུལ་ལ་སླེབས་མ་ཐག ངས་དང་ཐོག་ཁོ་ལ་སྡིགས་མོ་གཏོང་ངམ་འཛུམ་གྱིས་བསུའམ། གང་ལྟར་ཁོ་རང་ད་ཐེངས་ཕྱིར་སླེབས་བྱུང་བས། སྡིགས་མོ་ཡུན་གྱིས་བཏང་ཡང་ཆོག ད་ནི་དུས་ཚོད་མང་པོ་ཡོད་པ་མ་ཡིན་ནམ། འོ། རྡོ་བྷ་སྐེ་རིང་ཡང་ཕྱིར་སླེབས་ཡོད་ངེས། ཁོས་ད་ཐེངས་ཀྱང་སྐྱབས་ལོ་ཁྲིད་དེ་ཕྱི་རོལ་དུ་ཚོང་ལས་གཉེར་བར་འགྲོ་ཟེར་ན། ངས་སྐྱབས་ལོ་འགྲོ་རུ་ཨེ་འཇུག་ལྟོས།”

  གཡང་སྐྱིད་ཚ་ཐབ་ཀྱི་སྟེགས་ཁར་ཙོག་ཏེ་འདི་ལྟར་ཁེར་ལབ་རྒྱག་གིན་འདུག

                                    གསུམ།

  “ཐག ཐག ཐག”

  ཁྱིམ་གྱི་སྒོ་གླེགས་གློ་བུར་དུ་བརྡུངས་བྱུང་།

  གཡང་སྐྱིད་ཀྱིས་ཐོག་མར་ཡ་མཚར་བའི་རྣམ་འགྱུར་གྱིས་ཞིབ་ཀྱིས་ཉན་པ་ན། ཕྱི་རོལ་ནས་མི་སུ་ཞིག་གིས་ཁྱིམ་གྱི་སྒོ་གླེགས་ཡང་བསྐྱར་ཐེངས་ཤིག་བརྡུངས་བྱུང་། སྐབས་དེར། མོས་སྐྱབས་ལོ་སླེབ་འོང་སྙམ་ནས་ཏོག་སེ་ཡར་ལངས་ཏེ་རྟབ་རྟབ་པོར་སྒོ་འགྲམ་དུ་བརྒྱུགས།

  གཡང་སྐྱིད་ཀྱིས་ཁྱིམ་གྱི་སྒོ་གླེགས་ཕྱེས་མ་ཐག སྐྱབས་ལོས་རྒྱབ་ཁུག་ནག་པོ་ཞིག་ཁུར་ཏེ་སྒོ་འགྲམ་དུ་འགྲེང་སྟེ། ལུས་པོ་ཡོངས་རྫོགས་ས་རྡུལ་གྱིས་གཡོགས་འདུག་པ་དང་། གྱེན་དུ་གཟེང་བའི་སྐྲ་ལོ་དང་སྨིན་མ། ད་དུང་སྨྲ་ར་སྟུག་པོའི་གསེང་དུ་ས་རྡུལ་ནི་ཕན་ཚུན་ལ་འཚང་ཁ་ཤིག་ཤིག་ཆགས་འདུག ཁོའི་ལུས་སྟོད་ལ་རྙིང་ཧྲུལ་དུ་གྱུར་བའི་ལྭ་བ་ཞིག་གྱོན་པ་དང་། ལྷམ་ཆུང་ཡང་རལ་པོར་གྱུར་བས་མཐེ་བོང་གཉིས་ཕྱི་ལ་གསལ་བར་མངོན་འདུག སྐབས་དང་སྐབས་སུ། དབུགས་ཧལ་ཧལ་དུ་ལེན་དུས་ཁ་རླངས་ནི་དུད་སྤྲིན་བཞིན་གཡང་སྐྱིད་ཀྱི་གདོང་ལ་བར་མེད་དུ་འཁྲིགས་ཡོང་། གཡང་སྐྱིད་ཀྱིས་སྐྱབས་ལོའི་འཇིགས་སུ་རུང་བའི་ཚུགས་ཀ་དེ་མཐོང་རྗེས། ཡུད་ཙམ་ལ་སྐྱབས་ལོའི་གདོང་པར་ཅེར་ནས་འདུག་དགོས་བྱུང་།

  སྐྱབས་ལོ་ཁྱིམ་ལ་སླེབས་རྗེས། གཡང་སྐྱིད་ཀྱིས་ཁྱིམ་སྒོ་ཁྲོགས་སེ་དམ་པོར་བརྒྱབ་བྱུང་ལ། དེ་ནི་དེ་རིང་ནས་བཟུང་སྐྱབས་ལོ་ཕྱི་ལ་འགྲོ་རུ་མི་འཇུག་ཅེས་པའི་དམ་ཚིག་ཅིག་སྒྲོག་པ་དང་གཉིས་སུ་མ་མཆིས།

  གཡང་སྐྱིད་ལ་སྐད་ཆ་མང་དྲགས་པས། རེ་ཞིག་གང་ནས་མགོ་རྩོམ་དགོས་པའང་མ་ཤེས། མོས་ཐོག་མར་བྲེལ་བྲེལ་འཚུབ་འཚུབ་ངང་སྐྱབས་ལོ་ལ་ནག་ཇ་དཀར་ཡོལ་གང་དྲངས་རྗེས། དེ་ནས་བྲེལ་བྲེལ་འཚུབ་འཚུབ་ངང་སྔོན་ནས་གྲ་སྒྲིག་བྱས་ཟིན་པའི་ལུག་ཤ་ཞིམ་པོ་དེ་ཐབ་ཟངས་ལས་ཕྱི་རུ་བླངས་པ་དང་། སྐྱབས་ལོའི་མདུན་ལ་ཡུན་གྱིས་ཁྱེར་ནས“ཁྱོད་ཀྱིས་ལུག་ཤ་མ་ཟོས་པར་ཡུན་རིང་འགོར་ཡོད་སྙམ་ནས། ངས་ཁྱོད་ལ་ལུག་ཤ་གསར་པ་བཙོས་ཡོད། འདི—”ཟེར་ནས་ཐོག་མར་གཡོས་རྒྱུ་དེ་བླངས་ནས་སྐྱབས་ལོ་ལ་བྱིན།

  “ལུག་ཤ་བཙོས་པ་ཧ་ཅང་ཞིམ་པོ་གདའ།”

  སྐྱབས་ལོ་ནི་དངོས་ནས་ཐེད་ལ་གཟན་པའི་སྤྱང་ཀི་དང་རོ་ལ་འཁོར་བའི་རྒོད་པོ་ཞིག་དང་འདྲ་བར་ལུག་ཤ་ནི་ཧེབ་རྔམ་གྱིས་ཟ་ཞིང་། ཁོའི་ཚུགས་ཀར་གཞིགས་ན། ཕལ་ཆེར་ལོ་ངོ་གཉིས་ཀྱི་རིང་འདིར་ལུག་ཤ་ཁམ་གང་ཡང་ཁ་ལ་སོང་མེད་པ་རྟོགས་ཐུབ།

  “ཡུན་གྱིས་ཟོས་ན་མི་ཆོག་གམ། དེ་ལྟར་བྲེལ་བ་ལངས་ནས་ཅི་བྱ། ཁྱོད་ཀྱི་གཞུག་ན་དམག་གིས་བདའ་ནས་ཡོང་གིན་ཡོད་དམ།” གཡང་སྐྱིད་ཀྱིས་དེ་ལྟར་ཀུ་རེ་ཚུལ་དུ་བརྗོད་རྗེས། འཛུམ་དམུལ་དམུལ་གྱིས་སྐྱབས་ལོའི་གདོང་ལ་བལྟས་ནས་འདུག་ཅིང་། འཛུམ་གྱི་ནང་དུ་བདེ་སྐྱིད་ཀྱི་མདངས་ཤིག་དབྱར་གྱི་ནམ་མཁའ་ལ་འཇའ་ཚོན་བཞིན་ཤར་བ་ཧ་ཅང་མཛེས།

                                    བཞི།

  ཕྱི་དྲོ་དེར། གཡང་སྐྱིད་ལ་སྐྱབས་ལོའི་ཁ་པར་འབྱོར་རྗེས། མོའི་ཡིད་ལ་དེ་མ་ཐག་སྐྱབས་ལོ་ལུག་ཤ་བཟའ་རྒྱུར་ཧ་ཅང་དགའ་བ་དྲན་པ་དང་། དོ་དགོང་ཁོ་ལ་ལུག་ཤ་ཞིམ་པོ་ཞིག་ཅིས་ཀྱང་བཙོ་དགོས་སྙམ་ནས་འཁྱག་སྒམ་ཕྱོགས་སུ་རྒྱུགས་ཏེ་འཁྱག་སྒམ་གྱི་ཁ་ཕྱེས་མོད། འཁྱག་སྒམ་ནང་དུ་གོ་རེ་བག་ལེབ་ཁ་ཤས་ལས་ལུག་ཤ་ནི་ཤ་རྡོག་ཙམ་ཡང་མཐོང་རྒྱུ་མ་བྱུང་། སྐབས་དེར། མོ་རང་གི་མིག་ལའང་ཡིད་མ་ཆེས་པ་ལྟར“ཨ་ཙི། ལུག་ཤ་མི་འདུག ལུག་ཤ?”ཞེས་ཁེར་ལབ་ཅིག་བརྒྱབ་པ་ན། ཡུད་ཙམ་ལ་རང་གནས་སུ་འགྲེང་སྟེ་ཧད་དེ་ལུས་སོང་།

  “ལུག་ཤ་མི་འདུག ད་ནི་ཅི་བྱའམ།” མོས་དེ་ལྟར་བསམ་བཞིན། ཁོ་ཚང་གི་ལུག་ཤ་ཚར་ནས་དུས་ཡུན་རིང་བོ་འགོར་ཟིན་པ་གཞི་ནས་ཡིད་ལ་དྲན་བྱུང་། དེ་དང་བསྟུན་སེམས་སུ་ག་ནས་ཡོང་བ་མི་ཤེས་པའི་འཚུབ་སྣང་ཞིག་འགོག་མེད་དུ་ལྡང་བྱུང་།

  སྡེ་བར་ཚོང་ཁང་ཆུང་ཆུང་འགའ་ཡོད་མོད། འོན་ཀྱང་ཚོད་རིགས་དང་སིལ་རིགས་ལས་ལུག་ཤ་བཙོང་མཁན་ནི་གཅིག་ཀྱང་མི་འདུག གྲོང་བརྡལ་ན་ལུག་ཤ་ནོར་ཤ་ཕག་ཤ་བྱ་ཤ་ཅི་འདོད་ཡོད་རུང་། ལེ་དབར་ཉི་ཤུ་ལྷག་གི་བར་ཐག་ཡོད་པས། ཤ་ཚོན་པོ་གནམ་ན་ཡོད་ཀྱང་ཁྱི་ལྟོགས་པར་ཕན་ཅི་ཐོགས།

  “ཨ་ཙི། ངའི་བྱ་འདི། སྐྱབས་ལོ་ས་ཐག་རིང་ནས་ཕྱིར་ཡུལ་ལ་ལོག་ན། ང་ལ་ལུག་ཤ་ཐུན་གཅིག་ཀྱང་བཙོ་རྒྱུ་མེད་ཚེ། དེ་ནི་ཁྱིམ་བདག་མ་ཞིག་གི་ངོ་ཚ་མ་ཡིན་ནམ། ” སྐབས་དེར། གཡང་སྐྱིད་རེ་ཞིག་འ་ཆད་འུ་ཐུག་ཏུ་གྱུར་པས། ཡང་དང་བསྐྱར་དུ་འཁྱག་སྒམ་ནང་དུ་ལྟ་དགོས་བྱུང་། ཡུད་ཙམ་འགོར་རྗེས། མོ་གློ་བུར་དུ་སྒོའི་ཕྱི་རོལ་དུ་རྒྱུགས་ཏེ་ཕྱོགས་བཞི་ལ་ལྟ་ཙམ་བྱས་རྗེས། “རེད། ད་ནི་ཁྱིམ་མཚེས་ཤིག་ལ་ལུག་ཤ་ཅུང་ཙམ་བསྐྱི་བ་ལས་ཐབས་གཞན་མི་འདུག”ཅེས་ཁེར་ལབ་ཅིག་བརྒྱབ་རྗེས། སླར་ཡང་ཁྱིམ་དུ་རྒྱུགས་སོང་།

  དེའི་དུས། མུན་རུབ་ལ་ཉེ་བས། ཁྱིམ་མཚེས་དག་གིས་ཀྱང་ནོར་ལུག་ལྷས་ལ་བསྡུས་ཏེ་ཏག་ཏག་ནུབ་འཚལ་རོལ་བའི་སྐབས་ལ་འཁེལ་འདུག

  ཉིན་འདི་དག་ལ་གནམ་གཤིས་ཧ་ཅང་འཁྱག དེ་རིང་། ཉིན་གུང་མཚམས་ལ་ཉི་མ་ཧ་ཅང་དྲོ་མོད། འོན་ཀྱང་ཉི་འོད་ཀྱིས་སྔར་ལྟར་གྲང་ངར་འཇོམས་མ་ནུས་ལ། ཕྱི་དྲོ་ནས་བཟུང་ཉི་མ་སྤྲིན་ནག་གིས་བསྒྲིབས་པ་དང་། ལྷགས་རླུང་ཞིག་ཀྱང་བར་མེད་དུ་ལྡང་འོངས་པས། གཡང་སྐྱིད་ལ་དོ་དགོང་ཁ་བ་དབབ་རྒྱུ་ཡིན་པའི་སེམས་ཚོར་ཞིག་ཀྱང་སྐྱེས།

  གཡང་སྐྱིད་ཀྱིས་སྐྱབས་ལོས་ཉོས་པའི་མགོ་དཀྲིས་གློ་དམར་དེས་རང་གི་གདོང་པ་བཏུམས་རྗེས། དམིགས་ཡུལ་མེད་པར་མདུན་ཕྱོགས་སུ་བསྐྱོད་ཙམ་བྱས། མོས་ཕྱོགས་བཞིར་ལྟ་ཙམ་བྱས་རྗེས། ཁོ་ཚང་དང་ཁད་ཐག་ཉེ་བ་ནི་ཨ་ཁུ་རབ་བརྟན་ཚང་ཡིན་འདུག སྐབས་དེར་མོའི་སེམས་སུ་རང་ཉིད་དང་ཁྱིམ་མཚེས་དག་གི་བར་དུ་ཆུ་བོ་ཆེན་པོ་ཞིག་གིས་བརྒྱངས་ནས་བཅད་འདུག་པའི་ཚོར་སྣང་ཞིག་བྱུང་།

  ཕྱི་དྲོ་དེར། གཡང་སྐྱིད་ལུག་ཤ་བསྐྱི་རུ་འགྲོ་དུས། མུན་ཡོངས་སུ་རུབ་འདུག

  གཡང་སྐྱིད་ཐོག་མར་ཨ་ཁུ་རབ་བརྟན་ཚང་ལ་སླེབ་དུས། ཨ་ཁུ་རབ་བརྟན་ཚ་ཐབ་སྟེང་དབོ་ལུག་ཏུ་ཙོག་འདུག་ལ། ལག་ཏུ་བ་སོའི་ཕྲེང་བ་དཀར་པོ་ཞིག་བཟུང་ནས་ཕྲེང་རྡོག་རེ་རེ་ཉུག་ཙམ་ཉུག་ཙམ་བགྲང་བཞིན་ཁ་ཏོན་འདོན་བཞིན་མཆི།

  “ཡ— མནའ་མ་གཡང་སྐྱིད་ལ་དོན་དག་ཅིག་ཡོད་པ་ཡིན་ནམ།” ཨ་ཁུ་རབ་བརྟན་གྱིས་ཅི་ཞིག་གི་མཐིལ་དོན་རྟོགས་པ་བཞིན་དེ་ལྟར་དྲིས་བྱུང་།

  “འོ། ཨ་ཁུ་རབ་བརྟན། ང་ལ—ང་ལ—” གཡང་སྐྱིད་ཀྱིས་རེ་ཞིག་བཤད་མ་ཕོད་པར་ལུས།

  “ཡ—དོན་དག་ཅི་ཞིག་ཡོད་དམ།”ཨ་ཁུ་རབ་བརྟན་གྱིས་ཡང་བསྐྱར་དེ་ལྟར་དྲིས།

  “འོ། ཨ་ཁུ་རབ་བརྟན། ང་ལ—ང་ལ་ལུག་ཤ་ཅུང་ཙམ་བསྐྱིས་ན་ཆོག་གམ། ”

  “འོ— གཡང་སྐྱིད་ལོ་ལོ། ངེད་ཚང་ལ་ལུག་ཤ་མེད་ཡ།……འོ། ཕག་ཤ་ཆོག་གམ། ཕག་ཤ་ཆོག་ན་ཕག་ཤ་ཡོད།” ཨ་ཁུ་རབ་བརྟན་གྱིས་བསམ་བཞིན་དུ་དེ་ལྟར་བརྗོད།

  “ཨ་ཁུ་རབ་བརྟན། དེས་ན་སྐྱོན་མི་འདུག ང་ཁྱིམ་མཚེས་གཞན་ཞིག་ཏུ་བསྐྱི་རུ་སོང་ཆོག དེ་ན་ཨ་ཁུ་རབ་བརྟན། ཁྱེད་རང་བཞུགས་དང་། ང་བུད་འགྲོ......”

  “གཡང་སྐྱིད— ཇ་གང་ཐུངས་ཡ”ཨ་ཁུ་རབ་བརྟན་གྱི་ཆུང་མ་ཅུང་དོགས་མ་བདེ་བར་གྱུར་བས་དེ་འདྲ་ཞིག་བརྗོད་དགོས་བྱུང་།

  “ཨ་ཅེ། ད་མིན་ད་མིན།” གཡང་སྐྱིད་འཕྲལ་མར་སྒོ་ལ་ཕྱིན་སོང་།

  ཕྱི་རོལ་དུ། ལྷགས་རླུང་བར་མེད་དུ་ལྡང་བཞིན་ཡོད་ལ། རླུང་ཤུགས་ཀྱང་སྔར་ལས་ཇེ་ཆེར་གྱུར་འདུག་པ་མ་ཟད། ལྷགས་རླུང་ཁྲོད་དུ་རྡུལ་འཚུབ་ཀྱིས་ཡོངས་སུ་ཁེངས་འདུག

  གཡང་སྐྱིད་ཀྱིས་སླར་ཡང་རང་གི་གདོང་པ་མགོ་དཀྲིས་ཀྱིས་བཏུམ་ཙམ་བྱས། ལྷགས་རླུང་གི་ཁྲོད་དུ་མོའི་ལག་པ་གཉིས་ལ་གྲང་འདར་ཞིག་བརྒྱབ་མོད། འོན་ཀྱང་དེ་དུས་མོས་གཞི་ནས་རང་གི་མཁུར་ཚོས་ངོས་སུ་ཚ་བེར་བེར་གྱི་རྗེས་ཤུལ་ཞིག་ད་དུང་ལུས་འདུག་པ་ཚོར་བྱུང་བས། ཡུད་ཙམ་ལ་བློ་སེམས་ནེམ་ནུར་གྱི་ཁྱོགས་ལ་འཕྱང་སྟེ་ཁ་ཕྱོགས་ཅི་ཡང་མེད་པར་གནས་གཅིག་ཏུ་ལུས།

  ལྷགས་རླུང་ཁྲོད་ཀྱི་རྡུལ་འཚུབ་ཡུན་གྱིས་དྭངས་བཞིན་འགྲོ་བ་ཡིན་ནམ། བར་སྐབས་ཤིག་ལ་གཡང་སྐྱིད་ལ་དེ་འདྲའི་ཉམས་སྣང་ཞིག་བྱུང་བར་བསྟུན། མོའི་མིག་ལམ་དུ་དཀར་ལམ་ལམ་གྱི་གློག་འོད་མང་པོ་མཆེད་འོངས་བས། མོས་ཁྱིམ་ཚང་གཞན་ཞིག་གིས་རང་ལ་ལུག་ཤ་བསྐྱི་སྲིད་པའི་ཡིད་ཆེས་ཕྲ་མོ་ཞིག་རྙེད་བྱུང་།

  མོ་ཨ་ཁུ་འཇིགས་བྷ་ཚང་ལ་ལུག་ཤ་བསྐྱི་རུ་སོང་།

  ཨ་ཁུ་ནག་བྷ་ཚང་ལ་སོང་།

  ཨ་ནེ་པ་སངས་ཚང་ལ་སོང་།

  ཨ་ཁུ་མཁར་བྱམས་ཚང་ལ་སོང་།

  ……

  “ཨ་ཨ། ཁྱིམ་ཚང་གཅིག་ལའང་ལུག་ཤ་མི་འདུག་པ་འདི་ཅི་ཞིག་ཡིན་ནམ། ངས་རང་གི་ཁྱོ་གར་ལུག་ཤ་ཐུན་གཅིག་བཙོ་བར་ཡང་ཇི་འདྲའི་དཀའ་བ་ལ། ངས་ཡང་སྙིང་ལས་ངན་པ་ཅི་ཞིག་བསགས་སོང་ངམ། ངའི་ལས་དབང་འདི……”

  གཡང་སྐྱིད་རེ་ཞིག་འུ་ཐུག་ཏེ་རང་ཉིད་ཀྱི་ལས་དབང་ལ་འཁང་གཏམ་བརྗོད་དགོས་བྱུང་། སྐབས་ཤིག་ལ་མོ་དབང་མེད་དུ་ངུས་བྱུང་། ངུ་སྐད་ཇེ་མཐོ་ནས་ཇེ་མཐོར་གྱུར།

  མོ་ས་འབུར་ཞིག་གི་སྟེང་དུ་ཙོག་ཏེ། ཡུན་རིང་ལ་ཕུ་རུང་གིས་མིག་ཆུ་འབྱིད་བཞིན་ངུས་ནས་བསྡད་པ་དང་། ས་རྡུལ་མང་པོ་བརླན་པར་གྱུར་བའི་ཕུ་རུང་ངོས་སུ་བར་མེད་དུ་འབྱར།

  བར་སྐབས་ཤིག་ལ། མོར་ཕྱིར་རང་གི་ཁྱིམ་ལ་ལྡོག་པའི་འདུན་མ་དྲག་པོ་ཞིག་འགོག་མེད་དུ་སྐྱེས་པས། རྟབ་པོར་ཡར་ལངས་ཏེ་མགོ་དཀྲིས་ཀྱིས་ཡང་བསྐྱར་མིག་ཆུ་འབྱིད་ཙམ་བྱས་རྗེས་རང་ཡུལ་ཕྱོགས་སུ་གོམ་ཁ་བསྒྱུར།

  ག་ནས་ཡོང་བ་མི་ཤེས་པའི་རླུང་ནག་འཚུབ་མ་ཞིག་གིས་ཐད་ཀར་གཡང་སྐྱིད་ལ་སྙད་རྐོ་བ་ཇི་བཞིན། གློ་བུར་དུ་གཡང་སྐྱིད་ཀྱི་མདུན་ཕྱོགས་ནས་ཤུགས་ཆེན་པོས་གཙུབས་ཅིང་འཁྲིགས་ནས་ཡོང་། དེ་དུས་གཡང་སྐྱིད་ཀྱིས་སྔར་བཞིན་མགོ་བོ་ནང་དུ་བཀུག་ཏེ་མགོ་དཀྲིས་དང་ཕུ་རུང་གིས་རང་གི་གདོང་པ་ཇི་ལྟར་བཀབ་ཀྱང་ངལ་བ་འབྲས་མེད་དུ་གྱུར་བས། མོ་ཁ་ཕྱིར་འཁོར་ཏེ་ལུས་རྒྱབ་རླུང་ཁར་གཏད་ནས་ཕྱི་ནུར་གྱིས་འགྲོ་དགོས་བྱུང་།

  དེ་ལྟར་སོང་གིན་སོང་གིན་དུ། མོས་གློ་བུར་དུ་སྟོད་ཕྱོགས་ན་སྒོ་གློག་གསལ་པོར་བཀར་འདུག་པའི་ཁྱིམ་ཚང་ཞིག་མཐོང་བྱུང་ལ། ཁྱིམ་ཚང་དེ་མཐོང་མ་ཐག མོས་མུ་མཐུད་དུ་རང་ཡུལ་ཕྱོགས་སུ་ཕྱི་ནུར་གྱིས་འགྲོ་བའི་གོམ་ཁ་བསྒགས།

  མ་གཞི། ཁྱིམ་ཚང་དེ་ནི་སྡེ་དཔོན་བཙུན་ཐར་ཚང་ཡིན་འདུག

                                   ལྔ།

  ལུག་ཤ་ཟོས་ཚར་རྗེས། སྐྱབས་ལོ་ནི་ཉེས་ཅན་ཞིག་དང་འདྲ་བར་མགོ་བོ་སྨད་དེ་གང་ཞིག་ལ་ཕྱིར་དྲན་བྱེད་བཞིན་གདའ།

  “ཁྱོད་ཁ་རོག་གེར་མ་འདུག་ཨང་། སྐད་ཆ་ཤོད་ཡ།” གཡང་སྐྱིད་ཀྱིས་སྐད་གསང་དམའ་མོས་དེ་སྐད་ལབ།

  “སྡེ་དཔོན་བཙུན་ཐར་ཡུལ་ན་ཡོད་དམ།”སྐྱབས་ལོས་གློ་བུར་དེ་ལྟར་དྲིས་བྱུང་།

  “སྡེ་དཔོན་ཡུལ་ན་འདུག ཅི་རེད།”གཡང་སྐྱིད་ཀྱིས་སྐྱབས་ལོའི་གདོང་གི་རྣམ་འགྱུར་དེའི་ནང་དོན་རྟོགས་མ་བྱུང་།

  “ད་ཐེངས་ང་ཡུལ་ལ་སླེབས་པ་སྡེ་དཔོན་གྱིས་ཤེས་མི་རུང་།”སྐྱབས་ལོས་སེམས་ཁུར་ཆེན་པོའི་ངང་ནས་དེ་ལྟར་བཤད།

  གཡང་སྐྱིད་ཀྱིས་སྐྱབས་ལོའི་སྐད་ཆ་དེ་ཐོས་འཕྲལ། སེམས་སུ་སྡེ་དཔོན་གྱིས་བཤད་པའི་སྐད་ཆ་དེ་དག་ཡིད་ལ་ཝ་ལེར་དྲན་བྱུང་།

                                   དྲུག

  ཁྱིམ་ཚང་དེ་དག་གིས་གཡང་སྐྱིད་ལ་ལུག་ཤ་ཏིལ་ཙམ་ཡང་མ་བསྐྱིས་པས། གཡང་སྐྱིད་ཀྱིས་ངོ་ཚ་དང་ན་ཟུག་བཟོད་མེད་ཅིག་མྱངས་ཡོད་ནའང་། མོས་སྔར་བཞིན་ངོ་ཚ་རྒྱབ་ཏུ་བསྐྱུར་ཏེ་ཁྱོ་ག་ལ་ལུག་ཤ་ཐུན་གཅིག་བཙོ་བར་ཐབས་བཀོད་འཐེན་ཞིང་འབད་འབུངས་བགྱིས།

  སྡེ་བ་ཆུང་ཆུང་དེར། ཁྱིམ་ཚང་ཉི་ཤུ་ལྷག་ཡོད་ཅིང་། སྡེ་ཁག་གོང་ཞོལ་གཉིས་སུ་བགོས་ཡོད། གཡང་སྐྱིད་ཚང་ནི་སྡེ་ཁག་ཞོལ་མ་ཡིན་པ་དང་། སྡེ་ཁག་ཞོལ་མར་ཁྱིམ་ཚང་བཅུ་ཁ་ལྷག་ལས་མི་འདུག སྡེ་དཔོན་བཙུན་ཐར་ཚང་ནི་སྡེ་ཁག་གོང་ཞོལ་གཉིས་ཀྱི་བར་མཚམས་སུ་ཡོད་པས་ན། ཁོ་ཚང་ནི་སྡེ་ཁག་ཞོལ་མའི་ཆེས་སྟོད་ཕྱོགས་སུ་ཆགས་ཡོད་པ་རེད། གཡང་སྐྱིད་ནི་སྡེ་དཔོན་བཙུན་ཐར་ཚང་མ་གཏོགས་གཞན་ཚང་མར་སོང་ཚར་བས། མཇུག་མཐར། མོས་སྡེ་དཔོན་བཙུན་ཐར་ཚང་ལ་ལུག་ཤ་བསྐྱི་རུ་འགྲོ་བའི་སེམས་ཐག་བཅད།

  “གལ་སྲིད་སྡེ་དཔོན་ཚང་གིས་ཀྱང་ལུག་ཤ་མ་བསྐྱིས་ཚེ། ད་ནི་སྡེ་ཁག་གོང་མར་འགྲོ་བ་ལས་འོས་མེད། སྡེ་ཁག་གོང་མར་འགྲོ་ན་ནི། མ་མཐའ་ཡང་ལེ་དབར་ལྔ་དྲུག་ཙམ་གྱི་བར་ཐག་ཡོད། ” གཡང་སྐྱིད་ཀྱིས་དེ་ལྟར་ཁེར་ལབ་ཅིག་བརྒྱབ་རྗེས“སྡེ་དཔོན་བཙུན་ཐར་གྱིས་ང་ལ་ལུག་ཤ་བསྐྱི་བར་སྨོན། བསྐྱི་བར་སྨོན”ཞེས་ཡང་ཡང་སྨོན་པ་བཏབ།

  གཡང་སྐྱིད་ཀྱིས་ག་ལེར་སྡེ་དཔོན་བཙུན་ཐར་ཚང་གི་ཁྱིམ་སྒོ་བརྡུངས་པར། སྡེ་དཔོན་གྱི་ཆུང་མས་མོ་ལ་ཕེབས་བསུ་བྱས།

  གཡང་སྐྱིད་སྡེ་དཔོན་ཚང་གི་ཁྱིམ་དུ་འབྱོར་རྗེས། སྡེ་དཔོན་བཙུན་ཐར་འབོལ་ཁྲིའི་སྟེང་དུ་ལྗིད་ཏིག་གེར་ཙོག་འདུག ཁོས་གཡས་ལག་ཏུ་གྲི་ཐུང་ཞིག་བཟུང་ཡོད་པ་དང་། གྲི་ཐུང་དེས་གཡོན་ལག་ངོས་སུ་ཡང་ཡང་རྡེག་བཞིན་ཅི་ཞིག་ལ་བསྒུགས་ནས་འདུག སྡེ་དཔོན་བཙུན་ཐར་གྱི་ཆུང་མས་གཡང་སྐྱིད་ལ་འོ་ཇ་དཀར་ཡོལ་གང་དྲངས་རྗེས། བྲེལ་བྲེལ་འཚུབ་འཚུབ་ངང་བཀད་སར་རྒྱུགས་ཏེ། བྲེལ་བྲེལ་འཚུབ་འཚུབ་ངང་སླ་ངའི་ནང་ནས་ཁ་རླངས་ཐུ་ལུ་ལུ་འཕྱུར་བཞིན་པའི་ལུག་ཤ་སྡེར་མ་གང་བླངས་བྱུང་བས། གཡང་སྐྱིད་ཀྱི་སྣ་ལམ་དུ་ལུག་ཤའི་ཁ་རླངས་ཞིམ་པོ་དེ་ཅིག་ཅར་དུ་འཐུལ་འོངས་བའི་མོད་ལ། གློ་བུར་དུ་ཕོ་བ་ལྟོགས་པའི་ཚོར་སྣང་དྲག་པོ་ཞིག་འགོག་མེད་དུ་སྐྱེས་བྱུང་།

  སྡེ་དཔོན་གྱིས་གཡང་སྐྱིད་མཐོང་འཕྲལ“འོ—འདི་གཡང་སྐྱིད་མ་ཡིན་ནམ། ཤོག་ཤོག འདི་རུ་སྡོད་དང” ཞེས་ཧ་ཅང་མགྲོན་བརྩེ་ལྡན་པའི་ངང་ནས་དེ་ལྟར་བརྗོད།

  གཡང་སྐྱིད་འབོལ་ཁྲིའི་གཞོགས་གཅིག་ཏུ་བསྡད་དེ་ཁ་རོག་གེར་འདུག་པ་དང་། སེམས་སུ་ལུག་ཤ་བསྐྱི་བའི་སྐད་ཆའི་མདུད་པ་དེ་ཇི་ལྟར་དགྲོལ་བར་མནོ་བསམ་བཏང་།

  “ཡ—གཡང་སྐྱིད། ཇ་ཐུངས་ཇ་ཐུངས།” ཨ་ཁུ་སྡེ་དཔོན་གྱིས་དེ་ལྟར་བཤད་རྗེས། གཡང་སྐྱིད་ལ་ཡང་ཡང་བལྟས།

  “འོ་ཡ་ལགས།”གཡང་སྐྱིད་ཀྱིས་ལག་པ་གཉིས་ཀྱིས་དཀར་ཡོལ་སྐྱོར་ཏེ་ཇ་ཧུབ་ཙམ་བཏུང་རྗེས། དཀར་ཡོལ་ཕྱིར་མདུན་ཅོག་སྟེང་ལ་ཡུན་གྱིས་བཞག་པ་དང་། མགོ་བོ་དགྱེས་ནས་ཨ་ཁུ་སྡེ་དཔོན་ཕྱོགས་ལ་ལྟ་མི་ཕོད།

  “ཡ—གཡང་སྐྱིད། ཁྱོད་ལ་དོན་དག་ཅིག་ཡོད་པ་ཡིན་ནམ།”སྐབས་ཤིག་ལ། ཨ་ཁུ་སྡེ་དཔོན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་དེ་ལྟར་དྲིས། ནམ་རྒྱུན། གཡང་སྐྱིད་ནི་རུ་ཉུལ་མི་བྱེད་པའི་མནའ་མ་ཞིག་ཡིན་ཕྱིར། ཁོ་ཚོའི་སེམས་སུ་གཡང་སྐྱིད་ད་ཐེངས་འདི་ལྟར་འོང་བ་ལ་དོན་དག་ཅིག་ཡོད་པ་ངེས་གཏན་ཡིན་པར་སྙམ།

  གཡང་སྐྱིད་ཀྱིས་མགོ་བོ་སྨད་དེ་འབོལ་ཁྲིའི་སྟེང་འགུལ་ཙམ་བྱེད་པ་ལས། ལུག་ཤ་བསྐྱི་བའི་སྐད་ཆ་དེ་མགྲིན་སྒོར་བརྣངས་ཏེ་རེ་ཞིག་ཤོད་མ་ཐུབ་པར་གྱུར་བས“ང་ལ་དོན་དག་ཅི་ཡང་མེད”ཅེས་དབང་མེད་དུ་ཤོར་སོང་།

  “ཧ་ཧ། ངས་བལྟས་ན་ཁྱོད་ལ་དོན་དག་ཅིག་འདུག དོན་དག་ཅི་ཞིག་ཡོད་ན་མ་གསང་བར་ལྷུག་པོར་བརྗོད་ཆོག” ཨ་ཁུ་སྡེ་དཔོན་གྱིས་ངག་འཇམ་པོས་དེ་ལྟར་བཤད།

  “ཨ་ཁུ་སྡེ་དཔོན་ལགས། ང་ལ—” གཡང་སྐྱིད་ཀྱིས་མགོ་བོ་ཅུང་ཙམ་དགྱེས་ཤིང་། གཡོན་ལག་གིས་གཡས་ལག་གི་མཛུབ་མོ་དག་ཕུར་ཙམ་བྱས་རྗེས“ཨ་ཁུ་སྡེ་དཔོན། ང་ལ— ང་ལ་ལུག་ཤ་ཅུང་ཙམ་བསྐྱིས་ན་ཆོག་གམ”ཞེས་སྐད་གསང་དམའ་མོས་དེ་ལྟར་བཤད་མ་ཐག མགོ་བོ་དབང་མེད་དུ་ནང་དུ་བསྒུར་ཏེ་ཨ་ཁུ་སྡེ་དཔོན་གྱི་ཕྱོགས་སུ་ལྟ་མ་ཕོད། དེ་ནས་ཡུད་ཙམ་འགོར་རྗེས། “ཉིན་འགའི་རྗེས་སུ། ཁྱེད་ལ་སྐྱིན་ཚབ་སྤྲད་ཡོང”ཞེས་ཁ་གསབ་ཀྱི་ཚུལ་དུ་བརྗོད་རྗེས་ངོ་གདོང་གཞི་ནས་ཚ་བེར་བེར་དུ་གྱུར་སོང་།

  ཨ་ཁུ་སྡེ་དཔོན་གྱིས་གཡང་སྐྱིད་ཀྱི་སྐད་ཆ་དེ་ཐོས་མ་ཐག་ཁ་ནས“འོ—ལུག་ཤ་ཨེ། ལུག་ཤ……”ཞེས་སྐད་ཆ་གང་ཞིག་བཤད་གྲབས་བྱེད་སྐབས། སྡེ་དཔོན་གྱི་ཆུང་མས་བྲེལ་བྲེལ་འཚུབ་འཚུབ་ངང་ཁ་རླངས་ཐུ་ལུ་ལུ་འཕྱུར་བཞིན་པའི་ལུག་ཤ་སྡེར་མ་གང་འཁྱེར་ཡོང་སྟེ། སྡེ་དཔོན་བཙུན་ཐར་དང་གཡང་སྐྱིད་གཉིས་ཀྱི་མདུན་ཅོག་སྟེང་ལ་བཞག་རྗེས། ལམ་སང་ཕྱིར་བུད་སོང་།

  ལུག་ཤའི་ཁ་རླངས་ནི་སྡེ་དཔོན་དང་གཡང་སྐྱིད་གཉིས་ཀྱི་དཀྱིལ་ནས་དཀར་ལྷོག་ལྷོག་ངང་མཁའ་ལ་འཕྱུར་བཞིན་འདུག་པས། བར་སྐབས་ཤིག་ལ་སྡེ་དཔོན་གྱི་མིག་ལམ་དུ་གཡང་སྐྱིད་ནི་ཁ་རླངས་ཁྲོད་དུ་མག་མོག་རབ་རིབ་ཅིག་ཏུ་སྣང་། ཡུད་ཙམ་འགོར་རྗེས། སྡེ་དཔོན་གྱིས་སྡེར་མ་ཕར་ལ་འདེད་ཙམ་བྱས་རྗེས། ཁ་རླངས་ཀྱང་རིམ་གྱིས་སྨུག་སྤྲིན་དེངས་པ་ལྟར་གྱུར་བར་བསྟུན། གཡང་སྐྱིད་ཀྱི་ངོ་གདོང་ཡང་ཇེ་གསལ་དུ་གྱུར། སྡེ་དཔོན་གྱིས་ད་གཟོད་ཧ་ཅང་གཟབ་ནན་གྱིས“འོ—མ་གཞི་ལུག་ཤ་བསྐྱི་རུ་ཡོང་བ་ཡིན་ནམ”ཞེས་བཤད་མ་ཐག གློ་བུར་དུ་ཅི་ཞིག་གི་དྲན་པ་སོས་པ་ལྟར“ཁྱེད་ཚང་གི་སྐྱབས་ལོ་ཕྱིར་སླེབས་བྱུང་ངམ”ཞེས་དྲིས་བྱུང་།

  གཡང་སྐྱིད་ཀྱིས་ཐེ་ཚོམ་དང་བཅས“ཨ་ཁུ་སྡེ་དཔོན། ཁོ་ད་དུང་སླེབས་མ་བྱུང་”ཞེས་བཤད་རྗེས་མགོ་བོ་དགྱེ་མ་ཕོད།

  “ཁྱི་སྐྱག་དེ་ད་དུང་སླེབས་མ་བྱུང་ངམ། ངོ་མ་ཁྱི་སྐྱག་རེད་ཡ། རང་གི་ཁྱིམ་ཚང་དང་ཆུང་མ་ལ་ཤ་མི་ཚ་བའི་ཁྱི་རྒན་དེ། ཁོ་ཕྱིར་སླེབས་རྗེས། ངས་སྡེ་བ་ཡོངས་ཀྱི་ཚོགས་ཐོག་ནས་ཁོ་ལ་སྐྱོན་བརྗོད་ནན་མོ་ཞིག་བྱ་དགོས། ངེས་པར་བྱ་དགོས……”སྡེ་དཔོན་གྱིས་མདུན་ཅོག་སྟེང་ལ་ཁུ་ཚུར་གྱིས་རྡེག་བཞིན་སྐྱབས་ལོ་ལ་སྡིགས་མོ་བཏང་བྱུང་། སྐབས་དེར། གཡང་སྐྱིད་ཀྱིས་མགོ་བོ་སྨད་དེ་ཁ་རོག་གེར་ཉན་ནས་འདུག

  སྡེ་དཔོན་བཙུན་ཐར་གྱིས་ཡུད་ཙམ་ལ་འདང་ཞིག་བརྒྱབ་རྗེས། ཆུང་མའི་ཕྱོགས་སུ་བལྟས་ཏེ“ཁྱོད་ཀྱིས་གཡང་སྐྱིད་ལ་ལུག་ཤ་ཞིག་གྲ་སྒྲིག་བྱོས་དང”ཞེས་བརྗོད་བྱུང་།

  ཅུང་ཙམ་འགོར་མ་ཐག སྡེ་དཔོན་གྱི་ཆུང་མས་ལུག་ཤ་ཆུ་ཤོག་གང་འཁྱེར་ཡོང་སྟེ་སྡེ་དཔོན་གྱི་ལག་ཏུ་སྤྲད།

  སྡེ་དཔོན་བཙུན་ཐར་གྱིས“གཡང་སྐྱིད། འདི་ནི་ཁ་སང་གསར་དུ་བཤོས་པའི་ལུག་ཤ་ཡིན། འདི་ཁྱོད་ལ་བྱིན་པ་ཡིན་པས་སྐྱིན་ཚབ་སྤྲོད་མི་དགོས”ཞེས་བཤད་ཞོར་དུ། ཆུ་ཤོག་ནང་གི་ལུག་ཤ་དེ་གཡང་སྐྱིད་ལ་སྟེར་གྲབས་བྱས་མོད། གཡང་སྐྱིད་དེའི་མུར་ཅུང་དོགས་མ་བདེ་བར་གྱུར་བས་མྱུར་དུ་ཡར་ལངས་ཏེ“ཨ་ཁུ་སྡེ་དཔོན། མིན་མིན། ང་ལ་ཉུང་ཉུང་ཞིག་བསྐྱིས་དང་ཆོག ཉུང་ཉུང་ཞིག་བསྐྱིས་དང་ཆོག”ཟེར་ནས་ཆུ་ཤོག་ནང་གི་ལུག་ཤ་དེ་ཚུར་ལེན་མ་ཕོད་པར་གྱུར།

  “སྐྱོན་མི་འདུག་ཨང་། ང་ཚོ་ཚང་མ་སྡེ་བ་གཅིག་གི་སྡེ་མི་མ་ཡིན་ནམ། ང་ཚོས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་ལ་རོགས་རམ་བྱེད་དགོས། ཡང་གཅིག་བཤད་ན། སང་ཉིན་ལོ་གསར་པ་ཚེས་པ་མིན་ནམ། སྡེར་ཁར་བཤམས་རྒྱུ་ཞིག་ཀྱང་ཡོད་ན་ལེགས། འདི་འདི། ཐུགས་འཛེམ་འཛེམ་གནང་མི་དགོས……”སྡེ་དཔོན་བཙུན་ཐར་གྱིས་དེ་ལྟར་གཡང་སྐྱིད་ལ་ཡང་ཡང་ནན་སྐུལ་བྱས་མཐར། གཡང་སྐྱིད་ཀྱིས་ཀྱང་ཆུ་ཤོག་ནང་གི་ལུག་ཤ་དེ་ཚུར་མི་ལེན་ཐབས་མེད་གྱུར་སོང་།

                                    བདུན།

  ནམ་གུང་ལ་སླེབས་འདུག རྡོ་ཁང་ཆུང་ཆུང་དེའི་ནང་དུ་གཡང་སྐྱིད་དང་སྐྱབས་ལོ་གཉིས་ཁ་གཏད་དུ་ཙོག་འདུག གཡང་སྐྱིད་ཀྱི་གདོང་ལ་བདེ་སྐྱིད་ཀྱི་ཉམས་ཤིག་གསལ་ལྷང་ངེར་ཤར་འདུག་མོད། སྐྱབས་ལོས་གང་ཞིག་ལ་དོགས་ཟོན་བྱེད་པ་ལྟར་སྙིང་ཆུང་ནི་ལུ་གུ་ལྡིང་ལྡིང་བྱེད། གཡང་སྐྱིད་ཀྱིས་སྐྱབས་ལོའི་གདོང་ལ་ཡུན་རིང་ལ་ཅེར་མཐར། གཞི་ནས་ཁ་གྲག་བྱུང་།

  “ལོ་འདི་གར་ཁྱོད་གང་དུ་ཕྱིན་པ་ཡིན་ནམ།”

  “ང་ལྷ་སར་ཚོང་རྒྱག་ཏུ་ཕྱིན་པ་ཡིན།”

  “འོ་ན། རྡོ་བྷ་སྐེ་རིང་དང་ཁྱེད་གཉིས་མཉམ་དུ་ལྷ་སར་ཕྱིན་པ་མིན་ནམ། ཁོ་ད་ཐེངས་ཕྱིར་སླེབས་སམ།”

  “ཁོ— ཁོ—”

  “ཅི་རེད། ཁོ་ལ་དོན་དག་ཅིག་བྱུང་སོང་ངམ། ……ཁྱོད་དེ་ལྟར་ལྕུག་ལྕུག་ཏུ་འདར་ནས་ཅི་བྱེད། …… ཁྱོད་ཀྱིས་ཁ་མི་གྲག་དོན་ཅི་ཡིན། སྐད་ཆ་ཤོད་ཡ། ……ཡང་སྙིང་དོན་དག་ཅི་ཞིག་བྱུང་སོང་།”

  “གཡང་སྐྱིད……གཡང་སྐྱིད། ངས་ད་ཐེངས་ནག་ཉེས་ཆེན་པོ་ཞིག་བཟོས་སོང་།”

  “ནག་ཉེས་ཅི་ཞིག་བཟོས་སོང་ངམ།”

  “ངས—ངས་རྡོ་བྷ་སྐེ་རིང— ངས་རྡོ་བྷ་སྐེ་རིང་བསད་ཟིན”

  “དཔེ་སྲིད་དམ། ཁྱོད་གཉིས་ཚོང་གྲོགས་ཡིན་པ་མིན་ནམ། ཁྱོད་ཀྱིས་ང་ལ་རྫུན་གཏམ་འདི་འདྲ་མ་ལབ། ངའི་རྣར་མི་འགྲོ། ཁྱོད་ཀྱིས་ལོ་ངོ་གཉིས་ཀྱི་རིང་འདིར་ང་གཅིག་པུ་བསྐྱུར་ནས་ཐེངས་གཅིག་ལའང་ཕྱིར་ཡུལ་དུ་ལྡོག་རྒྱུ་མ་བྱུང་། ད་ཐེངས་ཡུལ་ལ་ཐེངས་ཤིག་ལོག་རྗེས། ཡང་སྔར་བཞིན་ང་ལ་མགོ་སྐོར་བཏང་སྟེ་ཐག་རིང་ཞིག་ལ་འགྲོ་འདོད་པ་ཡིན་ནམ། ད་ཐེངས་ངས་ཁྱོད་འགྲོ་རུ་མི་འཇུག ……”

  “གཡང་སྐྱིད། ངས་ཁྱོད་ལ་རྫུན་ལབ་པ་གཏན་ནས་མིན། ངས་དངོས་གནས་རྡོ་བྷ་སྐེ་རིང་བསད་ཟིན།”

  “ངའི་རྣར་མི་འགྲོ། ཁྱོད་ཀྱིས་ང་ལ་རྫུན་མ་གཏམ།”

  “གཡང་སྐྱིད། ཁྱོད་མ་ངུ། ངས་ཁྱོད་ལ་ཞིབ་ཏུ་བརྗོད་ཆོག ན་ནིང་དཔྱིད་ཀར། ངེད་གཉིས་ཉི་མ་ལྷ་སར་འགྲོ་བའི་ལམ་བར་དུ། ཚོང་དོན་ཞིག་གི་སླད་དུ་གཏན་ནས་གྲོས་འཆམ་མ་བྱུང་། ཉིན་ཞིག་གི་མཚན་མོར། ངེད་གཉིས་ཀྱིས་ཨ་རག་འཐུང་བ་ཡིན། སྐབས་ཤིག་ལ། ཁོས་གློ་བུར་དུ་ཤེལ་དམ་ཞིག་ངའི་ཕྱོགས་སུ་གཡུགས་བྱུང་། ཤེལ་དམ་དེ་ཅིའི་ཕྱིར་གཡུགས་དགོས་པ་ངས་ཡོངས་སུ་ཧ་གོ། ཡིན་ཡང་མཇུག་མཐར་ཁོས་གཡུགས་པའི་ཤེལ་དམ་དེ་ངའི་ལུས་སྟེང་ལ་ཕོག་མ་སོང་བར། ངས་རྟབ་རྟབ་པོར་ཕར་འཕངས་པའི་ཤེལ་དམ་དེ་ཡོ་གཟུར་ཅི་ཡང་མེད་པར་ཐད་ཀར་ཁོའི་མགོ་བོར་ཕོག་ཏེ་ཁོ་དེའི་མུར་བརྒྱལ་བར་བཏང་སོང་། སྤྱིར་ན་སྐབས་དེར་ངས་ཁོ་བསྐྱུར་ཏེ་འབྲོ་རྩིས་ཡོད་མོད། འོན་ཀྱང་ཁོས་ང་ལ་ཐེངས་མང་པོ་ཞིག་ལ་མགོ་སྐོར་བཏང་སྟེ་སྒོར་མོ་མང་པོ་ལྐོག་བཟའ་བྱས་པ་ཡིད་ལ་དྲན་མ་ཐག ང་ལ་སྡང་སེམས་བཟོད་མེད་ཅིག་ཐོལ་གྱིས་བྱུང་བ་དང་། ཁོ་རང་བརྒྱལ་འདུག་པའི་གླགས་དང་བསྟུན། ཁོའི་ཕོ་བའི་སྟེང་ལ་གྲི་ཡིས་ཐེངས་འགར་བསྣུན་རྗེས་ད་གཟོད་ཡུལ་གཞན་དུ་བྲོས་པ་ཡིན། ཁོ་ད་ལྟ་ཤི་ཟིན་ཁོ་ཐག་ཡིན། ཕྱིས་སུ་ང་ནག་ཆུར་སོང་སྟེ་ཁྱིམ་ཚང་ཞིག་ཏུ་ལུག་རྫི་བྱས་ནས་བསྡད་པ་ཡིན། ……”

  “དཀོན་མཆོག་གསུམ་པོས་མཁྱེན། ད་ནི་ཅི་བྱའམ།”

  “གཡང་སྐྱིད། ཁྱོད་མ་ངུ། ཁྱོད་མ་ངུ། ངས་བཤད་པ་ཚང་མ་དོན་དངོས་ཡིན། ད་ནི་ང་འདི་ལྟར་ཡུན་རིང་ལ་སྡོད་མི་རུང་།”

  “ད་ནི་ཅི་བྱའམ། ཁྱོད་གང་དུ་འགྲོའམ།”

  “ངས་ཀྱང་མི་ཤེས། གང་ལྟར་འདི་ལྟར་ཡུན་རིང་ལ་འདུག་མི་རུང་། མུ་མཐུད་དུ་ས་ཆ་གཞན་དུ་བྲོས་ན་དགའ།”

  “འདི་ལྟར་ཉིན་མཚན་དབྱེར་མེད་ཀྱིས་འབྲོ་བ་ལས། ཉེས་པ་ཁས་བླངས་ནས་མི་གསོད་སྟོང་གིས་འཇལ་ན་མི་བཟང་ངམ། སང་ཉིན་རྡོ་བྷ་སྐེ་རིང་གི་ཨ་ཕ་བཙལ་ཏེ་དོན་དག་མགོ་མཇུག་བར་གསུམ་ཞིབ་ཀྱིས་བརྗོད་ན། ཤི་སྟོང་ཇེ་ཡང་དུ་གཏོང་བའི་རེ་བའང་ཡོད། ཡང་གཅིག་བཤད་ན། རྡོ་བྷ་སྐེ་རིང་ད་དུང་གསོན་ཡོད་ཀྱང་སྲིད།”

  “ཁོ་རང་ཤི་ཟིན་ཁོ་ཐག་ཡིན། ཤི་སྟོང་དེ་འུ་གཉིས་ཀྱིས་ཚེ་གང་བོར་འཇལ་མི་ཚར།”

  “ཁྱོད་རང་འདི་ལྟར་མུ་མཐུད་དུ་བྲོས་བྱོལ་བྱ་མི་རུང་། དེ་ནི་ཕོ་རབས་ཤིག་གི་ངང་ཚུལ་གཏན་ནས་ཡིན་མི་འདུག འདི་ལྟར་མུ་མཐུད་དུ་ཡུལ་ངེས་མེད་དུ་བྲོས་ན་ནི། མཇུག་འབྲས་བཟང་པོ་ཞིག་གཏན་ནས་འབྱུང་མི་སྲིད། དེ་ལས་ཁྱོད་ཀྱིས་རྣམ་འགྱུར་ཡག་པོས་སྒོ་ནས་ཉེས་པ་ཁས་བླངས་ན། རྡོ་བྷ་སྐེ་རིང་གི་ཨ་ཕས་བཟོད་སྒོམ་གནངས་ཏེ་ཤི་སྟོང་ཇེ་ཡང་དུ་གཏོང་ཡང་སྲིད། ཤི་སྟོང་ཅི་ཙམ་འཇལ་དགོས་ཀྱང་དེར་སྐྱོན་མི་འདུག འུ་གཉིས་ཀྱིས་མཉམ་དུ་གླ་བྱས་ན་ཤི་སྟོང་འཇལ་ཐུབ་ངེས་ཡིན།”

  “མིན། མིན། དཔེ་མི་སྲིད། རྡོ་བྷ་སྐེ་རིང་ནི་ཨ་ཁུ་ཐར་ལོའི་བུ་གཅིག་པུ་ཡིན། ཨ་ཁུ་ཐར་ལོ་ནི་རྒད་པོ་ཞེ་གྱོང་ཞིག་ཡིན་པ་ཁྱོད་ཀྱིས་མི་ཤེས་སམ། ངས་ད་ཐེངས་ཁོའི་བུ་བསད་པ་རེད། ཁོས་ང་ལ་བཟོད་སྒོམ་ཞིག་གནང་སྲིད་དམ། དེ་ནི་གཏན་ནས་མི་སྲིད་པ་ཞིག་རེད། དེ་ལས་ང་མུ་མཐུད་དུ་ས་ཆ་གཞན་ཞིག་ཏུ་བྲོས་ན་བཟང་། ”

  “སྐྱབས་ལོ། དེ་ལྟར་མ་བྱེད་ཨང་། ཉེས་པ་ཁས་ལོངས་ཡ། དཀོན་མཆོག་གསུམ་པོས་མགོན་སྐྱབས་གནང་ངེས། ངས་ཁྱོད་ལ་ཞུ་བ་བྱེད།”

  “གཡང་སྐྱིད། ཁྱོད་ཀྱིས་ངའི་ཁར་ཉོན། ང་ནམ་ལངས་མ་ཐག་ལམ་ལ་ཆས་དགོས། ངས་གོ་སྐབས་བཙལ་ཏེ་ཁྱོད་ལ་ལྟ་རུ་ཡོང་ངེས། ”

  “མིན། ངས་ཁྱོད་འགྲོ་རུ་མི་འཇུག འུ་གཉིས་སང་ཉིན་ཨ་ཁུ་ཐར་ལོ་ཚང་ལ་འགྲོ།”

  “གཡང་སྐྱིད། ཨུ་ཚུགས་མ་བྱེད། ངའི་ཁར་ཉོན་དང་། ང་ཁྱོད་ལ་ལྟ་རུ་ཡོང་ཁོ་ཐག་ཡིན། ”

  “མིན། ངས་ཁྱོད་འགྲོ་རུ་མི་འཇུག”

  “ཁྱོད་ཀྱིས་ང་བཟུང་ནས་མ་འདུག་ཨང་། ང་གློད་དང་།”

  “མིན། ངས་གློད་རྒྱུ་མིན།”

  “གློད་ཡ།”

  “མིན།”

  “……”

  སྐབས་དེར། ཁྱིམ་གྱི་སྒོ་གླེགས་གློ་བུར་དུ་བརྡུངས་བྱུང་།

  དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ལ་ཨང་། ནམ་གུང་ཡོལ་ནས་སྐྱ་རེངས་ཀྱི་འབོད་བརྡ་གཏོང་ལ་ཉེ།

  ནམ་གསལ་ལ་མི་གསལ་བར་སྣང་།

  སྐྱབས་ལོས་སེམས་ལ་སྐབས་འདིར་མི་སུ་ཞིག་སླེབ་བམ་སྙམ་ནས་ཡ་མཚར་བའི་རྣམ་འགྱུར་གྱིས་སྒོའི་ཕྱོགས་སུ་བལྟས་ཏེ་ཞིབ་ཀྱིས་ཉན་པ་ན། ཕྱི་རོལ་ནས་མི་སུ་ཞིག་གིས་ཁྱིམ་གྱི་སྒོ་གླེགས་ཡང་བསྐྱར་ཐེངས་ཤིག་བརྡུངས་བྱུང་། དེ་དུས་སྐྱབས་ལོ་གློ་བུར་དུ་ཀེག་སེ་ཡར་འགྲེང་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་བས་སྐབས་འགར་སྒོའི་ཕྱོགས་སུ་ལྟ་བ་དང་། མཚམས་རེར་གཡང་སྐྱིད་ལ་ལྟ་ཙམ་བྱེད། གཡང་སྐྱིད་ལའང་འཚུབ་སྣང་གློ་བུར་བ་ཞིག་སྐྱེས་འཕྲལ། སྐྱབས་ལོ་ལ་དམ་དུ་འབྱར་བའི་ལག་པ་ག་ལེར་གློད་ཅིང་སྐྱབས་ལོའི་གདོང་ལ་ཡང་ཡང་བལྟས། མཇུག་མཐར་གཡང་སྐྱིད་ཀྱིས་ཁོ་ལ་ཕར་སོང་ནས་སྒོ་ཕྱེས་དང་ཞེས་པའི་བརྡ་ཞིག་བསྟན་རྗེས། སྐྱབས་ལོ་ད་གཟོད་རྐང་འཇབ་ལག་འཇབ་ཀྱིས་སྒོ་འགྲམ་དུ་བཅར་བ་དང་། གཡང་སྐྱིད་ཁོའི་རྗེས་སུ་འདར་ལྕུག་ལྕུག་ངང་འབྲངས།

  སྐྱབས་ལོས་ཁྱིམ་གྱི་སྒོ་གླེགས་ག་ལེར་ཕྱེས་པ་ན། རླུང་འཁྱག་པོ་ཞིག་གིས་ཅི་ཞིག་དཀར་བོང་བོང་སྐྱབས་ལོའི་གདོང་ལ་གཙུབས་འོང་བར་བརྟེན། སྐྱབས་ལོའི་མཐོང་ལམ་དེ་མ་ཐག་བསྒྲིབས་སོང་། མ་གཞི། ཕྱི་རོལ་དུ་རྡུལ་འཚུབ་སྔ་མོ་ནས་དྭངས་འདུག་ཅིང་། ཁ་བ་ནི་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག

  སྒོ་འགྲམ་དུ་མི་གསུམ་འགྲེང་འདུག་སྟེ། སྐྱབས་ལོས་གསལ་བོ་ཞིག་མཐོང་མ་སོང་བས། གཡང་སྐྱིད་ཀྱིས་སྐྱབས་ལོའི་རྒྱབ་ཕྱོགས་ནས་ཞིབ་ཀྱིས་བལྟས་པ་ན། སྒོ་འགྲམ་དུ་ལུས་པོ་ཅུང་རྒྱགས་པའི་རྒད་པོ་ཞིག་དང་། གམ་དུ་གདོང་པར་ཁ་རས་བརྒྱབ་པའི་གཞོན་ནུ་སྐེ་རིང་བོ་ཅན་ཞིག་འགྲེང་འདུག ཁོ་གཉིས་ཀྱི་རྒྱབ་ཏུ་དགུན་གྱི་དམག་ལྭ་གྱོན་པའི་དར་མ་ཞིག་ཀྱང་ངོ་གདོང་གནག་སྟེ་ཀྲོང་ངེར་འགྲེང་འདུག སྐབས་དེར། གཡང་སྐྱིད་ཧ་ལས་ཏེ་ཁ་ནས་དབང་མེད་དུ་འདི་སྐད་ཐལ་སོང་།

  “ཨ་ཙི། སྡེ་དཔོན། འདི་རྡོ་བྷ་སྐེ་རིང་མ་ཡིན་ནམ།”

  2015/1/7ཉིན་གྱི་མཚན་མོར་པེ་ཅིང་ནས་བྲིས།

           2015/4/6ཉིན་བཟོ་བཅོས་ཐེངས་དང་པོ་བརྒྱབ།

  2015/5/5ཉིན་བཟོ་བཅོས་ཐེངས་གཉིས་པ་བརྒྱབ།

  2015/5/12ཉིན་བཟོ་བཅོས་ཐེངས་གསུམ་པ་བརྒྱབ།

  2015/5/19ཉིན་བཟོ་བཅོས་ཐེངས་བཞི་པ་བརྒྱབ།

  2015/5/21ཉིན་བཟོ་བཅོས་ཐེངས་ལྔ་པ་བརྒྱབ།

  2015/5/26ཉིན་བཟོ་བཅོས་ཐེངས་དྲུག་པ་བརྒྱབ།

  2016/3/1ཉིན་བཟོ་བཅོས་ཐེངས་བདུན་པ་བརྒྱབ།

  2016/7/19ཉིན་བཟོ་བཅོས་ཐེངས་བརྒྱད་པ་བརྒྱབ།

  2016/7/26ཉིན་བཟོ་བཅོས་ཐེངས་དགུ་པ་བརྒྱབ།

  2017/4/8ཉིན་བཟོ་བཅོས་ཐེངས་བཅུ་པ་བརྒྱབ།

  2017.11.7ཉིན་བཟོ་བཅོས་ཐེངས་བཅུ་གཅིག་པ་བརྒྱབ།

རྩོམ་སྒྲིག་པ། ལྷ་སྐྱིད།

                                               (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)                              

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།