ཁྭ་ཏ།

1

  འཇོལ་མོ་ཕྱི་རྒྱལ་ལ་འགྲོ་ཁར་ལམ་འཇུག་བྱེད་མཁན་ནི་ང་དང་གཡག་སྐྱ་གཉིས་ཡིན།

  འཇོལ་མོ་འགྲོ་ཁར་མིག་མཐའ་རུ་མཆི་མའི་གཙང་པོ་ཞིག་འཁྱིལ་འདུག མོས་ང་དང་གཡག་སྐྱ་གཉིས་ལ་རྗེས་ཕྱོགས་ཁྭ་ཏར་བདག་སྐྱོང་བྱ་དགོས་པའི་བཅོལ་གདམས་ནན་མོ་བྱས་སོང་།

  གཡག་སྐྱ་དང་ངེད་གཉིས་ཀྱིས་འཇོལ་མོ་ལམ་འཇུག་བྱས་ཏེ་གནམ་ཐང་ནས་ཕྱིར་ཡོང་བའི་ལམ་བར་དུ། ཁྭ་ཏས་ང་ལ་ཁ་པར་བཏང་བྱུང་།

  “མོ་རང་ལམ་ལ་ཆས་སོང་ངམ།”

  “མོ་རང་བདེ་འཇགས་ངང་ལམ་ལ་བཅུག་ཟིན། སེམས་བདེ་མོ་གྱིས”

  གཡག་སྐྱ་དང་ངེད་གཉིས་ཀྱིས་འཇོལ་མོས་ཁྭ་ཏར་གནང་བའིSONYརྟགས་ཅན་གྱི་པར་ཆས་དངNIKEརྟགས་ཅན་གྱི་ལྷམ་ཆ་གཅིག་དེ་ཁྱེར་ནས་ས་འོག་ལྕགས་ལམ་བརྒྱུད་དེ་ཁོ་ཡོད་སར་ཆས། སྤྱིར་ན་དངོས་པོ་འདི་དག་ནི་འཇོལ་མོས་ཁྭ་ཏའི་སྐྱེས་སྐར་ལ་ཆེད་དུ་ལེགས་སྐྱེས་སུ་ཉོས་པ་ཡིན་མོད། ཉིན་དེར་མོས་ཁྭ་ཏར་རང་ཉིད་ཕྱི་རྒྱལ་ལ་འགྲོ་བའི་སྐོར་གླེང་བས་ཁོ་རང་ཁོང་ཁྲོ་ལངས་ཏེ་ལེགས་སྐྱེས་འདི་དག་དང་ལེན་མ་བྱས་པ་རེད།

  “ ཁྭ་ཏ་ནི་མི་རང་ག་བ་ཞིག་མ་རེད།”

  དེ་སྔོན་གཡག་སྐྱས་ང་ལ་དེ་ལྟར་བཤད་མྱོང་། སྐབས་དེར་ངས་ཁོའི་སྐད་ཆ་འདི་ལ་སྣང་འཇོག་ཆེར་མ་བྱས། ཉི་ཧོང་པ་ཚོས་ཁྭ་ཏ་ནི་ལྷ་བྱར་བཀུར་བར་གོ་མྱོང་མོད། བོད་པ་ཚོས་བྱུང་རྒྱལ་དུ་ཁྭ་ཏ་ནི་བཀྲ་མི་ཤིས་པ་དང་ལྟས་ངན་པ་མཚོན་བྱེད་དུ་རྩི་ཞིང་། ཁྭ་ཏ་ལ་ཐན་བྱ་ཞེས་འབོད། ཁ་དཔེར་ཡང་ཁྭ་ཏ་ནག་པོའི་སྡིག་གྲིབ་ཀྱིས།། ངང་སེར་པོ་འདམ་ལ་ཟུག། ཅེས་ཁྭ་ཏ་ནི་ཚུལ་མིན་གྱི་རྟགས་དང་མཚན་མར་ངོས་འཛིན་པ་ནི་བསྙོན་དུ་མེད། ངའི་སེམས་སུ་དེ་ནི་རིག་གནས་མི་འདྲ་བ་གཉིས་ཀྱི་བསྐྱེད་འབྲས་སུ་ཡང་འདོད། ངས་ནི་རྒྱུན་པར་ཁོའི་མིང་ལ་ཁྭ་ཏ་ཇི་ལྟར་ཐོགས་པའི་སྐོར་ལ་དགོས་མེད་ཀྱི་བསམ་བློ་མང་ཙམ་བཏང་མྱོང་། དེ་ནི་སྙིང་པོས་སྟོངས་པའི་བྱ་དངོས་ཤིག་ལས་སྙིང་པོ་ཞིག་འཚོལ་བ་དང་འདྲ་ཡང་ངས་སྙིང་པོ་དེ་གཏན་དུ་རྟོགས་ཐབས་བྲལ།

2

  ངའི་མིང་ལ་འུག་པ་ཟེར།དེ་ནི་ངའི་དྲ་མིང་ཡིན།མིང་འདི་ང་རང་མཐོ་འབྲིང་སྐབས་སུ་དགེ་རྒན་ཞིག་གིས་བཏགས་པ་ཡིན། ཁོས་ང་ནི་ག་དུས་ཡིན་ཀྱང་རིག་པ་མི་གསལ་ཞིང་རྣམ་གཡེང་དང་ལེ་ལོའི་དབང་དུ་གྱུར་བས་འུག་པ་ལྟ་བུ་ཞིག་རེད་ཟེར། རིམ་བཞིན་སློབ་གྲོགས་ཚོས་ང་ལ་འུག་པ་ཞེས་འབོད་པ་དང་། ང་རང་གིས་ཀྱང་རང་ཉིད་ནི་འུག་པ་ལྟར་ཁེར་ཚུགས་ཀྱིས་འཚོ་བ་རོལ་མཁན་ཞིག་ཏུ་འདོད་ཡོད་པས་མིང་དེ་རང་གི་དྲ་མིང་ལ་བཀོལ་བ་ཡིན། གྲོང་ཁྱེར་འདིར་འབྱོར་རྗེས་གྲོགས་པོ་ཚོས་ཀྱང་ང་ལ་མིང་དེས་འབོད་པས།ད་ནི་མིང་དེ་ངའི་དངོས་མིང་ལྟ་བུ་ཞིག་ཏུ་གྱུར་ཚར་ཡོད། ཅིག་ཐེངས་ན་གྲོང་ཁྱེར་དུ་འཚོ་བའི་མི་མང་པོས་རང་གི་དངོས་མིང་དང་སྐྱེས་ཁུངས་། ཐོབ་ཐང་དང་ལོ་ན། ལས་གནས་སོགས་སྣང་དོགས་མེད་པར་མི་གཞན་ལ་བརྗོད་མི་སྲིད། དེ་བས་ང་ལ་མཚོན་ན་ཡང་དངོས་མིང་དེ་ལྷག་མར་གྱུར་ཡོད།

  གཞེས་ནིང་གི་ཟླ་དྲུག་པའི་ནང་ང་རང་མཐོ་རྒྱུགས་ཀྱི་གཡུལ་ལ་ཞུགས་པ་ཡིན། གཡུལ་ལ་ཞུགས་ནས་ཀྱང་ཕམ་པར་གྱུར། ང་རང་མཐོ་རྒྱུགས་ཀྱི་གཡུལ་ལས་ཕམ་རྗེས་ཤ་ཚ་ཉེ་རིང་དང་གྲོགས་དང་ན་ཟླ་ཚོས་མཐོང་ཆུང་དང་ཟུར་ཟ་མང་དུ་བྱས། ཐ་ན་དེ་སྔོན་ངའི་སློབ་འབྲིང་སྐབས་ཀྱི་དགའ་མ་དེས་ཀྱང་ང་རང་ཁུ་སིམ་མེར་བསྐྱུར་སོང་། རྫོགས་མཐའ་བྲལ་བའི་མི་ཁ་དང་མཐོང་ཆུང་། ཟུར་ཟ་དང་དམའ་འབེབས་སོགས་ལ་རྒྱང་དུ་བཀྱེད་ཆེད་དུ་ང་རང་སུས་ཀྱང་ངོ་མི་ཤེས་པའི་གྲོང་ཁྱེར་ཞིག་ཏུ་བུད་སོང་ན་སྙམ། ཆ་མེད་ཀྱི་གྲོང་ཁྱེར་ཞིག་ནས་རང་ཉིད་ཀྱི་འཇོན་ནུས་ངོམ་སྟེ་དེ་སྔོན་རང་ལ་ཁྱད་གསོད་དང་དམའ་འབེབས་བྱེད་མཁན་དེ་དག་ལ་རང་ཉིད་ནི་མི་འཇོན་ཐང་ཅན་ཞིག་ཡིན་པ་བདེན་དཔང་བྱས་ན་འདོད། མ་ཟད་རང་ཉིད་གད་སྙིགས་བཞིན་འདོར་མཁན་གྱི་བུ་མོ་དེ་ཚོར་འགྱོད་གདུང་གིས་ཁེངས་པ་ཞིག་བྱ་དགོས་སྙམ་སྟེ་སྟོང་ལོ་ས་རུ་ཟགས་པའི་སྟོན་མཇུག་ཅིག་ལ་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་ལ་འཁྱམས་ཉུལ་དུ་ཕྱིན་པ་ཡིན། ཁྲིན་ཏུའུ་ན་བདག་ལ་ཤ་ཚ་ཉེ་རིང་གཅིག་ཀྱང་མེད། ཐ་ན་ངོ་ཤེས་ཤིག་ཀྱང་མེད། ཡང་གཅིག་བཤད་ན་དེ་ནི་ང་རང་ཕ་ཡུལ་དང་ཁ་བྲལ་ནས་ཐག་རིང་དུ་སོང་བ་ཐེངས་དང་པོ་ཡིན། ང་རང་ཁྲིན་ཏུའུ་ལ་འགྲོ་ཁར་ལག་ཏུ་སྒོར་སུམ་བརྒྱ་དང་ཀུ་ཤུ་རབས་དྲུག་ཅན་གྱི་ཁ་པར་རྙིང་པ་ཞིག་མ་གཏོགས་མེད། ང་རང་དེ་ལྟར་ལག་སྟོང་མཆན་ལ་བཙིར་ནས་ཁྲིན་ཏུའུ་ལ་ཐོན། ཁྲིན་ཏུའུ་ནས་ངས་དྲ་ཁང་དང་ཆང་ཁང་ནས་གླ་བ་བྱས་མྱོང་། ཟ་མ་ཆད་ནས་སྤྲང་པོ་ཚོ་དང་ལྷན་དུ་གཞན་ལ་དངུལ་ཡང་བསླངས་མྱོང་། མཚམས་ལན་རེར་ཉལ་ས་ཡང་མེད་པས་ས་འོག་ལྕགས་ལམ་དང་སྤྱི་གླིང་སོགས་ནས་ཉལ་བ་ཡང་བགྲང་གིས་མི་ལངས། རྗེས་སུ་བོད་པ་ཞིག་གིས་ང་རང་ཆང་ཁང་ཞིག་གི་པཱ་ཐའེ་སྲུང་དུ་བཅུག་པས་ལྟོ་རྒྱབ་ལ་འདང་རྒྱག་མེད་པར་གྱུར། ངས་དགོང་མོར་ཆང་ཁང་དེ་ནས་གླ་བ་བྱས་ཤིང་ཉིན་མོར་གྲོང་ཁྱེར་དེ་གའི་དཔེ་མཛོད་ཁང་ཆེན་པོ་ཞིག་ཡོད་པ་དེར་སོང་ནས་དཔེ་ཆ་རེ་ཀློག་པ་ཡིན། དཔེ་ཁང་དེའི་ནང་དུ་དཔེ་ཆ་རི་ལྟར་བརྩིགས་ཡོད་པ་དང་། དཔེ་སྒྲོམ་གྱི་ཟུར་ན་འདུག་སྟེགས་ཡོད་པས་རང་གི་འདོད་མོས་ལྟར་དཔེ་ཆ་དེ་དག་ལག་ཏུ་བླངས་ནས་བལྟ་ཆོག དེ་ནི་ཕ་ཡུལ་གྱི་དཔེ་ཁང་དེ་དག་དང་མི་འདྲ་བར་སེམས་ལྷོད་ལ་བབས་ནས་དཔེ་ཀློག་བྱ་ཆོག་པའི་གནས་མཆོག་ཅིག་རེད། ང་རང་རྒྱུན་པར་སུན་སྣང་ལ་གཡོལ་ཆེད་དུ་དཔེ་ཁང་དེར་སོང་བ་དང་རིམ་བཞིན་དེ་ནི་ངའི་འཚོ་བའི་གོམས་གཤིས་སུ་གྱུར།

  ཉིན་ཞིག་ལ། ང་རང་བོད་པ་མང་པོ་འདུས་སྡོད་བྱེད་སའི་བོད་མིའི་ཁྲོམ་ཞེས་པ་དེ་རུ་འཆམ་འཆམ་ལ་སོང་བ་ཡིན། དོན་དངོས་སུ་དེ་ནི་སྐྱོ་སངས་བྱེད་དུ་སོང་བ་མིན་པར་གནས་ཚང་ཞིག་གཡོར་བར་དམིགས་ནས་སོང་བ་ཡིན། ཁྲོམ་སྲང་དེར་མི་ཚོགས་ཀྱི་འཚང་ཁ་ཤིན་ཏུ་རྒོད་པ་དང་ལམ་འགྲམ་གཡས་གཡོན་གང་རུང་ན་མཆོད་ཆས་དང་ཟ་མ། རྒྱན་ཆ་དང་གྱོན་ཆས་སོགས་ཚོང་རྫས་ཀྱི་རིགས་གསར་རྙིང་སྣ་ཚོགས་བསྟར་ཕྲེང་བསྒྲིགས་ཏེ་ཉོ་ཚོང་བྱེད་ཀྱིན་འདུག བོད་ལྭ་གྲ་དག་རེ་གྱོན་ཅིང་ཁ་ཐུམ་བརྒྱབ་པའི་ཨ་ཅག་མཛེས་མ་ཚོས་ཕར་འགྲོ་ཚུར་འོང་བྱེད་པའི་ལམ་འགྲོ་བ་ཚོར “ཁྱེད་རང་ལ་མགྲོན་ཁང་ཨེ་དགོས ”ཞེས་མགྲོན་པོ་འཚོལ་མཁན་མང་པོ་འདུག ཁྲོམ་སྲང་འདིར་བོད་པ་འཚང་ཁ་ཤིག་ཤིག་བྱེད་ཅིང་དེའི་ཁྲོད་དུ་གྲྭ་པ་ཡང་མང་པོ་འདུག གྲྭ་པ་ལ་ལས་ད་རུང་རྒྱ་མོ་མཛེས་མ་རེ་ཡང་ཁྲིད་ནས་འགྲོ་བཞིན་འདུག ངས་ཁོ་ཚོའི་འབྲེལ་བ་ནི་ཅི་ཞིག་ཡིན་པ་མི་ཤེས་མོད། ངས་ཚུལ་དེ་དག་མཐོང་བ་ན་མིག་ལ་གཙེ་བ་ཞིག་རེད། ང་རང་ཅི་བྱ་གཏོལ་མེད་དུ་སྲང་ལ་འཁྱམས་ནས་འགྲོ་བའི་སྐབས། གློ་རྡེག་ཏུ་ངའི་མདུན་ཕྱོགས་ནས་མི་གཉིས་ཀྱིས་འཁོན་འཛིང་བྱས་བྱུང་། ང་རང་ཟང་ཟིང་ལ་མོས་པས་མི་ཚོགས་ཀྱི་ནང་དུ་མགོ་བོ་འཚངས་པ་ན། གཅིག་ནི་གསེར་གྱི་རྣ་ཏོག་ཅན་གྱི་བུ་མོ་ཞིག་རེད། གཅིག་ནི་ལུས་ལ་དོར་ཐུང་གྱོན་ཞིང་མགོ་སྐྲ་གཟེངས་པའི་བཟི་བོ་ཞིག་རེད། མ་གཞི་བཟི་བོ་དེས་ཚོང་བདག་མ་དེ་ལ་པར་ཞིག་བརྒྱབ་པ་མོས་མཐོང་བས་ཁོའི་ལག་གི་ཁ་པར་བླངས་ནས་ཐང་ལ་བརྒྱབ་པ་ཡིན་འདུག ཅུང་ཙམ་ནས་བུ་མོ་དེའི་ཁྱོ་ག་ཡང་སླེབས་བྱུང་། མི་དེ་ཁོང་ཁྲོ་ཆེན་པོ་ལངས་ཏེ་རྒྱག་རེས་བྱ་རྩིས་བྱེད། ངས་བུ་མོ་དེ་དང་བུ་མོ་དེའི་ཁྱོ་ག་གཉིས་ལ“ ཁོ་རང་བཟི་བོ་ཞིག་རེད། ཅིག་ཐེངས་ན་ཚང་མ་བོད་ཡིན་པས་ཁོ་རང་གུ་ཡངས་སུ་གཏོང་རོགས”ཞེས་ཁ་བརྡ་བྱས་པ་ན། དེ་གཉིས་ཀྱིས་ཀྱང་མི་འཐད་པའི་རྣམ་འགྱུར་བསྟན་མ་སོང་། ངས་བཟི་བོ་དེ་བསྐྱོར་ནས་གནས་དེ་དང་ཁ་བྲལ།

  ངེད་གཉིས་བོད་ཁྲོམ་ཉེ་འགྲམ་དུ་ཐོན་པ་ན། ཁོ་རང་གློ་རྡེག་ཏུ་འགྲོ་མཚམས་བཞག་སྟེ། བསམ་བློ་ཅུང་ཟད་བཏང་རྗེས། ངའི་ཕྲག་མགོར་ལག་པས་རྡེབ་བཞིན་“ཁྱོད་ལ་བཀའ་དྲིན་ཆེ། དེ་རིང་ཁྱོད་མེད་རྒྱུ་ན། དམྱལ་བ་མ་དེས་ང་རང་མྱིག་ལ་སྟོན་ཁོ་ཐག་རེད ”ཟེར། སྐབས་དེ་ཁོའི་རྣམ་འགྱུར་ནི་བཟི་བོ་ཞིག་དང་ཡེ་ནས་མི་འདྲ། ཁོ་རང་མ་གཞི་ནས་བཟི་མེད་པ་འདྲ། དེ་བས་ངས་མི་འདི་ཁྲ་ལེ་ཁྲུལ་ལེ་ཞིག་རེད་འདོད།

  དགོང་མོ་དེར། ཁོས་ང་ལ་ཟས་མགྲོན་ཡིད་ཚིམས་པ་ཞིག་བྱས་སོང་། ངེད་གཉིས་ཀྱིས་ཟ་མ་ཟོས་རྗེས་མགྲོན་ཁང་དུ་སོང་། ངས་ལམ་སེང་བྱུང་བའི་གནས་ཚུལ་ལ་རྒྱུས་ལོན་ཞིག་བྱ་འདོད་པས་ཁོ་དང་ལབ་གླེང་བྱས།

  “ཁྱོས་བུད་མེད་དེར་པར་རྒྱག་དོན་ཅི་ཡིན ”

  “ང་རང་མོ་ལ་དགའ་ནས་ཡུན་རིང་འགོར། ངས་མོ་ལ་པར་ཞིག་བསྐྱོན་ན་མོ་དེ་འདྲའི་སྤོ་ལངས་དགོས་དོན་ཡོད་དམ། ”

  “ཁྱོས་རང་ཉིད་མོར་དགའ་རབས་དུང་རབས་ཤིག་མ་བཤད་དམ།”

  “ལོས་བཤད།ངས་མོར་བསྒུགས་ནས་ལོ་གཉིས་ལྷག་ཡིན། དེའི་རིང་ངས་མོ་ལས་གཞན་ཞི་མོ་གཅིག་ཀྱང་བཙལ་མ་མྱོང་། ཡིན་ཡང་དམྱལ་བ་མ་དེས་ང་རང་ཁུ་སིམ་མེར་བསྐྱུར་སོང་། མོས་ང་རང་བསྐྱུར་ནས་ཚོང་པ་ཞིག་བདམས་སོང་། ད་ལྟ་མོ་ལ་བྱིས་པ་ཡང་འདུག མོ་ལ་མཚོན་ན་ང་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། ཡིན་ཡང་ངས་མོ་རང་ཉི་མ་གཅིག་ལ་མ་མཐོང་ན་སེམས་ནས་ཅི་ཞིག་བོར་སོང་བའམ་ཡིད་ནས་གང་ཞིག་བརྗེད་སོང་བ་ལྟར་བློ་སེམས་ཁྱོན་ནས་མི་བདེ། ངའི་ལས་དབང་འདི།” ཁོས་ཐ་མག་རྐང་གཅིག་ལ་མེ་ལ་བསྒྲོན་རྗེས་ཤིན་ཏུ་གཟབ་ནན་གྱིས་དེ་ལྟར་བཤད།

  དགོང་མོ་དེར་ཁོས་རང་ཉིད་ཀྱི་མིང་ལ་གཡག་སྐྱ་ཟེར་བ་དང་ཁོ་ནི་བོད་ཁམས་ན་སྐད་གྲགས་ཆོད་པའི་རྩོམ་པ་པོ་ཞིག་ཡིན་རབས་ཟེར། ངས་ནི་ད་བར་དུ་བོད་ཀྱི་དུས་དེབ་ཁག་ལ་དོ་ཁུར་བྱས་མོད། ཁོའི་མིང་ཐེངས་གཅིག་ལ་ཡང་མཐོང་མྱོང་མེད་པ་འདྲ། གལ་ཏེ་ཁོ་ནི་ཁོས་བཤད་པ་ལྟར་བོད་ཁམས་ན་མིང་གྲགས་ཆེ་བ་ཞིག་ཡིན་ཡང་ཁོས་ང་ལ་བག་ཆགས་ཟབ་མོ་འཇོག་པའི་བརྩམས་ཆོས་ཤིག་མ་ཕྲིས་པ་རེད་སྙམ། གང་ལྟར་ང་ལ་མཚོན་ན་ཁོའི་མིང་ནི་ལྐོག་གྱུར་གྱི་གསང་བ་ཞིག་རེད།

  ཏག་ཏག་དགོང་མོ་དེར། ངེད་གཉིས་ཀྱིས་སོ་སོའི་འཚོ་བའི་ཐད་ནས་ཁ་བརྡ་མང་ཙམ་བྱས་རྗེས་མཉམ་དུ་ཁང་པ་གླ་རྒྱུར་གྲོས་འཆམས། ཕྱི་ཉིན་ངེད་གཉིས་ཀྱིས་རིན་གོང་འོས་འཚམ་ཡིན་པའི་ཁང་པ་ཞིག་གླས་པ་ཡིན། ངེད་གཉིས་ཀྱིས་ཁང་པ་གླས་རྗེས་ཀྱི་ཉིན་དེ་དག་གི་རིང་ལ་ཁོས་ང་ལ་ཚུལ་མིན་གྱི་སྦྱོར་བ་གང་ཡང་སྤེལ་མ་སོང་། ཁོ་ཕྱི་ལ་འགྲོ་དུས་རྒྱུན་དུ་གོན་པ་གྲ་དག་གོན་ལ་ལག་ཏུ་ཀོ་ཁུག་ཅིག་འཛིན་སྲིད། ཕྱི ར་མལ་ཁང་དུ་ཐོན་མ་ཐག་མིག་རིག་རིག་གིས་མདུན་གྱི་གློག་ཀླད་ལ་ཅེར་ཏེ་ཐག་ཐག་ཏུ་ཡི་གེ་གཏག་སྲིད་ལ། ཡི་གེ་གཏགས་ནས་ཆུ་ཚོད་གཅིག་ཙམ་ཕྱིན་རྗེས། དགོད་བཞིན་དུ“ ཡང་སྒོར་མོ་སྟོང་གཅིག་བླངས་ཟིན”ཞེས་ཁེར་བཤད་རྒྱག་སྲིད། ཁེར་བཤད་ཅིག་བྱས་རྗེས་སྒོའི་ཕྱི་ལ་བརྒྱུགས་ཏེ་སྒོ་བསྟེན་ཚོང་ཁང་ནས(超市)ཝུ་ཆང་དམ་བུ་འགའ་ཉོ་སྲིད། ངས་ཁོར“ ཁྱོད་ཀྱིས་ཅི་ཞིག་བྲིས་པ་ཡིན”ཞེས་དྲིས་ན། ཁོས་“གཞས་ཚིག་བརྩམས་པ་ཡིན”ཞེས་ལན་བསློག་སྲིད། སྐད་ཆ་དེ་བཤད་དུས་ཁོའི་གདོང་ན་ང་རྒྱལ་གྱི་ཉམས་ཤིག་ཤར་ཡོད་། སྐབས་དེར་ངས་གླུ་ཚིག་གིས་སྒོར་མོ་གསོག་ཐུབ་བམ་སྙམ་པ་དང་། མ་འོངས་པར་རང་གིས་ཀྱང་གླུ་ཚིག་བྲིས་ཏེ་ཁ་གསོ་རྒྱབ་འགེབས་བྱས་ཐུབ་ན་ཅི་མ་རུང་སེམས།

3

  གཟའ་སྤེན་པའི་མཚན་མོ་ཞིག་ལ། གཡག་སྐྱ་དང་ངེད་གཉིས་སུན་སྣང་ལ་གཡོལ་ཆེད་དུ་སྣང་བའི་ཞིང་ཁམས་ཞེས་པའི་ནང་མ་སྤྲོ་སྐྱིད་ཁང་དེར་ཆས། ནང་མ་ཁང་ནི་གྲོང་ཁྱེར་ན་འདུར་གྱིན་པའི་ན་གཞོན་དག་ལ་མཚོན་ན་དེ་ནི་ངལ་གསོའི་བསྟི་གནས་ལེགས་ཤོས་ཤིག་རེད། ནམ་རྒྱུན་གཟའ་མཇུག་ལ་སླེབས་པ་ན། སློབ་གྲྭ་ཆེན་མོ་བ་དང་རྩོམ་པ་པོ། སྨན་པ་དང་ཁེ་ལས་པ། བླ་མ་དང་གྲྭ་བ་སོགས་སྤྱི་ཚོགས་ཀྱི་ལས་རིགས་དང་ཐོབ་ཐང་མི་འདྲ་བའི་སྐྱེ་བོ་ཕོ་མོ་རྒན་གཞོན་མང་པོ་ཞིག་དེར་འཛོམས་ཏེ་སྣང་བ་གཡེང་སྲིད། སྐབས་དེར་ཁོ་ཚོས་ཅི་དང་གང་ལ་ཡང་ཁ་ཡ་ཁྱོན་ནས་མི་བྱ་བར་ཆང་འཐུང་བ་དང་དུ་བ་འཐེན་པ། ཞབས་བྲོ་འཁྲབ་པ། ཡང་ན་ཞབས་ཞུ་མ་དེ་དག་དང་ཁ་བརྡ་གློད་པ་ནི་ཧ་ཅང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན།

  གཡག་སྐྱ་དང་ངེད་གཉིས་ནང་མ་ཁང་ལ་ཆས་ཏེ་འཇམ་མཉེན་གྱི་འབོལ་ཁྲིའི་སྟེང་དུ་བསྡད་པ་ན། བོད་ལྭ་གྲ་དག་གྱོན་པའི་ཞབས་ཞུ་མ་ཞིག་གིས་ལག་ཏུ་ཟས་ཐོ་བཟུང་སྟེ་ངང་བའི་འགྲོས་ཀྱི་སླེབས་བྱུང་། གཡག་སྐྱས་ཞབས་ཞུ་མའི་ལག་ནས་ཟས་ཐོ་བླངས་ཏེ་མིག་བཤེར་ཞིག་བྱས་རྗེས་ཟིན་ཐོ་འབྲི་དེབ་ཀྱི་སྟེང་ལ་རྒྱ་ཡིག་གི་ཡིག་རྡོག་འགའ་བྲིས་ཏེ་ཕྱིར་ཞབས་ཞུ་མའི་ལག་ཏུ་བཞག་ཙ་ན། ཞབས་ཞུ་མས་གུས་ལུགས་ལྡན་པའི་ངང་ནས་ཟས་ཐོ་ཁྱེར་ཏེ་ཕྱིར་སོང་། ནང་མ་ཁང་དུ་དྲོད་འཁོལ་འཛོམས་པོ་འདུག ད་ནི་དགུན་ཟླ་བཅུ་བ་ཚེས་རུང་སྟོད་ལྭ་གྱོན་ནས་བསྡད་ན་ལུས་པོར་ཚ་དྲོད་རྒྱས་པས་ངེད་གཉིས་ཀྱིས་སྟོད་ལྭ་མར་ཕུད་དེ་ཟུར་གྱི་འབོལ་ཁྲིའི་སྟེང་བཞག་སྟེ་ཕུར་ཐུང་གོན་ནས་བསྡད། ཅུང་ཙམ་འགོར་རྗེས་ལུས་ལ་བོད་ལ་གྲ་དག་གྱོན་པའི་ཞབས་ཞུ་མས་བྱང་ཟོར་ལྡན་པའི་ངང་ཝུ་ཆང་ཤོག་སྒམ་གང་དང་ལན་དྲུག་ནག་པོ་བག་ཆ་གཅིག་བཅས་འཁྱེར་ཡོང་སྟེ་ངེད་གཉིས་ཀྱི་མདུན་ཅོག་སྟེང་དུ་བཞག་ཅིང་། ཁོང་མོས་ཧ་ཅང་རྒྱུས་ཡོད་ངང་དམ་བུ་འགའི་ཁ་ཕྱེ་སྟེ་གྲལ་དག་ངང་བསྒྲིགས། དེ་ནས་ཁ་ཕྱེ་བའི་དམ་བུ་ཞིག་ལག་ཏུ་བླངས་ཏེ་ངེད་གཉིས་ཀྱི་ཆང་སྣོད་དུ་བླུགས་ཞོར་གདོང་ལ་བཅོས་འཛུམ་ཞིག་མངོན་ཏེ“ཁྱེད་གཉིས་ཀྱིས་དལ་མོར་བཞེས་རོགས”ཟེར་བཞིན་ཕར་ཆས།

  “རང་སེམས་སོང་བའི་མི་དེ།།

  གཏན་གྱི་འདུན་མར་བྱུང་ན།།

  རྒྱ་མཚོའི་གཏིང་ནས་ནོར་བུ།།

  ལོན་པ་དེ་དང་འདྲ་བྱུང་།།”

  གློ་བུར་དུ་གློག་འོད་ཟ་ཟིའི་ཁྲོད་ནས་བུ་མོ་ཞིག་གིས་གཞས་བཏང་བྱུང་། ངས་ཞིབ་ཏུ་བལྟས་པ་ན། བུ་མོ་དེས་ཕྱུ་པ(博拉)སེར་པོ་ཞིག་གྱོན་ཡོད་ཅིང་གདོང་ལ་མཛེས་སྤྲས་བྱས་འདུག གློག་འོད་ཁྲ་ཁྲ་དེ་མོའི་གདོང་ལ་ཕོག་ཚེ་མོའི་་གདོང་ན་འོད་དཀར་དམར་སྣ་ཚོགས་འཕྲོ་བཞིན་འདུག ཁོང་མོའི་གཟུགས་རིང་རྒྱུ་མེད་མོད། སྐེད་སྐབས་ཕྲ་བས་ལྭ་བ་དེ་མོའི་ལུས་ལ་ཤིན་ཏུ་འཚམས་པ་ཞིག་རེད། མོས་གཞས་གཏོང་དུས་གདོང་ལ་འཛུམ་ཆུང་ཞིག་ཀྱང་མངོན་འདུག་མོད། ངའི་སྣང་ངོར་དེ་ནི་ཨུ་ཚུགས་དང་ཚུལ་འཆོས་ཀྱི་འཛུམ་ཞིག་ལས་བརྩེ་དུང་དང་ཡིད་བརྩེ་ལས་བྱུང་བའི་འཛུམ་ཞིག་མིན་པ་ཐག་གིས་ཆོད། གང་ལྟར་མོ་ནི་ངའི་ཡིད་ཀྱི་དང་བ་འདྲེན་པའི་གཞས་མ་དེའི་རིགས་མ་རེད། ཡིན་ཡང་མི་ཚོགས་ནི་སྐད་ཅིག་ཉིད་ལ་གཞས་མ་དེའི་ཕྱོགས་སུ་ཁ་གདང་མིག་ཅེར། ལ་ལས་ལག་ཏུ་འཐུང་འཕྲོར་ལུས་པའི་ཝུ་ཆང་བཟུང་སྟེ་ཧད། འགའ་རེས་ཁ་པར་ནང་དུ་བརྙན་ལེན་པར་རྩོམ། ཁ་ཤས་ཀྱིས་ལག་ཏུ་ཁ་བཏགས་བསྣམས་ཏེ་བླ་མར་མཇལ་བ་ལྟར་གཞས་མ་དེར་ཁ་བཏགས་འཐེན་གྱིན་འདུག སྐབས་དེར། གཡག་སྐྱས“ལྟོས་དང་། ཁོང་མོ་བོད་ཀྱི་བོད་ཀྱི་གཞས་མ་གྲགས་ཅན་འཇོལ་མོ་རེད”ཟེར། དེ་དུས་གཟུགས་པོ་རིང་ལ་ཤ་རིད་པ། སྐྲ་ལོ་རིང་བོ་བཞག་ཅིང་གདོང་ལ་མིག་ཤེལ་གྱོན་པའི་ན་གཞོན་ཞིག་གིས་ལག་ཏུ་ཁ་བཏགས་བསྣམས་ཏེ་གྱལ་གྱོལ་ངང་བུ་མོ་དེའི་ཕྱོགས་སུ་འགྲོ་བཞིན་འདུག ཁོ་རང་གཞས་མ་དེའི་གམ་ལ་ཐོན་མ་ཐག་ཐང་ལ་འགྱེལ་ནས་མགོའི་ཞྭ་མོ་ཡང་ལྷུང་བས། མི་ཚོགས་ཀྱིས་སྐད་ཅིག་ཉིད་ལ་ཀི་ལྡིར་བྱས་ཏེ་གཞས་མའི་གཞས་གདངས་ཟིལ་གྱིས་མནན། སྐབས་དེར་མི་དེས་ཅི་མི་སྙམ་པར་ཐང་ནས་ཞྭ་བླངས་ཏེ་མགོར་བསྐོན་རྗེས་རང་ཉིད་ཐང་ལ་འགྱེལ་བ་ནི་ཐང་ངོས་མི་སྙོམས་པ་ཡིན་པར་འཁང་རའི་བཟོ་ལྟ་ཞིག་མངོན་ཏེ་གཞས་མ་དེར་ཁ་བཏགས་ཤིག་འཐེན་སོང་། ཁོ་རང་ཁ་ཕྱིར་འཁོར་ནས་ཡོང་དུས་གཡག་སྐྱ་མཐོང་བ་ན། གཡག་སྐྱ་དང་ངེད་གཉིས་ཀྱིས་སར་འོངས་ནས་ལ་འཚམས་འདྲི་ཞིག་བྱས་རྗེས་སྔར་གྱི་འདུག་སྟེགས་སུ་ཆས་ཏེ་འཐུང་འཕྲོར་ལུས་པའི་ཝུ་ཆང་དམ་བེ་འགའ་བསྣམས་ཏེ་ངའི་རྩུབ་ནས་བསྡད་བྱུང་། ཁོས་ཆང་དམ་དག་མདུན་ཅོག་སྟེང་གྲལ་དག་པར་བསྒྲིགས་རྗེས་ཡང་བསྐྱར་སྔར་གྱི་འདུག་སྟེགས་སུ་ཆས་ཏེ་དཔེ་ཆ་ཞིག་དང་དཔེ་ཁུག་ཅིག་ཁྱེར་བྱུང་། ངས་ཞིབ་ཏུ་བལྟས་པ་ན་དེ་ནི་རྒྱའི་རྩོམ་པ་པོ་ལུའུ་ལིང་ཁྲིན་གྱི་<<མི་གཅིག་གི་གྲོང་ཚོ>>ཞེས་པ་དེ་རེད། ཁོས་གཡས་ལག་གིས་མིག་ཤེལ་ཡར་འདེད་ཙམ་བྱས་རྗེས་ངའི་མཐོང་ལམ་ནས་དཔེ་ཆ་དེ་རྒྱབ་ཁུག་ནང་དུ་བཅུག་སོང་། སྐབས་དེར་ངའི་སེམས་ལ། མི་འདིས་ནང་མ་ཁང་དུ་ཡང་དཔེ་ཆ་ཁྱེར་ནས་འགྲོ་བཞིན་པར་བརྟག་ན་ཁོ་ནི་ཚུལ་འཆོས་ལ་གོམས་པའི་མི་ཞིག་རེད་བསམ། ཡང་ཁོའི་སྐྲ་ཚུགས་དང་གདོང་གི་མིག་ཤེལ་ལ་བརྟག་ན་མི་རང་ག་པ་ཞིག་མིན་པ་འདྲ།

  “ཁོ་ནི་བོད་ཀྱི་ན་གཞོན་རི་མོ་བ་ཁྭ་ཏ་ལགས་རེད། ”ཕ་རོལ་བས་ང་ལ་འཛུམ་ཆུང་ཞིག་བསྟན་སོང་།

  “ཁོ་ནི་བོད་ཀྱི་སྙན་ངག་པ་འུག་པ་ལགས་རེད། ” སྐད་ཅིག་མར་ངོ་གདོང་ཚ་ལམ་མེར་སྣང་། ང་རང་སྙན་ངག་བཀླག་པར་སྤྲོ་མོད། སྙན་ངག་ཚིག་རྐང་གཅིག་ཀྱང་བྲིས་མྱོང་མེད། ཁོས་འདི་ལྟར་གློ་རྡེག་ཏུ་ང་ལ་བདག་སྒྲ་སྦྱོར་དུས་ང་ལ་དོགས་མི་བདེ་བའི་ཚོར་བ་ཞིག་སྦྱིན་སོང་།

  གཡག་སྐྱས་དེ་ལྟར་ང་དང་ཁྭ་ཏ་གཉིས་ཕན་ཚུན་ལ་ངོ་སྤྲོད་རགས་ཙམ་བྱས་སོང་།

  “མོའི་གདོང་ན་སྐྱོ་གདུང་གི་གཙང་པོ་ཞིག་འཁྱིལ་འདུག” ཁོས་ཝུ་ཆང་པི་ཙི་གང་སྐོག་སེ་མིད་རྗེས་དེ་ལྟར་བཤད།

  དེ་ནི་གཡག་སྐྱས་ངེད་གཉིས་ངོ་སྤྲོད་བྱས་རྗེས་ཆེས་ཁོས་ཐོག་མར་བཤད་པའི་སྐད་ཆ་རེད། ཁོས་སྐད་ཆ་དེ་བཤད་རྗེས་མིག་གཉིས་གཡོ་བ་མེད་པར་གཞས་མ་དེའི་ཕྱོགས་སུ་ཧད། གཡག་སྐྱས་ཁོའི་ཚུགས་ཀ་དེ་མཐོང་བས་སེམས་ནས་མ་བཟོད་པར“ཁྱོའི་སེམས་སུ་འདོད་པའི་མཚོ་མོ་སྐྱོམ་བཞིན་འདུག་ཨང”ཟེར། ང་ཚོ་མཉམ་དུ་ཐེངས་གཅིག་བགད།

  གཡག་སྐྱ་དང་ཁྭ་ཏ་གཉིས་ཀྱིས་གཞས་མ་དེའི་སྐོར་གྱི་ཁ་བརྡ་བྱེད་ཀྱིན་འདུག གཡག་སྐྱ་ནི་གཞས་ཚིག་རྩོམ་པ་པོ་ཞིག་ཡིན་པས་ཁོས་བོད་ཁམས་ཀྱི་གཞས་པ་གཞས་མ་མང་དག་ཅིག་ངོ་ཤེས་པ་མ་ཟད་དེ་ཚོས་དགའ་རོགས་སུ་དང་གང་ལ་བསྒྲིགས་པ། བཟའ་ཟླ་སུ་ཡིན་པ། ཐ་ན་བྱིས་པ་ཅི་ཙམ་ཡོད་པ་སོགས་ཀྱང་ལག་མཐིལ་གྱི་རི་མོ་བཞིན་རྟོགས་ཡོད་པས་ཁྭ་ཏས་རྣམ་རིག་བསྒྲིམས་ཏེ་ཉན་འདུག

  གར་སྟེགས་སུ་ཧ་ཧ་ཧོ་ཧོ་ཞེས་སྨྱོན་པ་བཞིན་རྐང་བ་དང་ལག་པ་གཡུག་མཁན་གྱི་གླུ་བ་གླུ་མ་དེ་དག་གིས་ངའི་ཡིད་ཀྱི་དང་བ་དྲངས་པ་ཕར་ཟད། དེ་ལས་ལྡོག་སྟེ་ང་ལ་སུན་སྣང་སྟེར་འོངས་པས། ངས་ཁ་པར་བསྣོགས་ནས་བསྡད། ང་ཙམ་འགོར་རྗེས་ངས་མགོ་བོ་ཡར་དགྱེ་བ་ན། ངའི་མིག་གི་ལྟ་ཕྱོགས་ཤིག་ལ། ངའི་འགྲམ་ན་བུ་མོ་ཞིག་ཙོག་འདུག་པ་མཐོང་། མོས་ཀྱང་ཅི་ཡང་མི་སྨྲ་བར་ང་དང་འདྲ་བར་ཁ་པར་སྣོག་བཞིན་འདུག

  འུར་ཟིང་དང་འདུ་འཛིས་ཡོངས་སུ་ཁེངས་པའི་ནང་མ་ཁང་འདིའི་ནང་ན། གདོང་ལ་སྐག་ཚོས་བྱུགས་ཤིང་ལུས་ལ་བོད་ལྭ་གྲ་དག་རེ་གྱོན་པའི་བུ་མོ་འདི་དག་གིས་གར་སྟེགས་སྟེང་ནས་གླུ་རེ་བླངས་རྗེས་བྱ་བ་གཞན་ཞིག་ཡོད་པ་ནི་མགྲོན་པོ་ཚོར་ཆང་འདྲེན་རྒྱུ་དེ་རེད། ཆང་འཐུང་མི་ཐུབ་ན་སྐོམ་ཆུས་ཆང་གི་ཚབ་བྱས་ཏེ་ཕོ་བ་ན་རག་བར་དུ་འཐུང་རྒྱུ་དེ་བྱ་བ་སྡུག་ཐུག་ཅིག་ཡིན་མོད། ཁོང་མོ་ཚོར་མཚོན་ན་དེ་ནི་གོམས་འདྲིས་སུ་གྱུར་ཡོད་པ་འདྲ། དེ་བས་ངས་ཀྱང་མོ་ལ་ཆེད་དུ་ཁ་བརྡ་མ་བྱས་པར་བསྡད། ངའི་སྣང་བ་ཞིག་ལ་ནང་མ་ཁང་གི་བུ་མོ་ཚང་མའི་དམིགས་ཡུལ་ནི་མགྲོན་པོར་ཆང་ལྡུད་རྒྱུ་དེ་ལས་མ་འདས་པར་སྙམ།

  ཁོང་མོས་མཚམས་མཚམས་སུ་ང་ཚོའི་པི་ཙིའི་ནང་ཆང་བསྣན་མོད། གཡག་སྐྱ་དང་ཁྭ་ཏ་གཉིས་ཁ་བརྡའི་ཁྲོད་གཡེང་འདུག་པས་མོར་ཁ་ཡ་བྱེད་མཁན་མ་བྱུང་།

  ངས་མུ་མཐུད་དུ་སྐད་འཕྲིན་བསྣོགས་ནས་བསྡད་ཙ་ན།

  “ཤོག གཙང་བཞེས་གནང་རོགས” མོས་སྐོམ་ཆུ་ཡར་འདེགས་བཞིན་ཤིན་ཏུ་འཇམ་པའི་ངག་གིས་ང་ལ་དེ་ལྟར་བཤད། སྐབས་འདིར་མོའི་གདོང་ན་སྨྲ་མི་ཤེས་པའི་འཛུམ་ཆུང་ཞིག་མངོན་འདུག འཛུམ་ཆུང་དེས་ནི་འགད་རྫས་ཤིག་དང་འདྲ་བར་སྐད་ཅིག་མར་ངའི་ནང་སེམས་འཁྲུག་པོར་བཟོས། ངས་ཧ་ཅང་སྣང་མེད་ངང་ལག་པ་ཡ་གཅིག་གིས་པི་ཙི་ཡར་བཀྱགས་ཏེ་མོ་དང་ཞབས་དག་ཐེངས་གཅིག་བརྒྱབ།

  དེ་མུར་མོའི་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་གིས་ངའི་གདོང་ལ་ཕུར་ཚུགས་སུ་བལྟས་ནས་ཕ་ཡུལ་གང་གི་ཡིན་མིན་དང་ལས་གནས་ཅི་ཞིག་ཡིན་པ་སོགས་གཅིག་འཕྲོར་གཅིག་དྲིས་པས། ངས་ཀྱང་རེ་ཞིག་ཁ་པར་རྩེ་མཚམས་བཞག་སྟེ་ཧ་ཅང་གཟབ་ནན་གྱིས་མོའི་དྲི་བ་རེ་རེར་ལན་བཏབས། ངེད་གཉིས་ཀྱིས་ཕན་ཚུན་ལ་སྐད་ཆ་བཤད་རེས་བྱེད་སྐབས་མོའི་གདོང་ན་འཛུམ་ཆུང་རེ་མངོན་མོད། འཛུམ་ཆུང་དེའི་ལྟག་རྒྱབ་ན་སྐྱོ་གདུང་དང་བློ་ཕམ། འུ་ཐུག་དང་མྱ་ངན་གྱི་སྨུག་སྤྲིན་ཞིག་འཐིབས་ཡོད་པ་མཐོང་། དེར་ཡོང་བའི་མགྲོན་པོ་མང་ཆེ་བས་ཁོང་མོའི་ཡིད་འོང་གི་ངོ་གདོང་དང་ངོ་གདོང་དེ་ལས་མངོན་པའི་འཛུམ་མདངས་མཐོང་བ་ལས་འཛུམ་མདངས་དེའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་པ་ཧ་ལམ་མཐོང་གྱིན་མི་འདུག་པ་འདྲ། ཁོ་ཚོར་མཚོན་ན་དེ་ནི་འབྲེལ་བ་མེད་པའི་དོན་དག་ཅིག་རེད། མོས་ང་ཚོའི་པི་ཙེའི་ནང་ཆང་བསྣན་རྗེས་མགྲོན་པོ་གཞན་པ་རེའི་གམ་ལ་སོང་སྟེ་དེ་དག་གི་པི་ཙིའི་ནང་ལ་ཡང་ཆང་རེ་སྣོན་སྲིད།སྐབས་རེར་བཟི་བོ་ཁར་ཁེར་གྱིས་མོ་རང་པང་དུ་བསྡམས་ཏེ་སྐད་ཆ་འདྲ་མིན་བཤད་ཀྱི་འདུག་མོད། མོས་ཨུ་ཚུགས་ཀྱིས་འཛུམ་རེ་སྟོན་བཞིན་མངོན་ཆུང་གིས་གར་མ་གཞན་དག་དང་འདྲ་བར་མགྲོན་པོ་ཚོར་ཆང་འཐུང་རོགས་བྱེད་ཀྱིན་འདུག ངས་ཚུལ་དེ་མཐོང་བ་ན་ཞེ་གཏིང་ནས་སྙིང་རྗེ་ཞིག་ཀྱང་སྐྱེས་བྱུང་།

  མོས་ཕོ་གསར་དེ་དག་ལ་ཆང་འཐུང་རོགས་བྱེད་དུས་མོའི་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་གིས་ང་ལ་ཟུར་མིག་ཡང་ཡང་འཕངས། ངས་ཀྱང་མཚམས་རེར་སྣང་མེད་སྒོས་མོ་ལ་ལྟ་ཙམ་བྱས་པ་ཡིན། མཚམས་མཚམས་སུ་མིག་མདངས་དང་མིག་མདངས་བསྣོལ་ནས་འགུལ་མེད་དུ་སྡོད་དགོས་བྱུང་།གལ་ཏེ་ང་ནོར་མེད་ན། ངས་ཁོང་མོའི་མིག་མདངས་ལས་ཁོང་མོའི་ནང་སེམས་ཀྱི་འཇིག་རྟེན་མཐོང་ཡོང་། ཡིན་ཡང་གནས་སྐབས་དེར་ངས་ཁོང་མོར་ཅི་ཡང་མ་བཤད་པར་མུ་མཐུད་དུ་ཝུ་ཆང་འཐུངས་ནས་བསྡད།

  དགོང་མོ་དེར་མོ་དང་ལྷན་དུ་ཆེས་སྤྱིར་བཏང་གི་སྐད་ཆ་འགའ་བཤད་རྗེས་ང་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྦྱིན་སོང་། སྐབས་དེར་ངས་མོ་རང་ང་ལ་བདག་མིན་དང་མོ་ལ་དགའ་རོགས་ཡོད་མེད་ལ་ཁ་ཡ་ཁྱོན་ནས་མ་བྱས། ཡིན་ཡང་མོའི་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་དེ་ངའི་ཀླད་པའི་ནང་ལ་ཡང་ཡང་འཁོར་ཞིང་ང་རང་བསམ་དབང་དྲན་དབང་མེད་པར་འདང་རྒྱག་གི་མཚོ་མོའི་ནང་དུ་ལྷུང་།

  ང་ཚོ་ནང་མ་ཁང་ནས་ཕྱི་ལ་འགྲོ་སྐབས། མོ་རང་ངའི་གམ་དུ་ཐོན་བྱུང་། ཁ་མ་བགད་གོང་ལ་མིག་བགད་ཅེས་པ་དེ་མོའི་སྟེང་ན་འཛོམས་པོ་འདུག ང་བཟི་ནས་ར་རོར་གྱུར་ཡང་ངས་མོའི་ངོ་གདོང་དང་ངོ་གདོང་ན་ཡོད་པའི་སྐད་ཆ་བཤད་ཤེས་པ་ལྟ་བུའི་མིག་ཟུང་དེ་ཧ་ཅང་གསལ་བོར་མཐོང་། ང་ཚོ་འགྲོ་ཁར། མོས་ང་ལ་ལམ་ནས་སེམས་ཆུང་བྱ་དགོས་པའི་དྲན་སྐུལ་ཡང་ཡང་བྱས།

  དགོང་མོ་དེར།ང་རང་ཕྱིར་མལ་ཤག་ཏུ་ལོག་ནས་ཁ་ཡིག་ལ<<མིག་ཟུང་གིས་སྐད་ཆ་བཤད་པའི་བུ་མོ>>ཞེས་པའི་སྙན་ངག་ཅིག་བློས་བསླངས་བྱས་མོད། སྙན་ངག་ཡག་པོ་ཞིག་མ་འཁྱོངས་པས་བྲིས་པ་དག་བསུབ་པ་ཡིན།

  ཏག་ཏག་དགོང་མོ་དེར། ངས་མོ་རང་རྨི་ལམ་དུ་རྨིས་བྱུང་། རྨི་ལམ་ཁྲོད་དུ། ང་རང་མི་ཚོགས་ཀྱི་ཁྲོད་དུ་འགྲོ་བཞིན་འདུག ངའི་མིག་གིས་ལྟ་ཕྱོགས་ཤིག་ལ་གློ་རྡེག་ཏུ་མོ་མཐོང་སོང་། མོ་ཧ་ཅང་མངོན་ཆུང་དང་ཞི་དུལ་གྱིས་མི་ཚོགས་ཀྱི་རྦ་རླབས་ཀློང་ན་འགྲོ་བཞིན་འདུག མོ་རང་དལ་བ་དལ་བུར་མི་ཚོགས་ཀྱི་གཙང་བོའི་གཞུང་ལ་འཐིམ་ཁར་མོས་ཕྱི་མིག་ཅིག་འཕངས་བྱུང་། མོས་ཕྱི་མིག་འཕེན་དུས་གདོང་ན་འཛུམ་ཆུང་ཞིག་མངོན་འདུག འཛུམ་ཆུང་དེ་ནི་ངས་མོ་ཐོག་དང་པོར་མཐོང་དུས་ཀྱི་འུ་ཐུག་དང་ཨུ་ཚུགས་ཀྱི་འཛུམ་མདངས་དེ་མིན་པར་ཟོལ་མེད་དྭངས་གཙང་གི་འཛུམ་མདངས་ཤིག་རེད། སྐབས་དེར་ངས་མོར“ཁྱོའི་གདོང་ན་མེ་ཏོག་བཀད་འདུག”ཅེས་བརྗོད་ན་འདོད་མོད། མི་ཚོགས་ཀྱི་གཙང་བོས་མོ་རང་རྒྱང་ནས་རྒྱང་ལ་དེད་དེ་མཐར་ངའི་མཐོང་ལམ་ནས་ཡལ་བར་གྱུར། ངས་ཤུགས་རིང་ནར་ནར་སྒོས་མོའི་ཕྱོགས་སུ་གོམ་པ་ཇི་ལྟར་སྤོས་ཀྱང་ངའི་རྐང་མགོར་རྡོ་བཏགས་པ་ལྟར་འགྲོ་མི་ཐུབ་པར་གྱུར་བས་ང་རང་གློ་རྡེག་ཏུ་གཉིད་ལས་སད། ཕྱིར་ཉིན་ད་དུང་ཡང་ངའི་ཡིད་ལ་མདང་གི་བུ་མོ་དེའི་གཟུགས་བརྙན་ཤར་བས། ངས་མདང་གི་ཚོར་བ་དེ་དང་རྨི་ལམ་དེ་གཡག་སྐྱ་ལ་བཤད། ཁོས“ཁྱོད་ད་རུང་གསར་བུ་ལོ་ཆུང་རེད། དགའ་རོགས་ལྷམ་ཚང་བརྗེ་བརྗེ་གྱིས་དང་ཆོག་ནི་རེད”ཅེས་ང་ལ་ཀུ་རེ་བརྩེས།

  གང་ལྟར། མོ་ནི་ང་རང་གྲོང་ཁྱེར་འདིར་འབྱོར་ནས་བློར་འབབ་སའི་བུ་མོ་ཐོག་མར་གྱུར་བ་དེ་སུ་དང་གང་ལ་ཡང་གསང་ཐབས་བྲལ།

4

  ཁྭ་ཏ་ངོ་ཤེས་ནས་རིང་བོ་མ་འགོར་བར། ཁོའི་བྱ་སྤྱོད་དང་གཤིས་ཀ བསམ་བློ་སོགས་ང་དང་མཐུན་ས་མང་པོ་འདུག་པས། ངལ་གསོའི་བར་གླགས་ནས་ངེརད་གཉིས་ཕན་ཚུན་བར་འགྲོ་འོང་བྱ་རྒྱུ་དེ་ཡང་རྒྱུན་ལྡན་དུ་གྱུར།

  ཐེངས་ཤིག ང་རང་ཁྭ་ཏའི་སར་སོང་། ཁྭ་ཏས་ཀྱང་ཁང་པ་ཞིག་གླས་ནས་བསྡད་ཡོད། ཁོའི་ཁང་པ་དེ་ཅུང་ཆུང་མོད་གཡག་སྐྱ་དང་ངེད་གཉིས་ཀྱི་ཁང་བ་ལས་ལྡབ་ཀྱིས་གཟབ་རྒྱས་ཤིག་རེད། ཁང་པའི་གྱང་ངོས་སུ་གློག་བརྙན་འཁྲབ་སྟོན་པ་དང་སྙན་ངག་པ། གླུ་བ་སོགས་ཀྱི་པར་མང་པོ་སྦྱར་འདུག སྒོའི་འགྲམ་དུ་འབྲི་སྒྲོམ(画架)ཞིག་བཞག་ཡོད་ལ་དེའི་སྟེང་ན་བུད་མེད་ཅིག་གི་སྐྱ་རིས་འདུག ངས་ཞིབ་ཏུ་བལྟས་པ་ན།དེ་ནི་གང་ནས་བལྟས་ཀྱང་འཇོལ་མོ་ཡིན་པ་འདྲ། ཉལ་ཁྲིའི་ཁ་གཏད་དུ་ཅོག་ཙེ་ཞིག་བཞག་ཡོད་ལ་དེའི་སྟེང་དུ་འཐུང་འཕྲོར་ལུས་པའི་ཁུ་ནག་ཅིག་དང་ཚགས་དེབ་མང་པོ་གོ་རིམ་མེད་པར་བཞག་ཡོད། སྒེའུ་ཁུང་འགྲམ་ན་དཔེ་སྒྲོམ་ཞིག་བཞག་ཡོད་ཅིང་དཔེ་སྒྲོམ་དུ་བརྩམས་སྒྲུང་དང་སྙན་ངག རི་མོ་སོགས་སྒྱུ་རྩལ་དང་འབྲེལ་བའི་དེབ་མང་པོ་གྲལ་དག་ངང་བསྒྲིགས་ཡོད། ཉལ་ཁྲིའི་འགྲམ་ན་ཁོ་རང་གནམ་བདེ་སྒོ་མོ་ཆེའི་མདུན་ནས་བླངས་པའི་པར་བཞག་པའི་པར་སྒྲོམ་ཆུང་ངུ་ཞིག་འདུག ངའི་སྣང་བ་ཞིག་ལ་ཁོ་ནི་ན་གཞོན་ཤེས་ཡོན་ཅན་ཞིག་རེད་འདོད།

  ངས་ཁོ་ལ་ཀུ་རེའི་ཚུལ་དུ། “སྐྱ་བྲིས་དེ་འཇོལ་མོ་ཟེར་བ་དེ་ཡིན་ནམ” ཞེས་བཤད་པ་ན།

  “འོ་ལེ། མོ་རང་ཡིན། མོ་རང་མཐོང་བའི་སྐད་ཅིག་མར་ངའི་ཡིད་ཀྱི་གནག་མཚོ་གྱེན་དུ་འཕྱུར། ”

  “ཁྱོད་རང་མོ་ལ་དགའ་བ་ཡིན་ནམ།”

  “དྲང་མོར་བཤད་ན། ང་རང་མོའི་ཆེད་དུ་ནང་མ་ཁང་དེར་ཐེངས་བཅུ་ཕྲག་ཁ་ཤས་ལ་སོང་མྱོང་། ང་དེར་འགྲོ་ཐེངས་རེར་མོར་ཁ་བཏགས་རེ་ཕུལ་བ་ཡིན། གལ་ཏེ་མོ་རང་ང་ལ་དབང་བར་མ་གྱུར་རུང་མོ་རང་མཐོང་བའི་སྐད་ཅིག་མའི་མཛེས་པ་དེ་ཉམས་སུ་མྱངས་པས་ཆོག”

  “ཧ་ཧ། གལ་ཏེ་ཁྱོད་རང་མོ་ལ་སེམས་གཏིང་ནས་དགའ་ན། མོར་དགའ་གི་ཞེས་ཤོད་དང་།བུ་མོ་དག་ནི་སྐྱེས་པ་དག་ལ་དུངས་སེམས་ཆགས་ཀྱང་ཁ་ནས་ཤོད་ཐུབ་པ་མ་རེད།”ཅེས་ཉམས་མྱོང་ཡོད་མདོག་གིས་ཁོར་བཤད།

  “ད་ཡོད་ཚད་ལས་རེད།”

  “རེད། སྔོན་ལས་ལ་བཟློག་ཐབས་བྲལ། ཁྱོད་ལ་ཁག་མི་འདུག བརྩེ་དུང་གི་མདུན་ནས་མི་ཚང་མ་ཅི་བྱ་གཏོལ་མེད་དུ་གྱུར་འགྲོ” ཁོས་ལན་མ་བཏབ་གོང་ངས་ཁ་བརྡའི་བརྗོད་བྱ་གཞན་དུ་བསྒྱུར“འོ། བལྟས་འོངས་ན་ཁྱོད་རང་རི་མོ་འབྲི་རྒྱུར་དགའ་མ་ཟད་པར་ལེན་རྒྱུ་ཡང་དགའ་བོ་འདུག་ཨང”ཞེས་བཤད།

  “འོ་ལེ། ང་རང་པར་ལེན་རྒྱུར་ཞེ་དྲགས་དགའ། དེ་ནི་ངའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཚར། ང་རང་དེ་སྔོན་ཆེད་དུ་པེ་ཅིན་ལ་པར་ལེན་གསོ་སྦྱོང་བྱེད་དུ་སོང་མྱོང”

  “ དེ་འདྲ་ཡིན་དུས་ཁྱོད་རང་པར་ལེན་ལ་མཁས་པོ་ཡོད་ས་རེད། རྗེས་ཕྱོགས་ངས་གཉེན་བསྒྲིགས་བྱེད་དུས་གཉེན་པར་ཁྱོས་ལོངས”ངས་ཀུ་རེའི་ཚུལ་དུ་ཁོར་དེ་ལྟར་བཤད་པ་ན།

  “ང་རང་ཆེས་ལེན་རྒྱུར་མི་དགའ་བ་ནི་གཟབ་མཆོར་སྤྲས་པའི་གཉེན་པར་དེའི་རིགས་ཡིན། ལྷག་ཏུ་བོད་ཀྱི་གཉེན་པར་ལེན་སྟངས་དེ་ངོ་མ་བཙོག་གི ངས་བོད་ཀྱི་བརྙན་པར་ལེན་སྟངས་དེ་གསར་བརྗེ་བྱས་ན་འདོད”

  “ང་ཡང་དར་སྲོལ་དེ་ལ་དགའ་བོ་མེད།”

  ཡང་ཐེངས་ཤིག ཁྭ་ཏ་དང་ངེད་གཉིས་སྒྲོལ་མ་ལགས་གཡང་ཤག་ཅེས་པ་དེར་སོང་ནས་ཟ་མ་རྒྱགས་ཐག་ཆོད་པ་ཞིག་ཟོས་རྗེས་སྦི་རག་འཐུང་བཞིན་སྙན་ངག་གི་སྐོར་ནས་ཁ་བརྡ་བྱས་པ་ཡིན། ཁོས་སྙན་ངག་གི་སྐོར་བཤད་དུས་རིག་པ་གསལ་ཞིང་སྨྲ་བརྗོད་དག་པས་སྐད་ཆ་ནི་ཆུ་བཞུར་བ་ལྟར་མཚམས་ཚིགས་ཤིག་མི་འདུག ངས་ཤིན་ཏུ་གཟབ་ནན་ངང་ཁོས་བཤད་པའི་སྐད་ཆར་མཉན་ནས་བསྡད། སྣང་བ་ཞིག་ལ། ཁྭ་ཏ་ནི་མི་ཤེས་རྒྱ་ཅན་ཞིག་ཡིན་པ་མ་ཟད་མི་རང་ཚུགས་ཅན་ཞིག་ཀྱང་རེད་སྙམ། ཁོ་ནི་ནམ་རྒྱུན་སྨྲ་བ་ཉུང་བས་ངས་ཁོ་ནི་གདོང་ལ་གདོང་ལ་གདོང་གཏད་ནས་སྡོད་དགོས་པའི་གྲོགས་པོ་དེའི་རིགས་ཡིན་པར་འདོད་པ་དེ་ནོར་འདུག་པ་རྨང་ནས་ཚོར། ཁོས་ནི་རང་དང་གློ་ཉེ་བ་དག་དང་འཕྲད་ན་གཟོད་སྐད་ཆ་མང་པོ་འཆད་སྲིད། སྐབས་དེར་ངའི་ཡིད་ལ་གཡག་སྐྱ་དྲན་བྱུང་། གཡག་སྐྱ་ནི་མི་སུ་དང་གང་ལ་ཐུག་ན་ཡང་འཛེམ་དོགས་སྤུ་ཙམ་ཡང་མེད་པར་སྐད་ཆ་མང་དུ་བཤད་སྲིད། མཚམས་རེར་ང་རང་ཁོའི་གཤིས་ཀ་དེར་སུན་པས་ངས་ཁོར་“མི་ཞིག་ཡིན་ན་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ཞིག་དགོས་ཟེར་བ་མིན་ནམ། ”ཞེས་འཁང་ར་མང་དུ་བྱས་མྱོང་། ཡིན་ཡང་ཁོས་ངའི་སྐད་ཆ་དེ་རྣ་རྒྱབ་ཀྱི་རླུང་ལ་སྤུར་བས་སྔར་བཞིན་གཤིས་ཀ་ངན་པ་དེ་འགྱུར་བ་ཕྲན་ཙམ་གཏོང་མི་སྲིད།

  ཟླ་གཅིག་མ་འགོར་བར་དགའ་ཕྱོགས་དང་གཤིས་ཀ་གང་གི་ཐད་ནས་ཀྱང་མི་མཐུན་པའི་ཁྭ་ཏ་དང་འཇོལ་མོ་གཉིས་ཀྱིས་དགའ་རོགས་བསྒྲིགས་སོང་། སྐབས་དེར་ངའི་སེམས་ལ་བརྩེ་དུང་ནི་དགའ་ཕྱོགས་དང་གཤིས་ཀ་ལ་འབྲེལ་བ་མེད་པ་ཞིག་རེད་འདོད།

  ཁྭ་ཏ་དང་འཇོལ་མོ་གཉིས་དགའ་གྲོགས་སུ་ཆགས་ནས་རིང་བོ་མ་འགོར་བར་འཇོལ་མོ་དེ་སྔོན་གྱི་ནང་མ་ཁང་དེ་དང་ཁ་བྲལ་ནས་གཡག་སྐྱ་དང་ལྷན་དུ་དཔེ་ཤག་གཉེར་མགོ་བརྩམས་སོང་། མོ་རང་ཁ་སྒོ་སྐྱེས་འབྲས་མཚར་བའི་ཁར་རྩེད་དགའ་ཆེ་བས་མགྲོན་པོ་ནི་ཟམ་མི་ཆད་པར་གྱུར་བས་རེ་ཞིག་ཁྭ་ཏ་དང་མོ་གཉིས་ཀྱི་འཚོ་བར་འདང་རྒྱག་མེད་པར་གྱུར། དེ་ལྟར་འཇོལ་མོ་ནི་དེ་སྔོན་གྱི་ནང་མ་ཁང་གི་གར་མ་ཞིག་ནས་དཔེ་ཤག་ཅིག་གི་སྦྱིན་བདག་མར་གྱུར་སོང་།

  ངས་འཇོལ་མོར་དེ་སྔོན་རང་ཉིད་འཁྲེང་མྱོང་བའི་བུ་མོ་དེའི་འབྲེལ་གཏུགས་བྱེད་ཐབས་འདྲི་བསམས་མོད། གར་མ་ཚོའི་རྒྱབ་ལྗོངས་དེ་འདྲའི་གཙང་རྒྱུ་མེད་པས། གལ་ཏེ་མོས་ང་ལ་བུ་མོ་དེའི་མི་སྡུག་པའི་ལོ་རྒྱུས་བཤད་ན་ངའི་དེ་སྔོན་གྱི་དྭངས་གཙང་གི་དགའ་དུང་དེར་རྨ་ཕབ་པར་དོགས་ནས་འདྲི་མ་ཕོད། དེ་སྔོན་ཁྭ་ཏས་གཡག་སྐྱ་དང་ངེད་གཉིས་ལ་འཇོལ་མོས་ཁོ་རང་དང་ལེན་གནང་སོང་བའི་སྐོར་བཤད་དུས། གཡག་སྐྱས་ང་ལ་འཇོལ་མོ་དང་འབྲེལ་བའི་སྐྱུག་བྲོ་བའི་གཏམ་རྒྱུད་མང་པོ་ཞིག་འཕྲོ་རིམ་འཕྲོར་བཤད་པ་མིན་ནམ་སྙམ།

  གཡག་སྐྱ་དང་ངེད་གཉིས་ཁྭ་ཏའི་དཔེ་ཤག་སོང་།

  ཁོའི་དཔེ་ཤག་ནི་རིམ་པ་ཐོག་བརྩེགས་ཅན་ཞིག་ལ། གཅིག་ཐོག་དང་གཉིས་ཐོག་གཉི་གར་མགྲོན་པོ་བསྡད་ཆོག བོད་ལུགས་བཟོ་བཀོད་གཙོར་བཟུང་ཞིང་དེང་རབས་ཀྱི་ཁྱད་ཆོས་འཛོམས་པའི་དཔེ་ཤག་གི་ནང་དུ་ཕྱི་རྒྱལ་གྱི་སྙན་ངག་པ་དང་གླུ་བ་མང་པོའི་པར་སྦྱར་ཡོད་པའི་ཁྲོད་ན་བོད་པ་ཞིག་ཡོད་པ་ནི་བདུད་བྷེ་ཁོ་ན་ཡིན། བདུད་བྷེའི་པར་དེ་ནི་པར་ཆས་ཀྱིས་བླངས་པ་མིན་པར་ཁྭ་ཏ་ཁོ་རང་གིས་དངོས་སུ་བྲིས་པ་ཞིག་རེད། ཁྭ་ཏའི་དཔེ་ཤག་འདིའི་མ་དངུལ་གྱི་ཕྱེད་ཀ་ནི་ཁོང་གིས་མི་ལོ་བཅུ་ལ་ཧུར་བརྩོན་གྱིས་རི་མོ་བྲིས་ནས་ཐོབ་པའི་དངུལ་དང་ཕྱེད་ཀ་ནི་གྲོགས་པོ་དག་གི་ས་ནས་བུ་ལོན་དུ་བླངས་པ་རེད། དཔེ་ཤག་ཆུང་ཡང་མགྲོན་པོ་ནི་ཟམ་མི་ཆད།དེ་ནི་ཁོ་ལ་ས་འདི་ན་གཡག་སྐྱ་ལྟ་བུའི་གྲོགས་པོ་མང་པོ་ཡོད་པས་ཡིན་པ་འདྲ། ཁོའི་དཔེ་ཤག་ནི་ངལ་གསོའི་བསྟི་གནས་ལེགས་པོ་ཞིག་ཡིན། ཁོར་ཡུག་གཙང་ལ་ཞབས་ཞུའི་རྣམ་འགྱུར་ལེགས། ཟ་མའི་རིན་གོང་འོས་འཚམ་ཡིན་པ་སོགས་ཀྱི་བཟང་ཆ་ཡོད་པས། རྣམ་ཀུན་དུ་ཁེར་རྐྱང་དང་ལྷིང་འཇགས་ལ་དགའ་བའི་མི་དག་འདིར་ཡོང་སྟེ་ཁོ་ཧྥེ་དང་འོ་ཇ་རེ་འཐུང་ཞོར་དཔེ་ཀློག་ཐན་ཐུན་རེ་བྱ་སྲིད།གཡག་སྐྱ་དང་ངེད་གཉིས་ཁྭ་ཏའི་དཔེ་ཤག་ཏུ་སླེབས་དུས། ཁྭ་ཏ་ཁྱིམ་ན་མི་འདུག ངས་དཔེ་ཤག་གི་ཞབས་ཞུ་མར་ཁྭ་ཏ་གང་ལ་སོང་མིན་དྲིས་པ་ན། ཞབས་ཞུ་མས“ཁྭ་ཏ་གསལ་ཡངས(阳台)་སུ་སྐྱོ་སངས་བྱེད་དུ་བུད་ཐལ ”ཟེར། དེ་ནས་ངེད་གཉིས་མྱུར་དུ་ཁང་སྟེང་ལ་འཛེག་སྟེ་ཁྭ་ཏ་ཡོད་སར་སོང་།

  དུད་སྨུག་གིས་བདག་ཏུ་བཟུང་བའི་ནམ་མཁའི་ངོ་གདོང་སྐྱ་བོའི་འོག་ཏུ། ཁྭ་ཏ་གསལ་ཡངས་སུ་ས་རུ་ཙོག་སྟེ་དུ་བ་འཐེན་ནས་འདུག ཁོའི་སྔུན་ལ་ཁོག་སྟོང་བྱས་པའི་ཝུ་ཆང་གི་དམ་བེ་འགའ་གོ་རིམ་མེད་པར་གཡུགས་འདུགསྣང་ཚུལ་དེ་ལས་འུ་ཐུག་དང་ཡི་ཆད་ཀྱི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྟེར་འོངས།

  ངས་ཁྭ་ཏར། “དངོས་པོ་འདི་དག་ད་ནངས་འཇོལ་མོས་ཁྱོད་བྱིན་པ་རེད། ”ཅེས་བཤད་པ་ན། ཁོས་ཅི་ཡང་མི་སྨྲ་བར་མི་མཐུད་དུ་ཐ་མག་རྔུབ། སྐབས་འདིར་ནམ་མཁའ་དུ་སྨུག་གིས་བསྒྲིབས་པས་མི་ལ་སྐྱོ་གདུང་གི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་འོང་།

  ཁོས་ཐ་མག་རྔུབ་ཚར་རྗེས“ང་རང་གཅིག་པུ་འདི་ནས་འདུག་འདོད”ཟེར། དེ་ནས་ངེད་གཉིས་ཕྱིར་རང་ཤག་ཏུ་ཆས་པ་ཡིན། ངས་ཕྱིར་ལྟ་བྱེད་དུས་ཁོས་འཇོལ་མོས་བསྐུར་བའི་ལེགས་སྐྱེས་ལག་ཏུ་བཟུང་ནས་ཅི་ཞིག་ལ་མནོ་བསམ་གཏོང་བཞིན་འདུག

  “སྡོང་མགོར་བབས། བྱ་དེ་རྣམ་སྡོང་མགོར་བབས། དམིགས་ཡུལ་མེད་པར་འཕུར་འཕུར་བའི་མཐའ་མར་སྡོང་མགོར་བབས།”ངས་ཁ་རོག་གེར་གཞས་ལ་མཉན་ནས་སྡོད་སྐབས། འུག་པ་གློ་བོར་དུ་གཉིད་ལས་སད་པ་ལྟར་མལ་ཁྲི་ལས་ལངས་ཏེ་ང་ལ་“ང་རང་ཁྭ་ཏ་དང་འགྲོགས་ནས་ལོ་གཉིས་ལྷག་འགོར་ཡང་། ང་ད་རུང་ཁོར་གསལ་ཆ་མེད། ཁོ་རང་ལྐོག་གྱུར་གྱི་མི་ཞིག་རེད།”ཟེར། ངས་རྣར་གཞུག་བླངས་ཏེ་“དགོས་མི་དགོས་གཉི་གར་འདང་རྒྱག་གི་མ་འདུག”ཟེར་བ་ན། གཡག་སྐྱས“ངའི་གྲོགས་མོ་ཞིག་གིས་ཁྭ་ཏ་ནི་ཕྱི་ཚུལ་ནས་བལྟས་ན་གཞུང་དྲང་དང་བབ་ཆགས་ཤིག་ཡིན་མོད། ལྐོག་གྱུར་གྱི་མི་ཞིག་ཡིན། ཁོ་དང་བར་ཐག་རིང་ཙམ་གྱིས”ཟེར། ངས་ཁོར་དེ་འདྲ་དཔེ་མི་སྲིད། ཅེས་བཤད་རྗེས་ཁོའི་སྐད་ཆ་དེ་དག་རྣ་རྒྱབ་ཀྱི་རླུང་ལ་བསྐུར་ཏེ་མུ་མཐུད་དུ་གཞས་ལ་ཉན།

  གཡག་སྐྱ་དང་ཁྭ་ཏ། ངེད་གསུམ་གྱི་མི་གཤིས་དང་དགའ་ཕྱོགས་ཁ་ཁ་སོ་སོར་གནས།ནམ་རྒྱུན་གྲོགས་པོ་ཚོ་དང་མཉམ་འཛོམས་བྱས་ནས་ཟས་རིན་སྤྲོད་ཐེངས་རེར།གཡག་སྐྱ་སྔུན་ལ་བརྒྱུགས་ཏེ་གློ་ཁུག་ནང་ཕུར་ཕུར་བྱས་ཏེ་ཟས་རིན་སྤྲོད་པའི་ཚུགས་ཀ་རེ་སྟོན་སྲིད། ཡིན་ཡང་དོན་དངོས་སུ་ཟས་རིན་སྤྲད་པ་ཤིན་ཏུ་ཉུང་། དེ་བས་ངས་ཁོ་རང་མི་སེར་སྣ་ཅན་ཞིག་ཡིན་པར་འདོད། ཁོས་རང་ཉིད་རྩོམ་པ་པོ་ཞིག་ཡིན་པར་བརྗོད་མོད།ཁོ་རང་དཔེ་ཆ་ཉོ་རྒྱུ་དགའ་བ་ལས་ཀློག་རྒྱུར་མི་དགའ་མཁན་ཞིག་རེད། ཁོས་རྩོམ་གྲོགས་ཚོའི་མདུན་ནས“དཔེ་ཆ་ཅིག་ཅིག་ཉིག་ཉིག་གི་ནང་དུ་འདི་ལྟར་བཤད་འདུག”ཅེས་ངོམ་སོ་བྱེད་དུས། ཁོས་བཤད་པའི་སྐད་ཆ་མང་ཤོས་ནི་ཁྭ་ཏས་བཤད་པའི་སྐད་ཆ་ཡིན། ཁོ་རང་ངོ་ཤེས་དང་ཆ་མེད་སུ་ལ་ཐུག་ན་ཡང་འཛེམ་དོགས་མེད་པར་སྐད་ཆ་བཤད་སྲིད། མཚམས་རེར་ང་རང་ཁོའི་གཤིས་ཀ་དེར་རབ་ཏུ་སུན། ཡིན་ཡང་ཁྭ་ཏ་ནི་དེ་ལས་ལྡོག་པ་རེད། ཁོ་ནི་སྨྲ་བ་ཉུང་ལ་དཔེ་ཀློག་བྱེད་པར་དགའ།གྲོགས་པོ་ཚོ་དང་མཉམ་དུ་ཆང་འཐུང་པའམ་ཟ་མ་ཟ་དུས་རྒྱུན་པར་སྔུན་ལ་བརྒྱུགས་ཏེ་ཟས་རིན་སྤྲོད་སྲིད།

  ང་རང་ཆེས་སུན་ས་ནི་གཡག་སྐྱས་བུ་མོ་ཚོར་ཁ་པར་གཏོང་བ་དེ་རེད། རྒྱུ་མཚན་ཁོས་བུ་མོ་ཚོར་ཁ་པར་གཏོང་བའི་ཡུན་ཤིན་ཏུ་རིང་། ཁོ་རང་མཚན་མོར་ཕྱིར་ཉལ་ཁང་དུ་ལོག་དུས་ཧ་ཅང་འཕྱི་བོ་འདུག་ཀྱང་བུ་མོ་ཚོར་ཁ་པར་གཏོང་རྒྱུ་དེ་བརྗེད་མི་སྲིད། ཁོས་སྐད་འཕྲིན་དུ་སྐད་ཆ་ཚིག་གཅིག་གཏགས་རྗེས་སྐད་འཕྲིན་ནང་གི་བུ་མོ་དེ་དག་ལ་སྡེབ་སྐུར་བྱས་པ་དང་། དེ་ནས་རེ་རེ་བཞིན་ཁ་བརྡ་བྱ་སྲིད། ཁོས་ཁ་བརྡ་བྱེད་དུས་བུ་མོ་ཚང་མར་བཤད་པའི་སྐད་ཆ་ནི་གཅིག་འདྲར་ཆགས་ཡོད། སྐབས་དེར་ངས་ཁོ་ལ“ད་ནི་ཁྱོད་ཀྱིས་དམིགས་ཡུལ་མེད་པར་ཡང་(洋炮)་འཕེན་གི་མ་འདུག ཡང་ཕོ་ཡིས་རི་དྭགས་རྔོན་ཐུབ་ནི་མ་རེད། དེ་བས་པི་རིང་ཞིག་བསྣམས་ནས་ཤྭ་བ་གཅིག་ལ་གཟས་ན་མི་ལེགས་སམ། ཁྱོད་རང་འདི་ལྟར་སོང་ན་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་ཤོར་ཟེར་བའི་དཔེ་ལས་མ་འདས་པར་སྙམ”ཞེས་ཀུ་རེ་རྩེས་པ་ཡིན་མོད། ཡིན་ཡང་ཁོ་ལ་མཚོན་ན་དེ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཚར་བས། ཁོས་བུ་མོ་ཚོར་ཁ་པར་གཏོང་ཐེངས་རེར་ངས་ཨུ་ཚུགས་ཀྱིས་མགོ་བོ་རུམ་ལ་བཅུག་སྟེ་གཉིད་པ་ཡིན།

  ང་རང་གྲོང་ཁྱེར་འདིར་ཡོང་ནས་ཅུང་མ་འགོར་བར། གྲོགས་པོ་ཞིག་གིས“གཡག་སྐྱ་ནི་མི་འཁྲ་ལེ་འཁྲུལ་ལེ་ཞིག་ཡིན”ཞེས་ཟེར་མོད། ངེད་གཉིས་འགྲོགས་འདྲིས་ཀྱི་དུས་ཚོད་ནང་དུ་ཁོས་ང་ལ་འོས་མེད་ཀྱི་བྱ་བ་གང་ཡང་བསྒྲུབས་མ་མྱོང་། གལ་ཏེ་བསྒྲུབས་ཡོད་པའི་དབང་དུ་བཏང་ན་དེ་ནི་ཁོས་བུ་མོ་ཚོར་ཁ་ཡག་བཤད་དེ་ང་རང་གཉིད་དུ་མི་འཇུག་པ་དེ་ཡིན་ ཟེར་རྒྱུ་ལས་མི་འདུག མཚམས་ལན་རེར་ང་རང་ཁོའི་ཚུལ་འཆོས་ཀྱི་ཆ་དེ་ལ་ཤིན་ཏུ་སུན་ན་ཡང་གྲོགས་པོའི་བར་གྱི་མཛའ་བརྩེ་ལ་འགྱུར་བ་ཕྲན་ཙམ་བྱུང་མ་མྱོང་།

  གཡག་སྐྱ་ནི་སྔར་དགོན་པ་ནས་གྲྭ་བ་བྱས་མྱོང་བས་ཁོའི་སྐད་ཡིག་གི་ཆུ་ཚད་ཅུང་བཟང་པོ་འདུག སྐད་ཡིག་གི་ཆུ་ཚད་ཅུང་བཟང་བས་ཁོས་འཕྲོ་རིམ་འཕྲོར་གཞས་ཚིག་ད་མ་དིག་མང་དུ་བརྩམས་པ་ལས་སྐོར་ཞིག་བོད་ཀྱི་གཞས་པ་གཞས་མ་ཆལ་ཆོལ་ཁ་ཤས་ཀྱིས་བླངས་མྱོང་མོད། གཞས་ཚིག་གཅིག་ལ་ཡང་རིན་མ་བླངས་པར་ཚང་མ་རིན་མེད་གཟིགས་འབུལ་བྱས་ཟིན། ཁོས་དེ་སྔོན་གཞས་ཚིག་གཅིག་ལ་སྒོར་མོ་སྟོང་གཅིག་ཡིན་ཞེས་པ་དེ་ཡང་རྫུན་གཏམ་འབའ་ཞིག་ཡིན་པ་དང་། ཁོས་རང་ཉིད་བན་ལོག་བྱས་པ་ཡང་སྒྱུ་རྩལ་གྱི་ཆེད་དུ་ཡིན་ཞེས་བཤད་པ་དེ་ཡང་ཁ་གཡོར་ས་ཁོ་ན་རེད་འདོད།

  འཇོལ་མོ་ཕྱི་རྒྱལ་ལ་སོང་རྗེས། ཁྭ་ཏ་ནི་མི་གཞན་ཞིག་ཏུ་གྱུར། ཁོས་ནམ་རྒྱུན་དུ་ཆང་རག་མཆོད་སྲིད། དེ་སྔོན་ཁོས་མཚམས་མཚམས་སུ་མ་གཏོགས་ཆང་མི་འཐུང་མོད། ཡིན་ཡང་དེང་ཐོག་ཁོ་དང་འཇོལ་མོ་གཉིས་འགྲིག་དུས་འཇོལ་མོས་ཁོ་ལ་“ཁྱོད་ང་དང་འགྲོགས་འདོད་ན།སྐྲ་ལོ་ཇེ་ཐུང་དུ་གཏོང་དགོས་པ་དང་རྗེས་ཕྱོགས་སུ་ཆང་ལ་རོལ་མི་ཆོག”ཅེས་པའི་ཆ་རྐྱེན་འགའ་བཏོན་པ་ཁོས་སྣང་དོགས་ཅི་ཡང་མེད་པའི་སྒོ་ནས་ཁས་བླངས་སོང་། ང་དང་གཡག་སྐྱ་གཉིས་ཀྱིས་ཁོས་དུ་ཆང་བཅད་པ་དང་སྐྲ་བཞར་བ་ཐོས་དུས་ཧ་ལས་པར་གྱུར། སྐབས་དེར་གཡག་སྐྱས་ཁྭ་ཏར“གར་མ་ཞིག་གི་དོད་དུ་རང་གི་རང་གཤིས་ལ་བཅོས་བསྒྱུར་གཏོང་བ་ནི་སྡུག་བསྔལ་ཞིག་ལས་མ་འདས། མྱི་ཚེ་ཐུང་ཐུང་ལ། སྐྱིད་མ་བརྒྱབ་པ་སྡུག་གྱོང་རེད”ཅེས་ཟུར་ཟ་བྱས་པ་དང་ངས་ཀྱང་ཁྭ་ཏར་“སྤྱང་ཀི་ལུག་ཏུ་བཏུལ་བ་ཨེ་མ་མཚར”ཞེས་ཚ་འདྲི་བཏང་པ་ཡིན།

5

  ང་རང་ཉལ་ཁང་གི་གསལ་ཡངས་སུ་ཡོད་པའི་སྐུབ་སྟེགས་སུ་ཡོད་པ་དེའི་སྟེང་དུ་བསྡད་དེ་ཉི་མར་ལྡེ་སྐབས་གཡག་སྐྱས་ང་ལ་ཁ་པར་བཏང་སྟེ་སྣང་བའི་ཞིང་ཁམས་ཞེས་པའི་ཆང་ཁང་དེར་ཤོག་ཟེར། སྣང་བའི་ཞིང་ཁམས་ཞེས་པའི་མིང་དེ་གོ་མ་ཐག་ངའི་ཡིད་ལ་གཞས་མ་དེའི་ངོ་གདོང་ཝ་ལེར་ཤར་བྱུང་། ངས“ཡ་ཡ”ཞེས་ལན་བཏབ།

  ངས་གཡག་སྐྱ་ཁྭ་ཏ་གཉིས་ཁྲིད་དེ་ཡང་བསྐྱར་སྣང་བའི་ཞིང་ཁམས་ཞེས་པའི་ནང་མ་ཁང་དེར་ཆས་པ་ཡིན། ངའི་དམིགས་ཡུལ་ནི་དེ་སྔོན་རང་ཉིད་འཁྲེང་མྱོང་སའི་གར་མ་དེར་ལྐོག་ལྟ་ཐེངས་གཅིག་བྱ་རྒྱུ་དེ་ཡིན། ང་ཚོ་ནང་མ་ཁང་དུ་ཕེབས་ནས་འབོལ་ཁྲིའི་སྟེང་ཙོག་ཅིང་ཝུ་ཆང་ཤོག་སྒམ་གསུམ་བླངས་ཏེ་མདུན་ཅོག་སྟེང་ལ་གྲལ་དག་ངང་བསྒྲིགས། དེ་ནས་ཆང་ཕོར་གཏུག་རེས་བྱས་ནས་ཆང་དམ་བུ་འགའ་འཐུངས་རྗེས་གཡག་སྐྱས“ཞི་ལུ་གཉིས་དང་ལྷན་དུ་ཆང་འཐུངས་ན་ཁམས་མི་དྭངས་གི ངས་གླུ་མ་གཉིས་འབོད”ཟེར་བཞིན་ཁ་པར་རྣ་སྒོར་སྦྱར་ཏེ་སུ་ཞིག་ལ་ཁ་པར་བཏང་སོང་། ངས་སྣང་མེད་སྒོས་མགོ་ཕར་གཡུག་ཚུར་གཡུག་བྱས་ཏེ་ངའི་སེམས་པ་རྐུ་མཁན་དེ་ཨེ་མཐོང་ལ་རེ་ནའང་མོ་རང་བདག་གི་མཐོང་ལམ་ན་མི་འདུག

  ཅུང་ཙམ་འགོར་རྗེས་བུ་མོ་གཞོན་ནུ་མ་གཉིས་ང་ཚོའི་ཕྱོགས་སུ་གཟས་ནས་སླེབས་བྱུང་།

  “ ངས་ཁྱེད་གཉིས་ལ་མཚམས་སྦྱོར་ཞིག་བྱ། མོ་ནི་བོད་ཁམས་ན་མིང་དུ་གྲགས་པའི་གཞས་མ་ཚེ་སྒྲོན་རེད།”གནམ་སྣུམ་གྱི་སྐྲ་ལོ་ཐུར་དུ་དཔྱངས་ཤིང་གླང་རྫིའི་དོར་མ་གྱོན་པའི་བུ་མོ་ཞིག་བསྟན། མོ་ནི་འདིར་འདུས་པའི་བུད་མེད་ཀུན་ལས་གཟུགས་རིང་ཤོས་སུ་ཆགས་འདུག

  “ ཁྱེད་བདེ་མོ།”ངས་མོ་ལ་འཚམས་འདྲི་བྱས་པ་ན།

  “བདེ་མོ།” བུ་མོ་དེ་ངའི་གམ་ནས་བསྡད་བྱུང་།

  “ མོ་ནི་བོད་ཁམས་ན་མིང་དུ་གྲགས་པའི་གཞས་མ་ལྷ་མོ་རེད།”མགོར་རྒྱ་ཞྭ་གྱོན་ལ་ཁ་ཐུམ་བརྒྱབ་པའི་བུ་མོ་ཞིག་བསྟན་སོང་།

  “ ཁྱེད་བདེ་མོ།”མོས་ཁ་ཐུམ་ལེན་ཞོར་འཛུམ་ཞིག་བསྟན་རྗེས་གཡག་སྐྱའི་གམ་ནས་བསྡད།

  “དགེ་རྒན་ཁོང་གིས་རྐྱང་གཞས་ལ་གཞས་ཚིག་རིན་མེད་དུ་བསྩལ་བས། དོ་ནུབ་ཁོང་གི་ཁ་ངོ་མ་ཆོད་པར་འདིར་འོངས་པ་ཡིན།”བུ་མོ་གཟུགས་རིང་དེས་ཅུང་གཟབ་ནན་ངང་ཆང་ཕོར་ཡར་འདེགས་བཞིན་དེ་ལྟར་བརྗོད། སྐབས་དེར་བུ་མོ་གཞན་པ་དེས་ཀྱང་དེ་བཞིན་ཡིན་ཟེར། མ་གཞིར་ཁྭ་ཏས་བོད་ཁམས་ན་སྐད་གྲགས་ཡོད་པའི་གཞས་མ་ཅིག་ཅིག་ཉིག་ཉིག་ཟེར་བ་དེ་ཚོའི་གྲས་ཀྱི་མང་ཤོས་ནི་གཡག་སྐྱའི་སློབ་མ་ཡིན་པ་ཡིད་ལ་དྲན། གང་ལྟར་རིག་གནས་ཀྱི་ཆུ་ཚད་དང་བསམ་བློའི་གོ་རྟོགས་དམའ་བའི་གཞས་མ་འདི་དག་གིས་གཡག་སྐྱ་ནི་དགེ་རྒན་ཞིག་གི་ཚད་དུ་བཞག་འདུག དེ་གཡག་སྐྱས་འཇོལ་མོ་ནི་བོད་ཁམས་ན་མིང་གྲགས་ཆེ་ཟེར་མོད། གལ་ཏེ་ཁྭ་ཏས་དངུལ་བཏང་ནས་མོར་རོགས་བྱས་པ་མིན་ན་རང་ལ་དབང་ཆོག་ཆོག་གི་རྐྱང་གཞས་ཤིག་ཀྱང་མི་འདུག ཁོ་མོའི་རྐྱང་གཞས་དེའི་ཚིག་རྩོམ་མཁན་ནི་གཡག་སྐྱ་ཡིན། གཡག་སྐྱས་འཇོལ་མོ་ལྟ་བུའི་གཞས་མ་དག་ལ་ཚིག་མང་པོ་བརྩམས་ཡོད་མོད། ཡིན་ཡང་ཡིད་སེམས་སྐྱོམ་ཐུབ་པའི་གཞས་གཅིག་ཀྱང་མེད། སྣང་བ་ཞིག་ལ་གཡག་སྐྱ་ནི་ཆེད་དུ་བུ་མོ་ཚོར་གཞས་ཚིག་འབྲི་བར་སྐྱེས་པ་བླངས་པ་རེད་འདོད། གྲོགས་པོ་ཚོས་ཁོ་ལ“ཁྱོད་ཀྱིས་ཚིག་བྲིས་པའི་གཞས་དེ་དག་ལས་སྙན་མོ་གཅིག་ཀྱང་མི་འདུག”ཞེས་ཀུ་རེ་རྩེ་དུས། ཁོས་ཚམ་ཚོམ་མེད་པར“དབྱངས་རྩོམ་མཁན་དེ་དག་གིས་ངའི་གཞས་ཚིག་དག་བརླག་སོང”ཞེས་འཁང་ར་བྱ་སྲིད། ངའི་སེམས་ལ་གཡག་སྐྱ་ནི་སྒྱུ་རྩལ་གྱི་བྱ་བ་གཉེར་བར་འཚམས་པོ་མི་འདུག་སྙམ།

  དེ་ལྟར་ང་ཚོས་ཕན་ཚུན་གྱི་ཆང་ཕོར་གཏུག་རེས་བྱས་ནས་ཆང་མང་དུ་འཐུང་། ཅུང་ཙམ་ནས་ང་རང་གཅིན་ཤོར་འོང་བས་སྤྱོད་ཁང་དུ་གཅིན་པ་གཏོང་དུ་སོང་།ངས་གཅིན་པ་བཏང་ཚར་རྗེས་ཁ་ལག་བཀྲུ་སར་འོང་ནས་ངོ་ལ་ཆུ་ཉུང་ཙམ་བྱུགས་རྗེས་ཁ་ཕྱིར་འཁོར་བ་ན། ངས་མོ་མཐོང་བྱུང་།ངོ་མ་མོ་རང་རེད། ཁོང་མོའི་ཤིན་ཏུ་སྙིང་རྗེ་བའི་མིག་གིས་ང་རང་ཕུར་ཚུགས་སུ་ཅེར་ནས་འདུག རེ་ཞིག་ངའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་བསྟུན་དལ་མོར་མོའི་ཕྱོགས་སུ་སོང་བ་ན། མོས་ཧ་ཅང་རྒྱུས་ཡོད་ཅིག་ལྟར་ངའི་ལག་མགོ་ནས་བཟུང་སྟེ་ང་ལ་འཚམས་འདྲི་བྱས་བྱུང་། སྐབས་དེར་ངའི་ཡིད་ལ་ཁོང་མོས་ང་རང་གཏིང་བརྗེད་དུ་གྱུར་ཡོད་དམ་སྙམ། ཡིན་ཡང་ཁོང་མོས་ང་རང་ཡིད་ལ་དམ་པོར་བཟུང་འདུག་པར་མ་ཟད་ད་དུང་ཧ་ཅང་རྒྱུས་ཡོད་ཅིག་ལྟར་ང་དང་ཁ་རི་ཁ་ཐུག་ཏུ་གླེལ་མོལ་བགྱིས། མོས་མགོ་བོ་ཅུང་དང་ཁར་སྨད་ནས“ཁྱེད་རང་འདིར་ཡོང་ཡོད་པ་ཤེས་མོད། ཁྱེད་ལ་འདུག་རོགས་མང་པོ་ཡོད་པས་ཡོང་མ་ཕོད”ཟེར། སྐབས་དེར་ང་ལ་ཁ་པར་སླེབས་བྱུང་། ངས་ཁ་པར་ལག་ཏུ་བླངས་མ་ཐག་ཁ་པར་གྱི་གློག་ཚར་ཏེ་རང་འགུལ་སྒོས་སྒོ་བརྒྱབ་སོང་བས། ངས་མོ་ལ“ ང་ལ་གློག་གསོག་ཆས་ཤིག་གཡར་རོགས”ཞེས་བཤད་པ་ན། ཁོ་མོས“ཅུང་ཙམ་སྒུག་དང་ངས་ཁྱེར་ཡོང་”ཟེར་བཞིན་པཱ་ཐའེ(吧台)་ཡི་ཕྱོགས་སུ་ཆས།

  ང་རང་ཕྱིར་འདུག་སྟེགས་སུ་སླེབས་པ་ན། གློ་བུར་ཏུ་ལྷ་སའི་སྐོར་བྲོའི་སྒྲ་ཞིག་གྲག་བྱུང་། སྐོར་བྲོའི་སྒྲ་གདངས་ཇེ་མཐོ་ནས་ཇེ་མཐོ་རུ་སོང་བ་དང་བསྟུན་མི་རྣམས་ཀྱི་དགོད་སྒྲ་ཡང་ཇེ་ཆེར་གྱུར་ཞིང་། སྐད་ཅིག་ཉིད་ལ་མི་ཚོགས་ནི་སྨྱོན་པ་བཞིན་ས་ལྡིང་གནམ་ལྡིང་བྱས་བྱུང་། གཡག་སྐྱས་ཁོག་སྟོད་མར་ཕུད་དེ་འབོལ་ཁྲིའི་སྟེང་བཞག་སྟེ“ འུ་ཚོས་ཞབས་བྲོ་འཁྲབ”ཟེར། དེ་ནས་ཁོས་བུ་མོ་དེ་གཉིས་ཁྲིད་དེ་སྐོར་བྲོ་ལྡིང་དུ་སོང་། ཤུལ་དུ་ང་དང་ཁྭ་ཏ་གཉིས་ཀྱིས་ཆང་ཕོར་གཏུག་རེས་བྱས་ནས་བསྡད། ཁྭ་ཏས་མཚམས་རེར་ཁ་པར་བསྣོགས་པ་དང་མཚམས་རེར་ཆང་ཧུབ་གང་རེ་འཐུང་ཞོར་འདུ་འཛི་ལ་གཡེང་གི་འདུག ངའི་རབ་རིབ་ཀྱི་མཐོང་ལམ་དུ་ཁོ་ཚོས་འཕོངས་ཚོས་འགུལ་བ་དང་རྐང་གཡུག་ལག་གཡུག་བྱས་པའི་རྣམ་པ་མངོན་ཡོང་། སྐབས་དེར་མོ་གློ་རྡེག་ཏུ་མོ་རང་ངའི་གམ་དུ་སླེབས་བྱུང་། ཁོང་མོ་ནི་རྒྱུན་པར་གློ་རྡེག་ཏུ་ངའི་གམ་ལ་ཐོན་པ་དང་། རིམ་བཞིན་ང་རང་མོའི་གློ་རྡེག་ཏུ་མངོན་པའི་བྱ་སྤྱོད་དེར་དངངས་པར་གྱུར་བ་མ་ཟད། དེ་ནི་མཛེས་སྡུག་ལྡན་པའི་རེ་སྒུག་ཅིག་ཏུ་གྱུར། ཁོང་མོས“ ཁྱོད་རང་བཟི་ཡོད་དམ ”ཟེར། ངས “ ག་ལ་ག་ལ།ད་རུང་བཟི་མེད”ཅེས་ལན་བཏབས་པ་ན། མོས“ ད་མ་འཐུང ”ཟེར་ཞོར་ལག་ཏུ་གློག་གསོག་སྐུད་པ་ཞིག་དང་གློག་སྣོད(充电宝)ཅིག་བཟུང་ནས་ང་ལ་བྱིན། དེ་ནས་ཕྱིར་སོང་སྟེ་ཆུ་ཁོལ་ཇ་ཕོར་གང་ཁྱེར་ཡོང་སྟེ་ང་ལ་ཆུ་ཁོལ་ཐུངས་ཟེར།ངས་ཀྱང་ཨུ་ཚུགས་མ་བྱས་པས་ཆུ་ཁོལ་འཐུངས་ནས་བསྡད། སྐོར་བྲོ་འཁྲབ་ཚར་རྗེས། གཡག་སྐྱ་དང་ཁོང་ཚོ་ཡང་ཕྱིར་ཕེབས་བྱུང་། གཡག་སྐྱས་ངའི་འགྲམ་གྱི་བུ་མོ་འདི་མཐོང་འཕྲལ་གླུ་མ་གཞན་པ་དེ་གཉིས་ལ་མཚམས་སྦྱོར་ཞིག་བྱས་སོང་། དེ་ནས་ཚང་མས་ལྷན་གཅིག་ཏུ་ཆང་ཕོར་ཡར་འདེགས་བཞིན་ཞབས་དག་ཐེངས་གཅིག་རྒྱག་གྲབས་བྱས་པ་ན། མོས“ དགོངས་དག ངས་ཆང་འཐུང་གི་མེད ”ཟེར། མོས་ངའི་འཐུང་འཕྲོར་ལུས་པའི་ཆུ་ཁོལ་ལག་ཏུ་བླངས་ནས་ཆང་གི་ཚབ་ཏུ་འཐུངས།

  ནམ་གུང་གི་ཆུ་ཚོད་གསུམ་པར་ཐོན་པ་ན། ང་ཚོ་ནང་མ་ཁང་དེ་ནས་སྒོར་བུད། ལམ་བར་དུ་གཞས་མ་དེ་གཉིས་ཁོང་གཉིས་རང་རང་གི་སྡོད་གནས་སུ་འགྲོ་རྒྱུ་ཟེར་བས། གླ་གཏོང་རླངས་འཁོར་ཞིག་བཀག་སྟེ་ང་ཚོ་དང་རེ་ཞིག་བྲལ།

  ངེད་ཅག་རྐང་ཐང་ལ་ཡོང་བའི་ལམ་བར་དུ་མོ་ཊ་འཚང་ཀ་ཤིག་ཤིག་བྱེད་ཅིང་མོ་ཊ་དེ་དག་གི་གློག་འོད་ཁྲ་ལམ་མེར་བཀྲ་བས་དེ་ནི་གཙང་པོ་རབ་མེད་ཅིག་དང་མཚུངས། ང་ཚོ་ལམ་དཀྱིལ་གྱི་ལྕགས་ཟམ་ཞིག་ཡོད་པ་དེའི་སྟེང་ལ་འཛེགས་ཏེ་མར་འབབ་སྐབས། ཁྭ་ཏས་ལན་ཀན་ལ་གྲུ་མོ་ཁེན་ཞིང་གཙང་པོ་རབ་མེད་ལྟ་བུའི་མོ་ཊའི་བཞུར་རྒྱུན་ལ་མཛུབ་མོ་ཀེར་ནས།

  “ང་རང་རླབས་ཆེ་བའི་བརྩེ་དུང་གི་སླད་དུ་གཙང་པོ་འདིའི་ནང་ལྕེབ་ན་འདོད”ཟེར།

  “འདི་འོད་ཀྱི་གཙང་པོ་རེད། ”གཡག་སྐྱས་དེ་སྐད་ཟེར།

  “འདི་འོད་ཀྱི་གཙང་པོ་མ་རེད། མོ་ཊའི་གཙང་པོ་རེད”ངས་དེ་ལྟར་ཁ་གསབ་ཅིག་བྱས་པ་ན།

  “ང་རང་མོ་ཊའི་གཙང་བོ་འདི་ནང་ལ་ལྕེབ་འདོད”ཁྭ་ཏ་མར་མཆོངས་གྲབས་བྱེད།

  གཡག་སྐྱ་དང་ངེད་གཉིས་ཀྱིས་ཁོ་རང་ལག་པས་བསྐྱོར་ཏེ་དཔྱངས་ཟམ་ལས་མར་བབས།

  ཟླ་བ་གཉིས་མ་འགོར་བར་བུ་མོ་ཞིག་གིས་ང་ལ་སྐད་འཕྲིན་བསྣན་བྱུང་། ངས་སྐད་འཕྲིན་དང་ལེན་བྱས་པ་ན། མོས་ང་ལ་ལག་འཇུའི་རྣམ་འགྱུར་གསུམ་བསྐུར་བྱུང་།ང་རང་མོའི་སྐད་འཕྲིན་རྒྱབ་ལྗོངས་སུ་ཉུལ་བ་ན། མོའི་སྐད་འཕྲིན་རྒྱབ་ལོགས་ཏུ་ང་རང་འཁྲེང་མྱོང་བའི་བུ་མོ་དེའི་པར་ཞིག་བཀོད་འདུག པར་གྱི་སྟེང་གི་གྱོན་པ་དེ་ནི་ངེད་གཉིས་ཐོག་དང་པོར་འཕྲད་དུས་ཀྱི་གྱོན་པ་དེ་གྱོན་འདུག དེ་ནས་མུ་མཐུད་དུ་མོའི་རྒྱབ་ལྗོངས་སུ་ཉུལ་བ་ན། མོའི་སྐད་འཕྲིན་རྒྱབ་ལྗོངས་སུ་ནང་མ་ཁང་ནས་བླངས་པའི་བརྙན་མང་པོ་ཞིག་བསྐུར་འདུག་པ་དང་། གཡག་སྐྱ་དང་འཇོལ་མོ་སོགས་ཀྱིས་མོས་བསྐུར་བའི་ཆ་འཕྲིན་དག་ལ་སྙིང་རྟགས་ཀྱང་བཀོད་འདུག ད་གཟོད་མོ་ནི་ངས་དུས་ཡུན་རིང་བོར་མཚན་མོར་རྨི་ལམ་དུ་ཤར་ཞིང་ཉིན་མོར་མིག་ལམ་དུ་སྣང་བའི་བུ་མོ་དེ་ཡིན་པ་ཐག་གིས་ཆོད་སོང་བས་ཚོད་ཚོད་དུ་ཡིད་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་སོང་། ངས་འདི་ནི་དོན་བཟང་ཞིག་ཡིན་ནམ་དོན་ངན་ཞིག་ཡིན་པའི་དབྱེ་བའང་འབྱེད་ཐབས་བྲལ།དྲང་མོར་བཤད་ན་ངས་མོ་ཕ་ཡུལ་གང་གི་ཡིན་མིན་དང་ཡོན་ཚད་ག་འདྲ་ཡིན་པ། དགའ་རོགས་ཡོད་མེད་དང་ལོ་ཅི་འདྲ་ཡིན་པ་སོགས་རྩ་བ་ནས་མི་ཤེས། ཐ་ན་མོའི་མིང་ཙམ་ཡང་མི་ཤེས། རང་ཉིད་སེམས་པ་ཆགས་ནས་ཟླ་འགའ་འགོར་ཡང་མིང་ཙམ་ཡང་མི་ཤེས་པས་ཚོད་ཚོད་དུ་ཕངས་སེམས་ཤིག་ཀྱང་སྐྱེས་ཡོང་མོད། ཞིབ་ཏུ་བསམས་ཚེ་དེ་ནི་འགྲིག་ཡོད་པ་འདྲ། ངས་མོའི་ཆ་འཕྲིན་ཅི་ཡང་མ་ཤེས་ན་ངའི་སེམས་ཁོང་གི་མོ་ནི་རྟག་པར་བག་ཡོད་དང་མཛེས་སྡུག བཞིན་བཟང་ཞིག་ཡིན་པར་སེམས། ངས་མོར་རྒྱ་སེ་མེ་ཏོག་འགའ་བསྐུར་བ་ན། མོས་ང་ལ་བརྙན་ལམ་ཁ་བརྡ་བསྐོར་བྱུང་།

  “དགོང་མོ་དེར། ཁྱོད་རང་བཟི་བ་ཐུ་གི ཁྱོས་ང་ལ་སྐད་ཆ་མང་པོ་ཞིག་བརྗོད་སོང་། ངས་ཁྱོད་ལ་རེ་རེ་བཞིན་བརྗོད་ཨི་དགོས” སྐབས་དེར་མོའི་གདོང་ན་པྲ་ཆལ་གྱི་ཉམས་ཤིག་མངོན་འདུག

  “མི་དགོས། བཟི་གཏམ་དེ་དག་སྙིང་གཏམ་ཡིན་ན་ཐང་།”

  “འོ་ལེ། གང་ལྟར་ཁྱོད་ཀྱི་སྐད་ཆ་དེ་དག་ངའི་ཁམས་དང་ཤིན་ཏུ་འཕྲོད་པ་ཞིག་རེད།ང་ལ་ད་སྔ་བར་དུ་མི་ཞིག་གིས་དེ་འདྲའི་ཁ་བརྡ་ཞིག་བྱས་མ་མྱོང་།”

  “དགོང་མོ་དེར་ང་རང་བཟི་ནས་ཁྱི་རུ་གྱུར་ཟིན།”

  “རྗེས་ཕྱོགས་ཆང་མ་འཐུང་། ཆང་འཐུངས་ན་རང་གཞན་སུ་ལ་ཡང་ཕན་པ་མི་འདུག”

  “ཡ་ཡ། ད་ནས་བཟུང་ངས་ཆང་མི་འཐུང་། འོ། རྗེས་ཕྱོགས་ཁྱོད་ལ་འཚོ་བའི་ཐད་ནས་རོགས་རེ་བྱ་དགོས་ཚེ་ང་ལ་ཤོད་དང་ངས་རོགས་བྱ་ཆོག ”

  “ཡ་ཡ། ཁ་དྲོ།”

  བརྙན་ལམ་གྱི་མོ་ཡང་དངོས་ཡོད་ཀྱི་མོ་དང་འདྲ་བར་ཞི་དུལ་དང་བབ་ཆགས། མངོན་ཆུང་གིས་ཁེངས་པ་ཞིག་རེད། མོའི་དེ་ལྟ་བུའི་ཡོན་ཏན་གྱིས་ང་རང་ཚོད་ཚོད་དུ་འདང་རྒྱག་གི་མཚོ་མོའི་ཀློང་དུ་གཡུགས། མོ་དང་ལྷན་དུ་ཆེས་སྤྱིར་བཏང་གི་ཁ་བརྡ་ཞིག་བྱས་རྗེས་ངའི་ཡིད་སེམས་སྐད་ཅིག་མར་སྤྲོ་སྣང་གིས་ཁྱབ་ཅིང་ཁ་པར་ལས་མོའི་པར་ལ་ཡང་ཡང་བལྟ་དགོས་སོང་། ད་གཟོད་ང་རང་མོ་ལ་ཞེ་གཏིང་ནས་དགའ་བཞིན་པ་ཡང་ཁས་མི་ལེན་རང་ལེན་དུ་གྱུར། ཉིན་དེ་དག་གི་རིང་ལ། ངས་མིག་ཟུང་རིག་རིག་དང་རྣ་བ་ཅོར་ཅོར་གྱིས་མོའི་འཕྲིན་ལན་ལ་སྒུག་ནས་བསྡད།

  གཟའ་འཁོར་གཅིག་གི་རྗེས་སུ། ང་རང་གྲོགས་པོ་གཞན་ཞིག་དང་མཉམ་དུ་ཁོ་ཧྥེ་ཁང་ཞིག་ནས་ལྷོད་མོར་སྡོད་སྐབས། མོས་ང་ལ་སྐད་འཕྲིན་ལས་བརྙན་ལམ་ཁ་བརྡའི་བརྡ་བརྒྱབ་བྱུང་། ངས་བརྙན་ལམ་ཁ་བརྡ་དང་ལེན་བྱས་པ་ན། མོས་“ཁྱེད་རང་ཁོམ་པ་ཡོད་དམ།ང་ལ་དྲ་ལམ་ནས་ཁང་པ་ཞིག་འཚོལ་རོགས། ངས་རྒྱ་ཡིག་མི་ཤེས་པས་ཐབས་བཀོད་མི་འདུག”ཟེར།སྐད་ཆ་དེ་བཤད་དུས་མོའི་སོ་ནི་སོག་ལེའི་ཁ་ལྟར་སོ་སོར་ཐོར་ཡོད་པའི་ཚོར་བ་ཞིག་སྟེར་འོངས། ཡིན་ཡང་དེ་ཙམ་གྱིས་ངའི་བསམ་པའི་ནང་གི་མོའི་མཛེས་སྡུག་ལ་རྨ་ཕྲན་ཙམ་ཡང་ཕབ་མ་ཐུབ། ངས་དྲ་ཐོག་ནས་ནང་མ་ཁང་དེ་དང་ཐག་ཤིན་ཏུ་ཉེ་བའི་ཁང་པ་བཙལ་ཏེ་མོར་འོས་སྦྱོར་བྱས་པ་ན། མོས་“ངས་རྒྱ་ཡིག་མི་ཤེས་པས་ཁང་བདག་ལ་འབྲེལ་གཏུགས་བྱ་ཐབས་བྲལ་བས་ཁྱོད་རང་ཁོམ་ཚེ་ཡོང་ནས་རོགས་ཤིག་བྱ་རོགས ”ཟེར། དེ་ནས་ང་རང་ཁོ་ཧྥེ་ཁང་དེ་དང་ཁ་བྲལ་ནས་མོ་ཡོད་སར་སོང་། ང་རང་མོའི་གམ་ལ་ཐོན་པ་ན། ལྟ་བས་ཆོག་མི་ཤེས་པའི་འཛུམ་མདངས་ཀྱིས་ང་ལ་བསུ་མ་བྱས། ཉིན་དེར་མོས་གླང་དོར་ཞིག་དང་ཤིང་བལ་སྟོད་ལྭ་དམར་པོ་ཞིག་གྱོན་ཡོད་ལ་མགོར་རྒྱ་ཞྭ་སྔོན་པོ་ཞིག་གོན་འདུག མོའི་གདོང་ལ་སྐག་ཅི་ཡང་བྱུགས་མེད་པས་གདོང་ན་གཉེར་མ་ཁ་ཤས་ཀྱང་འདུག་པས། དེ་སྔོན་ནང་མ་ཁང་ནས་ཐུག་མྱོང་བའི་བུ་མོ་དེ་རེད་ཟེར་ན་རྣར་མི་འགྲོ་བའི་ཚོད་དུ་སྣང་། ཡིན་ཡང་ང་ནི་མོའི་ལྷན་སྐྱེས་ཀྱི་མཛེས་པ་ལ་ལྷག་ཏུ་དུངས།

  ངས་མོ་རང་ཁྲིད་ནས་སྡོད་ཁང་དེར་ལྟ་རུ་སོང་། སྡོད་ཁང་ནི་དེ་འདྲའི་ཆེ་རྒྱུ་མེད་མོད། གྲ་དག་ལ་ཁྱིམ་ཆས་ཆ་ཚང་འདུག མོས་སྡོད་ཁང་གི་ཐབ་ཚང་དང་ཁྲུས་ཁང་།གོས་འཁྲུད་འཕྲུལ་ཆས། འཁྱག་སྒམ་སོགས་ལ་ཞིབ་ལྟ་ཞིག་བྱས་རྗེས། “ཁང་པ་ངའི་བློར་ཤིན་ཏུ་འབབ་གི”ཟེར། ངས་མོར་སྡོད་ཁང་གི་འགྲོ་ལུགས་སྒྲུབ་རོགས་བྱས་པ་དང་། འགྲོ་ལུགས་བསྒྲུབས་ཚར་རྗེས་ངེད་གཉིས་ཁིན་ཏན་ཅི(肯德基)ཟ་ས་ཞིག་ལ་སོང་ནས་དྲོས་ཇ་འཐུངས། ངེད་གཉིས་ཁ་རི་ཁ་ཐུག་ཏུ་བསྡད་ནས་ཟ་མ་ཟ་སྐབས་ངས་མོར་གློག་བརྙན་དང་གླུ་དབྱངས་སྐོར་ནས་ཁ་བརྡ་བྱེད་ཁུལ་བྱས་མོད། མོས་རང་ཉིད་ནི་ལྟ་རྒྱ་མཐོང་རྒྱ་ཆུང་བའི་བུ་མོ་ཕལ་བ་ཞིག་ཡིན་པས་ཅི་ཡང་མི་ཤེས་ཟེར། མོ་ནི་དེ་འདྲའི་ཉམ་ཆུང་དང་ཞི་དུལ་ཞིག་རེད། དེ་ལྟར་ངས་ཁུ་སིམ་དང་ལྷིང་འཇགས་དཀྲོག་ཆེད་ཨུ་ཚུགས་ཀྱིས་གླེང་གཞི་རེ་བཏོན་པ་ལས་ངེད་གཉིས་བར་དུ་གླེང་རི་བའི་སྐད་ཆ་ཧ་ལམ་མི་འདུག ཉིན་དེར། ངས་མོར་དགའ་རོགས་ཡོད་མེད་ཀྱི་སྐོར་ཅི་མ་བཤད། མོས་ཀྱང་ང་ལ་དེའི་སྐོར་དྲིས་མ་བྱུང་།

  ངེད་གཉིས་སོ་སོར་འབྲལ་ཁར“རུ་ཐག་ཉེ་རུ་སྤར་ཡོད་པས། སྐོར་རྒྱག་རྒྱུ་མ་བརྗེད་རོགས” སྐད་ཆ་དེ་བཤད་དུས་མོའི་གདོང་ན་པྲ་ཆལ་གྱི་ཉམས་ཤིག་མངོན་ཡོད།

  ཕྱི་དྲོར། ང་རང་ལྷོ་ནུབ་མི་རིགས་སློབ་ནུབ་མི་རིགས་སློབ་ཆེན་དུ་ལག་རྩེད་སྤོ་ལོ་རྩེ་རུ་སོང་། ང་རང་སློབ་གྲྭའི་རྒྱ་སྒོའི་ཁར་ཐོན་མ་ཐག་སྒོ་སྲུང་གིས་སློབ་མའི་དཔང་ཡིག་ལ་ཞིབ་བཤེར་བྱེད་ཀྱིན་འདུག ང་རང་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་དེར། བུ་མོ་ཞིག་སླེབས་བྱུང་། ངས་མོར་ང་རང་སློབ་གྲྭའི་ནང་དུ་སྤོ་ལོ་རྩེ་རུ་འགྲོ་བསམས་མོད། སློབ་མའི་དཔང་རྟགས་མེད་ན་འགྲོ་རུ་མི་འཇུག་པས་རོགས་ཤིག་བྱ་རོགས་ཟེར་བ་ན། མོས་དགོད་ཙམ་བྱས་ཏེ“ལས་སླ་བོ”འདུག་ཟེར། ངས་མོའི་ལག་ཏུ་བསྣམས་པའི་ཤོག་སྒམ་ཆུང་ངུ་དེ་ཁྱེར་ནས་རྒྱ་སྒོའི་ནང་དུ་འཛུལ་བ་ན། སྒོ་སྲུང་རྒྱུག་ཡོང་སྟེ་སློབ་མའི་དཔང་ཡིག་སྟོན་ཟེར། ངས“ངའི་དཔང་ཡིག་ཉལ་ཁང་ནས་བསྐྱུར་ཟིན ”ཟེར་བ་ན། མོས“ཁོ་ནི་ངའི་སློབ་གྲོགས་རེད”ཟེར་བྱུང་བས་སྒོ་སྲུང་ཡིད་ཆེས་པར་གྱུར་བས་ང་རང་ནང་དུ་འགྲོ་རུ་བཅུག

  ལམ་བར་དུ་མོས“ཁྱོད་ཀྱི་ལས་རིགས་ཅི་ཡིན”ཟེར།

  “ང་རང་འཁྱམས་པོ་ཞིག་ཡིན”ཟེར་བ་ན། མོས་དགོད་ཙམ་བྱས་མོད། སྐད་ཆ་ཅི་ཡང་མ་བཤད།

  ངས་མོར་“ཁྱོད་རང་ལོ་རིམ་དུ་བ་ཡིན”ཟེར་བ་ན།

  མོས་ཅུང་ང་རྒྱལ་གྱི་ཉམས་ཀྱིས་“རབ་འབྱམས་ལོ་རིམ་དང་པོ་ཡིནཟེ”ར། རེ་ཞིག་ང་རང་ཧ་ལས་པར་གྱུར།

  ངས་མོར་མཐེ་བོང་སྟོན་བཞིན“ཁྱོད་རང་དངོས་གནས་འཇོན་པོ་འདུག”་ཅེས་བཤད།

  ངེད་གཉིས་སྤོ་ལོ་ཐང་གི་ཟུར་དུ་ཐོན་པ་ན། མོས“ཁྱོད་རང་སློ་ལོ་ཐང་དུ་སོང་ནས་སྡོད་དང་།ང་མགྱོགས་པོར་སླེབ་ཡོང”ཟེར།

  ང་རང་སློ་ལོ་ཐང་དུ་ཐོན་པ་ན།དེ་གར་མི་གཅིག་ཀྱང་མི་འདུག ང་རང་འདུག་སྟེགས་རིང་བོ་ཞིག་ཡོད་པ་དེའི་སྟེང་དུ་ཙོག་ནས་མོར་སྒུག

  ཅུང་ཙམ་ནས་མོ་སླེབས་བྱུང་།མོས་ང་ལ་གཏེར་ཆུ་ཞིག་སྟེར་ཞོར“ཡུན་རིང་སྒུག་སོང་ཨང”ཟེར། སྐབས་དེར་མོས་དཔའ་རྟུལ་རུ་ཁག་གི་ཁའོ་ལའེ་ཡི་ལུས་རྩལ་ལྭ་བ་ཆ་ཚང་ཞིག་གྱོན་འདུག མོས་ལག་པས་ལྒང་ལི་རྡེག་ཙམ་བྱས་རྗེས་ཁུང་ནང་དུ་གཟས་ནས་འཕངས་པས་དེ་མ་ཐག་ནང་དུ་འཛུལ་སོང་། སྐབས་དེར་མོའི་གདོང་ན་ང་རྒྱལ་གྱི་ཉམས་ཤིག་མངོན་ཡོད། དེ་ལྟར་ངེད་གཉིས་ཀྱིས་ལྒང་ལི་རྩེས་ནས་བསྡད།

6

  འཇོལ་མོ་ཕྱི་རྒྱལ་དུ་སོང་བའི་དགོང་མོ་དེར། སྒྲོལ་མས་ང་ལ་ཁ་པར་བཏང་སྟེ“ཡུན་རིང་མ་ཐུག་པས་མཉམ་དུ་ཟ་མ་ཟ”ཟེར། ངེད་གཉིས་བོད་ཟས་ཁང་ཞིག་ལ་སོང་ནས་མཉམ་དུ་དགོང་ཇ་འཐུངས་པ་ཡིན།དགོང་མོ་དེར། མོས་ང་ལ“ཆང་འཐུང་མི་རུང”ཞེས་ཡང་ཡང་བཤད་མོད། ངས་ཨུ་ཚུགས་བྱས་ཏེ་ཝུ་ཆང་དམ་བུ་འགའ་ཡང་འཐུངས་པ་ཡིན།འཐུངས་ནས་ཀྱང་སྣང་བ་རབ་རིབ་ཏུ་གྱུར།

  “ད་ལོར་ཁྱེད་རང་ཕ་ཡུལ་དུ་སོང་མྱོང་ངམ། ”

  “ང་ལ་ཕ་ཡུལ་ཞེས་པ་ཞིག་མེད།”མོས་འཛུམ་ཞིག་སྟོན་ཞོར་དེ་ལྟར་བཤད།

  ངས་མཚར་སྣང་གིས“ཁྱོས་ཀུ་རེ་མ་རྩེ། ཕ་ཡུལ་མེད་པའི་མི་ཞིག་ཀྱང་ཡོད་དམ།”ཞེས་དྲིས་པ་ན།

  མོས་ཅུང་གཟབ་ནན་སྒོས“ངོ་མ་ཡིན།ང་ལ་ཁྱོད་ཚོ་བཞིན་ཅི་མི་སྙམ་པར་ལོག་ཆོག་ཆོག་གི་ཕ་ཡུལ་ཞིག་མེད”ཟེར། དེ་ནས་མོར་ཅི་ཞིག་ཟེར་དགོས་མིན་མ་ཤེས་པས་སྦི་ཆང་ཧུབ་གང་འཐུངས་པ་ན། མོས་མུ་མཐུད་དུ་བཤད་རྒྱུར།“ཁྱེད་ལ་མ་གསང་དྲང་མོར་བཤད་ན་ང་རང་ཇོ་ལོག་ཅིག་ཡིན། ང་རང་ལོ་བརྒྱད་ལ་སོན་པའི་ལོ་དེར་ངའི་ཕ་མ་གཉིས་རླངས་འཁོར་གྱི་འཁོར་བགེགས་འཇིགས་སུ་རུང་བ་ཞིག་ལས་འཇིག་རྟེན་དཀར་ངོགས་དང་གྱེས་སོང་། དེ་ནས་ཨ་ཁུས་ང་ཇོ་མོའི་སྒར་ལ་བསྐྱལ་ཏེ་ཇོ་མོ་བྱེད་དུ་བཅུག སྐབས་དེར་འདོན་པ་སོགས་ལ་ཅུང་བྱང་བས་ཇོ་མོ་སྒར་དེ་ནས་ཁ་ལས་ཀྱང་ཅུང་ཟད་དགེ་བར་གྱུར། བར་སྐབས་ཤིག་ལ། ན་ཆུང་གི་བློ་དེ་རང་མོས་སྙན་ངག་ལ་ཤོར་བས་སྙན་ངག་མང་པོ་བྲིས་པར་ཀློག་པ་པོ་མང་བས་དགའ་བསུ་མི་དམན་པ་ཐོབ། དེ་ནས་སྐད་འཕྲིན་སྒང་ནས་གཞས་ཚིག་རྩོམ་པ་པོ་ཞིག་དང་འཕྲད་དེ་སྣང་བ་མཐུན་པར་གྱུར་བས་མཐར་སྡོམ་པ་ཤོར་སོང་། ངོ་མ་དེ་དུས་ངའི་སེམས་ལ་གདོན་ཞུགས་ཡོད་པ་འདྲ། དེ་ནས་བཟུང་ངའི་ཕ་ཡུལ་ན་ང་དང་འབྲེལ་བའི་བཤད་ཡམས་སྣ་ཚོགས་རླུང་ལྟར་ཁྱབ་འདུག་པས། ང་རང་ཕ་ཡུལ་ནས་སྡོད་ཐབས་བྲལ། ན་ནིང་གཞས་ཚིག་རྩོམ་པ་པོ་དེས་ང་རང་གྲོང་ཁྱེར་འདིར་ཁྲིད་དེ་ནང་མ་ཁང་ནས་གླུ་ལེན་དུ་བཅུག་པ་ཡིན། དེང་ཐོག་ང་རང་ལས་ཀ་འདི་ལ་དེ་འདྲའི་དགའ་བོ་མེད་མོད། རིམ་བཞིན་གོམས་ལོབས་སུ་ཆགས། ”

  ང་རང་རེ་ཞིག་འདང་རྒྱག་གི་མཚོ་མོའི་ནང་དུ་ལྷུང་།

  མོས་དངན་པ་རིང་བོ་ཞིག་འཐེན་རྗེས”ཁྱོད་ཀྱིས་ང་རང་ལ་སེམས་ཉེ་བོ་བྱས་པས། ངས་རང་ཉིད་ཀྱི་ཐོབ་ཐང་གསང་ན་བློ་སེམས་བདེ་བོ་མི་འདུག ངས་རང་ཉིད་ཀྱི་གཏམ་རྒྱུད་དག་བཤད་ན་ཁྱོད་ཀྱིས་ང་ལ་བཟུང་བའི་ལྟ་ཚུལ་ལ་འགྱུར་བ་ཐེབས་ན་ཐང་མོད། གང་ལྟར་འདི་ནི་དུས་ཀྱི་སྔ་གཞུག་ཙམ་ལས་ཡོད་ཚད་ལྷང་ལ་འབུད་ངེས་པར་སེམས།”ཟེར།

  སྐབས་དེར་ངས་མོར་ཅི་ཞིག་བཤད་ན་འགྲིག་མིན་ཡང་མི་ཤེས་པས་ངས་མུ་མཐུད་དུ་ཝུ་ཆང་རྔམ་འཐུང་བྱས་ནས་བསྡད། ངའི་སེམས་སུ་མོར་ཁྲེལ་མེད་བྱེད་མཁན་ནི་གཡག་སྐྱ་ཡིན་པར་སེམས། ཡིན་ཡང་ངས་མོར་གཡག་སྐྱ་ཡིན་མིན་ཅི་ཡང་མ་དྲིས།

  ང་ནི་བཟི་སྟེ་མཐོང་ལམ་མག་མོག་ཏུ་གྱུར་ཡང་ཁོ་མོའི་ཀུ་ཤུ་ལྟར་སྨིན་པའི་འོ་འཛིན་དང་ཤིན་ཏུ་སྙིང་རྗེ་བའི་ཁ། དམར་མདངས་ཆགས་པའི་མཁུར་ཚོས་དང་མཆུ་སྒྲོས། གནག་སྣུམ་གྱི་སྐྲ་ལོ་སོགས་མཐོང་བ་ན་ངའི་ཡིད་ལ་ཆགས་པའི་མེ་ལྕེ་ཆེར་ཆེར་མཆེད་པས། ངས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ཁོ་མོར་དམ་དུ་འཁྱུད་དེ་ཡང་ཡང་འོ་བྱས། དགོང་མོ་དེར། ངས་མོ་རང་མགྲོན་ཁང་ཞིག་ཏུ་ཁྲིད་དེ་འདོད་པའི་དགའ་སྟོན་ལ་རོལ་བ་ཡིན།

  ཡིན་ཡང་“ང་རང་ཇོ་ལོག་ཅིག་ཡིན ”ཞེས་པའི་སྐད་ཆ་འདི་ངའི་ཡིད་ཀྱི་ནམ་མཁའ་རུ་ཡང་ཡང་ལྡིང་སྐོར་རྒྱག་ཅིང་ང་རང་མཚན་གང་བོར་གཉིད་མ་ཁུགས།

  འཇོལ་མོ་དང་ཁྭ་ཏ་གཉིས་གློ་བུར་དུ་དགའ་རོགས་བསྒྲིགས་པ་ནང་བཞིན་ཁོ་གཉིས་གློ་བུར་དུ་ཁ་གྱེས་སོང་། དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། འཇོལ་མོ་ཕྱི་རྒྱལ་ལ་སོང་རྗེས་ཁྭ་ཏས་དཔེ་ཤག་མི་གཞན་ལ་བསྐོར་སོང་།

  དེ་སྔོན་འཇོལ་མོ་དང་ངེད་ཚོ་མཉམ་དུ་ཡོད་དུས། ཁྭ་ཏས“ད་ནི་སྒོར་མོ་གསོག་འདོད་པ་དང་། སྒོར་མོ་མང་པོ་ཞིག་བསགས་རྗེས། གྲོང་ཁྱེར་དང་ཁ་གྱེས་ཏེ་ཕ་ཡུལ་ལ་འགྲོ་རྒྱུ། ཕ་ཡུལ་ནས་ཁང་པ་སྟབས་བདེ་ཞིག་ཕུབ་སྟེ་སྐྱིད་སྡུག་གནམ་ལ་བཅོལ་བའི་སོ་ནམ་པ་ཞིག་བྱ་འདོད”ཟེར། སྐབས་དེར། ཁོའི་བྱ་སྤྱོད་དང་མི་གཤིས་གཉིས་ཤིན་ཏུ་ཁ་འཕྲོད་པས་ངས་ཁྭ་ཏ་ལ་སྙན་ངག་པ་ཞིག་གི་ཁྱད་ཆོས་འཛོམས་པོ་འདུག་སྙམ།

  འཇོལ་མོ་ཕྱི་རྒྱལ་ལ་མ་སོང་སྔུན་ལ། ཁྭ་ཏས་དུས་ལྟར་ཟ་མ་ཟ་བ་དང་ངལ་གསོ་བྱས་པས། ཁོའི་འཚོ་བ་ནི་གོ་རིམ་ལྡན་པ་ཞིག་ཡིན། སྐབས་དེར་ང་ཡང་ཁོའི་འཚོ་བར་ཡིད་སྨོན་སྐྱེས་མྱོང་། ཡིན་ཡང་འཇོལ་མོ་དང་ཁ་གྱེས་རྗེས་ཁོའི་འཚོ་བ་ནི་སྔར་བཞིན་གོ་རིམ་མེད་པར་གྱུར།

  ཁྭ་ཏས་ཕ་ཡུལ་ལ་ལོག་རྒྱུའི་སྐོར་གླེང་སྐབས། འཇོལ་མོས་ཀྱང“གྲོང་ཁྱེར་གྱི་མཁའ་དབུགས་མི་གཙང་པ་དང་ཟ་མ་མི་གཙང་བ། མིའི་སེམས་ཀྱང་མི་གཙང་བས་མྱུར་དུ་ཕ་ཡུལ་ལ་ལོག་སྟེ་ཞི་བདེ་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་འདོད”ཅེས་གྲོང་ཁྱེར་ལ་རབ་ཏུ་སུན་ཚུལ་ལབ།

  ཆར་བ་ཟམ་ཟིམ་འབབ་པའི་དགུན་གཞུང་གི་མཚན་མོ་ཞིག་ལ། ང་རང་གཉིད་མ་ཡོང་བས་ལྕགས་རྟ་ཞོན་ནས་སྙིང་ཉེ་བའི་བུ་མོ་དེར་ལྟ་རུ་སོང་། ང་རང་ཐད་ཀར་ནང་མ་ཁང་དུ་འགྲོ་མ་ཕོད་པས་སྒོ་འགྲམ་ནས་མོར་བསྒུགས་ནས་བསྡད།

  ནམ་གུང་གི་ཆུ་ཚོད་གཅིག་ལ་སླེབས་སོང་མོད། མོ་ད་རུང་སླེབས་མ་བྱུང་། ངས་མུ་མཐུད་དུ་དུ་བ་འཐེན་ནས་བསྡད།

  ཆུ་ཚོད་གཉིས་པ་སླེབས་ཙ་ན། ནང་མ་ཁང་དེའི་བུ་མོ་དག་རེ་རེ་བཞིན་སྒོར་བུད་བྱུང་།ངས་ལྐོག་ནས་མོ་ཨེ་མཐོང་ལ་བལྟས་མོད། མོ་རང་སླེབས་མ་བྱུང་། ངའི་སེམས་ལ་མོར་ན་ཚ་འདྲ་བྱུང་སྟེ་གནང་བ་ཞུས་པ་ཡིན་ནམ་སྙམ། གང་ལྟར་ངའི་བློ་སེམས་ཁྱོན་ནས་བདེ་མ་སོང་།

  ང་རང་ཁོ་ཐག་ཆད་དེ་ཕྱིར་འགྲོ་རྩིས་བྱེད་པ་ན། བུ་མོ་ཞིག་གི་སྐད་ཅིག་གོ་བྱུང་། ངས་ཁ་ཕྱིར་འཁོར་བ་ན། རེད། མོ་རང་རེད།ངའི་སྙིང་གི་རྐུན་པོ། སེམས་ཀྱི་མེ་ཏོག རྨི་ལམ་གྱི་ལྷ་མོ་རེད། ཁོང་མོས་ལག་པ་ཡ་གཅིག་གིས་ཞི་ལུ་ཞིག་གི་སྟོད་ཐུང་བཟུང་ཞིང་ལག་པ་ཡ་གཅིག་གིས་ཞི་ལུ་དེའི་དཔུང་བར་འཇུས་ནས་སླེབས་བྱུང་། ཁོ་དང་མོ་གཉིས་ཧི་ལན་ཏ་ཞིག་གི་ནང་དུ་བསྡད་དེ་བྱ་འཕུར་བ་ལྟར་ང་དང་བྲལ། མོ་ཊའི་ནང་དུ་འབུད་སྐབས་ངོ་གདོང་ན་འཛུམ་མདངས་ཤིག་ཤིག་བྱེད་ཅིང་། འཛུམ་དེ་ནི་ངེད་གཉིས་ཐོག་མར་འཕྲད་པའི་སྐབས་ཀྱི་འཛུམ་དེ་འདྲ་ཞིག་མིན་པར་དྲོད་འཁོལ་དང་བརྩེ་བས་གཏམས་པའི་འཛུམ་ཞིག་རེད། རེ་ཞིག་ངའི་སེམས་པ་འཁྱག་སིབ་སིབ་ཏུ་གྱུར། དགོང་མོ་དེར་ངས་ཞྭ་གོན་ལ་ཁ་ཐུམ་བརྒྱབ་ཡོད་པས་མོས་ཕལ་ཆེར་ངོ་མ་ཤེས་པ་འདྲ། ང་རང་ཤིན་ཏུ་དགའ་བའི་བུ་མོ་དེས་ངའི་མདུན་ནས་འདི་ལྟར་ཞི་ལུ་གཞན་ཞིག་དང་འགྲོགས་ཏེ་འགྲོ་བའི་ཚུལ་མཐོང་ན། ངའི་སེམས་སུ་ཞེ་སྡང་གི་གློག་དམར་འཁྱུག་ཅིང་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་མཆེད་བྱུང་།

  ངས་འདི་ནི་རྨི་ལམ་ཞིག་ལས་མངོན་སུམ་ཞིག་མ་རེད་འདོད་མོད། ཡིན་ཡང་རྨི་ལམ་ཞིག་དང་འདྲ་བའི་མངོན་སུམ་གྱི་བྱུང་བ་འདིར་ངས་མི་འདོད་བཞིན་དུ་དང་ལེན་མི་བྱ་ཀ་མེད་རེད།

  དགོང་མོ་དེར།ང་རང་གཅིག་པུ་ཆང་ཁང་ཞིག་ལ་ཆས་ཏེ་ཆང་འཐུངས་པ་ཡིན། ངས་ཆང་ཅི་འདྲ་འཐུངས་ཀྱང་ང་ལ་བཟི་སྣང་ཞིག་མི་འདུག སྐད་ཅིག་བྱུང་བ་མཐའ་དག་མིག་ལ་ཡང་ཡང་འཁོར་བས་ང་རང་འཕྲད་མ་ཐག་ནས་བརྩེ་དུང་ཆགས་པ་ཞེས་པ་དེར་ཡིད་ཆེས་མ་བྱུང་། ང་རང་བརྩེ་དུང་ཞེས་པ་དེར་ཡིད་ཆེས་མེད་པར་གྱུར། ངས་བརྩེ་དུང་ཞེས་པའི་ཐ་སྙད་འདི་ཡིག་ནོར་རེད་འདོད་པ་དང་། དེའི་ཡང་དག་པའི་འབྲི་ཚུལ་ནི་བརྩེ་དུང་ཞེས་པ་འདི་རེད་སྙམ།

  ངས་གྲོགས་མོ་འབུམ་རམས་པ་དེར་ཁ་བཏང་སྟེ་ལན་ཀུའེ་ཧྥང་ཟེར་བའི་ཆང་ཁང་དེར་བོས་པ་ཡིན། ཅུང་ཙམ་ནས་མོ་སླེབས་བྱུང་། མོས་ངའི་ཚུགས་ཀ་མཐོང་མ་ཐག“ཁྱོད་ལ་ཅི་བྱུང”་ཞེས་ཧ་ལས་པའི་ངང་ནས་བཤད། མོའི་མཚར་སྣང་དེའི་ནང་དུ་སེམས་ཁུར་གྱི་ཆ་ཅུང་ཟད་འདྲེས་འདུག ངས་ལན་དུ་“ང་རང་དགའ་རོགས་ཀྱིས་སྤྱུགས་སོང”ཟེར་བ་ན། མོ་རང་བགད་བྱུང་། དེ་ནས་“སྐྱོན་ཡོད་པ་མ་རེད། ས་ཐོག་བུ་མོ། ས་འོག་གྲོག་མ་ཟེར་བ་མིན་ནམ། སེམས་པ་མ་སྐྱོ་དང་རང་དང་འཚམས་པའི་མི་ཞིག་རྙེད་ངེས”ཟེར་བས་ངས་ཀྱང་ཡིན་མདོག་ཁ་བོས་ཝུ་ཆང་དམ་བེ་ཞིག་གི་ཁ་ཕྱེ་སྟེ་པི་ཙིའི་ནང་བླུགས་ཏེ་ངེད་གཉིས་ཀྱིས་ཞབས་དག་ཐེངས་གཅིག་བརྒྱབ།

  ཆང་ཁང་དེའི་ནང་དུ་ཕྱི་རྒྱལ་གྱི་མགྲོན་པོ་མང་པོ་སླེབས་ཏེ་སེམས་པ་གཡེང་སྲིད། གློག་འོད་ཁྲ་ཁྲའི་འོག་ཏུ་རོལ་དབྱངས་ཀྱི་སྒྲ་ཇེ་མཐོར་སོང་བ་དང་བསྟུན་དེ་གར་ཡོད་མི་དག་གིས་ས་ལྡིང་གནམ་ལྡིང་བྱས་བྱུང་། སྐབས་དེར་མོ་རང་སྡོད་མ་ཚུགས་པར་ངའི་ལག་མགོར་འཇུས་ཏེ་མི་ཚོགས་ཀྱི་ཁྲོད་ནས་ཞབས་བྲོ་འཁྲབ། ཏག་ཏག་དགོང་མོ་དེར། མོས་འབུམ་རམས་པའི་སྒམ་ཚིགས་ཏེ་ཡོངས་སུ་དོར་ཏེ་ང་དང་སྨྱོ་རྩེད་བྱས་པས། ངའི་སེམས་ཀྱི་སྐྱོ་བ་ཇེ་དྭངས་སུ་སོང་།

  གཟའ་འཁོར་གཅིག་གི་རྗེས་སུ།ང་དང་གཡག་སྐྱ། ཁྭ་ཏ་ངེད་གསུམ་པོ་ཇ་ཁང་ཞིག་ལ་སོང་སྟེ་ལྷོད་ལྷོད་ངང་ཁ་བརྡ་བྱེད་སྐབས། ཁྭ་ཏ་ལ་ཁ་པར་སླེབས་བྱུང་། ཁོས་འཕྲལ་མར་ཁ་པར་བཏང་ཚར་རྗེས་ཁོ་དང་གཡག་སྐྱ་གཉིས་ཀྱིས་ཁ་རྩོད་བརྒྱབ་བྱུང་། ཡིན་པ་ནི་ཁྭ་ཏའི་ཁ་པར་གྱི་འབོད་བརྡ་ལ་བདུད་བྷེའི་རྡུང་ལེན་<<གྲོགས་པོ>>ཞེས་པ་དེ་བཞག་ཡོད་པ་དང་། གཡག་སྐྱས་བདུད་བྷེ་ནི་གཞས་པ་ཚད་ལྡན་ཞིག་མ་རེད། ཁྱོད་རང་དུས་རབས་ཀྱི་རྗེས་ཆོད་ཀྱི་མི་འདུག་ཅེས་སྨྲས་པ་ཁྭ་ཏའི་སེམས་ལ་གནོད་སོང་།

  “ཁོང་ནི་ངའི་སེམས་ཁོང་གི (Michael Jackson )ཡིན།”

  “ཁྱོས་བདུད་བྷེ་སྒྱུ་རྩལ་པར་ངོས་འཛིན་དུས་ཁྱོས་སྒྱུ་རྩལ་གྱི་ངོ་བོ་ཧ་གོ་ཡི་མི་འདུག”

  གཡག་སྐྱས་དེ་ལྟར་བཤད་པ་ན། ཁྭ་ཏས་མདུན་ཅོག་སྟེང་གི་ཇ་ཕོར་བླངས་ཏེ་ཤེད་ཤུགས་གང་ཡོད་ཀྱིས་གཡག་སྐྱར་གཟས་ཏེ་བརྒྱབ་པ་ན། གཡག་སྐྱས་དེ་མ་ཐག་གཟུར་སོང་བས་ཇ་ཕོར་དེ་གྱང་ངོས་ལ་བརྒྱབ་སྟེ་སིལ་བུར་ཐོར། གལ་ཏེ་གཡག་སྐྱས་གཟུར་མ་ཐུབ་ན་ཁོའི་སྲོག་ལ་ཉེན་ཁ་ཡོད་ཁོ་ཐག་ཡིན།

  གཡག་སྐྱ་ཁོང་ཁྲོ་ཆེན་པོ་ལངས་སོང་། ངས་ཁྭ་ཏར་ཁ་ཏ་བྱས་བྱས་མཐར། ཁོས་གཡག་སྐྱ་ལ་དགོངས་དག་ཞུས་སོང་།

  “ད་ཐེངས་ངའི་བྱ་སྤྱོད་ཅུང་ཚད་ལས་བརྒལ་ཐལ།ཁྱོད་རང་དགོངས་པ་མ་ཚོམས།”ཁོས་གཡག་སྐྱའི་གདོང་ལ་ལྟ་བཞིན་ཤིན་ཏུ་གཟབ་ནན་ངང་དེ་ལྟར་བཤད།

  “ད་ནས་བཟུང་ང་ལ་ཁྱོད་ལྟ་བུའི་གྲོགས་པོ་ཞིག་མེད་སོང་བ་ཡིན”གཡག་སྐྱས་སྟོད་ལྭ་གོན་རྗེས་ང་ཚོ་དང་བྲལ།

  དགོང་མོར། ངས་གཡག་སྐྱ་ལ“ཁྱོད་རང་ཁྭ་ཏའི་སྟེང་ལ་དེ་འདྲའི་སྤོ་ལངས་དགོས་དོན་ཡོད་དམ།ང་ཚོ་ཚང་མ་སྐྱིད་སྡུག་མཉམ་ཁུར་བྱེད་པའི་སྤུན་ཟླ་ཡིན། ཕན་ཚུན་དཀྱེལ་ཡངས་དང་བཟོད་སྒོམ་བྱ་རྒྱུ་དེ་གལ་ཆེན་ཡིན ”ཞེས་བཤད་པ་ན། ཁོས་ལག་པས་རྣར་གཞུག་བླངས་ནས་ཧ་ཅང་གཟབ་ནན་སྒོས“ཁོ་རང་ངའི་སྟེང་ལ་ལྟ་ཚུལ་འདུག དྲང་མོར་བཤད་ན་ངས་འཇོལ་མོར་གཡབ་མྱོང་། ཡིན་ཡང་དེ་ནི་སྔོན་གྱི་དོན་དག་རེད། ཁོ་དང་འཇོལ་མོ་གཉིས་འགྲིག་པའི་ཉིན་དེ་ནས་བཟུང་ངས་མོར་འབྲེལ་བ་ཅི་ཡང་མ་བྱས། ངའི་སེམས་ནང་ལ་དོན་དག་དེ་འདྲ་ཞིག་མ་བྱུང་བ་ལྟ་བུ་ཞིག་རེད། ཁས་ཉིན་ཁོས་མི་གཞན་ཞིག་གི་ཁ་པར་ནང་ནས་ང་དང་འཇོལ་མོ་གཉིས་ཀྱིས་ཕན་ཚུན་ལ་འོ་བྱེད་པའི་མཉམ་པར་ཞིག་རིག་སོང་ཟིག ངས་ཁོ་ལ་གནས་ཚུལ་ཇི་བཞིན་བརྗོད་མོད། ཡིན་ཡང་ཉིན་དེ་ནས་བཟུང་ཁོ་རང་རྒྱུན་པར་ངའི་སྟེང་ལ་འཚིག་པ་ཟ་བཞིན་འདུག” ཟེར།

  རེ་ཞིག ངས་འཇིག་རྟེན་ནི་ཅི་འདྲའི་ཆུང་བ་དང་མི་དང་མིའི་འབྲེལ་བ་ནི་ཇི་འདྲའི་རྙོག་འཛིང་ལྡན་པ་ཞིག་རེད་ཨང་སེམས།

  སྐབས་དེར་ངའི་ཡིད་ལ་ཁོང་མོའི་སྡོམ་པ་གཡུག་མཁན་ནི་ཁྭ་ཏ་ཡིན་ནམ་སྙམ་པའི་དྲི་རྟགས་ཤིག་ངང་ངམ་ཤུགས་ཀྱིས་འཁོར་ཡོང་མོད། རེ་ཞིག་འདྲི་བར་མ་སྤོབས། ཁྭ་ཏ་ནི་སྨྲ་བ་ཤིན་ཏུ་ཉུང་བའི་རིགས་ཡིན་པ་མ་ཟད་མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་རིགས་དེ་མིན་མོད། མཚམས་མཚམས་སུ་ཁོས་རང་ཉིད་ཀྱི་སེམས་ཁམས་ལ་སྟངས་འཛིན་བྱེད་ཐུབ་ཀྱི་མི་འདུག ངས་བསམས་ན་དེ་ནི་ཁོ་རང་འཇོལ་མོ་དང་ཁ་བྲལ་བས་ཡིན་པར་འདོད།

  དགོང་མོ་དེར་གཡག་སྐྱས་ཁྭ་ཏའི་ཁ་པར་ཨང་གྲངས་དང་སྐད་འཕྲིན། གླེང་མོལ་སོགས་བསུབ་པ་དང་། མཛེས་བརྙན་དང་ཏུའུ་ཡུན། པོད་འཕྲིན་སོགས་རེ་རེ་བཞིན་དོ་ཁུར་ལས་ཕྱིར་ཕྱུངས་པ་མ་ཟད་ང་ཚོའི་ཁྲིན་ཏུའུ་སྤྱང་ཚོགས་ཞེས་པའི་སྐད་འཕྲིན་ཚོགས་པ་ལས་སྒོར་བུད།

  ཉིན་དེ་ནས་བཟུང་ཁྭ་ཏ་དང་གཡག་སྐྱ་གཉིས་ཀྱི་འབྲེལ་བ་ཆད་སོང་།

  གཡག་སྐྱ་དང་ཁྭ་ཏ་གཉིས་ཀྱི་འབྲེལ་བ་ཆད་ནས་རིང་བོར་མ་འགོར་བར་གཡག་སྐྱས“ད་ནི་ལྗན་ལྗིན་གྱིས་ཁེངས་པའི་གྲོང་ཁྱེར་དང་གྲོང་ཁྱེར་གྱི་མི་ཁྲ་ཁྲ་ལ་སུན་གི ཡུལ་གྱར་གྱི་འཚོ་བ་ལ་སུན་གི ད་ནི་ཕ་ཡུལ་ལ་ལོག་འདོད”ཟེར།

  ཉིན་འགའ་མ་འགོར་བར་གཡག་སྐྱ་གྲོང་ཁྱེར་འདི་དང་ཁ་གྱེས་སོང་། གཡག་སྐྱ་ལ་ལམ་འཇུག་བྱེད་མཁན་ནི་ང་གཅིག་པུ་ཡིན། གཡག་སྐྱར་ནམ་རྒྱུན་གྲོགས་པོ་ཡིན་ཞེས་ཧ་ཧ་ཧོ་ཧོ་ཟེར་བའི་ན་གཞོན་ཕོ་མོ་དེ་ཚོ་གཅིག་ཀྱང་སྐྱེལ་མ་བྱེད་པར་ཡོང་མི་འདུག གཡག་སྐྱས་བྱ་སྒྲོའི་ལྭ་རིང་ཞིག་གོན་ལ་ལག་ཏུ་འདྲུད་སྒམ་ཞིག་བཟུང་འདུག ཁོ་འགྲོ་ཁར་ང་ལ་རང་གི་ལུས་པོར་བདག་སྐྱོང་བྱ་དགོས་ཚུལ་གདམས་པ་ལས་ཁྭ་ཏ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་བྱུང་།

  ཁོ་རང་གྲོང་ཁྱེར་དང་ཁ་འབྲལ་ཁར་ཁོའི་མིག་ནང་ན་འོད་ཀྱི་གཙང་བོ་ཞིག་འཁྱིལ་འདུག མཐར་གཙང་བོ་དེ་སིལ་བུར་འཐོར་ཏེ་མཁུར་མགོ་བརྒྱུད་ནས་ས་རུ་ཟགས། ཁོས་མིག་གིས་ནམ་མཁར་ལྟ་བཞིན་དེ་ནི་ཆར་ཆུ་ཡིན་པར་ཁ་གཡར་ཏེ་ཕུ་ཐུང་གིས་འཕྲལ་མར་ཕྱིས་མོད། ཟ་རུ་ཟགས་པའི་མིག་ཆུ་དེ་ནི་མིག་ཆུ་ཙམ་མིན་པར།དེ་ནི་ཕྱི་ཐག་དང་མཛའ་གཅུགས། དུས་ཚོད་དང་དགའ་དུང་སོགས་ལྷན་དུ་གདུས་པ་ལས་བྱུང་བའི་ཉིང་ཁུ་ཞིག་ཡིན་པར་སེམས།

  ཁོ་རང་མེ་འཁོར་འབབ་ཚིགས་སུ་ཕྱིན་ཏེ་ང་དང་རྒྱང་དུ་གྱེས་སྐབས། ངའི་ཡིད་ལ་ཁོས་དེ་སྔོན་བཤད་པའི་སྐད་ཆ་ཞིག་དྲན་བྱུང་།

  “ ང་ལ་ཕ་ཡུལ་ཞེས་ལོག་ཆོག་ཆོག་གི་གནས་མལ་ཞིག་མེད། ང་རང་དྭ་ཕྲུག་ཅིག་ཡིན། སྡེ་བའི་རྒད་པོ་ཚོས་གྲོས་ཁ་བསྡུར་ནས་ང་རང་གྲྭ་བ་བྱས་ན་འོས་གི་ཞེས་གྲྭ་བ་བྱེད་དུ་བཅུག་སོང་། ང་ལ་གློ་ཉེ་བའི་གྲོགས་པོ་ཞིག་ཡོད་པ་ནི་ཁྭ་ཏ་དང་ཁྱོད་གཉིས་ཡིན།”

  སྐད་ཆ་དེ་དྲན་དུས་ངའི་མིག་ཟུང་གློ་བུར་དུ་རབ་རིབ་དུ་གྱུར་མོད། ངས་གློ་ཁུག་ལས་དུ་བ་རྐང་གཅིག་བླངས་ཏེ་མེར་བསྒྲོན་རྗེས་དུ་བ་འཐེན་བཞིན་རྒྱང་ནས་རྒྱང་དུ་ཆས་པའི་མེ་འཁོར་ལ་ཅེར་ནས་བསྡད། རིམ་བཞིན་ཆར་བ་ཇེ་ཆེ་ནས་ཇེ་ཆེར་སོང་བ་བསྟུན་ངའི་ནང་སེམས་ཁེར་རྐྱང་དང་ཁུ་སིམ་དུ་གྱུར།

  འདི་ལྟར་བཀྲ་མི་ཤིས་པའི་དོན་དག་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བས། ང་རང་ལས་ཚོགས་ལ་འགྲོ་འདོད་མེད་པར་གྱུར་བ་དང་དཔེ་ཆར་བལྟ་འདོད་མེད་པར་གྱུར། ཁྭ་ཏ་དང་ངེད་གཉིས་འབྲེལ་བ་བྱ་རྒྱུ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།

  གཟའ་འཁོར་གཅིག་གི་རིང་ང་གཅིག་པུས་ཝུ་ཆང་འཐུང་ཞོར་གློག་བརྙན་སྣ་ཚོགས་ལ་བལྟས་ནས་བསྡད། ཆེས་ཡིད་འགུལ་ཐེབས་པ་དང་ཤུགས་རྐྱེན་ཟབ་པ་ནི«མཚོ་ཐོག་གི་རྣོ་སྦྲེང་མཁན་པོ»དང་«འབྲོག་སྟོང་་གི་འཚོ་གནས» «ཡོབ་གླིང་དང་ཁ་གྱེས་པ» «ཡིད་འོང་གི་མི་ཚེ» «ཁྱེད་ལ་མ་ཐུག་པའི་གོང་རོལ་ཏུ»ཞེས་པ་ལྔ་ཡིན། ལྷག་ཏུ་«ཁྱེད་ལ་མ་ཐུག་པའི་གོང་རོལ་ཏུ»ཞེས་པའི་གློག་བརྙན་འདིར་བལྟས་རྗེས་ངས་བརྩེ་དུང་ལ་ཕྱིར་རྟོག་ཅིག་བྱ་འདོད་སྐྱེས། ངས་མོར་ཁ་པར་ཞིག་གཏོང་དགོས་བསམས་ཏེ་བསམ་བློ་གཏོང་སྐབས། མོས་སྐད་འཕྲིན་ལས་ང་ལ་ཡི་གེ་བསྐུར་བྱུང་།

  “ཡུན་རིང་ཁ་བརྡ་མ་བྱས། ཁྱེད་རང་བདེ་མོ་ཡིན་ནམ།”

  “ང་རང་བདེ་མོ་ཡིན། ངས་ཁྱོད་ལ་བར་ཆད་གནང་བར་དོགས་ནས་ཁ་བརྡ་མ་བྱས།”

  “ཁྱོས་དེ་ལྟར་བཤད་དོན་ཅི་ཡིན།”

  “ ད་ཁྱོས་མ་ཤེས་ཁུལ་མ་བྱེད། ཁས་ཉིན་ཁྱོད་རང་གསར་ཡག་ཅིག་དང་འགྲོགས་ནས་འགྲོ་བཞིན་པ་ངས་དངོས་སུ་མཐོང་མྱོང”

  “ཧ་ཧ། ཁྱོས་ང་ལ་ཁ་མི་གྲགས་པའི་རྒྱུ་མཚན་མ་གཞི་དེ་རེད་ཨང་།”

  “ ཁྱོད་ལ་དགའ་རོགས་ཡོད་བཞིན་དུ་ང་ལ་ཁ་བརྡ་བྱ་དོན་ག་རེ་ཡིན།”

  “ང་ལ་དགའ་རོགས་ཡོད་ན་ཁྱོད་དེ་འདྲའི་སྤོ་ལང་དགོས་དོན་ཡོད་དམ།”

  “ ཁྱོད་རང་གཞན་ལ་དབང་བར་གྱུར་ན། ད་ནས་བཟུང་ངས་ཁྱོད་ཀྱི་འཚོ་བར་ཐེ་གཏོགས་མི་བྱེད། ང་རང་ཁྱོད་ཀྱི་འཇིག་རྟེན་ལས་བུད་ལ་འགྲོ”ཞེས་མོར་བསྐུར་རྗེས་སྙིང་རླུང་སྟོད་ལ་འཚངས་པས་འཕྲལ་མར་མོའི་སྐད་འཕྲིན་བསུབས་པ་ཡིན། ཕྱིན་ཆད་གར་མ་ཞིག་ལ་འབྲེལ་བ་མི་བྱེད་པའི་དམ་བཅས་པ་ཡིན།

  དེ་སྔོན་གཡག་སྐྱས“ གླུ་མ་ཚོས་གླུ་ལེན་ཤེས་ན་གླུ་མ་དང་གླུ་ལེན་མ་ཤེས་ན་གླ་མོ་རེད”ཅེས་བཤད་དུས། ངས་ཁོར“ ཁྱོའི་ཀུན་སློང་མི་གཙང་གི གླུ་མ་ཚོའི་ནང་དུ་མི་གཤིས་བཟང་བ། ཀུན་སྤྱོད་ལེགས་པ། བསམ་པ་བཟང་བོ་ཅན་མང་པོ་འདུག ” ཅེས་བཤད་པ་ན། ཁོས“གླུ་མ་ཚོར་རྩེས་ན་སྐྱིད་པ་ལས་ཡུན་རིང་འགྲོགས་ན་མི་བཟང”ཟེར། དེ་དུས་ངས་གཡག་སྐྱའི་བརྩེ་དུང་གི་ལྟ་ཚུལ་དེ་དམིགས་ཡུལ་དང་རྩ་དོན་ཡོད་པ་ཞིག་ཡིན་པར་འདོད་པ་དང་། ཁྭ་ཏ་དང་ངེད་གཉིས་ཀྱིས“བརྩེ་དུང་ལ་དམིགས་ཡུལ་དང་རྩ་དོན་ཡོད་མི་རུང་། དམིགས་ཡུལ་དང་རྩ་དོན་ཡོད་པའི་བརྩེ་དུང་དེ་དྭངས་གཙང་གི་བརྩེ་དུང་ཞིག་ཡིན་མི་སྲིད”ཅེས་ཁ་རུབ་ལག་རུབ་བྱས་མྱོང་། ད་ལྟ་བསམས་ན། གཡག་སྐྱའི་སྐད་ཆ་དེ་ཡང་གནས་ལུགས་ཡེ་ནས་མེད་པ་ཞིག་མ་རེད།

  ཁ་སང་གྲོགས་པ་ཞིག་གིས་སྐད་འཕྲིན་བརྒྱུད་ནས“ ཁྭ་ཏ་ཤི་སོང”ཟེར། ང་གློ་རྡེག་ཏུ་ཧ་ལས་པར་གྱུར། ཁོས་མུ་མཐུད་དུ་བཤད་རྒྱུར། “ ཁ་སང་ཨ་ལགས་ཁྱུང་ཚང་སྲང་ལམ་ནས་ཕེབས་སྐབས་ནག་ཚོགས་ལ་ཐུག་པ་དང་། ཁྭ་ཏས་རང་སྲོག་འབེན་ལ་བཞག་ནས་ཨ་ལགས་ཚང་ལ་སྲུང་སྐྱོབ་བྱས་པར་སྟབས་མ་ལེགས་པར་ནག་ཚོགས་ཀྱི་རལ་གྲིའི་ཁ་ནས་ཚེ་ལས་འདས་སོང་ཟིག ཡིན་ཙང་ཁོ་རང་གཟི་བརྗིད་ལྡན་པའི་ངང་ནས་སྐུ་གྲོངས་པས།བླ་མ་རིན་པོ་ཆེས་བྱིན་རླབས་ཀྱིས་ཁོ་རང་བདེ་བ་ཅན་དུ་འདྲེན་ངེས”ཟེར།

  རྗེས་སུ་གོ་ཐོས་བྱུང་བ་ལྟར་ན་ཨ་ལགས་ཁྱུང་ཚང་ནི་སྔ་མོ་ནས་སྐྱ་སར་བབས་པ་དང་། ལོ་འདི་གར་རྒྱལ་ནང་ལ་སོང་སྟེ་ཆོས་སྤེལ་བས། རྒྱལ་ནང་གི་སྐར་ཆེན་དག་གཙོས་པའི་མི་མང་པོས་ཁོང་ཚང་ལ་དོ་སྣང་བླ་ལྷག་མཛད་པ་དང་བསྟུན་ཁོང་རིན་པོ་ཆེའི་ཁ་ལས་རླུང་རྟ་དེ་བོད་ནང་ལས་ལྡབ་ཀྱིས་རྒྱལ་ནང་དུ་དར་བར་གྱུར། ནག་ཚོགས་ལ་མཚོན་ན་ཁོང་ཚང་ནི་དམིགས་ཡུལ་ཉག་ཅིག་ཡིན་པར་འདུག ཁྭ་ཏ་དང་ཨ་ལགས་ཁྱུང་ཚང་གཉིས་ནི་པེ་ཅིན་ནས་ཐོག་མར་ངོ་ཤེས་སུ་ཆགས་པ་དང་ཁྭ་ཏའི་གཟུགས་པོ་སྟོབས་ལ་སྨྲ་བ་ཉུང་བ་དེ་ཁོང་ཚང་གི་ཐུགས་དགོངས་དང་མཐུན་པས། ཁོང་ཚང་ས་ཆ་གང་ལ་ཕེབས་ན་ཡང་ཁྭ་ཏ་རྗེས་སུ་ཁྲིད་པ་རེད། ཁྭ་ཏ་ཡང་ཁོང་ཚང་ལ་བློ་དཀར་བས་ཕན་ཚུན་བར་མཛའ་བརྩེ་ཟབ་མོ་འདུག འཇོལ་མོས་ཀྱང་ཁོ་རང་ཨ་ལགས་ཁྱུང་ཚང་གི་གྲོགས་པོ་ཡིན་པ་ཤེས་ནས་ད་གཟོད་དང་ལེན་བྱས་པ་ཡིན་འདུག ཡིད་ལ་ཡང་མ་དྲན་པ་ཞིག་ནི་ཁྭ་ཏ་ནི་ཆུང་མ་དང་བུ་ཕྲུག་ཡོད་པའི་མི་ཞིག་ཡིན་འདུག ཁོ་ལ་མཚོན་ན་འཇོལ་མོ་ནི་གནས་སྐབས་ཀྱི་འདོད་པའི་དགོས་མཁོ་ཙམ་སྐོང་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཏུ་འདུག

  གནས་ཚུལ་འདི་དག་ཤེས་རྗེས།ང་རང་ཁྭ་ཏའི་སྟེང་ལ་སྙིང་ལངས་པར་གྱུར། ངས་ཁོ་ལ་ཡིད་ཆེས་ཡོད་པའི་ངང་ནས་སྙིང་གཏམ་དེ་འདྲའི་མང་པོ་བཤད་མྱོང་མོད། ཁོས་ད་སྔ་བར་དུ་ང་ལ་བཤད་པའི་སྐད་ཆ་ཚང་མ་རྫུན་གཏམ་འབའ་ཞིག་ཏུ་ཟད། ངས་འཇོལ་མོ་འགྲོ་ཁར་མིག་མཐར་མཆི་མའི་གཙང་པོ་ཞིག་འཁྱིལ་འདུག་པ་དེ་དྲན་བྱུང་། ང་རང་འཇོལ་མོའི་ལས་དབང་ལ་ཡང་སྙིང་རྗེ་ཞིག་སྐྱེས་ཡོང་།

  གཡག་སྐྱ་ཕ་ཡུལ་ལ་བུད་སོང་། ཁྭ་ཏ་ཚེ་ཕྱི་མར་བུད་སོང་། འཇོལ་མོ་ཕྱི་རྒྱལ་ལ་འཕུར་སོང་། ད་ནི་ང་ཡང་གྲོང་ཁྱེར་འདི་ནས་འདུག་ཐབས་བྲལ་བས། ཕ་ཡུལ་ལ་འགྲོ་ན་འདོད་བྱུང་། ངས་ཀྱང་ཅ་ལག་ཡོད་ཚད་བསྡུ་གསོག་བརྒྱབ་སྟེ་ཕ་ཡུལ་དུ་ཆས་པར་སྟ་གོན་བྱས་པ་ཡིན།

  ང་རང་མེ་འཁོར་ནང་དུ་བསྡད་ནས་གྲོང་ཁྱེར་འདི་དང་ཁ་བྲལ་བའི་སྐད་ཅིག་མར་ངའི་ཁ་པར་དུ་འཕྲིན་ཐུང་ཞིག་སླེབས་བྱུང་། ངས་འཕྲིན་ཐུང་གི་ཁ་ཕྱེས་པ་ན།

  འུག་པ། ཁྱེད་རང་བདེ་བར་གནས་སམ། སྤྱིར་ན་དོན་དངོས་འདི་ཁྱེད་ལ་གསལ་བཤད་བྱེད་རིན་མེད་མོད། དོན་དག་ཁ་ཤས་ལ་གསལ་བཤད་བྱེད་པ་ནི་ཐབས་རྡུགས་ཤིག་ལས་མ་འདས། ངས་ནི་ནམ་རང་ཉིད་ལ་ཡིད་ཆེས་ཡོད་པའི་མི་ཞིག་ལ་མཚོན་ན་གསལ་བཤད་ནི་ལྷག་མ་ཡིན་པར་འདོད། དོན་དངོས་ནི་གསལ་བཤད་བྱས་ཏེ་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་ལར་ནས་མ་རེད། དྲང་མོར་བཤད་ན་ཁྱོད་ཀྱང་ཁག་མི་འདུག དགོང་མོ་དེར་ངས་ཁྱོད་རང་མཐོང་མྱོང་། ཁྱོད་ཀྱིས་ང་མཐོང་བ་ན་གློ་རྡེག་ཏུ་ཁ་ཕར་འཁོར་སོང་མོད། ཡིན་ན་ཡང་། ངས་ཁྱོད་ཀྱི་རྒྱབ་གཟུགས་ལས་ཁྱོད་རང་ཡིན་པ་ངོས་ཟིན་སོང་། སྐབས་དེར་ངས་ཀྱང་ཁྱོད་ལ་གསལ་བཤད་ཅིག་བྱ་དགོས་སྙམ་མོད། གསལ་བཤད་བྱས་ཀྱང་ཁྱེད་རང་རློམ་རྒྱུ་མ་རེད་འདོད་དེ་ཡོད་ཚད་དུས་ཚོད་ལ་བཅོལ་བ་ཡིན། ང་རང་གྲོང་ཁྱེར་འདིར་ཡོང་ནས་ལོ་ངོ་གཅིག་ཙམ་འགོར་ཡོད་མོད། ཁྱོད་ལྟ་བུའི་མི་ཞིག་ལ་འཕྲད་པ་ཐེངས་དང་པོ་ཡིན། ཁྱོད་ཀྱི་སྨྲ་བ་ཉུང་ལ། ཤིན་ཏུ་གཟབ་ནན་གྱི་གཤིས་ཀ་དེས་ངའི་ཡིད་སེམས་ཅིག་ཅར་ཕྲོགས། ཁྱོད་དང་འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་ནས་ངས་ཁྱོད་ནི་མི་གཞུང་དྲང་ཚུལ་ལྡན་ཞིག་ཡིན་པ་རྨང་ནས་ཚོར། གུས་མོར་མཚོན་ན་ཁྱོད་ནི་གྲོང་ཁྱེར་འདིའི་ནང་གི་ངའི་དགའ་རོགས་སྐྱོ་རོགས་གཅིག་པུར་གྱུར། ང་ཚོས་རྣམ་ཀུན་ཏུ་མགྲོན་པོ་སྣ་ཚོགས་དང་ལྷན་དུ་ཀྱལ་ཀ་རྩེས་མོད། ང་ལ་མཚོན་ན་དེ་ནི་རང་གི་གཉེར་བཞིན་པའི་བྱ་བ་ཞིག་ཏུ་འདོད་པ་ལས། དེའི་ཁྲོད་ནས་ངས་དོན་དམ་པའི་བདེ་སྐྱིད་དང་སྤྲོ་སྣང་གི་ཚོར་བ་ཞིག་མྱོང་ཐབས་བྲལ། ཁྱོད་དང་ལྷན་དུ་ཁ་བརྡ་བྱེད་དུས་ངའི་ཡིད་སེམས་སྤྲོ་སྣང་གིས་ཁེངས་ཤིང་མི་སྡུག་པའི་དོན་དག་ཡོད་ཚད་གཏིང་བརྗེད་དུ་གྱུར་འགྲོ། ང་ལ་མཚོན་ན་གླུ་ལེན་པ་ལས་གཞན་དོན་དག་གལ་ཆེན་ཞིག་ཡོད་པ་ནི་ཁྱོད་དང་ལྷན་དུ་ཁ་བརྡ་བྱ་རྒྱུ་དེ་ཡིན། ཁྱོད་དང་ཁ་རི་ཁ་ཐུག་ཏུ་ཁ་བརྡ་བྱ་རྒྱུ་ནི་བདེ་སྐྱིད་ཅིག་ཏུ་འདོད།

  མི་ལ་ལ་ཞིག་མི་ཚེ་གཅིག་ལ་ངོ་ཐེངས་མང་པོར་འཕྲད་ཆོག་ལ། མི་ལ་ལ་ཞིག་མི་ཚེ་གང་བོར་ངོ་ཐེངས་གཅིག་མ་གཏོགས་འཕྲད་མི་སྲིད། ནམ་ཞིག་ཁྱོད་ཀྱི་བདག་གི་མཐོང་ལམ་ནས་གཏན་དུ་ཡལ་འགྲོ་བའི་སེམས་ཁྲལ་བླ་ལྷག་ཆེ། ཡིན་ཡང་འདུས་པའི་མཐའ་མར་བྲལ་བ་ཡིན་པ་འཇིག་རྟེན་གྱི་དཔེ་རེད། ཁྱོད་རང་ད་རུང་ན་སོ་ཆུང་བས་རང་གི་གཤིས་ཀ་དང་བསམ་བློ་མཐུན་པའི་དགའ་རོགས་ཤིག་བཙལ་རོགས། འུ་གཉིས་ལ་རེ་བ་མི་འདུག ཡིན་ཡང་ངེས་པར་དུ་ཁྱོད་ལ་གསལ་བཤད་བྱ་རྒྱུ་ཞིག་ལ་ང་རང་ད་ལྟ་མངལ་ཆགས་ནས་ཟླ་གསུམ་འགོར་ཡོད།ཉིན་དེར་ང་དང་འགྲོགས་པའི་སྐྱེས་པ་དེ་ནི་ངའི་བཟའ་ཟླ་ཡིན། ཁོ་ང་ལས་ལོ་བཅུ་ཡིས་ཆེ་ལ། ཁོའི་གཤིས་ཀ་དང་བསམ་བློ་ནི་ང་དང་འགལ་བ་ལྟག་སྤྲོད་དུ་སྣང་། དེང་ཐོག་ང་རང་ཁོ་ལ་དེ་འདྲའི་དགའ་སྣང་མེད་མོད།ཡིན་ཡང་ང་རང་གློ་ནད་བྱུང་སྟེ་སྨན་ཁང་དུ་བསྡད་པའི་རིང་ཁོས་དཀོན་མོའི་རྒྱུ་ལ་ཕངས་པ་མེད་པར་ངའི་སྨན་རིན་འཇལ་བར་མ་ཟད་དཀའ་བའི་ལས་ལ་མི་འཛེམ་པར་ང་ལ་གཅེས་སྐྱོང་བྱས་པས་ངའི་སེམས་པ་རྨང་ནས་སྒུལ། དེ་ནི་སེམས་འགུལ་ལས་བརྩེ་དུང་མིན་ཡང་ངས་ཁོ་ལ་དྲིན་ལན་གཞལ་ཐབས་བྲལ་བས་མཐར་ཁོའི་འདོད་བློ་བསྐངས་པ་ཡིན། ཡིན་ཡང་ཁོ་ལ་ཕྲུ་གུ་བཙའ་བའི་ནུས་པ་མི་འདུག ངེད་གཉིས་འགྲིགས་ནས་ལོ་ངོ་གཉིས་ལྷག་ཕྱིན་མོད། དེའི་རིང་ངའི་ཁོག་ལ་ཕྲུ་གུ་ཞིག་འཁོར་མ་མྱོང་།ང་རང་ཁོ་ལས་གཞན་ཁྱོད་མ་གཏོགས་སྐྱེས་པ་གཞན་ཞིག་ལ་འགྲོགས་མ་མྱོང་བས། ངའི་ཁོག་གི་ཕྲུ་གུའི་འདིའི་ཕ་ནི་ཁྱོད་ཡིན་པ་བསྙོན་དུ་མེད། ང་རང་ཁྱོད་ལ་དུངས་པ་བཞིན་འུ་གཉིས་ཀྱི་ཕྲུ་གུ་ལ་དུངས་ངེས། སྙིང་གི་མི་ལགས། འུ་གཉིས་འགྲོགས་ཡུན་ཐུང་ཡང་ཁྱོད་ཀྱིས་ང་ལ་གསུབ་ཐབས་བྲལ་བའི་མཛེས་སྡུག་གི་ཕྱིར་དྲན་གྱི་ལེའུ་མང་པོ་བཞག་ཡོད། ང་ལ་མཚོན་ན་དེ་ནི་ཚེ་འདིའི་དྲན་ཤིང་ཡིན། ཁྱོད་ཀྱི་སྟེང་ནས་ངས་མི་ཞིག་ལ་དགའ་བའི་ཚོར་བ་ཉམས་སུ་མྱོང་ཐུབ་ལ། འཇིག་རྟེན་ན་ཕོ་མོའི་འདོད་དོན་བརྩེ་དུང་ཟེར་བ་ཞིག་ཡོད་པ་ཧ་གོ་བར་གྱུར། མི་འགྱང་བར་ང་ཡང་ནང་མ་ཁང་དེ་དང་ཁ་གྱེས་ཏེ་ཁོ་དང་ལྷན་དུ་ཁོའི་ཕ་ཡུལ་ལ་ལོག་རྩིས་ཡོད། ཁོའི་ཕ་ཡུལ་ནས་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་རྒྱུ་དེ་ནི་ངའི་མིག་སྔར་གྱི་འདུན་མ་ཡིན། མཐར་ཁྱེད་ཀྱི་འཚོ་བར་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས།

  འཕྲིན་པ་འདི་བཀླགས་རྗེས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར། ངས་འགྲམ་གྱི་རྒྱ་རྒན་དེར།

  “ང་ལ་དུ་བ་རྐང་གཅིག་སྟེར་རོགས”ཟེར་བ་ན།

  ཁོས“ཡ་ཡ།”ཟེར་བཞིན་གློ་རྡེག་ཏུ་གློ་ཁུག་ནང་ལག་པ་བརྒྱབ་སྟེང་དུ་རྐང་གཅིག་ཚུར་བསྲིངས་བྱུང་།

                                                             2019.1.16ཁྲིན་ཏུའུ་ནས་གྲུབ།

  རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྭ་ཏ།

2019-08-08 ཀླུ་ཐར་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།