གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་གསུམ་རྩེ་ནས། ངལ་གསོ་ཕྲན་ཙམ་མཛོད།

2008-10-30 21:50:00 འབར་རྡེའུ། ཀློག་གྲངས། མཆན ཡོད།

རི་གསུམ་རྩེ་ནས། ངལ་གསོ་ཕྲན་ཙམ་མཛོད།

ཁྲག་ཐིགས་གཅིག་རླུང་གིས་འཇིག་རག་བར།
ནམ་མཁའ་འདི་སྔོ་ཞིང་འཁྱག་མོད།
འབྲོང་དང་རྒོད་པོ་གང་རུང་གིས་ཁུར་འོངས་པའི་ཉི་ཟླ་ཟུང༌།
ཁ་མི་གྲགས་པའི་བུ་མོ་ཞིག་གི
མྱོས་བུམ་ཡིན་ཆོག
དེ་དུས། ཁྱོད་ཐག་རིང་དུ་ཕྱིན་ཚར་ལ།
དེ་དུས། ཁྱོད་ལ་རང་ཡུལ་ཀྱང་མེད།
རི་གསུམ་རྩེ་ནས། ངལ་གསོ་ཕྲན་ཙམ་མཛོད།

སའི་གོ་ལ། དུས་ཚོད་ཀྱི་མིག་འབྲས་ཇི་བཞིན།
བལྟས་བལྟས་རིག་རིག་ལ།
འཆི་བདག་གི་གུང་བཞེས་བདེན་པས་ངོམས།
ལྐོག་ཤོམ་དང་གཡོ་སྒྱུའི་ཚོང་ར་དར་ཆེ་བས།
བརྩེ་དུང་གི་འོད་སྣང་སྒོམ་པའི།
སེམས་པ་ནི། འདར་ལྕུག་ལྕུག
མཚན་ཐུབ་མར་མེ་འདྲ་ཡང༌།
ཁྱོད་རང་སྐྱོ་སྐྱོ་མ་གནང་ཡང༌།
བླ་སྲོག་གི་བྲག་རྡོའི་རོལ་མོ་མཁའ་ལ་ཉལ།

རི་གསུམ་རྩེ་ནས། ངལ་གསོ་ཕྲན་ཙམ་མཛོད།

ད་ནི། ཆེས་མཐོ་ས་ཡིན་པའི་དབང་དུ་བཏང་ན།
སྤྲིན་དཀར་དང་ཆར་ཆུ་དུས་ལྟར་འཁོར་ངེས།
མེ་ཏོག་གི་འཇིག་རྟེན་ཞིག རྨི་ལམ་དུ།
ཨ་མའི་རྒྱང་རིང་གི་གྱེས་ཕྱག་ད་དུང་ཟིན།
རི་གསུམ་རྩེ་ནས། ངལ་གསོ་ཕྲན་ཙམ་མཛོད།

ཁྲག་ཐིགས་གཅིག་རླུང་གིས་འཇིག་རེག་བར།
ནམ་མཁའ་འདི་སྔོ་ཞིང་འཁྱག་མོད།
ཁོ་མོའི་དྲོད་ཁོལ་དེ་ཁོ་མོར་བརྗོད་ཅིང༌།
རང་གི་ངོས་གཞན་ཞིག་རང་གིས་མཐོང་རྗེས།
ཁ་མི་གྲགས་པའི་བུ་མོ་ཞིག་གི
ངང་ཚུལ་བཟུང་ཆོག
དེ་དུས། ཁྱོད་ནི་ས་བོན་ཞིག་ཡིན་ནམ།
དེ་དུས། ཁྱོད་ལ་འབྲས་བུ་ཡོད་དམ་མེད།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།