གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མོས་འདུན།

2008-11-05 10:29:00 ལག་ལྡན། ཀློག་གྲངས། མཆན ཡོད།

ཁོ་བོ—
མཐོན་པོའི་སྤྱི་གཙུག་གི་ཞྭ་མོ་ལས།
ཕལ་བའི་རྐང་གི་ལྷམ་ཞིག་བགྱིས་ཏེ།
ཀྱག་ཀྱོག་གི་མི་ཚེའི་ལམ་ཕྲན་དུ།
འཇིག་རྟེན་གྱི་སྐྱོ་བ་མ་ལུས་ཕྲག་ཏུ་ཁུར་ནས།
ནམ་ཡང༌།
ཁུ་སིམ་པའི་ངང་མདུན་དུ་སྐྱོད་པར་འདོད།

ཁོ་བོ—
མདོག་ལྡན་མཛེས་སྡུག་གི་གོས་ཆེན་ལས།
སྤྱིར་བཏང་གི་རས་ལྷམ་ཞིག་བགྱིས་ཏེ།
དཀའ་སྡུག་གིས་མནར་བ་དག་གི
ལྷགས་པའི་གདུང་བ་རང་སྟེང་དུ་བླངས་ནས།
ནམ་ཡང༌།
དེ་དག་དང་ལས་དབང་གཅིག་ཏུ་སྦྲེལ་བར་འདོད།

ཁོ་བོ—
སྟོང་བའི་དབྱིངས་རུམ་ན་རྒྱུ་བའི་སྤྲིན་ཕུང་ལས།
ས་གཞིར་གཏོགས་པའི་ཆུ་ཕྲན་ཞིག་བགྱིས་ཏེ།
ཡོད་ཚད་ཀྱི་སྐོམ་གདུང་མ་ལུས།
གཞོམ་པ་རང་སྐལ་དུ་མཐོང་ནས།
ནམ་ཡང༌།
འཛད་མེད་ཀྱི་སྤྱོད་པས་རང་བགྲོད་ཀྱི་ལམ་ཞིག་འབྱེད་པར་འདོད།

ཁོ་བོ—
སྤུ་སྡུག་གི་རྨ་བྱའི་སྒྲོ་གུར་ལས།
མཁའ་གཅོད་ཀྱི་རྒོད་པོའི་གཤོག་ཟུང་ཞིག་བགྱིས་ཏེ།
སྟོང་ཁམས་ཀྱི་བདེ་བ་དེ་འཚོལ་ཕྱིར།
སྔོ་བསངས་མའི་མཁའ་དབྱིངས་སུ་འཕུར་ནས།
ནམ་ཡང༌།
གཤོག་འགྱུར་གྱི་གར་སྟབས་སྒྱུར་བར་འདོད།

ཁོ་བོ—
མཆེ་གཙིགས་སྡེར་བགྲད་ཀྱི་རྔོན་པའི་ཤ་ཁྱི་ལས་
ཉམ་ཆུང་བའི་སྤང་ཐང་གི་ཤེའུ་ཞིག་བགྱིས་ཏེ།
སུས་ཀྱང་རྩོལ་བའི་རྔུལ་ཆུས་མ་བསྐྱངས་པའི།
བདག་མེད་ཀྱི་རྩི་ཏོག་ལོངས་སུ་སྤྱད་ནས།
ནམ་ཡང༌།
ཆོག་ཤེས་ཀྱི་འདུན་པས་གཞན་ལ་བདེ་བ་ཞིག་སྦྱིན་པར་འདོད།

ཁོ་བོ—
དགོང་ཁའི་མཚམས་སྤྲིན་གྱི་དམར་མདངས་ལས།
ཞོགས་པའི་སྐྱ་རེངས་མའི་སྐྱ་མདའ་ཞིག་བགྱིས་ཏེ།
མུན་དཔུང་གི་འཇིག་རྟེན་ཁམས་ཆེན་པོ།
སྐད་ཅིག་གིས་མཐའ་རུ་བདས་ནས།
ནམ་ཡང༌།
འོད་སྟོང་གི་བདག་པོ་མཁའ་རུ་འདྲེན་པར་འདོད།

ཁོ་བོ—
བློ་ལས་འགོངས་པའི་གདོད་མའི་ལྷ་སྒྲུང་ལས།
དོན་ལ་གནས་པའི་བྱིས་པའི་དགོད་སྒྲུང་ཞིག་བགྱིས་ཏེ།
དབེན་ཐིང་ངེར་སྡོད་པའི་ཡུལ་ཁམས་འདི།
སྤྲོ་སྣང་གིས་རྒྱན་པར་བྱས་ནས།
ནམ་ཡང༌།
འཚར་ལོངས་ཀྱི་དགའ་འབོད་སྒྲོགས་པར་འདོད།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།