གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླུ་སྨྱོན་གྱི་བརྩམས་སྒྲུང་གསར་པ། 《དེ་དུས་ང་རླངས་འཁོར་ཁ་ལོ་བ་ཞིག་ཡིན》1

2019-01-03 12:11:08 ཀླུ་སྨྱོན་ཧེ་རུ་ཀ།(ཨ་རི) ཀློག་གྲངས། མཆན ཡོད།

                                      གླེང་གཞི།

  མཚོ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཧ་ཅང་མྱུར་བའི་རྐྱེན་གྱིས། ཆུ་ཚོད་གཅིག་གི་ནང་དུ་ཡང་གནམ་གཤིས་མི་འདྲ་བ་འགའ་བརྒྱུད་དགོས་པ་སྨྲོས་མེད་སྟེང་། ལམ་འགྲམ་གྱི་ཆེ་ཆུང་དང་སྤུས་ཀ་མི་འདྲ་བའི་ཁང་པ་དང་སྦྲ་གུར་སྣ་ཚོགས་ཀྱིས་མི་སེམས་ལ་གཏམ་རྒྱུད་འདྲ་མིན་གྱི་སྣང་བརྙན་སྣ་ཚོགས་ཤིག་སྐྲུན་པར་བྱེད། ད་དུང་ངོ་གདོང་གི་གདོད་མའི་ཤ་མདོག་ཅི་བཞིན་མཐོང་མི་ཐུབ་པར་ཉི་འོད་དང་ཁ་ཆར་བུ་ཡུག་གྲང་རླུང་སོགས་ཀྱིས་པགས་མདོག་དམར་ནག་དང་རྩུབ་པོར་བསྒྱུར་ཡོད་པའི་བོད་རིགས་མང་ཚོགས་དུ་མ་ཞིག་ཀྱང་འདྲེན་བྱེད་ཀྱི་ལམ་དུ་རྒྱུ་བར་བྱེད། ཁྱད་པར་དུ་བརྗེད་ཐབས་བྲལ་བའི་དོན་དག་མང་པོ་ཞིག་ད་དུང་ངའི་དྲན་པའི་མེ་ལོང་གི་ངོས་སུ་འཁྱུག་འགྲོས་བྱེད་བཞིན་འདུག་ཅིང་། དེ་དག་ལས་འགའ་ཤས་ཤིག་འདིར་སྒྲུང་གཏམ་གྱི་རྣམ་པས་བྲི་བར་བྱ།

  དེ་རིང་ཞོགས་པ་ནས་ཁ་བ་བབས་ཤིང་གྲང་རླུང་ལྡང་། ངས་རང་གི་འགྲུལ་སྐྱེལ་རླངས་འཁོར་བསྐོར་ནས་རྫ་ཆུ་ཁར་བསྐྱོད། ཁ་བས་གཡོགས་པའི་ལམ་འགྲམ་གཡས་གཡོན་དུ་ལུས་ལ་སློག་པ་མཐུགཔོ་གྱོན་ཅིང་མགོ་དང་གདོང་ཡོངས་མགོ་རས་ཀྱིས་བཏུམས་པའི་འབྲོག་མོ་མང་པོས་ནོར་ལུག་གིས་མདང་དགོང་བཏང་བའི་ལྕི་བ་དང་རིལ་མར་བདག་ཉར་བྱེད་བཞིན་འདུག ལྕི་བ་སྐམ་པོ་སྤུངས་པའི་སྟེང་དུ་འབྲོག་ཁྱི་ཆེན་པོ་འཇིགས་སུ་རུང་བ་རེ་ཟུང་ཉལ་བསྡད་ཡོད་ཅིང་། འབྲོག་ཁྱི་རེ་རེའི་སྐེ་རུ་ལྗིད་ཚད་རྒྱ་མ་སུམ་ཅུ་བཞི་བཅུར་ལོངས་པའི་ལྕགས་ཐག་རིང་པོ་རེ་བསྐོན་ཡོད་པ་ནི་རྒྱུས་མེད་ཅིག་གིས་བལྟས་ན་ཚད་ལས་བརྒལ་བའི་མནར་གཅོད་ཅིག་ཏུ་སྣང་ཡང་། འབྲོག་ཁྱི་དེ་དག་ལ་མཚོན་ན་དེ་ནི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་ལ། འབྲོག་པ་ཚོར་མཚོན་ན་རང་གི་འབྲོག་ཁྱིའི་འདོགས་ཐག་ཅི་ཙམ་ལྕི་བ་དེ་ཙམ་གྱིས་འབྲོག་ཁྱི་དེའི་ངར་ཤུགས་དང་ཁྱི་བདག་རང་ཉིད་ཀྱི་སྤོབས་པ་ཡང་མཚོན་ཐུབ།

  གློ་བུར་དུ་མི་སྐོར་ཞིག་གིས་ངའི་རླངས་འཁོར་བཀག་བྱུང་། དེ་ནི་སྔོན་བརྡ་གང་ཡང་མེད་པ་ཞིག་ཡིན་ན་ཡང་ང་ལ་ཡ་མཚན་ཅི་ཡང་སྐྱེས་མ་བྱུང་། རྒྱུ་མཚན་ནི་དོན་དག་འདི་དང་འདི་འདྲ་བར་བདག་ཧ་ལམ་ཉི་མ་རེ་རེ་བཞིན་འཕྲད་བཞིན་ཡོད་པས་ཡིན། མི་དེ་དག་གི་ཁྲོད་དུ་རྒན་པོ་ལོ་ལོན་གཉིས་དང་གསར་བུ་གཅིག གསར་མོ་བྱིས་པ་རུམ་པ་གཉིས་དང་གྲྭ་པ་གསུམ་འདུག ཕྱི་རོལ་གྱི་གྲང་རླུང་དང་ཁ་བས་དབང་མེད་དུ་མིའི་རུས་རྐང་གཟེར་བར་བྱེད་མོད། ཁོ་ཚོར་མཚོན་ན་གནམ་གཤིས་འདི་འདྲའི་ནང་སྐྱེས་ཤིང་ནར་སོན་ཏེ་མཐར་གནམ་གཤིས་འདི་འདྲའི་ནང་མཇུག་མཐའི་དུར་ས་སྙེག་མཁན་ཤ་སྟག་ཡིན་པས། ཁོ་ཚོའི་ངོ་གདོང་རེ་རེ་ན་ལྗོངས་རྒྱུ་བ་ཞིག་མཆོག་ཏུ་གྱུར་པའི་མཛེས་ལྗོངས་སུ་བག་ཡངས་ངང་རྒྱུ་བ་ལྟ་བུའི་ཉམས་ཤིག་འདུག

  རྒད་པོ་གཉིས་ལས་ལོ་ན་རྒན་ཤོས་དེ་ཕལ་ཆེར་ལོ་བདུན་ཅུར་སོན་ལོས་ཡོད་སྙམ་པ་ཞིག་འདུག་ཅིང་། ལུས་པོ་རིད་པོ་དེ་ལུག་ལྤགས་ཀྱིས་བཟོས་པའི་སློག་རྒན་སྣུམ་སྟིག་མ་ཞིག་གིས་གཡོགས་ཡོད་ལ། ལུས་སྟོད་ལ་དྲེག་པས་ཡོངས་སུ་ཚོས་པའི་འབུ་རས་ཀྱི་སྟོད་ཐུང་ཞིག་གྱོན་འདུག རྡོ་ཤེལ་ནག་པོའི་མིག་ཤེལ་གྱི་ལུང་བུ་དེ་ཕལ་ཆེར་གཡག་གི་རྩིད་པས་བཟོས་འདུག་ཅིང་། ལག་གཡོན་པས་ཙན་དན་ནག་པོའི་ཕྲེང་བ་གཡག་ཀོ་ཕྲ་མོར་བརྒྱུས་པ་ཞིག་བར་མེད་དུ་བགྲང་བཞིན་པ་མ་ཟད། ལག་པའི་མཐེ་བོང་གི་སེན་མོ་ཕྱེད་ཀ་ཟད་ནས་དཀྱིལ་ཙམ་ལ་བསླེབས་འདུག་པར་བལྟས་ཚེ། ཁོང་གིས་མ་ཎི་དུང་ཕྱུར་གཅིག་ཙམ་བགྲངས་ཟིན་པར་ཐེ་ཚོམ་མི་དགོས། ཁོང་གི་ངོ་གདོང་ལ་མི་ཚེ་རིང་མོའི་སྐྱིད་སྡུག་གམ་དགའ་སྐྱོ་ཆགས་སྡང་དང་ཁ་ཆར་བུ་ཡུག་ཉི་འོད་གྲང་རླུང་སོགས་ནང་སེམས་དང་ཕྱིའི་འབྱུང་གཞིས་གཙེས་པའི་རྟགས་མཚན་གྱི་རྒས་གཉེར་ཧ་ཅང་མང་པོ་ཞིག་གཏིང་ཟབ་ཏུ་བརྐོས་འདུག་མོད། ཁོང་གི་འོད་མདངས་ཞན་པའི་མིག་ཟུང་ལས་ཧ་ཅང་ཞི་ལྷོད་ཀྱི་ཉམས་འགྱུར་ཞིག་བལྟས་པ་ཙམ་གྱིས་མཐོང་ཐུབ།

  རྒན་པ་གཞན་དེ་ཅུང་ཟད་རྒྱགས་པ་ཞིག་དང་གཟུགས་ཐུང་ཞིག ངོ་ཕྱེད་ཨ་རས་ཁེབས་པའི་མི་རྒོད་འཇིགས་སུ་རུང་བ་ཞིག་འདུག ཁོའི་སྐེ་རུ་པཎ་ཆེན་སྐུ་ཕྲེང་བཅུ་བ་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས། གུང་ཐང་ཚང་དང་ཨ་པ་ཨ་བློ་སོགས་བོད་ཀྱི་བླ་དཔོན་མང་པོའི་སྐུ་པར་འགྱིག་དང་ཤེལ་སྦྲགས་མ་དེ་རིགས་ཕལ་ཆེར་ལག་ལ་ཡོང་ཚོད་ཅིག་བཏགས་ཡོད་པ་འདྲ། ཁོའི་སློག་པའི་རུམ་ཁ་ནས་ནག་ཚང་ནུས་བློའི་མི་ཚེའི་གཏམ་རྒྱུད་ཀྱི་དེབ་དེའི་ཟུར་ཞིག་ཕྱིར་མངོན་འདུག་ཅིང་། གཅིག་བྱས་ནས་བསམ་བཞིན་དུ་ཁོང་དེབ་ཀློག་པ་པོ་ཞིག་ཡིན་པའི་སྣང་ཚུལ་སྟོན་པ་ཡང་ཡིན་སྲིད། ཁོའི་སྐེད་པར་གྲི་རིང་ཞིག་བཏགས་པའི་ཡུ་བར་ཚོན་སྣ་ལྔ་ལྡན་གྱི་དར་ཤམ་ཞིག་དཔྱངས་འདུག ཁོང་གི་གདོང་ན་རྒས་གཉེར་དེ་ཙམ་མང་པོ་མེད་ཀྱང་འགྲམ་པ་གཡོན་པའི་སྟེང་དུ་སོར་ལྔའི་རིང་ཚད་ཅན་གྱི་རྨ་རྗེས་མངོན་གསལ་དོད་པོ་ཞིག་གི་གཡས་གཡོན་དུ་སྤུ་ནག་པོ་ཉག་མ་འགའ་ཡོད་པ་རླུང་གིས་བར་མེད་དུ་གཡོ་བཞིན་འདུག ཁོའི་ལག་གི་མ་ཎི་འཁོར་ལོ་དེའི་གཤོག་རྡོ་ཆེན་པོ་དེའི་གསེང་ནས་ཟངས་སམ་གསེར་དངུལ་གང་ཡིན་མི་ཤེས་པའི་དངོས་པོ་ཞིག་གི་ལྡོག་འོད་འཕྲོ་ཙམ་ཡལ་ཙམ་བྱེད།

  གསར་བུ་དེའི་ལུས་ལ་མདོག་དཀར་པའི་ནུབ་གོས་རིང་པོ་ཞིག་གྱོན་པ་ཧ་ཅང་གྲ་དག་ཡིན་པ་མ་ཟད་རྒྱགས་སྐམ་རན་པའི་ལུས་པོ་དེར་སྦྱར་འདུག་པའི་ཚོར་བ་ཞིག་ངང་གིས་སྟེར། ཁོའི་སྐེ་རུ་པར་ཆས་དང་ལག་ཏུ་ཁ་པར། མགོ་རུ་ཞྭ་ལེབ་དང་ལུས་ཀྱི་ཁུག་མའི་སྟེང་དུ་ཁུག་མ་བཙེམས་པའི་འཁུར་ཁུག་སོགས་ལ་བལྟས་པ་ཙམ་གྱིས་གསར་འགོད་པ་ཞིག་གམ་པར་ལེན་པ་ཞིག་གི་སྣང་བ་འགོག་མེད་དུ་སྟེར། ཁོའི་ལུས་ལས་དུད་དྲི་ཞིམ་པོ་ཞིག་དང་ཆང་དྲི་ངར་བོ་ཞིག་ཀྱང་འཐུལ་ཡོང་ལ། ལན་རེར་སྒྲེགས་པ་རེ་བྱེད་དུས་སྟབས་བདེའི་ཐུག་པ་དེ་འདྲའི་དྲི་མ་ཞིག་ཀྱང་འཐུལ་ཡོང་། ཁོས་རླངས་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས་གཡས་གཡོན་གང་སར་བར་མེད་དུ་ལྟ་བཞིན་སྣ་གླུ་ཐན་ཐུན་རེ་ལེན་པ་དང་། འབྲི་དེབ་ཆུང་ཆུང་ཡིད་དུ་འོང་བ་ཕལ་ཆེར་འཇར་པན་ནས་བཟོས་པ་ལོས་ཡིན་བསམ་སྤྱད་ཅིག་གི་ངོས་སུ་དབྱིན་ཡིག་གིས་ཅི་ཞིག་ཧ་ཅང་མགྱོགས་པོར་འབྲི་བཞིན་འདུག

  གསར་མོ་གསུམ་ལས་གཅིག་ནི་ལོ་ན་ཉེར་ལྔ་ཟིན་པ་ཙམ་ཞིག་དང་མགོ་རས་ཀྱིས་ངོ་གདོང་ལས་མིག་གཉིས་མ་གཏོགས་ཡོངས་རྫོགས་བཏུམས་ཟིན་པ་ཞིག་འདུག མོའི་ལུས་ཀྱི་ལྡེམ་འགྱུར་དང་ཚི་ལེན་གྱི་ནང་ནས་ཕྱིར་ཆེ་རུ་འབུར་བའི་མྱོས་བུམ། ལུས་ལས་འཐུལ་བའི་དྲི་ཞིམ་བཅས་ཀྱིས་ད་སོ་མ་གློག་བརྙན་ཞིག་ལ་བལྟས་པ་བཞིན་མི་སེམས་ལ་གཏམ་རྒྱུད་སྣ་ཚོགས་བར་མེད་དུ་འབྲི་བར་བྱེད། མོའི་ལག་པའི་སོར་མོ་དག་གི་མདོག་ལ་བལྟས་ན་འབྲོག་མོ་ལས་ལ་བརྩོན་པ་ཞིག་ཡིན་པ་རྟོགས་ཐུབ་ལ། མོའི་ལུས་ཀྱི་ཧ་ཅང་སྟབས་བདེ་བའི་འབྲོག་མོའི་ལྭ་བ་འདི་ལས་ཀྱང་མོའི་འདོད་ཆུང་ཆོག་ཤེས་ཀྱི་བསམ་བློའི་ལྡོག་འོད་ཅིག་མཐོང་ནུས། མོས་རང་སེམས་ཀྱི་གཏམ་རྒྱུད་ཡོད་ཚད་ཧ་ཅང་མཛེས་པའི་མིག་ཟུང་གཉིས་ལས་མངོན་ཅི་ཐུབ་དང་སྦས་གང་ནུས་བྱེད་བཞིན་འདྲ་ཞིང་། ཁ་པར་གྱི་ཉན་སྐུད་དམར་སྐྱ་ཁྲུང་ཁྲུང་གི་རྐང་བ་གཏུབས་པ་དང་འདྲ་བ་དེ་གཉིས་དངུལ་གྱི་ཨ་ལོང་ཆེན་པོ་གཉིས་བརྒྱུས་པའི་རྣ་བ་གཉིས་ཀྱི་ནང་དུ་དྲངས་ནས་ཅི་ཞིག་ལ་ཉན་བཞིན་སྒེག་ཉམས་ཀྱིས་ཁྱོགས་པའི་ལུས་སྟོད་ལྡེམ་ཙམ་ལྡེམ་ཙམ་རེ་བྱེད། མོའི་པང་གི་བྱིས་པ་དེ་ཡང་མོ་རང་དང་འདྲ་བར་མཛེས་སྡུག་ལྡན་པའི་སྲས་མོ་ཞིག་སྟེ། ཧ་ཅང་ཡིད་དུ་འོང་བའི་ལྷ་སའི་ཕྱུ་བ་ཆུང་ཆུང་ནམ་མཁའི་མདོག་ཅན་མེ་ཏོག་གི་ཕྲ་ཚོམ་ཅན་དེའི་ནང་ན་རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་རྩེན་བཞིན་འདུག

  གསར་མོ་གཞན་པ་དེ་ནི་སྔོན་ཆད་ང་ཚོས་སྒྲ་ཐག་འཁོར་ལོའི་ཕྱི་ལྤགས་ལས་མཐོང་མྱོང་བའི་གཞས་པ་ཟླ་སྒྲོན་གྱི་པར་བཤུས་དང་འདྲ་བའི་མཛེས་མ་ཞིག་རེད། མོས་དེང་སང་དར་སོ་ཧ་ཅང་ཆེ་བའི་སྐྲ་བཟོ་དང་མཛེས་ཆོས་བྱུགས་ཡོད་པ་མ་ཟད། གླང་རྫིའི་དོར་མ་དེའི་བརླ་རྐང་གི་ངོས་སུ་ཆེ་ཆུང་མི་འདྲ་བའི་ཨི་ཁུང་བཅུ་གསུམ་འདུག་ཅིང་། ཨི་ཁུང་རེ་རེ་ལས་མོའི་དཀར་ལ་འཇམ་པའི་བརླ་ཤ་ཚལ་བ་ཚལ་བུར་འདོད་ཆགས་ཀྱི་མེ་ཁ་གསོ་བའི་འབུད་ཤིང་བཞིན་བཤམས་འདུག མོའི་ལུས་ལས་ཧྥ་རན་སིའི་ཆུ་དྲི་ཞིམ་Maison Francis Kurkdjian ཞེས་པ་དེའི་དྲི་བསུང་ཞིག་བར་མེད་དུ་འཐུལ་ཡོང་སྟེ་ངའི་རླངས་འཁོར་ནང་གི་མཁའ་དབུགས་རྫོབ་རོ་དེར་སེང་རས་ཡིད་དུ་འོང་བ་ཞིག་གཡོགས་པ་མ་ཟད། ང་ཚོའི་སྐུ་མགྲོན་པར་ཆས་ཅན་དེའི་མིག་གི་མདའ་མོ་ཡང་མོའི་ཕྱོགས་སུ་ཡང་ནས་ཡང་དུ་འཕེན་བཞིན་འདུག་མོད། མོས་རང་གི་པང་བར་ཉར་བའི་བྱིས་པ་སྐྲ་མདོག་ནག་ཅིང་སུ་ལུ་ཡིན་པ་དེའི་ཁ་རུ་དངུལ་མདོག་གི་ནུ་རྭ་ཞིག་སྣུན་ཞོར་སྒྲོལ་བསྟོད་དབྱངས་ལ་བཀུགས་ནས་གྱེར་བཞིན་མ་གཏོགས། གཡས་གཡོན་མདུན་རྒྱབ་ན་མི་སུ་སུ་ཡོད་མེད་དང་མི་དེ་དག་གི་སེམས་ཁོང་ན་མེ་བཞིན་འབར་བའི་འདོད་ཆགས་དང་ཞེ་སྡང་སོགས་ཅི་ཙམ་ཡོད་མེད་ལ་བསམ་བློ་ཅི་ཡང་གཏོང་གི་མེད་པའི་བཟོ་ཞིག་འདུག

  གྲྭ་པ་དེ་གསུམ་ལས་གཅིག་ནི་ལོ་རྒན་དྲུག་ཅུ་བརྒལ་ཟིན་ཅིང་མགོ་སྐྲ་མང་ཤོས་བྱི་ཚར་བ་ཞིག་རེད། ཁོང་གི་ཧ་ཅང་ཚོ་བའི་ལུས་པོ་དེ་མདོག་ཡལ་བའི་གཟན་ཤམ་དེ་ཚོས་འཐུམ་དཀའ་བའི་ཚོད་དུ་འདུག་ལ། སྐད་ཆ་བཤད་དུས་དབུགས་ཅུང་ཟད་འཚང་བ་མ་ཟད་སྣ་ཐ་འཐེན་དྲགས་པའི་སྣ་ཁུང་གཉིས་ལས་དྲི་ངན་ཞིག་ཀྱང་བར་མེད་དུ་འཐུལ་ཡོང་། ཁོང་གི་སྐེ་རུ་གདུགས་དཀར་དང་སེང་གདོང་མའི་སྲུང་འཁོར་ཆེན་པོ་གཉིས་བཏགས་པའི་ཟུར་བཞི་ཟད་ནས་གོར་གོར་དུ་གྱུར་འདུག་ཅིང་། སྟོད་འགག་གི་ཁུག་མའི་ཕྱི་དབྱིབས་ལ་བལྟས་ན་ནང་དུ་རྒྱ་ནག་གི་གནའ་རབས་སྣ་དུད་བླུགས་སྣོད་གོང་ཆེན་ཞིག་བཅུག་ཡོད་པ་མ་ཟད། ལྷ་སའི་ཕྲུགས་སྤུས་ལེགས་ཀྱིས་བཟོས་པའི་སྣབས་ཕྱིས་གོས་ཆེན་གྱི་ཕྱི་ཐུམ་ཅན་ཞིག་ཀྱང་ཧ་ཅང་གཟི་རྔམ་ལྡན་པའི་ངང་དེར་བཅུག་ཡོད་པ་ཤེས་ཐུབ། ཁོང་གིས་གྲྭ་པ་དེ་གཉིས་དང་མཉམ་དུ་ད་ནངས་ཆོས་གྲྭ་ནས་བརྩད་མ་ཚར་བའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ཅིག་གི་སྐོར་ཡང་ཡང་རྩོད་བཞིན་གསེར་སོ་ཅན་གྱི་ཁ་ནང་ནས་མཆིལ་མའི་ཟེགས་མ་ཞིག་ཀྱང་ཁོང་གི་སྟོད་འགག་དང་གཟན་ཤམ་སྟེང་གཏོར་བཞིན་འདུག

  གྲྭ་པ་གཞན་གཉིས་ལས་གཅིག་ནི་ལོ་ཉེར་ལྔར་ཟིན་ཙམ་ལོས་ཡིན་སྙམ་པ་ཞིག་དང་བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་གྲྭ་པ་རྫིག་པོ་ཞིག་འདུག་ལ། བླ་བྲང་ཕྱོགས་ན་དར་ཁྱབ་ཆེ་བའི་གཟན་ཤམ་དང་སྟོད་འགག་ཅིག་གྱོན་འདུག་ལ་རྐང་མགོའི་འཇུར་རྟ་དམར་སྨུག་དེ་ནི་ཕལ་ཆེར་ཨི་ཀྲ་ལི་ནས་བཟོས་པའི་འཇུར་རྟ་གྲགས་ཅན་Berluti ཞེས་པ་དེ་ཡིན་ལས་ཆེ། ཁོའི་མིག་ཤེལ་དཀར་པོ་གསེར་མདོག་གི་མཐའ་རྒྱན་ཅན་དེ་དང་ལག་ཏུ་སྦྲང་ཆར་དུས་དེབ་ཅིག་གཅུ་རིལ་བྱས་ནས་བཟུང་འདུག་པར་བརྟགས་ན་ཕལ་ཆེར་རྩོམ་པ་པོའམ་སྙན་ངག་པ་ཞིག་དང་འདྲ། གལ་སྲིད་ཁྱོད་ཀྱིས་མཉམ་བཞག་ནས་ཞིབ་ལྟ་བྱས་ཚེ་ཁོའི་ལག་པ་གཡོན་པར་མཛུབ་མོ་དྲུག་ཡོད་པ་མ་ཟད། མཛུབ་མོ་ལྷག་མ་དེ་ནི་མཛུབ་ཆུང་གི་འོག་ན་དེ་ཙམ་མི་མངོན་པའི་ཚུལ་དུ་སྒྱུ་མ་མཁན་གྱི་ཤོག་རིལ་ཞིག་དང་འདྲ་པར་ལྐོག་ལྐོག་སུད་སུད་དུ་བསྐུངས་འདུག

  གྲྭ་པ་གཅིག་འོས་ནི་ལོ་བཅུ་གསུམ་ཙམ་ལས་སོན་མེད་པའི་བན་ཆུང་སྙིང་རྗེ་བོ་ཞིག་སྟེ། དཀར་ལ་དམར་པའི་འགྲམ་པའི་ངོས་སུ་འོད་དུ་འཚེར་བའི་བ་སྤུ་ཞོགས་པའི་ཉི་ཟེར་ལྟ་བུས་ཁེངས་ཤིང་། མིག་ཟུང་ལས་ཞི་དུལ་དང་ལྐོག་གྱུར། ཞེན་ཆགས་དང་སེམས་གཅོང་གི་ཚོར་བ་སོགས་སྟེར་བའི་ཉམས་འགྱུར་ཐུན་མོང་མ་ཡིན་པ་ཞིག་ལྡན། ཁོའི་ལུས་ཀྱི་གཟན་ཤམ་ནི་རྒྱུ་ཆ་ཞན་པའི་རས་ཀྱིས་བཟོས་པ་འབའ་ཞིག་ཡིན་ཞིང་། རྒྱབ་ཏུ་ཁུར་བའི་ཆོས་དཔེ་མཐུག་པོ་དེའི་དཔེ་རས་ལས་ཟི་ཁྲོན་ནས་ཐོན་པའི་རྒྱ་མིའི་སྣག་ཚའི་དྲི་ཞིམ་ཞིག་ཀྱང་སྐབས་སྐབས་སུ་སྣ་ལམ་དུ་འཐུལ་ཡོང་། གྲྭ་ཆུང་འདིས་ཁོའི་སྤུན་མཆེད་དམ་གྲོགས་པོ་ཡིན་པའི་གྲྭ་གཞོན་དེའི་རྒྱབ་རྩ་ལྟ་བུར་ལངས་ནས་གྲྭ་པ་རྒན་པ་དེའི་དྲི་བར་ལན་འདེབས་པ་མ་ཟད། ཕལ་ཆེར་དྲང་ངེས་ལེགས་བཤད་སྙིང་པོ་ཡོངས་རྫོགས་བློ་ཐོག་ན་མེད་དམ་སྙམ་པ་ཞིག་ནི་འདུག སྐབས་དེར་ངའི་སེམས་ནང་ལོ་ངོ་ཉི་ཤུའི་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ན་ཕྱི་སོག་ནས་ཡོང་བའི་གྲྭ་ཆུང་སྐྱེ་གཟུགས་ལེགས་ཤིང་ཤེས་རབ་མེ་བཞིན་འབར་བ་ཞིག་ཡོད་པ་དྲན་བྱུང་། སོག་ཕྲུག་དེས་རྩོད་རྒྱུགས་འབྲི་རྒྱུགས་བློ་རྒྱུགས་གསུམ་གར་ཨང་དང་པོ་ལེན་རྐྱང་ཡིན། བློ་རྒྱུགས་ལ་མཚོན་ན་ཤོག་ལྡེབ་ལྔ་བརྒྱར་ལོངས་པ་རེ་རྒྱུགས་སྤྲོད་བྱེད།

  མི་རིགས་འདིར་སྤྱི་ཁྱབ་ནས་བཟང་ཆ་ཞིག་ཡོད་པ་ནི་རླངས་འཁོར་གྱི་གླ་ཆ་ལྟ་བུའི་སྒོར་མོ་ཉུང་ཉུང་རེའི་དོན་དུ་རྫོགས་མཐའ་མེད་པའི་ཁ་རྩོད་དང་སྡུག་སྨོས་མི་འདོན་པ་དེ་རེད། ཁོ་ཚོས་རླངས་འཁོར་ཁ་ལོ་བ་ཚོར་ཡིད་ཆེས་ཚད་མཐོན་པོ་བྱེད་པ་དང་། དེ་ནི་རླངས་འཁོར་ཁ་ལོ་བ་ཞིག་ཡིན་ན་མ་མཐའ་ཡང་མི་ལ་མགོ་སྐོར་བཤད་ནས་རྒྱུ་ནོར་གཡོ་ལེན་མི་བྱེད་པ་ཞིག་ཡིན་དགོས་པའི་མ་མཐའི་ས་མཚམས་ཤིག་ཏུ་གནས་ཡོད་པའི་ཆ་འཇོག་བྱེད་བཞིན་འདུག གནས་སྟངས་འདི་འདྲ་བ་ཞིག་གི་བག་ཆགས་སམ་ཤུགས་རྐྱེན་རྫོགས་མེད་ཅིག་གི་དབང་གིས། བདག་ལ་མཚོན་ན་དེང་རབས་རིག་གནས་ཀྱི་ཤེས་བྱའི་ཕྱོགས་སུ་རྗེས་ལུས་ཡིན་པའི་འབྲོག་པ་འདི་ཚོའི་སེམས་ཁོང་གི་མཛེས་སྡུག་དེས་ཁོ་ཚོ་ནང་ཡང་ཡིད་ཀྱི་མཐོ་ས་ཞིག་རུ་འཇོག་ཐུབ་ཀི་འདུག་ལ། ཁོ་ཚོའི་ལུས་ཀྱི་གྱོན་པ་དང་དེའི་སྟེང་གི་ཚིལ་དྲེག་མཐུག་པོ་དེ་ཚོ་ཡང་ཆེས་ཡིད་དུ་འོང་བའི་གནའ་བོའི་རིག་གཞུང་གི་མཛེས་སྡུག་ཕྱིར་འོང་མེད་པ་ཞིག་གི་མཚོན་རྟགས་བླ་ན་མེད་པ་ཞིག་ཏུ་སྣང་བཞིན་འདུག

  (མུ་མཐུད་འགོད་རྒྱུ།)

 

རྩོམ་སྒྲིག་པ། ལྷ་སྐྱིད།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།