གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན།

2018-12-05 15:09:12 ཀླུ་ཐར་བཀྲ་ཤིས། ཀློག་གྲངས། མཆན ཡོད།

                                     1

  གཟའ་མཇུག་འདིར། སྤྱིར་ན་ངོ་ཤེས་ནས་ཡུན་རིང་ཕྱིན་མེད་པའི་བུ་མོ་ཞིག་དང་ལྷན་དུ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བགྱིས་པའི《ང་ཡི་ཆང་གསོལ་རོགས》ཞེས་པ་དེར་བལྟ་རུ་འགྲོ་རྒྱུའི་དུས་ཆད་བྱས་ཡོད་མོད། ཉིན་འདི་དག་ལ་ཚོད་ཚོད་དུ་ཡིད་ལ་སྨྲེང་བ་ཞིག་གིས་དེད་ཡོང་བས། མོར་དོན་དག་ཅིག་ཡོད་རབས་ལ་ཁ་གཡར་ཏེ་དུས་བཅད་ཕྱིར་འགྱངས་བྱས་པ་ཡིན། རྒྱུ་མཚན་གང་ཡིན་མི་ཤེས། ད་ནི་ང་རང་ལས་གྲོགས་དང་ཤ་ཉེ་དག་གི་འདུ་འཛོམས་ལ་ཇེ་སུན་ནས་ཇེ་སུན་རེད། སྙན་ངག་བྲི་བའི་སེམས་ཁམས་ཀྱང་མི་འདུག ལས་གྲོགས་དང་ཤ་ཉེ་དེ་དག་དང་མཉམ་འཛོམས་བྱེད་ཐེངས་རེར། སྐྲ་ལོ་སེར་པོར་བསྒྱུར་ཞིང་གདོང་ལ་སྐག་ཚོས་བྱུགས་པ་མི་སྙོམས་པའི་བུད་མེད་དེ་དག་གིས་རྒྱུན་པར་སྦྲགས་སྐད་ཆེས་ཆེར་བཀོལ་ཏེ་རང་གི་བུ་བུ་མོའི་རྒྱུགས་འབྲས་ཀྱི་འཕར་ཆག་དང་ལོ་གཅིག་གི་ཡོང་སྒོ་དང་འགྲོ་སོང་། རྒྱན་གོས་དང་སྐག་ཚོས་སོགས་ཀྱི་རིན་གོང་གླེང་བར་གོམས། ཁོང་མོ་ཚོའི་ཉམས་སྣང་ལ། དེ་ནི་འབྱོར་ལྡན་གྲལ་རིམ་གྱི་འཚོ་བ་རོལ་སྟངས་ཤིག་ཡིན་པ་འདྲ། ཁོ་མོ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་དུས་སྦྲགས་སྐད་ནི་བྱུང་རྒྱལ་དུ་སྤྱོད་བཞིན་པས། ངའི་སྣང་བ་ཞིག་ལ། ཚོན་རྩི་དམར་པོ་བྱུགས་པའི་ཁ་དེ་དག་ནི་ཆེད་དུ་སྦྲགས་སྐད་བཤད་སྤྱད་དུ་བཟོས་པ་ཡིན་པར་བསམ་མྱོང་བ་ཡང་ཉུང་ཉུང་མིན། ཁོང་མོ་ཚོ་ལ་དེ་ལས་གཞན་པའི་གླེང་རྒྱུ་ཞིག་ཡོད་པ་ནི་ངའི་སྐོར་རེད། ཁོ་མོ་ཚོའི་ཚོན་རྩི་བྱུགས་པའི་མཆུ་ཏོ་ལས་ང་ལ་མྱུར་བར་དགའ་རོགས་ཤིག་བཙལ་ཏེ་བཟའ་ཚང་བསྒྲིགས་ན་འོས་རབས་ཀྱི་སྐད་ཆ་མང་པོ་གཅིག་རྗེས་གཉིས་མཐུད་དུ་འཕུར་ཡོང་ཞིང་། མཐར་སྐད་ཆ་རེ་རེ་མདེའུ་རེ་རེར་གྱུར་ཏེ་ངའི་སྙིང་ལ་ཕོག་སྟེ་ང་ལ་དབུགས་ཀྱང་ལེན་དཀའ་བའི་ཚད་དུ་བསྐྱལ་མྱོང་། ཁོ་མོ་ཚོའི་སྐྱེས་པ་ཚོས་ཟ་མ་ཟོས་རྗེས་དོན་དག་གཞན་ཞིག་ཡོད་པ་ནི། ཚོང་ལས་ཀྱི་སྐོར་མང་ཙམ་གླེང་ཞིང་དང་བུད་མེད་ཀྱི་སྐོར་ཉུང་ཙམ་ལས་གླེང་རྒྱུ་དེ་ཡིན། སྐབས་འདིར། ང་ལ་མཚོན་ན་དུས་ཚོད་སྐར་མ་གཅིག་སྐྱེལ་རྒྱུ་ནི་ཉིན་གཅིག་སྐྱེལ་བ་ལས་ཀྱང་ལྡབ་ཀྱིས་དཀའ་བར་སྣང་མོད། ངས་ཨུ་ཚུགས་ཆེན་པོས་གདོང་ལ་སྐྱག་འཛུམ་ཞིག་མངོན་ཏེ་ཁོང་ཚོས་བཤད་པའི་སྐད་ཆར་བདེན་པའི་མགོ་ལྕོག་ལྡེམ་པ་ཡིན།

  ད་ནི་སྔོན་ཆད་ཀྱི་གཤིས་ཀ་མང་པོ་བཅོས་བསྒྱུར་བྱས་ཏེ་རང་ཉིད་ནི་རང་གིས་ཀྱང་ངོ་མི་ཤེས་པའི་ཚད་དུ་སླེབས་འདུག སྔོན་ཆད་ཀྱི་སློབ་གྲོགས་ཚོས་ད་ནི་ཁྱོད་རང་གི་བསམ་བློ་ནར་སོན་འདུག་ཅེས་བསྟོད་པའམ་ཟུར་ས་གང་རུང་བྱས། ཤ་ཉེ་དག་གིས་ཀྱང་ང་ནི་དོན་དག་སྒྲུབ་དུས་གཞན་ལ་བསྟུན་ཤེས་མཁན་ཞིག་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། མ་འོངས་པར་ཁོང་ཚོའི་བྱིས་པ་དག་ཀྱང་ང་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་བྱུང་ན་སྙམ་པའི་རེ་བ་འཆང་གིན་ཡོད། སྔོན་ཆད་ང་རང་ཁུ་སིམ་མེར་བསྐྱུར་མྱོང་མཁན་གྱི་ཞི་མོ་ཁ་ཁེར་གྱིས་ཀྱང་ད་ནི་ཚུར་ལ་དུངས་པ་ཡོད་མདོག་སྟོན་གྱི་འདུག་མོད། ཡིན་ཡང་ངའི་ནང་སེམས་ཀྱི་ཁེར་རྐྱང་ཚོར་མཁན་མི་གཅིག་ཀྱང་མི་འདུག

  དེ་རིང་གནམ་གཤིས་བཟང་ལ་ནམ་ནམ་མཁའ་ན་སྤྲིན་ལག་མཐིལ་ཙམ་ཡང་མི་འདུག ང་རང་གཅིག་པུ་སྲང་ལ་ཉུལ་ཏེ་དགུན་ཆང་དམ་བུ་གཅིག་ཉོས་ནས་ཕྱིར་མལ་ཤག་ཏུ་ལོག མལ་ཁང་ནས་རང་གཅིག་པུས་རྒུན་ཆང་འཐུང་ཞོར་བལྟ་འཕྲོར་ལུས་ནས་ཡུན་རིང་འགོར་བའི་བརྩམས་སྒྲུང་དེའི་མཇུག་བསྐྱངས་པ་ཡིན། ཞིབ་ཏུ་བསམས་ན་ང་རང་རྫོང་གསར་འགྱུར་ཁང་དུ་ལས་བགོས་བྱས་པ་ནས་བཟུང་ངས་རྩོམ་རིག་སྐོར་གྱི་དཔེ་ཆ་གང་ཡང་བཀླག་མ་ཐུབ། རྒྱུན་པར་གསར་འགྱུར་རྫུན་མ་རེ་རྒྱ་ཡིག་ལས་ཚུར་བོད་ཡུག་ཏུ་བསྒྱུར་བ་ལས་གཞན་རང་གི་ཆེད་ལས་དང་འབྲེལ་བ་མེད་པའི་དཔེ་ཆ་གང་ཡང་ལྟ་སྲོལ་མེད། དེ་ནི་ངའི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་པ་ཡིན་ཀྱང་སྲིད། ང་ཚོའི་ལས་ཁུངས་ནང་གི་ན་གཞོན་དེ་ཚོས་རང་གི་ལས་ཀ་བསྒྲུབས་ཚར་རྗེས་ཏུའུ་ཡུན་(抖音)དང་མཛེས་བརྙན་སོགས་རྩེ་བའམ་ཁོ་རུ་ཡ་དང་རྒྱ་ནག་གི་གློག་བརྙན་ལ་བལྟས་ཏེ་དུས་ཚོད་གཏོང་སྲིད། དེ་བས་རྩོམ་རིག་བརྩམས་ཆོས་སྐོར་གྱི་དཔེ་ཆ་ལྟ་བ་ནི་སྲིད་མིན་གྱི་དཔེ་ཞིག་ལས་མ་འདས།

  སྤྱིར་ན། ང་རང་སྒྱུ་རྩལ་བརྩམས་ཆོས་ཀློག་ལ་དགའ་བོ་མེད། ཡིན་པ་ནི་ངའི་སློབ་ཆེན་སྐབས་ཀྱི་དགའ་རོགས་དེས་ང་ལ་ཚུར་ཤུགས་རྐྱེན་ཐེབས་པ་རེད། ངའི་ཆེད་ལས་ནི་གསར་འགྱུར་དང་མོའི་ཆེད་ལས་ནི་རྩོམ་རིག་ཡིན། སློབ་ཆེན་སྐབས་སུ་ངས་རྒྱུན་པར་མོར“ན་གཞོན་རྩོམ་དགའ་མ”ཞེས་ཀུ་རེ་མང་དུ་རྩེས་མྱོང་། ངེད་གཉིས་ངོ་ཤེས་པ་ཡང་རྩོམ་རིག་ལ་རག་ལས། སློབ་ཆེན་ལོ་རིམ་དང་པོའི་སྐབས་སུ། ང་རང་ཐོག་དང་པོར་སློབ་གྲྭའི་དཔེ་མཛོད་ཁང་དུ་སོང་སྟེ་བོད་ཡིག་གི་བརྩམས་སྒྲུང་སྐོར་གྱི་དཔེ་ཆ་ཞིག་གཡར་དུ་སོང་བ་ཡིན། དེ་ནི་ང་རང་གི་འདོད་མོས་ལྟར་སོང་བ་མིན་པར། དགེ་རྒན་ཞིག་གི་བཀའ་ལག་བསྟར་བྱེད་དུ་སོང་བ་ཡིན། ངས་རང་ལ་མཁོ་བའི་བརྩམས་སྒྲུང་གི་དཔེ་ཆ་དེ་གཡར་ནས་ཕྱིར་མལ་ཤག་དུ་ལྡོག་པའི་སྐབས། བུ་མོ་གཉིས་ཀྱིས་ཕན་ཚུན་བདའ་རེས་འདེད་རེས་བྱེད་བཞིན་ངའི་གམ་དུ་ཐོན་བྱུང་། འོ། ཞི་མོ་གཅིག་ནི་བདག་གི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཤིག་རེད། མོས་ང་རང་མཐོང་བ་ན། ཁ་ནས“ཁྱོད་རེད་མོད། ངེད་ཚང་གི་རྩོམ་པ་པོ་ལགས།”སྐབས་དེར་ངའི་གདོང་ཚ་ལམ་ལམ་དུ་གྱུར་ཞིང་མགོ་བོ་སྨད་ནས་མོ་ལ་ཕྱིར་ཅི་ཡང་མ་བཤད། མོས་འགྲོ་ཞོར་དུ་ངེད་གཉིས་ཕན་ཚུན་ངོ་སྤྲོད་བྱས། དགོང་མོ་དེར་ངས་མོས་ཁ་ཐུམ་བརྒྱབ་ཡོད་པས་མོའི་གདོང་གི་ཚུགས་ཀ་སོགས་ག་འདྲ་ཡིན་པ་ཧ་མ་གོ་ཡང་། མོའི་ལག་ཏུ་བྷོད་ཌི་ལེར་གྱི༼མི་དགེའི་མེ་ཏོག༽དང་སྐྱབས་ཆེན་བདེ་གྲོལ་གྱི༼གླུ་སྐད་སྐྱ་བོ༽གཉིས་བཟུང་ཡོད་པ་ཧ་ཅང་གསལ་བོར་མཐོང་སོང་། ལམ་བར་དུ་ངས་ད་རུང་བུ་མོ་ཚོའི་གྲས་ན་ཡང་འདི་ལྟ་བུའི་དཔེ་ཆ་ལྟ་མཁན་ཡོད་དམ་སྙམ། དེ་ལྟར་ང་དང་ལྷ་མོ་བདེ་སྐྱིད་གཉིས་ངོ་ཤེས་ཚུལ་ནི་དེ་འདྲའི་སྤྱིར་བཏང་ཞིག་ཡིན་ཡང་། ངེད་གཉིས་བར་དུ་སྤྱིར་བཏང་མིན་པའི་བརྩེ་དུང་ཞིག་ཆགས་སོང་། གཏམ་རྒྱུད་དེས་ང་རང་སྒྱུ་རྩལ་བརྩམས་ཆོས་བཀླག་རྒྱུར་མི་དགའ་བ་ནས་དགའ་བར་བཏང་། ང་རང་མི་སྐྱོ་སྣང་ཅན་ཞིག་ནས་སྤྲོ་སྣང་ལ་ཕྱོགས་མཁན་ཞིག་ཏུ་བཏང་། མོ་ནི་ང་རང་འཇིག་རྟེན་འདིར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པའི་མི་དག་གི་གྲས་ཀྱི་གཅིག་ཡིན་ལ། ངའི་ནང་སེམས་ཀྱི་ཁ་དོག་རྟོགས་མཁན་གྱི་མི་གཅིག་པུར་གྱུར།

  ང་ནི་རྩོམ་ཡིག་བཀླག་རྒྱུ་ལས་བྲི་རྒྱུར་མི་དགའ་མཁན་ཞིག་ཡིན། ཡིན་ཡང་སྐབས་ཐོག་གི་ཚོར་བ་ཐན་ཐུན་རེ་བརྗེད་ཐོའི་ཚུལ་དུ་བྲི་རྒྱུ་ནི་ངའི་གོམས་གཤིས་སུ་ཆགས་ཡོད། ང་རང་རྫོང་དུ་ལས་བགོས་བྱས་ནས་རིང་བོ་མ་འགོར་བར། ངོ་ཤེས་ཤིག་བརྒྱུད་དེ་ཞིང་ཆེན་རྩོམ་རིག་མཐུན་ཚོགས་སུ་ཞུགས། ཡིན་ཡང་ངས་ད་སྔ་བར་དུ་རྩོམ་ཡིག་ཡག་པོ་ཞིག་འབྲི་མ་ཐུབ། ལྷག་ཏུ་ཚོགས་མི་དེ་དག་དང་འདྲ་བར་དུས་དེབ་དང་ཚགས་པར་སོགས་སུ་རང་གི་རྩོམ་ཞིག་བཀོད་མ་མྱོང་། ངས་དཔེ་ཆ་ཉུང་ངུ་ལས་མེད་པའི་དཔེ་སྒྲོམ་ལས་དེ་སྔོན་ངའི་དགའ་གྲོགས་བདེ་སྐྱིད་ལྷ་མོ་འཇིག་རྟེན་གསོན་ངོགས་ན་ཡོད་དུས་ང་ལ་གནང་བའི་དཔེ་ཆ་སྟེ། རྒྱ་ནག་གི་རྩོམ་པ་པོ་ཡུས་ཧྥའི《གསོན》ཞེས་པ་དེ་བླངས་ནས་ཁ་ཕྱེས་པ་ན། ཤོག་གྲངས་བརྒྱ་དང་ཉི་ཤུའི་མཚམས་སུ་བཀླགས་མཚམས་ཀྱི་ཚུལ་དུ་སྡོང་ལོ་སེར་པོ་ཞིག་བཞག་འདུག སྤྱིར་ན་དེབ་འདི་སྔ་མོ་ནས་བཀླག་རྒྱུ་བྱུང་ན་བསམ་མོད། ད་དབར་དུ་སྒྱིད་ལུག་དང་ལེ་ལོའི་དབང་དུ་གྱུར་ཏེ་བཀླག་མ་ཐུབ། དེ་རིང་ཁོམ་སྐབས་དང་བསྟུན་ནས་ངས་མུ་མཐུད་དུ་ཧྥུ་ཀོས་ཀྱི་འཇིག་རྟེན་ལ་རྒྱུས་ལོན་བྱས་པ་ཡིན། བརྩམས་སྒྲུང་འདི་བཀླགས་ཏེ་མཚམས་ངེས་ཅན་ཞིག་ལ་ཐོན་དུས། ང་རང་ཚོད་ཚོད་ལ་ངུས་ན་འདོད་པས། མུ་ཏིག་ལྟ་བུའི་མིག་ཆུ་ཁ་ཤས་དབང་མེད་དུ་མིག་མཐའ་བརྒྱུད་ནས་ཀློག་གིན་པའི་དཔེ་ཆའི་སྟེང་ལ་ལྷུང་སྟེ་ཤོག་ངོས་སུ་རི་མོ་ཁ་ཤས་བྲིས་སོང་། ཚུལ་དེ་ནི་རྒྱ་མོ་ཚོས་ཁོ་རུ་ཡའི་བརྩེ་དུང་གི་གློག་བརྙན་ལྟ་དུས་མིག་ཆུ་འཕོ་བ་དང་ཨ་ན་མ་ན་རེད། དེ་ནས་ངས་དཔེ་ཆའི་ཁ་བསུམ་སྟེ་ཧྥུ་ཀོས་ལ་སྙན་ངག་ཅིག་འབྲི་འདོད་ཀྱི་ཚོར་བ་དྲག་ཏུ་འཕེལ་བས། འཕྲལ་མར་ལག་ཏུ་སྨྱུ་གུ་བཟུང་སྟེ་ཤོག་བུ་མདུན་དུ་བཞག ཀླད་པ་དཀྲུགས་དཀྲུགས་བཏང་སྟེ་སྙན་ངག་ཅིག་སློས་བསླངས་བྱས་ཀྱང་སྙན་ངག་ཅིག་ཁྱོན་ནས་འབྲི་ཐུབ་མ་སོང་། དེ་ནས་འདང་ཞིག་བརྒྱབ་ཚེ། ཧྥུ་གོས་ཁོ་རང་རྟོག་བཏགས་བྱས་པའི་མི་སྣ་ཞིག་ཡིན་པས། དེ་ལ་གདུང་སེམས་འཆང་དགོས་དོན་མི་འདུག་སྙམ། སྔར་བྲིས་ཟིན་པའི་ཡིག་ཉོག་དེ་མཐོང་ན་ལྷག་ཏུ་འཚིག་པ་ཟ་བས་ཤོག་བུ་དེ་སྤར་བའི་ནང་བཅིངས་རྗེས་འགྱིག་སྣོད་དུ་འཕངས། དེ་ལས་ཡུན་རིང་དུ་བློས་བསླངས་བྱས་པའི་བརྩམས་སྒྲུང་དེའི་མཇུག་བསྐྱངས་ན་ལེགས་པར་འདོད་དེ་གློག་ཀླད་མདུན་དུ་བཞག་ནས་གཏམ་རྒྱུད་དེ་ཡི་གེའི་གཟུགས་སུ་འགོད་པར་བརྩམས།

                                   2

  ངའི་མིང་ལ་རྡོ་རྗེ་བཀྲ་ཤིས་ཟེར། དེ་ནི་ང་ལ་རྩ་བའི་བླ་མས་བསྩལ་བའི་མིང་རེད། ང་རང་མིང་འདི་ལ་དགའ་བོ་མེད། ཆུང་དུས་སུ་ངས་རྒྱུན་པར་འདི་ནི་ཅི་འདྲའི་མིང་བཙོག་ཅིག་རེད་ཨང་བསམས་མྱོང་། ང་ཚོའི་སྡེ་བའི་ནང་དུ་རྡོ་རྗེ་བཀྲ་ཤིས་ཞེས་པའི་མིང་རིགས་འདྲ་ཅན་གྱི་མི་གསུམ་ཡོད། གཅིག་ནི་ལོ་ན་བརྒྱད་ཅུ་ལ་ཉེ་བའི་རྒད་པོ་ཁེར་འདུག་ཅིག་ཡིན། ཨ་ཕས་བཤད་ན་ཁོ་ནི་ང་རང་སྐྱེས་པའི་སྔ་ཉིན་ཤི་སོང་ཟེར། ཁོས་རིག་གསར་གྱི་སྐབས་སུ་ལྷ་སྐུའི་སྐེ་ལ་ཐག་པ་བརྒྱབ་སྟེ་མར་དྲུད་པ་དང་། ཆོས་གཞུང་གི་དཔེ་ཆས་རང་གི་ཨོང་ཤ་ཕྱིས་པ་སོགས་ཀྱི་ཐ་ཤལ་གྱི་སྦྱོར་བ་སྤེལ་བས་ཁོ་ལ་རྣམ་སྨིན་འཁོར་ཏེ་བཟའ་མི་དག་རེ་རེ་བཞིན་ཚེ་ལས་འདས་པར་གྲགས། ཆུང་དུས་སུ་བྱིས་པ་དག་རྩེད་མོ་རྩེས་ནས་མ་འཆམ་དུས“ཁྱོད་ནི་རྒད་པོ་རྡོ་རྗེ་བཀྲ་ཤིས་ཀྱི་བུ་རེད”ཅེས་ཕན་ཚུན་ལ་དམོད་མོ་བཏང་སྲིད། ཅིག་ཤོས་ནི་ང་ཚོའི་སྡེ་བའི་ལོང་བ་ཞིག་ཡིན། ཁོང་ནི་སྨྲ་བ་ཉུང་ཞིང་ལྷོད་མོར་འདུག་མཁན་ཞིག་ཡིན་ཡང་། བྱིས་པ་ཚོས་ཁོའི་མཐའ་ནས་རུབ་སྟེ་ཁོ་ལ་ཐུབ་ཚོད་བྱས་པ་ནི་བགྲང་གིས་མི་ལངས་། ང་རང་ལོ་བདུན་ལ་ལོན་པའི་སྐབས་དེར་ལོང་བ་རྡོ་རྗེ་བཀྲ་ཤིས་ཚེ་ལས་འདས་སོང་། ད་ནི་འཇིག་རྟེན་ན་ཁེར་འདུག་རྡོ་རྗེ་བཀྲ་ཤིས་དང་ལོང་བ་རྡོ་རྗེ་བཀྲ་ཤིས་ཟེར་བ་ཞིག་མེད་མོད། ང་རང་སྔར་བཞིན་རང་གི་མིང་དེ་ལ་མི་དགའ་བ་མ་ཟད། ཨ་ཕར“ང་ལ་མིང་སྙན་མོ་ཞིག་བཏགས་ན་མི་ཆོག་གམ”ཞེས་ལེ་བདའ་བྱས་པ་གྲངས་ཀྱིས་མི་ཟིན།

  ང་རང་ལོ་བརྒྱད་ཡིན་དུས་ཀྱི་དགུན་ཁ་ཞིག་ལ། ངའི་ཨ་མར་གློ་བུར་དུ་ན་ཚ་ཞིག་བྱུང་སྟེ་མི་ཡུལ་དང་གཏན་དུ་གྱེས་སོང་། སྐབས་དེར་ངས་མི་ཞེས་པའི་སྲོག་ཆགས་འདི་ལ་ད་རུང་འཆི་རྒྱུ་བྱ་བ་ཞིག་ཀྱང་ཡོད་ཨང་འདོད། དེ་ནི་ང་རང་འཇིག་རྟེན་འདིར་ཡོང་ནས་འཆི་བ་ཚོར་ཐེངས་དང་པོ་ཡིན། མ་དྲིན་མོ་ཆེ་འཇིག་རྟེན་འདི་དང་ཁ་བྲལ་བའི་སྐད་ཅིག་མར་ང་རང་མོའི་གམ་ན་མེད་པར་ཕ་ཡུལ་གྱི་གཉེན་ཉེ་ཞིག་གི་ཁྱིམ་ན་ཡོད། ངས་རང་གི་ཨ་མའི་མཐའ་མཇུག་གི་ངོ་གདོང་ཙམ་ཡང་མཐོང་མ་སོང་བས། ང་རང་ཕངས་སེམས་ཚད་མེད་སྐྱེས། སྐབས་དེར་ངས་ཚེ་སྲོག་ནི་རླུང་གིས་འཁུར་བའི་ཁ་བའི་འདབ་མ་དེ་དག་དང་འདྲ་བར། ས་རུ་ཟགས་པའི་སྔ་གཞུག་ཙམ་ལས་མཐར་ཚང་མ་མེད་པར་འགྱུར་འགྲོ་ངེས་བསམ། ཨ་མ་ཚེ་ལས་འདས་རྗེས། ཨ་ཕས་ང་རང་གཅེས་ལངས་སུ་བཏང་། དེ་སྔོན་ངས་སྐད་ཆ་གཅིག་བཤད་ནོར་བྱས་ཙ་ན་ཁོས་ང་ལ་ཐལ་ལྕག་གཞུ་རྒྱུ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་མོད། ད་ནི་ང་ལ་གཅར་རྒྱུ་ཕར་ཞོག་ངའི་སེམས་ལ་གནོད་པའི་སྐད་ཆ་ཚིག་གཅིག་སྨྲ་མི་སྲིད། ང་ལ་འདི་བྱོས་དེ་མ་བྱེད་ཅེས་མཛུབ་མོ་ཀེར་མཁན་གཅིག་ཀྱང་མེད་པས་ང་ནི་སྒྲོག་ལས་ཤོར་བའི་རྟ་མཆོག་ཅིག་ལྟར་རང་དབང་ལྡན། སྐབས་དེར་ང་ནི་བུ་ཁེར་སྐྱེས་ཤིག་ཡིན་ཡང་སྡེ་བའི་ནང་གི་ན་མཉམ་དག་གི་གྲས་ན་རྡུས་རེས་བརྒྱབ་ན་ངའི་དོ་ཡར་ཡོང་བ་ཞིག་ཧ་ལམ་མེད། གལ་ཏེ་ཡོད་ན་ང་ལས་ལོ་གཉིས་གསུམ་གྱིས་ཆེ་བ་དག་ཡིན། ཁོ་ཚོས་ཁྱི་སྤྱང་ངན་འབྲེལ་བྱས་ནས་ང་ལ་གཅར་རྡུང་བྱས་མྱོང་མོད། རྗེས་སུ་རེ་རེ་བཞིན་ཁེར་ཐུག་བརྒྱབ་སྟེ་ངའི་མངའ་འོག་ཏུ་བསྡུས་པ་ཡིན། དེ་ལྟར་ང་ནི་ང་ཚོའི་སྡེ་བའི་བྱིས་པ་དག་གི་མགོ་བར་གྱུར། སྡེ་བ་ཡར་མར་གྱི་བྱིས་པ་ཚོ་དང་ལྷན་དུ་རྡུང་རེས་རྒྱག་དུས་ངེད་སྡེ་བའི་བྱིས་པ་ཚང་མས་ངའི་བཀའ་ལ་ཉན་དགོས། གལ་ཏེ་སུ་ཞིག་ངའི་བཀའ་དང་འགལ་ན་ཕྱིན་ཆད་སྡེ་བའི་ནང་དུ་གྲོགས་མེད་ཁེར་རྐྱང་གི་འཚོ་བ་རོལ་དགོས་པའི་ཉེན་ཁ་ཡོད། སྐབས་དེར་ངས་རང་ཉིད་ནི་འཁོར་ལོས་བསྒྱུར་བའི་མངའ་བདག་ཅིག་ཡིན་ནམ་སྙམ།

  ཉིན་ཞིག ཨ་ཕ་ཡུལ་གཞན་ཞིག་ལ་བུད་སོང་། ངས་ཤུལ་དུ་དམག་དག་ཁྱིམ་ལ་ཁྲིད་ཡོང་ནས། སྔོན་ཆད་མིག་གིས་ཡུན་རིང་ཅེར་མྱོང་ཞིང་། རང་གི་གཟུགས་པོ་ལས་ཀྱང་རིང་བའི་བོའུ་དེ་ཡར་སྒྱེད་ནས་ཚུར་བླངས་ནས་རང་གི་རྒྱབ་ལ་ཁུར། ཚང་མས་ང་ལ་རྒྱལ་བོ་ཞེས་བོས། བོའུ་དེ་ལ་ཁ་གཉིས་ཡོད། དེ་ནི་དབྱིན་འགོག་དམག་འཁྲུག་ནང་གི་བོའུ་དེ་ལྟ་བུ་ཞིག་ལས། འཇའ་འགོག་དམག་འཁྲུག་ནང་གི་བོའུ་དེ་ལྟ་བུ་ཞིག་མ་རེད། ཨ་ཕར་གྲི་རིང་ཞིག་ཡོད་པ་དེ་བླངས་ནས་བྱིས་པ་གཞན་ཞིག་ལ་འདོགས་སུ་བཅུག དེ་ནི་ངའི་སྐུ་སྲུང་དུ་བསྐོས། ང་ཚོས་ཀྲུང་གོ་དང་འཇའ་ཕན་རྩེས་ནས་ཕན་ཚུན་བདའ་རེས་འདེད་རེས་བྱེད་སྐབས། གློ་བུར་དུ་ངའི་ལྟག་རྒྱབ་ནས་མི་ཞིག་གིས་ང་ལ་རྡོག་རྡོ་གཅིག་གཞུས་པ་དང་། ང་ནི་རྐང་རྩེད་སྤོ་ལོ་ཞིག་དང་འདྲ་བར་སྐད་ཅིག་ཉིད་ལ་ཚ་ཐབ་ནས་སྒོ་ཁར་གཡུགས། ངས་ང་ལ་རྡོག་ཐོ་གཞུ་མཁན་སུ་ཡིན་སྙམ་ནས་ཁ་ཕྱིར་འཁོར་དུས། མ་གཞི་དེ་ནི་ཨ་ཕ་རེད། སྐབས་དེར་བྱིས་པ་གཞན་དག་ནི་བྱ་ཚང་ནང་རྡོ་བརྒྱབ་པ་ལྟར་གར་སོང་ཆ་མེད་དུ་གྱུར། ཨ་ཕས་ཨོང་སྒམ་ནང་ནས་མེ་ཐུར་བླངས་ཏེ་ངའི་ངའི་ཕྱོགས་སུ་འོང་གིན་པས། ང་རང་སྒོའི་ཕྱི་ལ་བརྒྱུགས་ཀྱང་གོམ་པ་འགའ་སྤོས་མ་ཐག་ཨ་ཕས་ང་རང་རི་བོང་གླག་གིས་བཟུང་བ་ལྟར་བཟུང་སྟེ་ངའི་ཨོང་མགོར་མེ་ཐུར་གྱིས་བརྡུངས། དེ་ནི་ཨ་ཕས་ཨ་མ་འདས་རྗེས་ང་ལ་གཅར་ཐེངས་དང་པོ་ཡིན། ཉིན་དེར། ངས་ཨ་ཕར་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁོའི་སྟེང་འཚིག་པ་ཟོས་ནས་བསྡད། དགོང་མོར་ཨ་ཕས་བསམ་བློ་ཡང་ཡང་བཏང་རྗེས། ལྕགས་སྐུད་དང་ལྕགས་རྟའི་ལྕགས་ཐག ཤིང་ཆ་སོགས་རྒྱུ་ཆ་བྱས་ནས་ང་ལ་སྨན་རྫས་འགད་བྱེད་ཀྱི་བོའུ་ཐུང་ཞིག་བཟོས་སོང་། ངས་ཨ་ཕས་བཟོས་པའི་བོའུ་དེ་མཐོང་བ་ན། དེ་སྔོན་གྱི་ཞེ་སྡང་ཡང་རྫ་མགོའི་སྨུག་སྤྲིན་བཞིན་དྭངས་པར་གྱུར། ང་ལ་བོའུ་ཞིག་ཡོད་པའི་གསར་འགྱུར་ཅང་མ་འགོར་སྡེ་བ་ཧྲིལ་བོར་ཁྱབ། ད་ནི་སྔོན་ཆད་ང་ལ་ཁ་ཁྲག་སྣ་ཁྲག་ཤོར་དུ་བཅུག་མྱོང་བའི་བྱིས་པ་དེ་དག་གིས་ཀྱང་ངའི་ཁར་ཧ་ཅང་ཉན། རྗེས་སུ་བྱིས་པ་རེ་རེས་ཨ་ཕར་ངོ་དགའ་བྱས་ཏེ་ཚང་མར་བོའུ་རེ་བཟོ་རུ་བཅུག ཨ་ཕ་ནི་མི་བཟང་ཞིག་ཡིན་པས་བྱིས་པ་ཚོའི་རེ་བ་ལྟར་མི་རེར་བོའུ་རེ་བཟོས་སོང་། ང་ཚོས་རང་རང་གི་བོའུ་ཁུར་ཏེ་རྫ་ལུང་དང་རི་ལུང་གང་སར་རྒྱུ་ནས་བྱ་དང་བྱེའུ་ཡི་ཚང་མལ་མང་པོ་གཏོར་མྱོང་། སྐབས་དེར་ཚང་མས་ང་ལ་འགོ་བ་ཞེས་མི་འབོད་པར་ཐད་ཀར་དམག་དཔོན་ཞེས་འབོད་སྲིད། བྱིས་པ་དག་གིས་ང་ལ་དམག་དཔོན་གྱི་མཚན་སྙན་བསྩལ་ན་ཡང་ཁྱིམ་བདག་ཚོས་ང་ལ་གདོན་ཕྲུག་ཅེས་འབོད་སྲིད། ལ་ལས་ལྐོག་ནས“གདོན་ཕྲུག་འདི་རྒད་པོ་རྡོ་རྗེ་བཀྲ་ཤིས་ཀྱི་རྣམ་ཤེས་ཡིན་པ་འདྲ”ཞེས་ཤབ་ཤུབ་སྡིགས་སྲིད།

  ང་རང་དམག་དཔོན་བསྐོས་ནས་ཡུན་རིང་མ་འགོར་བར་ཞང་སྲིད་གཞུང་གི་མི་སྣ་འགའ་ཡོང་ནས་སྡེ་བའི་བྱིས་པ་ཚང་མ་སློབ་གྲྭར་གཏོང་མངག་དགོས། གལ་ཏེ་མི་མངག་ན་ཆད་པ་ལྕི་མོ་གཅོད་རྒྱུ་ཞེས་དྲིལ་བསྒྲགས་བྱས་སོང་། སྐབས་དེར་ང་ཚོའི་སྡེ་བར་བྱིས་པ་སློབ་གྲྭར་གཏོང་བའི་གོམས་སྲོལ་ནི་ཧ་ལམ་མེད། སྲིད་གཞུང་གི་ཡིག་ཆ་འབྱོར་ནས་ཉིན་འགའ་མ་འགོར་བར་སྡེ་བའི་བྱིས་པ་གཞན་དག་རེ་རེ་བཞིན་སློབ་གྲྭར་བསྐྱལ་སོང་། ཨ་ཕས་ང་ལ་སློབ་གྲྭར་སོང་ན་གྲོགས་པོ་མང་པོ་ཡོད་རབས་དང་ཟས་ཞིམ་པོ་ཡོད་རབས་སོགས་ཀྱི་ཁ་ཏ་སློབ་གསོ་མང་དུ་བརྒྱབ་མོད། ངས་ཨ་ཕར“ང་རང་སློབ་གྲྭར་མི་འགྲོ”ཞེས་ཨུ་ཚུགས་བྱས་ནས་ཁོང་གི་རེ་བ་དང་ལེན་མ་བྱས། ཉིན་ཞིག ཨ་ཕས“སློབ་གྲྭར་སོང་ན་བོའུ་ངོ་མར་རེག་ཐུབ་ནི་རེད”ཟེར། སྐད་ཆ་དེ་ནི་ང་ལ་མཚོན་ན་འཇིག་རྟེན་སྟེང་གི་ཆེས་སྙན་པའི་སྐད་ཆ་ཡིན་གྱུར་བས། ངས་སྔ་མོ་ནས་རང་ལ་བོའུ་ངོ་མ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་དང་། མཚམས་རེར་གློག་བརྙན་ལས་མཐོང་བའི་བོའུ་དེ་དག་ངའི་རྨི་ལམ་དུ་ཡང་འཁོར་མྱོང་། ངས་སྐད་ཅིག་ཉིད་ལ་ཨ་ཕའི་རེ་བ་བསྐངས་པ་ཡིན། དེ་ལྟར་ང་རང་སློབ་གྲྭར་འགྲོ་དོན་ནི་བོའུ་ཡི་ཆེད་དུ་ཡིན།

                                   3

  ལོ་དེར། ཨ་ཕས་ཐག་པ་ཞིག་ཁྱེར་ཡོང་སྟེ་ཉལ་ཐུལ་དང་མལ་གདན་ཆ་ཚང་རྟའི་འཕོངས་ལ་བསྡམས་རྗེས། ང་རང་རྟ་ལ་ཞོན་དུ་བཅུག་ཅིང་ཁོང་གིས་རྟ་ཁྲིད་དེ་ངེད་གཉིས་སློབ་གྲྭའི་ཕྱོགས་སུ་གོམ་ཁ་བསྒྱུར། ངེད་གཉིས་ཡུལ་ཚོར་འབྱོར་བ་ན་ཨ་ཕས་གྱང་དཀར་པོའི་སྟེང་ལ་ཡིག་འབྲུ་དམར་པོ་ཆེན་པོ་བྲིས་པ་དེ་ལ་མཛུབ་མོར་ཀེར་ཏེ“ཕར་ཕྱོགས་ན་ཡོད་པ་དེ་སློབ་གྲྭ་རེད”ཟེར། སྐབས་དེར་ངའི་ཡིད་ལ་གྱང་འདིའི་ཕར་ནང་ན་ཡོད་པའི་གྲོགས་པོ་ཚོས་བོའུ་ལ་རེག་གིན་ཡོད་དམ་སྙམ།

  སློབ་གྲྭ་ཟེར་བའི་གཞན་དབང་དུ་གྱུར་བའི་ར་བ་འདིར་འབྱོར་ཏེ་ཉིན་འགའ་འགོར་མོད། ངས་བོའུ་ཞིག་མཐོང་བ་ཕར་ཟད། ཐ་ན་མདེའུ་ཞིག་ཀྱང་མཐོང་རྒྱུ་མི་འདུག སློབ་ཁྲིད་ལ་ཞུགས་པའི་ཉིན་དང་པོར། དགེ་རྒན་ཞིག་གིས་རང་རང་གི་མ་འོངས་པའི་ཕུགས་བསམ་ཤོད་ཟེར། ངས་དགེ་རྒན་ལ“ཕུགས་བསམ་ནི་ཅི་ཞིག་རེད”ཅེས་དྲིས་པ་ན། དགེ་རྒན་གྱིས་ངའི་གདོང་ལ་མིག་གིས་ཕུར་ཚུགས་སུ་ལྟ་བཞིན “མ་འོངས་པར་ཁྱོད་རང་མི་ག་འདྲ་ཞིག་ཏུ་གྱུར་ན་བསམ”ཟེར། སྐབས་དེར་ངའི་ཡིད་ལ་ཉེན་རྟོག་པ་དྲན་བྱུང་། བརྙན་འཕྲིན་སོགས་ཀྱི་ནང་དུ་ཉེན་རྟོག་པས་རྣམ་ཀུན་བོའུ་བཟུང་སྟེ་མི་འཛིན་གྱིན་ཡོད་པ་མཐོང་མྱོང་བས། ངས་དགེ་རྒན་ལ“ང་རང་ཉེན་རྟོག་པ་ཞིག་བྱ་འདོད”ཅེས་ལན་བཏབ། དགེ་རྒན་དགོད་བཞིན་དུ“ཁྱོད་རང་ཉེན་རྟོག་པ་བྱེད་པའི་རྒྱུ་མཚན་ཅི་ཡིན” ཟེར། ངས་མྱུར་དུ“ཉེན་རྟོག་པར་གྱུར་ན་བོའུ་ལ་རེག་ཆོག་པ་རེད”ཅེས་ལན་བཏབ་པ་ན། ཚང་མ་ཧབ་ཆ་དི་རིར་གྱུར།

  ཉིན་ཞག་མང་པོ་ནི་གཙང་བོའི་བཞུར་རྒྱུན་དང་འདྲ་བར་ཕྱིར་ལྡོག་མེད་པར་རྒྱང་དུ་ཆས་མོད། ངས་སྔར་བཞིན་རང་གི་རྨི་ལམ་དུ་འཁོར་མྱོང་བའི་བོའུ་དེ་ལག་པས་རེག་རྒྱུ་ཕར་ཞོག་ཐ་ན་མིག་གིས་མཐོང་བའི་གོ་སྐབས་ཀྱང་མི་འདུག ངས་ཨ་ཕར་སློབ་གྲྭ་ན་བོའུ་མེད་པའི་རྒྱུ་མཚན་གང་མང་བཤད་མོད། ཨ་ཕས་ང་ལ་སློབ་ལ་བརྩོན་པ་བྱས་ན་ཉེན་རྟོག་པ་བྱ་ཐུབ་ནི་རེད། ཉེན་རྟོག་པ་ཡིན་ན་བོའུ་ལ་རེག་ཆོག་པ་རེད། བོའུ་ལ་རེག་འདོད་ན་ཐོག་མར་སློབ་ལ་བརྩོན་དགོས་པ་སོགས་ཀྱི་གནས་ལུགས་དང་རྒྱུ་མཚན་ལུང་བ་གང་བཤད། ངས་དེང་མར་གློག་བརྙན་བརྒྱུད་ནས་མཐོང་བའི་ཉེན་རྟོག་པ་དེ་དག་གིས་ཀྱང་ཆུང་དུས་སློབ་གྲྭ་ནས་དཀའ་སྤྱད་སྡུག་རུས་ཀྱིས་སློབ་ལ་བརྩོན་པ་བྱས་ཏེ་མཐར་ཉེན་རྟོག་པར་གྱུར་བ་མིན་ནམ་སྙམ། དེ་བས་ང་ཡང་ཁོས་བཤད་པའི་སྐད་ཆར་ཡིད་ཆེས་པར་གྱུར། ངས་སློབ་གྲྭ་ནས་ཨ་ཕར་བཤད་རྒྱུའི་རྒྱུ་མཚན་དང་གནས་ལུགས་མང་དུ་གྲ་སྒྲིག་བྱས་ཀྱང་། ཨ་ཕའི་གམ་དུ་འབྱོར་རྗེས། དེ་སྔོན་གྱི་གྲ་སྒྲིག་བྱས་པ་ཚང་མ་སྨུག་སྤྲིན་བཞིན་ཡལ་འགྲོ། ཨ་ཕ་ནི་གནས་ལུགས་འཆད་ཤེས་པའི་རིགས་དེ་ཡིན་པས་ཁོའི་མདུན་ནས་ང་ནམ་ཡང་གནས་ལུགས་སྟོངས་ཤིང་སྨྲ་བ་མེད་པར་སྡོད་དགོས།

  ལོ་རིམ་གཉིས་པའི་སྐབས་སུ། རི་མོ་དགེ་རྒན་ཞིག་ཡོང་ནས་སློབ་མ་ཚར་དེ་རིང་གི་ལས་བྱ་ནི་རང་ཉིད་བྲི་རྒྱུ་དེ་ཡིན། བྲིས་ཚར་རྗེས་ཡར་སྤྲོད་ལ་ཤོག་ཟེར་བཞིན་དུ་བ་རྐང་གཅིག་མེར་བསྒྲོན། དེ་ནས་འདུག་སྟེགས་ཤིག་བླངས་ཏེ་དེའི་སྟེང་དུ་ཙོག་ནས་བསྡད། ངས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་རང་ཉིད་བྲིས། ངས་བྲིས་པའི་རི་མོ་ནིི་བྱིས་པ་ཞིག་གིས་ལག་ཏུ་མེ་མདའ་ཐོགས་ཏེ་མི་ཞིག་སྟེང་འཕེན་བཞིན་པའི་ཚུལ་ཞིག་བྲིས་ཡོད། ངས་ལས་བྱ་བྲིས་ཚར་རྗེས་དགེ་རྒན་ལ་སྤྲད། དགེ་རྒན་གྱིས་ལས་བྱ་ཚང་རྩིོས་བརྒྱབ་རྗེས་འབྲི་དེབ་མཆན་ལ་བཙིར་ཏེ་གཞུང་སྒྲུབ་ཁང་དུ་ཆས། རིང་བོ་མ་འགོར་བར། སློབ་གྲོགས་ཤིག་གིས་རི་མོ་དགེ་རྒན་གྱིས་ཁྱོད་གཞུང་སྒྲུབ་ཁང་དུ་ཤོག་ཟེར། ངས་རྐང་སྣམ་ཡར་འཐེན་ཙམ་བྱས་རྗེས་སྐྲག་མ་འདར་གྱིས་གཞུང་སྒྲུབ་ཁང་དུ་སོང་བ་ན།

  “འདི་ཁྱོས་བྲིས་པ་ཡིན་ནམ། ” རི་མོ་དགེ་རྒན་གྱིས་འབྲུ་དེབ་ངའི་ལག་ཏུ་བཞག སྐབས་དེར་ཁོའི་ངོ་དགོང་ན་དེ་སྔོན་གྱི་བྱམས་བརྩེའི་མེ་ཏོག་དེ་ཡལ་ནས་དེའི་ཤུལ་དུ་སྤྲིན་ནག་ཅིག་འཁྲིགས་འདུག

  “ཡིན་ལགས། ”ངས་འདར་འདར་སིག་སིག་གིས་ཁོའི་ལག་གི་འབྲི་དེབ་ཚུར་བླངས།

  “ ཁྱོས་མི་གསོད་འདོད་པ་ཡིན་ནམ། ”འདི་འདྲའི་སློབ་གསོ་ཞིག་དགེ་རྒན་སུས་བཏང་བ་ཡིན།

  “ མིན། འདི་ཉེན་རྟོག་པ་ཡིན།”

  “ ཉེན་རྟོག་པ་བྲིས་ན་ཅི་བྱ།”

  “ དེ་ངའི་ཕུགས་བསམ་ཡིན། ” ངས་སྐད་གདངས་དམའ་མོས་དེ་ལྟར་ལན་བཏབ།

  “ཉེན་རྟོག་པ་ཡིན་ན་དམག་ལྭ་གྱོན་མེད་པ་ཅི་ཡིན།” ཁོས་དབྱུག་པ་ཆུང་ངུ་དེ་བྱང་ཟོར་ལྡན་པའི་ངང་ནས་ཡར་འདེགས་བཞིན་དེ་ལྟར་སྡིགས།

  “བརྙན་འཕྲིན་ནང་གི་ཉེན་རྟོག་པས་མི་འཛིན་དུས་དམག་ལྭ་གྱོན་མེད། ” ང་སྐྲག་པས་ཁ་ནས་དེ་ལྟར་ཤོར་བ་ན། དེ་གར་ཡོད་པའི་དགེ་རྒན་ཚང་མ་ཧབ་ཆ་དི་རིར་གྱུར་ཏེ་གཞུང་སྒྲུབ་ཁང་འུར་ཟིང་དུ་གྱུར།

  ཁ་བ་བུ་ཡུག་འཚུབ་ཅིང་ཆུ་བོར་འགྲམ་དར་ཆགས་པའི་དགུན་གནང་གི་མཚན་མོ་ཞིག་ལ། ཨ་ཕས་ང་ལ་ཇག་པ་ཞིག་གི་གཏམ་རྒྱུད་བཤད། ངས་བློ་རྣལ་དུ་ཕབ་སྟེ་ཨ་ཕས་བཤད་པའི་གཏམ་རྒྱུད་ལ་ཉན་པའི་བར་གླགས་དེར། གློ་བུར་དུ་ཉེན་རྟོག་པའི་ལྭ་བ་གྱོན་པའི་མི་སྐོར་ཞིག་ཤྭ་འོད་རྒྱུག་པ་བཞིན་ཁྱིམ་དུ་འཛུལ་ཡོང་སྟེ་བའི་ཨ་ཕའི་གཉའ་ནས་བཟུང་ཞིང་ལག་མགོར་ལྕགས་སྒྲོག་བརྒྱབ། ངས་གློ་རྡེག་ཏུ་ངུ་ཞོར་རྩིབ་ན་ཡོད་པའི་རལ་གྲི་དེ་ཤུབས་ལས་ཕྱུང་སྟེ་ཨ་ཕ་མར་འདེད་པའི་ཉེན་རྟོག་པ་དེིའི་སྟེང་རྒྱག་གྲབས་བྱེད་སྐབས། མི་ཞིག་གིས་ངའི་མགོར་ལྐོིག་ལེའི་ཡུ་བས་བརྒྱབ་པས་ང་རང་སྐད་ཅིག་ཉིད་ལ་ནག་ཐོམ་མེར་གྱུར། སྐབས་དེར་ང་ལོ་བཅུ་གཉིས་ཡིན། གལ་ཏེ་ང་རང་ནར་སོན་པའི་མི་ཞིག་ཡིན་ཚེ་ཁོ་ཚོས་ང་རང་ཨ་ཕ་དང་ལྷན་དུ་བཙོན་འཇུག་བྱ་བར་གདོན་མི་ཟ།

  རྗེས་སུ་སྡེ་མི་ཚོའི་ཁ་ནས་གོ་བ་ལྟར་ན། ཉེན་རྟོག་པས་ཨ་ཕ་འཛིན་རྐྱེན་ནི་བོའུ་རྫུན་མ་བཟོས་མྱོང་བས་ཡིན་པ་དང་། དགོང་མོ་དེར་ཉེན་རྟོིག་པ་མང་པོས་ངེད་ཚང་གི་ཁང་བའི་མཐའ་ཡོངས་སུ་བསྐོར་ཡོད་པས། བྱ་ཞིག་མིན་ན་ཐར་ཐབས་བྲལ་ཟེར། ངའི་ཡིད་ལ་བོའུ་རྫུན་མ་ནི་རང་གི་རྩེད་ཆས་ཀྱི་བོའུ་དེ་ཡིན་པར་འདོད་མོད། ཨ་ཁུས་བཤད་ན་ཨ་ཕས་བཟོས་པ་ནི་རྩེད་ཆས་མ་རེད། མི་གསོད་ཐུབ་པའི་བོའུ་རེད་ཅེས་ང་ལ་ལབ་བྱུང་། ཨ་ཕ་བཙོན་འཇུག་བྱས་རྗེས། ང་རང་ཨ་ཁུ་ཚང་ནས་བསྡད་པ་ཡིན། སྐབས་དེར་ང་རང་སློབ་གྲྭར་འགྲོ་འདོད་མ་བྱུང་། ང་རང་ཉེན་རྟོག་པའི་སྟེང་ལ་སྙིང་ལངས་པར་གྱུར། ཉེན་རྟོག་པ་ཞིག་མཐོང་ཙ་ན། སེམས་ཁོང་དུ་གནོན་མི་ཐུབ་པའི་ཞེ་སྡང་གིས་ཁེངས་ཤིང་། དེ་སྔོན་རང་ཉིད་ཉེན་རྟོག་པ་ཞིག་བྱེད་པའི་ཕུགས་བསམ་དེ་ཡང་དུ་སྣེ་ཡི་མེད་བསད་པ་བཞིན་མེད་པར་བཏང་། སྐབས་དེར། ངའི་ཡིད་ལ་ཕུགས་བསམ་ཞེས་པ་ནི་གཏིང་མཐའ་མེད་པའི་མུན་པའི་གཅོང་རོང་རིང་མོ་ཞིག་ཡིན་པར་སྙམ།

                                  4

  ཨ་ཕ་ཉེན་རྟོགས་པས་བཟུང་ནས་ཟླ་འགའ་འགོར་མོད། ངས་སྔར་བཞིན་ཨ་ཕའི་ངོ་གདོང་མཐོང་མ་སོང་། ཐ་ན་རྒྱབ་གཟུགས་ཙམ་ཡང་མཐོང་མ་སོང་། ནམ་རྒྱུན་སློབ་གྲྭ་ནས་ཕྱིར་ཡུལ་ལ་ལོག་ཐེངས་རེར། ཡིད་ལ་ཆེས་ཐོག་མར་དྲན་འོང་བ་ནི་ཨ་ཕ་ཕྱིར་སླེབས་ཡོད་མེད་དེ་རེད། ཕྱིར་སློབ་གྲྭར་འགྲོ་ཁར་ཡང་ཨ་ཁུ་ལ་ཨ་ཕ་ནམ་ཞིག་ཕྱིར་ལོག་རྒྱུ་ཡིན་པའི་སྐོར་འདྲི་བ་ནི་གོམས་གཤིས་སུ་ཆགས།

  ཨ་ཁུ་ཚང་གི་ཞི་ལུ་དེ་མཐོང་ཐེངས་རེར། ངས་ལྷག་ཏུ་ཨ་ཕ་དྲན་བྱུང་། ངའི་ཡིད་ལ་ཕ་མ་གཉིས་འཛོམས་ཀྱི་མི་ནི་ཅི་འདྲིའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་འདོད། ཨ་ཁུ་དང་དང་ཨ་ནེ་གཉིས་ཀྱིས་ང་རང་བུ་བཞིན་གཅེས་མོད། ཡིན་ཡང་ངས་དབེན་འཇགས་ཀྱི་མཚན་མོ་རེ་རེར། ངས་སྒེའུ་ཁུང་ལས་ཁེར་རྐྱང་གི་ཟླ་བ་མཐོང་དུས། ཨ་ཕ་ལྷག་ཏུ་དྲན། རང་ཉིད་ནི་ཟླ་བ་ནང་བཞིན་ཁེར་རྐྱང་དུ་ལུས་པ་ཚོར་བས། དུང་ཟླ་ལྟར་སྒོར་བའི་ངོ་ཕའི་ངོ་གདོང་མཐོང་མངོན་ཡོང་སྟེ་ངའི་ཡིད་ཀྱི་དྲན་གདུང་གི་མུན་པ་མཐའ་རུ་སྤྲད་རྒྱུ་བྱུང་ན་སྙམ། དྲན་གདུང་ཤུགས་དྲགས་དུས། ངས་ཉལ་ཐུལ་གྱིས་མགོ་བོ་བཏུམས་ཏེ་ངུས་པ་བགྲང་གིས་མི་ལངས།

  སྐབས་དེར་ངའི་ཆེས་ཆེ་བའི་ཕུགས་བསམ་ནི་ང་རང་ཉེན་རྟོག་པར་འགྱུར་རྒྱུ་དེ་མིན་པར་ཨ་ཕ་ཕྱིར་ལོག་རྒྱུ་དེ་ཡིན། ཨ་ཕ་བཙོན་ཁང་དུ་སོང་ནས་ལོ་ངོ་གཉིས་ཕྱིན་མོད། ད་རུང་ཡང་ཕྱིར་ལོག་རྒྱུ་མ་སོང་། ངས་ཨ་ཁུ་ལ་ཨ་ཕ་ནམ་ཕྱིར་ལོག་རྒྱུ་ཡིན་པའི་སྐོར་ཡང་ཡང་དྲིས་ཀྱང་། ཁོས་མི་འགྱང་བར་ཕྱིར་ལོག་ངེས་ཟེར། ངའི་སྣང་བ་ཞིག་ལ། མི་འགྱང་བ་ཟེར་བ་ནི་བར་ཐག་ཇེ་ཉེར་འགྲོ་བ་ཞིག་མིན་པར་ཇེ་རིང་དུ་འགྲོ་བ་ཞིག་ཡིན་པར་སྙམ།

  ལོ་དེར། ང་རང་གཞི་ནས་སློབ་ཆུང་ནས་སློབ་མཐར་ཕྱིན་སོང་། ངའི་སྐར་གྲངས་ནི་རྫོངས་ཡོངས་ཀྱི་ཨང་དང་པོ་རེད། སྐབས་དེར་སློབ་མ་ཚོ་དང་ཁྱིམ་བདག་ཚོས་ང་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཀྱང་། ང་ལ་སྤྲོ་སྣང་ཞིག་ཡེ་ནས་མི་འདུག སློབ་གྲྭ་རིམ་པ་དང་རྫོང་རིམ་པས་གནང་བའི་དགའ་རྟགས་དེ་དག ངས་ཨ་ཕར་བསྟན་ན་བསམ། སྔོན་ཆད་སྡེ་མི་ཚོས་གདོན་ཕྲུག་ཏུ་འབོད་པའི་བྱིས་པ་བསམ་མེད་དེ་ད་ནི་ཀུན་གྱིས་ཡིད་སྨོན་སྐྱེས་སའི་བྱིས་པ་རུ་གྱུར་ཡོད་པའི་གནས་ཚུལ་འདི་ཨ་ཕ་ས་གོ་ན་ཁོ་རང་དགའ་སྤྲོ་ཚད་མེད་སྐྱེ་ངེས་སྙམ། ཡིན་ཡང་ངས་སྔར་བཞིན་ཨ་ཕ་མཐོང་མ་སོང་། ཨ་ཕ་མ་མཐོང་བར་ལོ་ངོ་གསུམ་ཏན་ཏན་འགོར། ལོ་ངོ་གསུམ་གྱི་ནང་ངས་ཨ་ཕ་མ་དྲན་པའི་ཉི་མ་གཅིག་ཀྱང་མེད།

  སློབ་གྲྭ་ནས་ཕྱིར་ཕ་ཡུལ་ལ་ལོག་ཐེངས་རེར། ངས་ཨ་ཁུའི་ལག་ནས་ལྡེ་མིག་བླངས་ཏེ་ཕྱིར་རང་ཁྱིམ་ལ་ལོག་པ་ཡིན། ད་ནི་ངེད་ཚང་གི་ཁང་བའི་མཐའ་རུ་རྩ་ལྡུམ་གྱིས་ཁེངས་ཤིང་། ལྷས་ནང་དང་ཁང་མིག་བར་དུ་བྱ་བྱེའུ་ཡི་ཚང་མལ་བཅས་འདུག སྔོན་ཆད་ང་རང་གནམ་ལྡིང་ས་ལྡིང་བྱས་མྱོང་བའི་སྤྲོ་སྐྱིད་ཀྱི་རྒྱལ་ཁམས་འདི་ད་ནི་ནུབ་པར་གྱུར་བའི་ཞིང་ཁམས་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། ངའི་སེམས་པ་གྲང་ཤུར་ཤུར་དུ་སྣང་། སྔོན་ཆད་ཕ་མ་གཉིས་འཛོམས་ཡིན་དུས་ཀྱི་དོན་དག་མང་པོ་ཞིག་ཀྱང་གློག་བརྙན་ཇི་བཞིན་ཡིད་ལ་ཅིག་ཅར་དུ་ཤར་ཡོང་། ངས་མིག་ཆུ་ཁོག་ཏུ་མིད་ཞོར་ཨ་ཕར་བསྒུགས་ནས་བསྡད།

  ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཉིན་ཞིག་ལ། ཨ་ཁུས་ང་རང་དགེ་རྒན་གྱི་གམ་ལ་ཁྲིད་ནས་གནང་བ་ཞུས་སོང་། ཉིན་དེར། ཁོའི་གདོང་ན་ནམ་རྒྱུན་དང་མི་མཚུངས་པའི་སྐྱོ་ཉམས་ཤིག་མངོན་འདུག ངས་ཨ་ཁུ་ལ་ཨ་ཕ་ཕྱིར་སླེབས་པ་ཡིན་ནམ་ཞེས་དྲིས་པ་ན། ཁོས་མགོ་བོ་ལྡེམ་བྱུང་། སྐབས་དེར། ང་རང་ཡིད་འགུལ་ཚད་མེད་ཐེབས་ཤིང་། ཨ་ཁུ་དང་ལྷན་དུ་རླངས་འཁོར་ལ་བསྡད་དེ་ཐད་ཀར་ཕ་ཡུལ་དུ་ལོག

  ལམ་བར་དུ། ཨ ་ཁུས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། དེ་ལྟར་ངེད་གཉིས་སྡེ་བའི་ནང་དུ་འབྱོར་ན། ཨ་ཁུ་ཚང་གི་ཕྱོགས་སུ་དུ་བ་ལང་ལོང་འཕྱུར་བཞིན་འདུག ཅུང་ཙམ་ནས་ཨ་ཁུ་ཚང་གི་སྒོ་ཁར་འབྱོར་སོང་། ཨ་ཁུ་ཚང་གི་སྒོ་ཁ་རུ་རླངས་འཁོར་དང་འཕྲུལ་རྟ་མང་པོ་བཞག་ཡོད་ཅིང་། མི་ཚོགས་ཀྱང་མང་པོ་འདུས་ཡོད། ང་རང་སྤྲོ་སེམས་འཁོལ་བའི་ངང་་བཅས་རླངས་འཁོར་ལས་མར་བབས་པ་ན། སྒོ་ཁ་རུ་རྒྱལ་མཚན་རྩེ་མོ་དང་དར་ཚོན་བཏགས་པའི་དར་ཤིང་རིང་བོ་ཞིག་བཙུགས་ཡོད་པ་མཐོང་། དེ་མུར་ཆོས་འདོན་པའི་སྒྲ་ཞིག་ཀྱང་བྲག་ཅའི་ཚུལ་དུ་ངའི་ཐོས་འཛིན་གྱི་རྣ་བར་རྒྱུ་བས། ད་གཟོད་ངས་གནས་ཚུལ་རྒྱུན་ལྡན་མིན་པ་ཤེས། ང་རང་ཁྱིམ་དུ་འཛུལ་བ་ན། ངས་ཨ་ཕ་མཐོང་མ་སོང་། ངས་མཐོང་བ་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད། སྐད་ཅིག་ཉིད་ལ་ང་རང་རྟབ་རྟབ་པོར་གྱུར། ཨ་ནེ་དང་ཨ་ཁུ། ཨ་མ་རྒན་མོ། ད་རུང་ཁོ་ཚང་གི་ཞི་ལུ་སོགས་བདེ་བར་གནས་འདུག ད་གཟོད་ཨ་ཕར་དོན་དག་བྱུང་འདུག་པ་རྨང་ནས་ཚོར། ཁོ་ཚོས་ང་ལ་འགྲེལ་བཤད་ཅི་ཡང་མ་བརྒྱབ་ཀྱང་། ངས་ཡོད་ཚད་རྟོགས་སོང་། དེང་མར་ཨ་མ་འདས་དུས་ཀྱང་འདི་ལྟ་བུ་ཞིག་མིན་ནམ་སྙམ། ཉིན་དེར། ངའི་མིག་མཐར་མཆི་མ་འཁོར་ཡང་ངས་ཨམ་གཙིགས་བསྡམས་ནས་བསྡད། ཉིན་དེར། ངས་ཧུར་ཐག་གིས་ཤ་ཉེ་དག་དང་ལྷན་དུ་མ་ཎི་བཏོན་པ་ལས། ངས་ངུ་རྒྱངས་མ་བྱས། ནམ་རྒྱུན་སྔས་མགོ་མཆི་མས་བརླན་མྱོང་བའི་ངས་ཨ་ཕ་འདས་པའི་ཉིན་དེར་མིག་ཆུ་མ་བཏོན། ཡིན་ཡང་དགོང་མོར། ངས་ཡང་བསྐྱར་མལ་ཐུལ་གྱིས་མགོ་བོ་བཏུམས་ནས་སྐད་ཆེན་པོས་ངུས་པ་ཡིན། བར་སྐབས་ཤིག་ལ། ཨ་ཁུས་ང་རང་ངུ་བ་ཐོས་པས་ཁོང་རང་ཡོང་སྟེ་ང་ལ་སེམས་གསོ་བྱས་ཤིང་། ཨ་ཕའི་གནས་ཚུལ་ཚང་མ་གསལ་བོར་བཤད།

  “ཕུ་བོར་གློ་ནད་ཡོད་པ་ཁྱོས་ཀྱང་ཤེས་གསལ་རེད། ཁོ་རང་མ་བཟུང་སྔོན་ལ། སྤྱིར་སྨན་པས་ཁོ་རང་ལོ་གཉིས་ཙམ་མ་གཏོགས་གསོན་མི་ཐུབ་ཟེར། ཡིན་ཡང་ཁོ་རང་ད་སྔ་བར་དུ་གསོན་ཐུབ་སོང་བ་འདི་ཁོའི་བསོད་ནམས་རེད། ད་ཁོའི་ཚེ་མཇུག་རྫོགས་སོང་བ་རེད། ནད་ཀྱིས་གཙེས་པའི་སྡུག་བསྔལ་ལས་བཅིངས་གྲོལ་ཐོབ་སོང་བ་རེད། ཁོས་ད་སྔ་བར་རྒྱུ་འབྲས་དང་འགལ་བའི་བྱ་བ་གང་ཡང་བསྒྲུབས་མེད་པས། ཁོ་རང་སྐྱེ་པ་ཕྱི་མར་མི་ལུས་ཐོབ་ངེས། ད་ནི་སེམས་མ་སྡུག ངས་ཁྱོད་རང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་བཞིན་སྐྱོང་།”

  “འོ། ད་རུང་འདི། ཁྱོད་ཀྱི་ཨ་ཕས་ཁྱོད་ལ་སྐུར་བའི་ཁ་ཆེམས་ཡི་གེ་རེད།"ཁོས་གློ་ཁུག་ལས་གཉིས་ལྟེབ་བྱས་པའི་ཤོག་བུ་ཞིག་བླངས་ཏེ་ངའི་ལག་ཏུ་བཞག

  ༄༄།། ངའི་སྙིང་དང་འདྲ་བའི་གཅེས་ཕྲུག་ཁྱོད། ད་ནི་ཕོ་ལོ་བཅོ་ལྔ་རེད། བློ་ཕར་མི་འདྲི་ཞིང་། ཟས་མར་མི་སློང་བའི་ཕོ་ལོ་བཅོ་ལྔ་ཏན་ཏན་རེད། ཁྱོད་རང་མི་ཡུལ་འདིར་ཐོན་ནས་མི་ལོ་བཅོ་ལྔ་འགོར་མོད། ཡིན་ཡང་ཁྱོད་ཀྱིས་མི་ལོ་བཅོ་ལྔའི་རིང་བྱིས་པ་གཞན་དང་འདྲ་བར་ཕ་མའི་བྱམས་བརྩེའི་དྲོད་འཁོལ་ཐོབ་མ་སོང་། དེ་ནི་ཁྱོད་ལ་མཚོན་ན་ཧ་ཅང་འདྲ་མཉམ་མིན་པ་ཞིག་ཡིན། སྤྱིར་ན། ཁྱོས་ཀྱང་བྱིས་པ་གཞན་དག་དང་འདྲ་བར་ཕ་མའི་གམ་ནས་དགའ་སྐྱིད་ཀྱི་འཚོ་བ་སྐྱེལ་ཆོག་ཆོག་ཡིན། ཡིན་ཡང་ལས་དབང་གིས་དེ་འདྲའི་གོ་སྐབས་གནང་མ་སོང་། ཨ་ཕ་ངས་ཁྱོད་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་མ་ཐུབ། དེ་བས་ཨ་ཕས་ཁྱོད་ལ་སེམས་གཏིང་ནས་དགོངས་དག་ཞུ།

  ནུ་བོ་ཡོང་ནས་ཁྱོད་ཀྱི་སློབ་སྦྱོང་གི་གནས་ཚུལ་དང་འཚོ་བ་སོགས་རེ་རེ་བཞིན་ང་ལ་བཤད་ཟིན། ཁྱོད་ཀྱིས་སློབ་གྲྭ་ནས་གཟེངས་རྟགས་མང་པོ་བླངས་པའི་གཏམ་བཟང་གོ་ནས། ང་རང་དགའ་སྤྲོ་དཔག་མེད་སྐྱེས། སྐབས་དེར་ངས་ཁྱོད་རང་ལྟ་འདོད་ཆེན་པོ་སྐྱེས་མོད། ཡིན་ཡང་ཁྱོད་ཀྱི་སློབ་སྦྱོང་ལ་བར་ཆད་གནང་བར་དོགས་ནས་ཁྱོད་ལ་བརྡ་མ་བརྒྱབ། བུ་ཆུང་ལགས། ན་ནིང་ནུ་བོས་ང་ལ་ཁྱོད་ཀྱི་འདྲ་པར་ཞིག་གནང་སོང་། ངས་འདྲ་པར་དེ་ད་སྔ་བར་དུ་རང་གི་སྒོར་ཁུག་གི་བར་དུ་བཅུག་ཡོད་ལ། ཉིན་རེར་ལ་མ་བལྟས་དུས་གཅིག་ཀྱང་མེད། ཁྱོད་ཀྱི་ནར་སོན་གྱི་ཚུགས་ཀ་རིག་ན་ང་རང་ཤིན་ཏུ་ཡིད་མགུ ཁྱོད་ཀྱི་སློབ་སྦྱོང་གི་འབྲས་བུ་ཐོས་ན། ང་རང་ང་རྒྱལ་གྱིས་ཁེངས། ངས་བཙོན་གྲོགས་ཚོར་ངའི་བུ་ནི་སྐྱེས་འབྲས་ལེགས་ཤིང་སློབ་སྦྱོང་ལ་བཟང་ཞེས་ཡང་ཡང་བཤད་མྱོང་། གང་ལྟར། ཁྱོད་ནི་ཨ་ཕའི་ངོམ་ཆོག་ཆོག་གི་ང་རྒྱལ་དང་གཟི་བརྗིད་ཡིན།

  བུ་ཆུང་ལགས། ཁྱོད་རང་ཆུང་དུས་ནས་བློ་རིག་སྐྱེན་ཞིང་དཔའ་ངར་ཆེ། དོན་དག་ཅི་ཞིག་བྱུང་ཡང་དང་ལེན་གནང་ཐུབ་མཁན་ཞིག་ཡིན་པ་ཨ་ཕ་ང་རང་ཡིད་ཆེས་ཆེན་པོ་ཡོད། ཚེ་རབས་འདིར། ཨ་ཕར་ཆེས་འགྱོད་པ་སྐྱེས་པ་ཞིག་ནི་ཁྱོད་ལ་མིག་གིས་འཚོས་ཏེ་ནར་སོན་དུ་མ་བཅུག་པ་དེ་རེད། ངས་ཁྱོད་ལ་ཨ་ཕ་ཞིག་གིས་བུ་ཆུང་ཞིག་ལ་བསྒྲུབ་འོས་པའི་འོས་འགན་དེ་འགྲུབ་མེད་པས། ངས་ཁྱོད་ལ་ཞེ་གཏིང་ནས་དགོངས་དག་ཞུ།

  བུ་ཆུང་ལགས། མི་ནི་དུས་ཚོད་ཀྱི་སྔ་གཞུག་ཙམ་ལས། གང་ལྟར་འཆི་འགྲོ་བ་རེད། ཨ་ཕ་ཤི་རྗེས། ཁྱོད་རང་དེ་འདྲའི་སེམས་སྐྱོ་དགོས་དོན་མེད། ཨ་ཕར་མཚོན་ན། འཆི་བ་ནི་བདེ་གྲོལ་ལོ།།

  ནུ་བོས་ཁྱོད་རང་མུ་མཐུད་དུ་སློབ་གྲྭར་གཏང་རྒྱུར་ཁས་བླངས་ཡོད། ང་རང་ནུ་བོར་ཡིད་ཆེས་ཆེན་པོ་ཡོད། ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་བྱས་ཏེ་མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས། དེ་ནི་ཨ་ཕའི་ཆེས་ཆེ་བའི་རེ་བ་ཡིན། བུ་ཆུང་། མི་ཚེ་འདིར། ང་ལ་ང་རྒྱལ་སྐྱེ་ཆོག་ཆོག་གི་འབྲས་བུ་ཞིག་ཡོད་པ་ནི་ཁྱོད་རང་ངའི་བུ་ཆུང་དུ་གྱུར་བ་དེ་ཡིན། ང་ནི་ཤི་རྗེས་ཀྱང་ཁྱོད་རང་བརྗེད་མི་སྲིད། ཨ་ཕ་ནམ་ཡང་ཁྱོད་ལ་དགའ།

  2006ལོའི་ཟླ10པའི་ཚེས1ཉིན་ཨ་ཕ་རྟ་མགྲིན་སྐྱབས་ཀྱིས་བུ་ཆུང་རྡོ་རྗེ་བཀྲ་ཤིས་ལ་ཕུལ།

  ཨ་ཕའི་ཁ་ཆེམས་བཀླགས་ཚར་རྗེས། ངའི་མིག་ཟུང་ཆི་མས་བརླན་ཞིང་ཡིད་གདུང་ཚད་མེད་སྐྱེས། ད་ནས་བཟུང་ང་ནི་སྐུད་པ་ཆད་པའི་ཤོག་བྱ་ཞིག་དང་འདྲ་བར། ཕ་མ་ཞེས་བློ་འདྲི་ས་དང་ཟས་སློང་ས་ཞིག་མེད་ལ། ཁྱིམ་གཞི་ཞེས་ཅི་མི་སྙམ་པར་འགྲོ་ཆོག་ཆོག་གི་ཁྱིམ་ཚང་ཞིག་མེད། སྐབས་འདིར། ངའི་ཡིད་ལ། ནར་སོན་ཞེས་པ་ནི་རང་ཉིད་འདང་ཤིན་ཏུ་ཆེ་བའི་དངོས་པོ་དག་རེ་རེ་བཞིན་མེད་བརླག་ཏུ་གཏོང་བའི་གོ་རིམ་ཞིག་རེད་འདོད།

                                   5

  ངས་མུ་མཐུད་དུ་གློག་ཀླད་ནང་ལ་ཡི་གེ་རེ་རེ་སོ་ཕག་རྩིག་པ་བཞིན་གཏགས་ཙ་ན། གློ་རྡེག་ཏུ་ཁ་པར་གྱི་འབོད་བརྡ་གྲག་བྱུང་།

  “ ཝེ།”

  “ ཨ་རོ། གསར་འགྱུར་གལ་ཆེན་འགའ་ཡོད་པས། སང་ཉིན་བར་དུ་བསྒྱུར་ཚར་དགོས། མ་ཡིག་ངས་ཁྱོའི་ཡིག་ཟམ་ནང་ལ་བསྐུར་ཟིན། མགྱོགས་པོར་གྱིས”ཞེས་ང་རང་ཁོམ་པ་ཡོད་མེད་ཙམ་ཡང་མི་འདྲི་བར། དམག་སྤྱི་ཞིག་གིས་དམག་དཔོན་ཞིག་ལ་བཀའ་བབས་པ་བཞིན་བཤད།

  སྐད་ཆ་དེ་གོ་རྗེས་ང་རང་བརྩམས་སྒྲུང་འདི་འབྲི་འདོད་མེད་པར་གྱུར། ང་རང་སློབ་མ་ཡིན་དུས་སློབ་གྲྭ་ནས་མཐར་ཕྱིན་རྗེས། རྩོམ་འབྲི་བའི་དུས་ཚོད་མང་ཙམ་ཡོད་ངེས་སྙམ་མོད། མ་གཞིར་དེ་འདྲ་ཞིག་རྦད་དེ་མ་རེད། ད་གཟོད་སློབ་གྲྭ་ན་ཡོད་དུས་ལྷིང་འཇགས་སྒོས་གསར་རྩོམ་གྱི་ལས་ལ་ཞུགས་པའི་ལོ་ཟླ་དེ་དག་དྲན།

  རྫོང་མཁར་འདིར་བྱ་བ་བགོས་རྗེས། ངས་གསར་འགྱུར་རྫུན་མ་རེ་བོད་ཡིག་ཏུ་བསྒྱུར་ནས་ཉི་མ་བསྐྱལ་བ་ཡིན། དེང་མར་ང་རང་ལ་གསར་འགྱུར་དེ་དག་བསྒྱུར་རྒྱུ་ནི་ཅུང་དོགས་མི་བདེ་བའི་ཚོར་བ་སྐྱེས་མྱོང་མོད། ད་ནི་ང་ལ་མཚོན་ན་གསར་འགྱུར་དེའི་རིགས་བོད་ཡུག་ཏུ་བསྒྱུར་རྒྱུ་ནི་ཧ་ཅང་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད།

  ངས་འཐད་ལ་མི་འཐད་པའི་ངང་ནས་རང་གིས་འབྲི་བཞིན་པའི་བརྩམས་སྒྲུང་དེ་ཉར་ཚགས་བྱས་ནས། QQཡིག་ཟམ་གྱི་ཁ་ཕྱེས་པ་ན། ཡིག་ཟམ་དུ་རྫོང་དཔོན་སྐལ་བཟང་རྡོ་རྗེ་དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་འཚམས་འདྲིར་ཕེབས་པ།ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་འགའ་མཐོང་། ངས་དེའི་ཁ་ཕྱེས་པ་ན། རྒྱ་ཡིག་གི་ཡིག་འབྲུ་མང་པོ་གྲོག་ཚང་ནང་རྡོ་བརྒྱབ་པ་ལྟར། ངའི་གློག་ཀླད་ཀྱི་འཆར་ངོས་ཧྲིལ་བོར་ཁྱབ།

  སྤྱིར་ན། དེ་རིང་ངལ་གསོའི་ཉིན་མོ་མིན་ཚེ། ངས་གསར་འགྱུར་འདིའི་རིགས་ཀྱི་ནང་དོན་དོན་དངོས་ཡིན་མིན་ལ་ཁ་ཡ་ཁྱོན་ནས་མི་བྱ་བར་ཐད་ཀར་བོད་ཡུག་ཏུ་བསྒྱུར་སྲིད། ཡིན་ཡང་དེ་རིང་ནི་གཟའ་མཇུག་ཡིན་པས། ང་ལ་མཚོན་ན་འུར་ཟིང་གི་འཇིག་རྟེན་དང་ཁ་གྱེས་ནས་བསམ་བློའི་འཇིག་རྟེན་དུ་འགྲིམས་པའི་སྐལ་བཟང་ཞིག་ཡིན་ཡང་ཁོས་ང་རང་སྐད་ཅིག་ཉིད་ལ་ཕྱིར་འུར་ཟིང་གི་འཇིག་རྟེན་དེར་ཕྱིར་བརྫངས། དོན་ངོ་མར་བཤད་ན། ཁོས་ང་ལ་དེ་འདྲ་བྱས་པ་ཐེངས་མང་པོ་ཡིན། དེང་མར་ང་རང་ལས་ཁུངས་ནང་གི་ལོ་ན་ཆེས་ཆུང་བ་དེ་ཡིན་པས། རྒན་པའི་ཁར་ཉན་ན་ལུགས་མཐུན་ཞིག་རེད་འདོད་དེ། ཁོས་ཅི་གསུངས་དང་ལེན་བྱས་པ་ཡིན། ཡིན་ཡང་དེ་རིང་རྒྱུ་མཚན་གང་ཡིན་མི་ཤེས། ཚོད་ཚོད་ལ་སེམས་ལ་གནོན་མི་ཐུབ་པའི་ཞེ་སྡང་དང་ཁོང་ཁྲོས་ཁྱབ་སྟེ། ཁུ་ཚུར་གྱིས་ཅོག་ཙེའི་སྟེང་ལ་ཤེད་ཀྱིས་གཞུས་པ་ན། ཤེལ་གྱི་ཅོག་ཙེ་དེ་འཕྲལ་དུ་ཧྲུག་ཆག་ཏུ་གྱུར་ཞིང་།

  སློབ་གྲྭ་ན་ཡོད་དུས། རང་གི་《འདོད་པ་ལྟར་གྱི་མི་ཞིག་བྱ》ཞེས་པའི་དཔེ་ཆ་ཞིག་བལྟས་མྱོང་། དེ་དུས་གང་ནུས་ཀྱིས་རང་གི་འདོད་པ་ལྟར་གྱི་མི་ཞིག་བྱ་རྒྱུ་ནི་མི་ཚེའི་རེ་བ་ཆེ་ཤོས་ཡིན་པ་དང་། རང་གི་འདོད་པ་དང་མི་མཐུན་པའི་བྱ་བ་བསྒྲུབ་རྒྱུ་ནི་ཆེས་ཆེ་བའི་སྡུག་བསྔལ་དུ་འདོད་མྱོང་། ད་ལྟ། ཡུལ་མི་དང་སློབ་གྲོགས་མང་ཤས་ཀྱིས་ངའི་ད་ལྟའི་འཚོ་བ་འདི་ལ་ཡིད་སྨོན་སྐྱེས་ཀྱིན་ཡོད་མོད། ང་རང་ལ་མཚོན་ན་རང་ཉིད་ནི་གཞན་དབང་དུ་གྱུར་དྲགས་ཏེ་རང་ཉིད་བོར་ཟིན་པའི་མི་ཞིག་ཏུ་འདོད་ཡོད། རང་ཉིད་བོར་ཟིན་པའི་མི་ཞིག་ལ་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཡོད་སྲིད་དམ། ངས་་སློབ་ཆེན་སྐབས་སུ་སྒེར་ཚུགས་ཀྱི་བསམ་བློ་དང་རང་དབང་དང་དམངས་གཙོ། ཡོངས་ཁྱབ་རིན་ཐང་སོགས་ཀྱི་སྐོར་གླེང་བའི་དུས་ཀྱི་ལོ་ཟླ་དག་དྲན། སྐབས་དེའི་ཧོལ་རྒྱུགས་དང་སྙིང་སྟོབས། མཛའ་བརྩེ་སོགས་རེ་རེ་བཞིན་དྲན་དུས། ངས་ད་གཟོད་རང་ཉིད་ནི་མི་གཞན་ཞིག་ཏུ་གྱུར་སོང་བ་རྨང་ནས་ཚོར། སྣང་བ་སྐྲ་རྩེ་ན་ཡོད་པའི་དུས་སྐབས་དེ་ནི་ངའི་མི་ཚེའི་ནང་གི་རྫོགས་ལྡན་གྱི་དུས་སྐབས་ཡིན་པ་ཤེས། ངས་ལས་གྲོགས་ཚོར་རང་ཉིད་ཀྱི་ཚོར་བ་དེ་བཤད་དུས། ཁག་ཅག་ཅིག་གིས་དེ་ནི་འཚར་ལོངས་ཀྱི་གོ་རིམ་ཞིག་རེད་ཟེར། ཁག་ཅིག་གིས་ང་ནི་བསྟུན་ཤེས་ལ་མཁས་པའི་མི་ཞིག་རེད་ཟེར།

  ང་རང་ལས་ཁུངས་འདིར་ཐོག་མར་འབྱོར་དུས། ངས་སྐྲ་ལོ་རིང་བོ་ཞིག་བཞག་ཡོད། ང་ལ་མཚོན་ན་སྐྲ་ལོ་ནི་སྲོག་བཞིན་འདང་ཆེ། ང་རང་ཆུང་དུས་ནས་སྐྲ་ལོ་རིང་བོ་འཇོག་པར་དགའ། སློབ་མ་ཡིན་དུས་སྐྲ་ལོ་རིང་བོ་ཞིག་འཇོག་འདོད་ཀྱང་དགེ་རྒན་དེ་དག་གིས་ཁེ་གྲི་བསྣམས་ཡོང་ནས་མགོ་རྡོ་བྱས་པ་བགྲང་གིས་མི་ལངས། སློབ་མ་ཡིན་དུས་སྐྲ་ལོ་རིང་བོ་ཅན་གྱི་མི་དག་ལ་གཏིང་ནས་ཡིད་སྨོན་ཤོར་མྱོང་ལ། རང་ཉིད་ཀྱིས་མ་འོངས་པར་སྐྲ་ལོ་རིང་བོ་འཇོག་རྒྱུའི་དམ་བཅས་པ་ཡིན།

  ཡིན་ཡང་། ང་ཚོའི་ལས་ཁུངས་ཀྱི་མགོ་གཙོ་ཡིས་ང་ལ་ཡང་དང་བསྐྱར་དུ་སྐྲ་ལོ་ཇེ་ཐུང་དུ་གཏོང་དགོས་པའི་བསམ་འཆར་བཤད་པས། མཐར་ངས་རང་གི་སྲོག་དང་འདྲ་བའི་སྐྲ་ལོ་དེ་བཞར་དུ་བཅུག་པ་ཡིན། ངས་ཕྱིར་འདང་ཞིག་བརྒྱབ་ན། དེ་ནི་སྐྲ་ལོ་བཞར་བ་དེས་རང་ཉིད་འབོར་བའི་སྔ་ལྟས་ཡིན་པ་མཚོན།

  ངས་ཁྲག་འཛར་བའི་རང་གི་ལག་པ་སྐྱོར་བཞིན། འཐེན་སྒམ་གྱི་འགྲམ་ལ་སོང་སྟེ་ཆེད་དུ་རྨ་སྦྱོར(创可贴)ཞིག་ཡོད་པ་དེ་བླངས་ཏེ་རྨ་ཁར་སྦྱར་ཏེ་ཧྲུག་ཆག་སོང་བའི་ཤེལ་དག་གཙང་དག་བྱས། གློག་ཀླད་གཙང་མར་ཕྱིས། དེ་ནས་སླར་ཡང་རྟོག་བཟོའི་འཇིག་རྟེན་དུ་ཆས།

                                           6

  དེ་ལྟར། ངས་ཨ་ཕའི་ཁ་ཆེམས་ལྟར་སློབ་ལ་འབད་འབུངས་བྱས་པས་ང་རང་འབྲིང་རྒྱུགས་དང་མཐོ་རྒྱུགས་གཉིས་ཀྱི་ཁྲོད་ནས་ཁུལ་ཡོངས་ཀྱི་ཨང་དང་པོར་གྱུར་ཏེ། རང་གི་ཕུགས་བསམ་གྱི་སློབ་ཆེན་ཏེ། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པར་གྱུར། སྐབས་དེར་ངའི་གཉེན་ཉེ་དག་གིས་ང་ལ་རྒྱབ་སྐྱོར་བླ་ལྷག་བྱེད། ཁོ་ཚོས་བུ་རང་སྐྱེས་གནམ་གྱིས་མི་ཁོག་ཅེས་པ་འདི་འདྲ་ཞིག་ལ་གོ་བ་མིན་ནམ་ཞེས་ང་ལ་བསྟོད་བསྔགས་བྱེད་པ་དང་། ང་ནི་ཁྱིམ་རྒྱུད་འདིའི་མི་ཚང་མས་ང་རྒྱལ་དང་གཟི་བརྗིད་དུ་འདོད་བཞིན་འདུག

  ང་ལ་མཚོན་ན་སློབ་འབྲིང་གི་སྐབས་དེར་ཡིད་སེམས་སྡུག་གིས་ཁེངས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་སེམས་ཤུགས་ཡོད་རྒུ་སློབ་སྦྱོང་ཁོ་ནའི་སྟེང་བཀོལ་བ་ཡིན། སློབ་སྦྱོང་བྱས་ན་གཟོད་ངས་ཁེར་རྐྱང་དང་སྡུག་བསྔལ་མི་ཚོར། ང་ལ་མཚོན་ན་དཔེ་ཆ་ནི་དུས་ཚོད་སྐྱེལ་སྤྱད་ཆེས་ལེགས་པོ་དེ་ཡིན་པར་འདོད།

  ང་རང་པེ་ཅིན་དུ་ཆས་ནས་རིང་བོ་མ་འགོར་བར་ཟླ་བ་སྒྲོལ་མ་དང་ངེད་གཉིས་དགའ་གྲོགས་སུ་ཆགས། སློབ་ཆེན་གྱི་ལོ་ངོ་བཞིའི་རིང་ངེད་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་མྱོང་། སློབ་གྲོགས་ཚོས་ཁོ་མོ་ནི་དཔོན་པོའི་བུ་མོ་ཡིན་པས། ང་རྒྱལ་ཆེ་གི་ཞེས་བཤད་མོད། ང་ལ་དེ་འདྲའི་ཚོར་བ་ཞིག་སྦྱིན་མ་མྱོང་། མོ་ནི་ཞི་དུལ་དང་བག་ཡོད་ཀྱི་བུ་མོ་ཞིག་ཡིན། སྐད་ཆ་བཤད་པའི་ཚེ། རྒྱུན་དུ་གདོང་ན་འཛུམ་ཞིག་མངོན་ཡོད། དེ་ནི་མོའི་ཁྱད་ཆོས་གཙོ་བོ་ཡིན། མོ་ནི་དགའ་སྡུག་ངོ་ན་ཤར་བའི་མི་ཞིག་ཡིན་མོད། ཡིན་ཡང་མོ་སྐྱོ་བའི་ཚུལ་མཐོང་བ་ནི་ཤིན་ཏུ་དཀོན། མོ་དང་མཉམ་འཛོམས་བྱེད་ཐེངས་རེར་མོ་ཁོ་ནས་ང་རང་དགོད་དུ་འཇུག་ཐུབ་ལ་ངུ་རུ་འཇུག་ཐུབ་བམ་སྙམ།

  ང་རང་དེང་ཐོག་པེ་ཅིང་ལ་འབྱོར་རྗེས། ཡིད་སེམས་སྔར་བཞིན་སྡུག་གིས་ཁེངས་ཡོད། ནམ་རྒྱུན་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་ཐེངས་རེར་གཞན་པའི་བཟའ་མི་ལྷན་དུ་འཛོམས་ནས་དགའ་སྐྱིད་དཔལ་ལ་རོལ་བའི་ཚུལ་དེ་དག་མཐོང་བ་ན། ངས་རང་གི་ཕ་མ་གཉིས་བླ་ལྷག་དྲན། དེ་བས་ང་རང་སློབ་གྲྭའི་ཕྱི་ལ་འགྲོ་ཐེངས་ཤིན་ཏུ་ཉུང་། ང་རང་དཔེ་ཁང་དང་ཉལ་ཁང་། སློབ་ཁང་གསུམ་ལས་འགྲོ་ས་ཞིག་མེད། རྒྱུ་མཚན། དཔེ་ཁང་དང་ཉལ་ཁང་། སློབ་ཁང་སོགས་ལས་སྡོད་དུས་དུས་ཚོད་ཤིན་ཏུ་མགྱོགས་པོ་འདུག

  ང་ནི་སེམས་ཕྱིར་མངོན་པར་མི་དགའ་མཁན་ཞིག་ཡིན་པས། སློབ་གྲོགས་ཚོར་སེམས་གཏམ་ཕར་གླེང་ཚུར་བྱས་མྱོང་མེད་པས། སེམས་གཏམ་གློད་ཆོག་ཆོག་གི་གྲོགས་པ་ཞིག་ཀྱང་མེད། སློབ་གྲོགས་བུ་མོ་ཁ་ཁེར་གྱིས“ཁོ་ནི་དགའ་རོགས་དང་འགལ་བས་ངོར་སྡུག་གིས་ཁེངས་འདུག ”ཟེར་བ་དང་། ལ་ལས་ལྐོག་ཏུ“དཔེ་ཆ་བ་འདིས། འཚོ་གནས་ལ་སྙིང་བོ་མེད་པ་རྟོགས་ཡོད་པ་འདྲ”ཞེས་ཟུར་ས་འདྲེས་མའི་སྐད་ཆ་མང་པོ་ཞིག་རྒྱུན་པར་སློབ་གླིང་ཧྲིལ་བོར་ཁྱབ་འདུག

  ཟླ་བ་སྒྲོལ་མ་ངོ་ཤེས་ཏེ་དགའ་གྲོགས་སུ་ཆགས་རྗེས། ངའི་དེ་སྔོན་གྱི་གཤིས་ཀར་འགྱུར་བ་ཆེན་པོ་ཐེབས། ངས་ཆེད་དུ་མོ་ལ་བསྟུན་ཐབས་བྱས་པ་མིན་མོད། གང་ལྟར་མོའི་མདུན་ནས་ངའི་ཡོད་ཚད་ལ་རང་དབང་མི་འདུག ནམ་རྒྱུན་གཟའ་མཇུག་ལ་ཐོན་ན། མོ་དང་མཉམ་དུ་གློག་བརྙན་ཁང་ལ་སོང་སྟེ་སྐད་གྲགས་ཆོད་པའི་གློག་བརྙན་ལ་བལྟ་བ་དང་། ཇ་ཁ་དང་ཆང་ཁ་ནས་སློབ་གྲོགས་གཞན་དང་ལྷན་དུ་བསམ་བློ་བརྗེ་རེས་བྱ་རྒྱུ་ནི་ངའི་འཚོ་བར་མེད་མེད་རུང་བ་ལྟ་བུ་ཞིག་ཏུ་གྱུར། དེ་ལས་ཀྱང་སྨྲ་བ་ཉུང་ལ་གདོང་ན་འཛུམ་དེ་ལས་ཉུང་བའི་ང་ནི་སྨྲ་བ་ཇེ་མང་དུ་གྱུར་ཞིང་། འཛུམ་མདངས་ཀྱང་ལྡབ་ཀྱིས་ཇེ་མང་དུ་འགྲོ་བཞིན་འདུག

  ངེད་གཉིས་ཐོག་མར་ངོ་ཤེས་དུས་མོས་ང་ལ་རྒྱའི་རྩོམ་པ་པོ་སན་མོ་དང་ཧ་ཞི། ཨེ་ལེན་གྱི་སྙན་ངག་པ་ཡི་ཚི་དང་འཁྲབ་སྟོན་པ་མོ་ཏི་ཀང་། ཞུས་ཀྲི་མོ་དང་ལིན་ཧྥུའུ་ཡུས་སོགས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ཆ་ཚང་བཤད་མྱོང་ལ། མོ་ཡིད་འགུལ་ཐེབས་པའི་ངང་ནས“ཁོང་ཚོའི་མངར་ལ་སྐྱུར་བའི་བརྩེ་དུང་གི་གཏམ་རྒྱུད་དེ་ནི་ནམ་མཁའ་ནས་གློག་འཁྱུག་པ་ལྟ་བུ་ཞིག་ཡིན་མོད། ཡིན་ཡང་ཁོང་ཚོའིི་བརྩེ་དུང་གི་བདེན་པ་དེ་མི་རབས་ནས་མི་རབས་སུ་བརྗོད་གཞི་རུ་གྱུར་འདུག”ཅེས་ཡིད་སྨོན་བྱས། སྐབས་དེར་ངས་མོ་ལ་ཡི་ཚིས་མོ་ཏུ་ཀང་ལ་བྲིས་པའི<<ནམ་ཞིག་ཁྱོད་རང་རྒས་པར་གྱུར་ན>>ཞེས་པའི་སྙན་ངག་དེ་གྱེར་མྱོང་ཞིང་མོས་ང་རང་ལན་ཧྥུའུ་ཡུས་ཀྱིས་བྲིས་པའི<<ཁྱོད་ནི་མི་ཡུལ་གྱི་དབྱར་ཟླ་བཞི་བ་ཡིན>>ཞེས་པའི་སྙན་ངག་དེ་གྱེར་མྱོང་།

  མཚན་མོ་ཞིག་ལ། ངེད་གཉིས་ཟླ་བ་དཀར་པོ་ཞེས་པའི་ཆང་ཁང་ཞིག་ཏུ་སོང་སྟེ་ཆང་འཐུངས། དགོང་མོ་དེར་མོ་ཅུང་བཟི་སོང་། མོའི་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་གིས་ངའི་གདོང་ལ་ཕུར་ཚུགས་སུ་བལྟས་ནས། “ གལ་ཏེ་ང་རང་གློ་བུར་གློ་བུར་དུ། མཁའ་མཐའ་ནས་སྐར་མདའ་ལྟུང་བ་ལྟར་འཇིག་རྟེན་འདི་དང་གཏན་བྲལ་བྱས་ན། ཁྱོད་ཀྱིས་ཅི་ཞིག་བྱ”ཟེར། ངས་མོར་ལན་ཅི་ཞིག་འདེབ་དགོས་པ་མ་དྲན་པས། འཕྲལ་དུ“བཀྲ་མི་ཤེས་པའི་སྐད་ཆ་དེ་འདྲ་མ་བཤད”ཅེས་བཤད་མོད། མོ་དགོད་བཞིན་དུ ། “ གལ་ཏེ། ཁྱོད་རང་འཇིག་རྟེན་འདི་དང་གཏན་བྲལ་བྱས་ན། ང་རང་སྨན་འཚོང་ཚེ་སྐྱིད་ལྟར་ཇོ་མོ་བྱ་རྒྱུ”ཟེར། སྐབས་དེར་ང་རང་ཁོང་ཁྲོ་ལངས་ཏེ་མིག་མདུན་ན་ཡོད་པའི་ཝུ་ཆང་དམ་བུ་གཅིག་ཡར་བཀྱགས་ཏེ་དབུགས་ཐེངས་གཅིག་གིས་འཐུངས་རྗེས "ཁྱོས་བཀྲ་མི་ཤིས་པའི་སྐད་ཆ་དག་དག་བཤད་ནས། སུན་པ་ལ་ཨང་།”ཟེར་བཞིན་མོ་གཅིག་པུ་བསྐྱུར་ནས་ཕྱིར་སློབ་གྲྭའི་ཕྱོགས་སུ་སོང་། ང་རང་ཉལ་ཁང་གི་སྒོ་ཁར་འབྱོར་བ་ན། མོས་ང་ལ་ཁ་པར་བཏང་བྱུང་།”

  “ཝེ། རྡོ་རྗེ། སྐྱེས་པ་འགས་ང་ལ་ཐུབ་ཚོད་བྱེད་གི ”

  “ཨ། ཁྱོད་ད་རུང་ཆང་ཁང་ནང་ན་ཡོད་དམ།”

  “ཡོད། ཁྱོད་རེམ་མར་ཤོག” ང་ནི་རྟོད་ཐག་ལས་ཤོར་བའི་རྟ་མཆོག་བཞིན་ཕྱིར་སློབ་གྲྭའི་རྒྱ་སྒོའི་ཕྱོགས་སུ་རྒྱུགས་ཤིིང་། རྒྱ་སྒོའི་མདུན་ལ་ཐོན་ཙ་ན། མྱུར་བར་གླ་གཏོང་རླངས་འཁོར་ཞིག་བཀག་སྟེ་ཐད་ཀར་ཟླ་བ་དཀར་པོ་ཞེས་པའི་ཆང་ཁང་དེའི་ཕྱོགས་སུ་སོང་། ངས་ཁ་ལོ་བར་རླངས་འཁོར་ཇེ་མགྱོགས་སུ་གཏོང་དགོས་པར་བཤད་མོད། རླངས་འཁོར་གྱི་གཙང་བོའི་ཀློང་ན་ཡོད་པའི་ངའི་སྣང་བ་ཞིག་ལ་ང་བསྡད་པའི་རླངས་འཁོར་ནི་སྦལ་བ་ནུར་འགྲོས་ཤིག་དང་མཚུངས། ནམ་རྒྱུན་ཕར་འགྲོ་ཚུར་འོང་བྱེད་དུས། གློག་དམ་ཡང་དེ་འདྲ་མང་པོ་ཞིག་བརྒྱུད་མི་དགོས་མོད། དོ་ནུབ་གློག་དམར་དེ་འདྲའི་མང་པོ་ཞིག་བརྒྱུད་དགོས་དོན་ཅི་ཡིན། ཡོད་ཚད་ཀྱིས་ང་ལ་ཀུ་རེ་རྩེ་བཞིན་པ་ཡིན་ནམ་སྙམ།

  ང་རང་རླངས་འཁོར་ལས་མར་བབས་རྗེས་མདའ་འཕངས་པ་ཆང་ཁང་ནང་ལ་རྒྱུགས། ང་དེ་སྔ་ངེད་གཉིས་འདུག་སའི་གནས་དེར་སོང་མོད། ངས་མོ་མཐོང་མ་སོང་། ང་རང་དངངས་སེམས་ཤིག་སྐྱེ་བཞིན་ཆང་ཁང་གི་ཁང་མིག་ཆུང་ངུ་རེའི་སྒོ་ཕྱེ་ནས་མོ་རང་བཙལ། ངས་ཁང་མིག་ཕྱེད་ཙམ་ལ་བལྟས་མོད། སྔར་བཞིན་མོ་མཐོང་མ་སོང་། ངས་མོ་ལ་ཁ་པར་ཞིག་གཏང་དགོས་བསམས་ནས་ཁ་པར་ཡར་བཀྱགས་ཏེ་རྣ་སྒོར་སྦྱར་ཞོར་ཁང་མིག་གཞན་ཞིག་གི་སྒེ་ཕྱེ་པ་ན། ནུབ་ལྭ་ཆ་ཚང་གྱོན་པའི་པའི་སྟག་ཤར་ཞིག་གིས་མོར་ཆང་ལྡུད་བཞིན་འདུག ང་རང་ནང་དུ་སོང་སྟེ་མོའི་ལག་མགོར་འཇུས་ནས་མར་འཁྲིད་གྲབས་བྱས་པ་ན། ནུབ་ལྭ་ཆ་ཚང་གྱོན་པའི་ན་གཞོན་དེས་ཀ་ར་དབུགས་རྒྱག་ལྡད་ཀྱིན་ལག་པས་ཤེལ་ནག་ཡར་འདེད་ཞོར། “ཁྱོད་མོའི་ཅི་ཡིན། ”ཟེར།

  “ང་ནི་མོ་དགའ་གྲོགས་ཡིན། ”

  "མོ་རང་ཞི་མོ་སྙིང་རྗེ་མོ་ཞིག་འདུག ཁྱོའི་དགའ་གྲོགས་འདི་ང་ལ་ཞག་མ་གཅིག་ལ་གཡར་ན་ཆོག་གམ”ཁོས་དགོད་བཞིན་དེ་ལྟར་བཤད། སྐབས་དེར་ཁོའི་འགྲམ་གྱི་མི་དེ་གཉིས་ཀྱིས་ངའི་འགྲོ་ལམ་བཀག་སྟེ། ”ངེད་ཚང་གི་སྐུ་ངོར་ཁ་ངོ་ཞིག་བྱིན་ན་མི་ཆོག་གམ ”ཟེར། སྐབས་དེར་ངའི་སེམས་ལ་ཁོང་ཁྲོའི་མེ་ལྕེ་འབར་བས་ཅོག་ཙེའི་སྟེང་བཞག་པའི་ཤེལ་དམ་ཞིག་བླངས་ནས་སྐད་ཆ་དེ་བཤད་མཁན་གྱི་མི་དེིའི་མགོར་བརྒྱབ་པ་ན། ཁོ་རང་དབུགས་ཤོར་བའི་ལྒང་ལི་ལྟར་ཐང་དུ་འགྱེལ། སྐབས་དེར་ངའི་ལྟག་རྒྱབ་ནས་མི་ཞིག་གིས་ངའི་མགོ་ལ་ཤེལ་དམ་གྱིས་བརྒྱབ་སྟེ་ངའི་མགོ་བོ་ནག་འཐོམས་མེར་བཏང་ལ། ཟླ་བ་སྒྲོལ་མའི་ངུ་སྐད་ཅིག་ལས་ཅི་ཡང་ཐོས་མ་སོང་།

  ང་རང་གཉིད་ལས་སད་དུས་སྨན་ཁང་དུ་འདུག ངའི་མགོ་བོ་སེང་རས་ཀྱིས་བཏུམས་ཡོད་ལ་ད་དུང་ཡང་ན་ཟུག་ཆེན་པོ་སྐྱེས། ངས་མིག་ཟུང་ཆེས་ཆེར་ཕྱེ་ནས་ལྟ་དུས། ཟླ་བ་སྒྲོལ་མ་ངའི་མལ་ཁྲིའི་འགྲམ་དུ་གཉིད་འདུག མོ་མདང་ནུབ་མཚན་གང་བོར་གཉིད་སྐྱིད་པོ་ཞིག་མ་ཡོང་བ་ཁོ་ཐག་རེད། སྐབས་དེར་མོས་སྔུར་བ་ལྷོག་ལྷོག་ཏུ་འཐེན་བཞིན་འདུག སྐབས་དེའི་མོའི་ཚུགས་ཀ་ནི་ཤིན་ཏུ་སྙིང་ཉེ་བ་ཞིག་ཏུ་འདུག ངས་གཉིད་དུ་ཡུར་བའི་མོའི་ཉམས་ལ་ལྟ་དུས་སེང་རས་ཀྱིས་བཏུམས་ཡོད་པའི་ངའི་མགོ་བོའི་ན་ཟུག་ཀྱང་ཇེ་ཡང་དུ་སོང་བའི་སྣང་བ་བྱིན། སྐབས་དེ་ནས་བཟུང་། ང་རང་ཚེ་གང་བོར་བུ་མོ་འདི་གཅིག་པུ་མ་གཏོགས་གཞན་པར་དགའ་མི་སྲིད་སྙམ་པ་དང་། མོ་ནི་ང་རང་གི་དབང་ཐང་དང་འབྱོར་ཕྱུག་ཏུ་རློམ།

                                     7

  ང་རང་མུ་མཐུད་དུ་སྒྲུང་གི་འཇིག་རྟེན་ནས་སྡོད་སྐབས། སླར་ཡང་ཁ་པར་གྱི་འབོད་བརྡས་ང་རང་ཕྱིར་དངོས་ཡོད་ཀྱི་འཇིག་རྟེན་ལ་བརྫངས།

  “ཝེ། དེ་རིང་ངའི་སྐྱེས་སྐར་ཡིན། དོ་ནུབ་དུས་ཚོད་བརྒྱད་ཀྱི་སྟེང་ཉི་འོད་བོད་ཟས་གླིང་དུ་ཕེབས་རོགས།”དེ་ནི་ངའི་ལས་གྲོགས་ཚེ་སྐྱིད་རེད།

  “ང་ལ་དོན་དག་ཅིག་འདུག དོ་ནུབ་ཕལ་ཆེར་ཡོང་ཐུབ་རྒྱུ་མ་རེད། ”

  “དོ་ནུབ་ཤོག་དང་མོ་རྐྱང་ཡག་མ་འགའ་ཡོད། གོ་སྐབས་ཡིན་ས་རེད།”

  “ང་ལ་ངོ་མ་དོན་དག་གལ་ཆེན་ཞིག་ཡོད། ”ཅེས་བཤད་མཚམས་བཅད་པ་དང་། མོའི་སྐད་འཕྲིན་སྒང་དུ་སྒོར་བརྒྱའི་ཁུག་དམར་བསྐུར་ཏེ་མོའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་ཡིན།

  སྐབས་འདིར། ངའི་ལུས་པོ་ཤིན་ཏུ་ངལ་ལ། གླལ་སྒྱངས་ཐེངས་ཤིག་བྱེད་ཞོར་འབོལ་ཁྲིའི་སྟེང་ཀན་རྐྱལ་དུ་ལོག་སྟེ་ཆུ་ཚོད་ག་ཚོད་ལོན་པར་བལྟས་པ་ན། ཆུ་དྲོའི་ཆུ་ཚོད་དྲུག་ཏག་ཏག་རེད། ངས་འཐུང་འཕྲོར་ལུས་པའི་ཆང་དམར་དེ་པི་ཙིའི་ནང་བླུགས་ཏེ་ཤེལ་སྒོའི་ཕྱོགས་སུ་སོང་སྟེ་ཕྱི་རོལ་གྱི་ཁོར་ཡུག་ལ་བལྟས། ནམ་ཟླ་དགུན་ཁར་འཁེལ་བས། ད་ནི་ས་ཡོངས་སུ་རུབ་སོང་། གློག་འོད་ཟ་ཟིའི་ཁྲོད་དུ། རླངས་འཁོར་གྱི་གཙང་བོ་ཤེད་ཀྱིས་བཞུར་ལ། མཚམས་མཚམས་སུ་མི་ཁ་ཁེར་འདུར་རྒྱུག་བྱེད་མུས་འདུག སྐབས་དེར་རླུང་གིས་ཁུར་བའི་འགྱིག་ཁུག་ཅིག་བར་སྣང་ལ་ཁུར་ཞིང་མཐར་རྒྱང་ནས་རྒྱང་དུ་ཁུར་ཏེ་ངའི་མཐོང་ལམ་ནས་བོར། སྐབས་དེར། ངས་རང་ཉིད་ནི་འགྱིག་ཁུག་འདི་དང་འདྲ་བར་ཁེར་རྐྱང་དུ་ལུས་པ་རྨང་ནས་ཚོར། ངས་ཀྱང་ནམ་ཞིག རང་ཉིད་ཀྱང་འགྱིག་ཁུག་ཇི་བཞིན་མི་ཚོགས་ཀྱི་མཐོང་ལམ་ནས་ཡལ་འགྲོ་ངེས་སྙམ།

  དེ་རིང་ཉིན་གང་བོར་ཟ་མ་མ་ཟོས་པས། རྣམ་ཀུན་དང་འདྲ་བར་འོག་གི་བོད་ཟས་ཁང་དེར་ཁ་པར་བཏང་ནས་ཟ་མ་ཞིག་ཁྱིམ་དུ་བསྐྱལ་དུ་བཅུག་པ་ཡིན། ཟ་མ་ཟོས་རྗེས་ང་རང་མུ་མཐད་དུ་སྒྲུང་གི་འཇིག་རྟེན་དུ་འགྲིམ།

  ཁྱོད་དགའ་ང་དུང་གི་སློབ་ཆེན་གྱི་འཚོ་བ་མཇུག་རྫོགས་རྗེས། ངེད་གཉིས་ཕྱིར་ཕ་ཡུལ་དུ་ལོག མོ་རང་ཐོབ་གོ་ས་ཅན་གྱི་བུ་མོ་ཡིན་པས། སློབ་མཐར་ཕྱིན་ནས་ཅུང་མ་འགོར་བར་རྫོང་སློབ་གསོ་ཅུའུ་རུ་ལས་བགོས་གནང་སོང་། ང་ཡིས་ཁུལ་ཐོག་གི་དཔེ་མཛོད་ཁང་ཆུང་ཆུང་ཞིག་གི་ཞབས་ཞུ་བ་བྱས་ནས་བསྡད་ཡོད། ངེད་གཉིས་ལུས་ནི་ཁ་ཁར་གནས་ཡོད་ཀྱང་ཕན་ཚུན་ལ་བཅངས་པའི་བརྩེ་བར་འགྱུར་བ་ཅི་ཡང་མ་ཐེབས། ཁོ་མོས་ལོ་གཅིག་གི་རྗེས་ནས་ངེད་གཉིས་གཉེན་སྒྲིག་རྒྱུར་བྱས།

                                   8

  གཟའ་ཉི་མའི་ནངས་དུས། ང་རང་གཉིད་ལས་སད་མ་ཐག་ཁ་པར་གྱི་སྒོ་ཕྱེ་བ་ན། མོས་ངའི་སྐད་འཕྲིན་དུ། “ཁྱོད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ། དོ་ནུབ་ང་རང་ཆེད་དུ་ཁྱོའི་སྐྱེས་སྐར་རོལ་དུ་ཡོང་རྒྱུ། ཁྱོད་ཀྱི་གྲོགས་པོ་དག་ལ་བརྡ་རྒྱོབས་དང་དོ་ནུབ་སྐྱིད་པོ་ཞིག་རྩེ"ཞེས་བསྐུར་འདུག ད་གཟོད་དེ་རིང་ནི་རང་ཉིད་ཀྱི་སྐྱེས་སྐར་ཡིན་པ་རྨང་ནས་ཚོར། གལ་ཏེ། མོས་ང་ལ་གསལ་འདེབས་མ་བྱས་ན་ངས་རང་ཉིད་ཀྱི་སྐྱེས་སྐར་གྱི་ཉི་མ་ཡང་བརྗེད་ལ་ཉེ། སློབ་ཆེན་སྐབས་སུ། སྐྱེས་སྐར་རོལ་རྒྱུ་ནི་གལ་ཆེན་ཞིག་ཡིན་པས་སྐྱེས་སྐར་མ་རོལ་དུས་གཅིག་ཀྱང་མེད།

  ཕྱི་དྲོར། ངས་རང་གི་ཉེ་གྲོགས་དག་ལ་རེ་རེ་བཞིན་ཁ་པར་བཏང་སྟེ་གདན་འདྲེན་ཞུས།

  ས་སྲོད་སླེབས་བྱུང་ངམ། མོ་ད་རུང་སླེབས་མ་སོང་། ངའི་སེམས་མ་བདེ་བར་མོར་ཁ་པར་ཞིག་བརྒྱབ། “ད་རུང་མ་ཐོན་ནམ”

  “ རེས་འཁོར་གྱི་རྗེས་མ་ཆོད་པས་ད་ནི་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ཡོང་གི་ཡོད། ཅུང་ཙམ་ནས་ཐོན་ཡོང”

  གྲོགས་པོ་དག་རེ་རེ་བཞིན་ངས་བཤད་པའི་ས་གནས་རུ་འབྱོར་ཏེ་ང་ཚོས་ཟ་མ་ཡང་བདམས་ཟིན་མོད། མོ་ད་རུང་སླེབས་མ་བྱུང་། ངས་བསྐྱར་དུ་མོར་ཁ་པར་ཞིག་བཏང་བ་ན།

  “ཁྱོས་གཏོང་བཞིན་པའི་ཁ་པར་ལེན་མཁན་མི་འདུག” གྲོགས་པོ་ཞིག་གིས“མོ་ཕལ་ཆེར་གཉིད་སོང་ནི་ཡིན་པ་འདྲ”ཟེར།

  “བུད་མེད་ཚོའི་སྐད་ཆར་ཡིད་ཆེས་བྱ་རྒྱུར་ཡོད་ནི་མ་རེད། དེ་ལས་རང་ཚོས་ཆང་འཐུང་། སྐྱིད་པོ་བྱ” གྲོགས་པོ་གཞན་ཞིག་གིས་དེ་ལྟར་ཟེར་ཞོར། ཝུ་ཆང་གི་ཁ་ཕྱེ་སྟེ་ཆང་ཕོར་ནང་ལྡུག

  སྐབས་འདིར། ངའི་བློ་སེམས་ཁྱོན་ནས་བདེ་མ་སོང་། རྒྱུ་མཚན་མདང་དགོང་ངས་རྨི་ལམ་ངན་པ་ཞིག་རྨིས་སོང་།

  མདང་དགོང་ངའི་རྨི་ལམ་དུ། ཟླ་བ་སྒྲོལ་མས་ལྭ་དམར་པོ་ཞིག་གྱོན་ཏེ་ངའི་མདུན་ནས་ཕར་རྒྱུག་ཚུར་རྒྱུག་བྱེད། ངས་ཁོ་མོ་ལག་པས་འཐམས་ན་འདོད་ཀྱང་། ཁོ་མོ་ང་དང་བར་ཐག་ཇེ་རིང་རེད། ད་ནངས་གཉིད་ལས་སད་དུས། ངས་གྲོགས་པོ་ཞིག་ ལ་མདང་གི་རྨི་ལམ་བཤད་མོད། ཁོས་དེ་ནི་ཁྱོད་རང་མོར་འཁྲེང་དྲགས་རེད་པས་རེད་ཟེར། ཁོས་ད་རུང་ཧྥུ་ལོ་དབྱི་ཏའེ་ཡི་《རྨི་ལན་ཞིབ་འགྲེལ》གྱི་ནང་གི་ཚིག་དུམ་རེ་ཁྱེར་ཡོང་ནས་རང་གི་ལྟ་ཚུལ་བདེན་པ་ཡིན་པར་བསྒྲུབས་པས་བའི་དོགས་གཞི་ཡང་མེད་བརླག་ཏུ་བཟོས།།

  གྲོགས་པོ་ཁག་ཅིག་བཟི་ནས་ར་རོར་གྱུར། མོ་ད་རུང་སླེབས་མ་བྱུང་། སྐབས་འདིར། ཁོ་མོ་ནི་མི་ཆེན་གྱི་སྲས་མོ་ཡིན་པས། མི་གཞན་ཞིག་ལ་མཇལ་དུ་བུད་སོང་སྙམ།

  ངས་ཡང་དང་བསྐྱར་དུ་མོར་ཁ་པར་བཏང་ཡང་། ཁ་པར་སྔར་བཞིན་ལེན་མཁན་མི་འདུག

  ང་རང་ཡིད་ཆད་དེ་གྲོགས་པོ་དག་དང་ལྷན་དུ་ཆང་འཐུང་བའི་སྐབས། གློ་རྡེག་ཏུ་ཁ་པར་ཞིག་ཐོན་བྱུང་། ངས་ཟླ་བ་སྒྲོལ་མས་བཏང་བ་རེད་སྙམ་ནས་མྱུར་དུ་ཁ་པར་བླངས་པ་ན།

  “ཝེ། རྡོ་རྗེ། ཁྱོས་ཤེས་ཡོད་དམ”

  “ཅི་ཞིག”

  “ཟླ—བ—སྒྲོལ—མ། ” དེ་རིང་རླངས་འཁོར་དོན་རྐྱེན་བྱུང་ནས་ཚེ་ལས་འདས་སོང་ཟིག”

  “ཨ.......”

  ངའི་ཡིད་སེམས་སྐད་ཅིག་ཉིད་ལ་ནག་འཐོམས་མེར་གྱུར་ཞིང་། ངས་འདི་ནི་རྨི་ལམ་ཐེངས་ཤིག་ཡིན་པར་སྙམ་མོད། མ་གཞིར་འདི་ནི་དོན་དངོས་ཤིག་རེད། རྨི་ལམ་ཞིག་དང་འདྲ་བའི་དོན་དངོས་འདིས་ང་རང་སྡུག་བསྔལ་གྱི་དོང་རིམ་པ་དགུ་ལ་བརྫངས།

  མོ་རང་འཇིག་རྟེན་དཀར་ངོགས་དང་གཏན་བྲལ་བྱས་པའི་ཉིན་ནས་བཟུང་། ངས་བུ་མོ་གཞན་ཞིག་ལ་རང་གི་ནང་སེམས་ཀྱི་ཁ་དོག་ངོ་མ་དེ་བསྟན་མ་མྱོང་། ནམ་རྒྱུན་ཁྲ་ཁྲ་རིག་རིག་གི་སྤྱི་ཚོགས་འདི་ནས་མི་འཁྲ་ལེ་འཁྲུལ་ལེ་མང་པོར་འབྲེལ་འདྲིས་བྱེད་དུས། ཨུ་ཚུགས་ཀྱིས་གདོང་ལ་སྐྱག་འཛུམ་ཞིག་མངོན་ཅི་ཐུབ་བྱས་པ་དང་། གྱོན་ཆས་ཀྱང་གསར་དར་ཆེ་བ་ཤ་སྟག་གྱོན་ཏེ་རང་གི་ནང་སེམས་ཀྱི་མུན་པ་དེ་སེལ་ཡོད་མདོག་བྱས་མོད། ངའི་སྐྱག་འཛུམ་དེའི་ལྟག་རྒྱབ་ན་སྐྱི་གཡའ་བའི་འདས་དོན་ཞིག་གམ་སེལ་ཐབས་བྲལ་བའི་རྨ་ཁ་ཞིག་ཡོད་པ་སུ་དང་གང་གིས་ཤེས་ཀྱི་མི་འདུག ཁོང་ཚོར་མཚོན་ན་དེ་ནི་འབྲེལ་བ་མེད་པ་ལྟ་བུ་ཞིག་རེད། ཁོ་ཚོ་ནི་མ་གཞི་ནས་དེ་འདྲ་ཞིག་ཡིན། ཁོ་ཚོའི་ཕྱི་ཚུལ་ཙམ་ལ་བལྟས་ནས་ཡོད་ཚད་ལ་སྡོམ་ཚིག་འགོད་རྒྱུར་དགའ་བའི་གཤིས་ཀ་དེ་ནམ་ཡང་འགྱུར་མི་སྲིད་པ་འདྲ།

  ང་ལ་མཚོན་ན་འཆི་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར་འདུག འཆི་བའི་ཚོར་བ་དེ་ངས་བྱིས་དུས་ནས་མྱངས་མྱོང་། རྩོམ་པ་པོ་གྲགས་ཅན་ཅ་ཞི་ཡ་མར་ཁ་སི་ལགས་ཀྱིས་འཆི་བ་དང་འབྲེལ་བའི་སྐད་ཆ་ཞིག་བཤད་མྱོང་བ་དེ་ངའི་སེམས་ཁམས་དང་ཤིན་ཏུ་འཕྲོད་པ་ཞིག་རེད། ཁོ་པ་ན་རེ། ཕ་མ་བདེ་ཐང་ཡིན་དུས། ཁྱོད་དང་འཆི་བའི་བར་ན་གདན་སྲབ་མོ་ཞིག་ཡོད་མོད། ཕ་མ་གཉིས་འཇིག་རྟེན་དང་གྱེས་དུས། ཁྱོད་རང་ཐད་ཀར་འཆི་བའི་སྟེང་ལ་བསྡད་པ་དང་འདྲའོ།། ཞེས་པའི་གཏམ་དེ་དོན་ལ་གནས་ཨང་སྙམ། ང་ལ་དལ་བརྒྱད་འབྱོར་བཅུ་ཡི་མི་ལུས་གནང་མཁན་གྱི་དྲིན་ཆེན་ཕ་མ་གཉིས་དང་། སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡོང་བའི་སྙིང་གི་མཚེ་ཡ་སོགས་རེ་རེ་བཞིན་དུ་འཆི་བདག་གིས་ཕྱི་མའི་འཕྲང་རིང་དུ་ཁྲིད་སོང་བས། ང་ནི་མྱ་ངམ་ཐང་ན་སྐྱེས་པའི་ཚེར་མ་ཁེར་སྐྱེས་ཤིག་དང་འདྲ་བར་ཁེར་རྐྱང་དུ་ལུས་ཡོད།

                                   9

  བྲིས་ནས་མཚམས་འདིར་སླེབས་རྗེས། ངའི་མིག་ཟུང་རབ་རིབ་ནས་རབ་རིབ་ཏུ་གྱུར་ཞིང་། མཐར་མུ་ཏིག་ལྟ་བུའི་མཆི་མ་ཁ་ཤས་མཁུར་མགོ་བརྒྱུད་ནས་མཐེབ་གཞུང་སྟེང་ལྷུང་། ངས་འཕྲལ་དུ་འགྲམ་གྱི་གཙང་ཤོག་དེ་བླངས་ནས་མིག་ཆུ་ཕྱུས་རྗེས། ངས་བརྩམས་སྒྲུང་འབྲི་བཞིན་པ་མིན་ནམ། བརྩམས་སྒྲུང་ནང་གི་མི་ཞིག་གི་དོད་དུ་མིག་ཆུ་འཕོ་བ་ནི་ཇི་འདྲའི་དགོད་བྲོ་བའི་དོན་དག་ཅིག་རེད་ཨང་། མིན། ང་རང་སྐྱེས་ཕོ་རབ་ཅིག་ཡིན་པས། བུད་མེད་ཅིག་དང་འདྲ་བར་གང་བྱུང་དུ་མིག་ཆུ་འཕོ་ག་ལ་རུང་། ངས་དེ་ལྟར་རང་གིས་རང་ལ་ཚ་འདྲི་ཞིག་བཏང་རྗེས། སླར་ཡང་སྒེའུ་ཁུང་ཁར་སོང་སྟེ་ཕྱི་ལ་བལྟས་པ་ན། ཁོར་ཡུག་ཐམས་ཅད་ལྷིང་འཇགས་སེར་འདུག ངའི་སྣང་བ་ཞིག་ལ། འཇིག་རྟེན་ཁོ་རང་གཉིད་སོང་སྙམ། ངས་བསྐྱར་དུ་པི་ཙིའི་ནང་དུ་ཆང་དམར་བླུགས་རྗེས། ང་རང་མིག་ཆུ་འཕོ་བའི་རྒྱུ་མཚན་ལ་བསམ་བློ་བཏང་། ངས་ཇི་ལྟར་བསམ་བློ་བཏང་ཡང་ངས་འབྲི་བཞིན་པ་ནི་བརྩམས་སྒྲུང་མིན་པར་ང་རང་གི་རང་རྣམ་ཡིན་པ་འདྲ། མི་སྣའི་མིང་ཙམ་བརྗེས་པ་མ་གཏོགས་ངའི་རང་རྣམ་ཤ་སྟག་རེད། འདི་འདྲིའི་རྩོམ་འབྲི་སྲོལ་ཞིག་གང་ན་ཡོད། ངས་དེ་ལྟར་རང་ཉིད་ལ་ལེ་བདའ་བྱས། མིན། ངས་རང་རྣམ་འབྲི་བ་གཏན་ནས་མིན། ངས་བརྩམས་སྒྲུང་འབྲི་བཞིན་ཡོད། རང་ཉིད་ངུས་པ་ནི་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བོ་རྡོ་རྗེ་བཀྲ་ཤིས་ལ་གདུང་སེམས་ཆེ་དྲགས་པས་རེད། དེ་ལྟར་ངས་རང་ཉིད་ལ་རང་གིས་འབྲི་བ་ནི་བརྩམས་སྒྲུང་ཡིན་པ་ལས་རང་རྣམ་པ་མིན་པ་བདེན་ཁ་སྤྲད། མ་ཟད་བརྩམས་སྒྲུང་འདིའི་ཁ་བྱང་ལ་《 རྨས་མ》ཞེས་བཏགས་ཏེ་ཉར་ཚགས་བྱས། སྣང་བ་ཞིག་ལ། དངོས་པོ་ལྗིད་མོ་ཞིག་མར་ཕྲག་སྟེང་ནས་ཐང་ལ་གཡུགས་སོང་བ་ལྟ་བུའི་ཚོར་བ་ཞིག་སྐྱེས་སོང་།

  དེ་ནས་ངས་འཕྲལ་དུ་དུས་ཚོད་ག་ཚོད་ལོན་པར་བལྟས་པ་ན། མཚན་མོའི་ཆུ་ཚོད་གཅིག་པར་སླེབས་འདུག སྐབས་འདིར། ངས་མུ་མཐུད་དུ་བརྩམས་སྒྲུང་འདིའི་མཇུག་སྐྱོང་མ་འདོད་པས། ཕྱི་རོལ་ལ་འཆམ་འཆམ་འགྲོ་འདོད་སྐྱེས། ངས་བརྩམས་སྒྲུང་གློག་ཀླད་ནང་གྲལ་དག་པོར་ཉར་ཚགས་བྱས་རྗེས། ཉལ་ཁང་གི་གློག་གཟིམས་ཤིང་སྒོར་ཟྭ་བརྒྱབ་སྟེ་རང་གཅིག་པུ་ཕྱི་ལ་སོང་། ང་རང་སྲང་ལམ་དུ་དམིགས་ཡུལ་མེད་པར་ཁྱི་ལྡོམ་བཞིན་དུ་ཉུལ་ཏེ། ཇ་ཆང་ལྷ་མོ་ཞེས་པའི་ཆང་ཁང་ཞིག་གི་སྒོར་ཐོན། ཆང་ཁང་འདི་ནི་ང་ལ་མཚོན་ན་ངལ་གསོའི་འབབ་ཚིགས་ཤིག་སྟེ། རང་ཉིད་ཀྱིས་ཡིད་སེམས་ཤིན་ཏུ་སྡུག་དུས་ང་རང་ནམ་རྒྱུན་ཆང་ཁང་འདིར་ཡོང་ནས་སེམས་ཀྱི་སྡུག་བསྔལ་མཐའ་དག་ཆང་དང་ལྷན་དུ་འཐུངས་པ་ཡིན།

  ང་རང་ཆང་ཁང་ནང་དུ་སླེབས་ཙ་ན། ཆང་ཁང་དུ་ད་དུང་ཡང་མི་ཚོགས་ཀྱི་དགོད་སྒྲ་དང་འུར་ཟིང་གིས་ཁྱབ་འདུག

  ང་རང་ནམ་རྒྱུན་ལྟར་རང་གཅིག་པུ་ཆང་ཁང་གི་གྲུ་ག་ཞིག་ནས་བཙོག་པ་ན། ཞབས་ཞུ་མས་ཀྱང་ཤིན་ཏུ་རྒྱུས་ཡོད་ལྟར་ཝུ་ཆང་དམ་བུ་འགའ་འཁྱེར་ཡོང་སྟེ་ངའི་མདུན་གྱི་སྒྲོག་ཙེ་ཆུང་ངུ་དེིའི་སྟེང་བསྒྲིགས། ངས་ནི་ཝུ་ཆང་འཐུང་ཞོར་དེ་སྔ་རང་ཉིད་ཀྱིས་མིག་ཆུ་འཕོ་བའི་རྒྱུ་མཚན་ལ་འདང་བརྒྱབ། མིན། ངས་རང་ཉིད་ཀྱི་རང་རྣམ་འབྲི་བཞིན་འདུག ངས་དེ་ལྟར་སེམས་བཞིན་སྡོད་སྐབས།

  “མྱི་ལྡིང་། ཅི་ཞིག་ལ་འདང་རྒྱག་གོ” ངའི་རྩོམ་གྲོགས་སྨྱོན་པས་སྐྲ་ལོ་རིང་བོ་ཅན་གྱི་ན་གཞོན་ཞིག་ཁྲིད་དེ་ངའི་བདུན་དུ་བཙོག

  “ཅི་ཡང་འདང་རྒྱག་གི་མེད།”ངས་དེ་ལྟར་ཟེར་བཞིན་ཁོང་གཉིས་ལ་ཆང་བླུགས།

  སྨྱོན་པ་དང་ངེད་གཉིས་ཀྱི་རྩོམ་རིག་གི་ལྟ་བ་དང་འབྲི་སྟངས། དཔེ་ཀློག་སོགས་རྦད་དེ་ཁ་ཁར་ཡིན་མོད། ཡིན་ཡང་ངེད་གཉིས་ཆང་ཁང་འདི་ནས་འཛོམས་ཐེངས་རེ་རེར་མཉམ་དུ་ཁ་བརྡ་གློད་པས། ངས་ཁོ་རང་སྔོན་ནས་གྲོགས་པོ་ཞིག་གི་སར་བཞག་ཡོད། སྨྱོན་པས་ང་ལ “སྐྲ་ལོ་རིང་བོ་ཅན་གྱི་ན་གཞོན་འདི་ནི་སྒྲུང་གཏམ་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་ནི་ང་ཚོའི་བོད་ཀྱི་རྩོམ་པ་པོ་གཞན་དག་དང་མི་འདྲ་བར་གྲགས་སྐམ་དང་ངོ་སོའི་དབང་དུ་འགྲོ་མཁན་ཞིག་མིན་པར། བློ་གཅིག་སེམས་གཅིག་གིས་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་འབད་མཁན་ཞིག་ཡིན། ཁྱོད་ཚོས་ནམ་ཡང་རང་གི་རྩོམ་ཆལ་ཆོལ་དག་དུས་དེབ་ཁང་སོ་སོར་འབྲེལ་འཛུགས་བྱས་ཏེ་དུས་དེབ་དུ་འགོད་པའམ། རུལ་སུངས་ཀྱི་རྩོམ་རིག་བྱ་དགའ་རེ་བླངས་པ། ཡང་ན རྩོམ་རིག་མཐུན་ཚོགས་གང་རུང་ནང་ཞུགས་རྗེས་རང་ཉིད་ནི་རྩོམ་པ་པོ་ཞིག་ཏུ་འཁྱོངས་སོང་སྙམ་པ་དེ་ཤིན་ཏུ་ནོར་འཁྲུལ་ཞིག་རེད།”ཁོས་ང་ལ་དགེ་རྒན་ཞིག་གིས་སློབ་མ་ཞིག་ལ་བཀའ་བཀྱོན་གནང་བ་བཞིན་སྐད་ཆ་མང་པོ་ཞིག་བཤད་སོང་།

  ང་ཚོས་རྩོམ་རིག་དང་བུད་མེད། ཕུགས་བསམ་སོགས་ཕྱོགས་ཡར་མར་བཅོ་བརྒྱད་གླེངས་མོད། ང་ནི་སྔར་བཞིན་དེ་སྔོན་རང་གིས་མིག་ཆུ་འཕོ་བར་བསམ་གཞིགས་བྱེད་པའི་འཁོར་རྒྱ་ལས་ཐར་མ་ཐུབ་པས། ངས་སྨྱོན་པ་དང་མི་གཞན་དེ་གཉིས་ལ་རང་གིས་སྒྲུང་ནང་གི་མི་ཞིག་གི་སླད་དུ་མིག་ཆུ་འཕོ་བའི་སྐོར་གླེངས།

  “དེ་རིང་ངས་བརྩམས་སྒྲུང་ཞིག་བྲིས་ཏེ་མིག་ཟུང་ལས་མཆི་མ་ཤོར་སོང་།”

  ‘སྒྲུང་གཏམ་དེ་ནི་ཐལ་དྲགས་པའི་སྐྱོ་གར་ཞིག་ཡིན་ནམ།”སྨྱོན་པའི་གྲོགས་པོ་དེས་དེ་ལྟར་བཤད།

  “རེད།” ངས་དུ་སྣེའི་མེ་བསད་རྗེས་དུ་གསོག་སྣོད་དུ་འཕངས།

  “གཞན་གྱི་བརྩམས་སྒྲུང་བཀླགས་ན་མིག་ཆུ་ཤོར་སྲིད་མོད། རང་གིས་སྒྲུང་རྩོམ་དུས་མིག་ཆུ་ཤོར་སྲོལ་ཞིག་གང་ན་ཡོད། “སྨྱོན་པས་དུ་བ་འཐེན་ཞོར་མཐོང་ཆུང་གི་མིག་གིས་ལྟ་བཞིན་དེ་ལྟར་བཤད།

  རེ་ཞིག་འཇིག་རྟེན་ཁ་ཁུ་སིམ་མེར་གྱུར། ངས་ད་གཟོད་རང་ཉིད་དང་རྡོ་རྗེ་བཀྲ་ཤིསགཉིས་ཀྱི་ལས་དབང་གཅིག་ཡིན་པ་རྨང་ནས་ཚོར།

  “ འོ་ན། སྒྲུང་ནང་གི་མི་དང་ཁྱེད་གཉིས་ཀྱི་ལས་དབང་གཅིག་པ་ཡིན་ནམ།” སྨྱོན་པའི་གྲོགས་པོས་དེ་ལྟར་དྲིས།

  “ རེད། ཤིན་ཏུ་འདྲ་བོ་འདུག”

  “འོ་ན། ཁྱོད་རང་གཏན་དུ་རྩོམ་པ་པོ་མཆོག་ཏུ་གྱུར་བ་ཞིག་ཏུ་འགྱུར་སྲིད་རྒྱུ་མ་རེད།” སྨྱོན་པ་དང་ཁོང་གཉིས་ཧབ་ཆ་དི་རེར་བགད།

  

                                              2018ལོའི་ཟླ11པའི་ཚེས19ཉིན་ཁྲིན་ཏུའུ་ནས་གྲུབ།

 

རྩོམ་སྒྲིག་པ། དབང་མོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།