གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ངའི་གྲོགས་པོ་ཚོ།

2008-10-30 21:48:00 འབྲུག་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

ཕོ་བྲང་རྩིག་ལྡེབས་ཀྱི་ཉམས་དམས་ཇི་བཞིན།
ང་ཚོ་ལྷན་ཅིག་ས་ལ་ཐོལ་གྱིས་ཟགས།
གདོད་མ་ནས་ཐག་བཅད་པའི་ཁྲག་རྒྱུན་གང་ཞིག
མུན་ནག་དང་ཉི་འོད་ཀྱི་གཏིང་ཕུགས་མྱུལ་བར་ཆས།
བཙན་པོའི་བང་སོར་རྒྱང་མཇལ་བྱེད་དུས།
མེས་པོའི་གས་ཆག་གི་མྱ་ངན་ཐར་ཐོར།
གློ་སྙིང་འཕར་རྡེབ་ཀྱི་བྲག་ཅས་མཐོ་རུ་བསྐྱེད།
ང་ཚོ་གདངས་དབྱངས་གཅིག་གིས་ངུས་མྱོང༌།
མཆི་མ་ཁྲམ་ཁྲུམ་གྱི་བརླན་གཤེར་དྲག་པོས།
ས་སྲོད་ཅིག་གི་གསང་བ་བརྗོད་འདོད།

ང་ཚོས་མེ་ཏོག་དང་ཁ་བ་མེད་ས་ནས།
ཆང་ཕོར་མཉམ་རྡེབ་ཀྱི"འཁྲུག་ཟིང"བསླངས་ཤིང༌།
སྙན་ངག་དང་སྒྱུ་རྩལ་གྱི་མཛེས་སྡུག་རྟག་ཏུ་བརྗོད།
བུད་མེད་ཀྱི་འཕོངས་ཚོས་ཀྱང་ཅི་དགར་གླེང༌།
དབུལ་དྲགས་པའི་ཨམ་ཕྲག་ཟབ་མོར།
བརྩེ་དུང་དང་ཡིད་རྟོན་ལྟེམས་ལྟེམས་གཡོ།
ང་ཚོ་གདངས་ཉམས་གཅིག་གིས་བགད་མྱོང༌།
དགོད་སྒྲ་ཡོད་ཚད་ཀྱི་མཉམ་སྒྲོག་ཆེན་མོས།
དུས་རབས་ཤིག་གི་ཐོབ་ཐང་འགོད་འདོད།

ང་ཚོས་ཐ་མག་གི་ལྷག་འཕྲོ་ཧབ་ཀྱིས་རྔུབ་བཞིན།
སང་ཉིན་མེད་པའི་རྒྱང་རིང་ཞིག་ལ།
དལ་ཅག་གེར་རྣ་བ་བླགས་དུས།
སྐྱེས་ཆེན་ཚོའི་གདོང་འབག་ཇི་འདྲའི་མཐུག་པ།
སྐད་ཅིག་གློ་བུར་རྟོགས།
དམོད་ཚིག་ཁྲི་ཕྲག་གི་རྡུང་རྡེག་དྲག་པོས།
ང་ཚོ་མི་ཚོགས་ཀྱི་ཕྱི་ལ་དེད་ཅིང༌།
སྨྱོན་པའི་རང་མཚང་དུ་འཕྱ་དགོད་བྱེད།

སྨག་རུམ་གྱི་རྔམས་མཐུག་ནས་མཐུག་ཏུ་ཕྱིན།
ཁེར་རྐྱང་གི་སེམས་ལྗིད་དྲགས་པས།
མིག་འབྲས་ཀྱི་གསེབ་ནས་རྔུལ་ཆུ་ཤག་ཤག་བརྡོལ།
སྨད་ཚོང་མའི་ལྗན་ལྗིན་ལས་ཀྱང་དམན་པ།
ང་ཚོའི་སེམས་གཤིས་ཁོ་ནར་རྩི།
ཡིན་ཡང་ང་ཚོས་རང་ཉིད་ཀྱི་བླ་སྲོག་བཙོང་མྱོང་མེད།
ང་ཚོ་བརྩེ་དུང་དང་ང་རྒྱལ་གྱིས་ལག་རྡང་སྦྲེལ།
སྤྲེའུ་དང་བྲག་སྲིན་གྱི་ཐོག་མའི་འཐམས་འཁྱུད་ཇི་བཞིན།
རྣམ་ཤེས་གསར་བ་ཞིག་གི་སྔོན་འགྲོ་འབྲི།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།