གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་དང་འབྲོང་གི་ཕ་ས། ད་དུང་གཞན་དག་ཀྱང་། (སྙན་ཚོམ)

2008-10-30 21:40:00 སྨན་བླ་སྐྱབས། ཀློག་གྲངས། མཆན ཡོད།

 ཁྱོད་དང་མཇལ་བའི་ཉིན་ནས་སུ་ཞིག་གི་བློ་ཁ་བདེ་མྱོང༌།
                                                     —<<གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས>>ལས་བཤུས།

               ལོག་ཕེབས།
གནའ་བོའི་ངག་རྒྱུན་ཞིག་གི་མཇུག་བྱང་ངམ་གླེང་གཞི་བསམ་ཞིང༌།
ཡང་བསྐྱར་ཉི་མའི་འོད་ཀོར་བརྒལ་ནས་རང་གི་གྲིབ་མ་ལྟེབ་དགོས་བྱུང༌།
བསམ་གཞིགས་ཟུར་གསུམ་དུ་བསླེབས་པའི་ཕར་ངོས་སུ།
འཇུག་ངོགས་ཡོད་ཚད་ཀྱི་ཕྱག་ཟུང་བདག་དང་རྒྱང་ཐག་རིང༌།
བདག་གི་སྟ་གོན་གྱིས་ཁྲག་དྲི་བྲོ་བའི་སྐད་ཆ་ཁུར་ཞིང༌།
གཞས་ཆུང་ཕྲ་མོའི་འགྱུར་ཁུགས་དེད་ནས་ལམ་ལ་ཆས……

                མཐོ་སྒང༌།
རྫི་གླུ་ཡོངས་སུ་བརྡལ་བའི་ལོ་ཟླའི་ནང༌།
རྫ་སྒང་གི་སྐྱི་གཉེར་བར་ནས་དུས་ཚིགས་མང་པོ་རྙིད།
བྱ་གླག་གི་ལྡིང་འཁོར་ཇི་འདྲའི་མྱུར་ན་ཀེང་རུས་ལས་དངན་པ་དེ་བས་རིང༌།
དར་ལྕོག་གི་ངོས་སུ་སྐྱེས་པའི་ནོར་ནག་གི་དབུགས་དབྱུང་ཐར་ཐོར།
ལྷག་བསམ་གྱི་ཉི་མར་ཤར་བའི་མར་མེའི་འོད་ཀྱིས་བཞུས།
གངས་དཀར་གྱི་གཞི་རུ།
འཁོར་སྐྱོད་ཀྱི་བསྐྱུར་བའི་ཐབ་རྡོས་སྤྱང་ལྟོགས་ཀྱི་རྐང་རྗེས་གླེང༌།
རྡོ་བ་རླུང་གིས་འཁུར་བའི་སྒྲ་ཐོས་ཀྱིན།
བརྩེ་འདང་དང་རྒྱུ་འབྲས་རྟ་གོང་ནས་བཏུས་ཆོག་ལ།
བླ་སྲོག་ཡོད་རྒུས་ཐོག་མའི་འབྱུང་ཁུངས་བཙལ་ཆོག
སུས་ཀྱང་འདི་ཡི་ཡོད་ཚད་ལང་ཚོ་མའི་རྨི་ལམ་ཇི་བཞིན།
གོ་རིམ་བྲལ་ཟེར།

                       སྙན་ངག་པ།
རང་ལ་བཞག་པའི་ཁ་དན་དང་དྲི་རྟགས་མཐའ་འཁོབ་ལ་བཙུགས་ཚེ།
གཏམ་རྒྱུད་ཀྱི་སྨ་རའི་ཚལ་ནས་ཅི་ཞིག་འབུས་པར་ཞེན་པའམ།
མིག་ཟུང་ཐ་དག་གིས་ངོ་མཚར་སྔ་ལྟས་ཤིག་ལ་སྒུག
ཁྱོད་རང་ཁོ་ནས་ཤེས།
ལྐོག་གྱུར་གྱི་ལྐོག་གྱུར་ལའང་ཡིད་རྟོན་བྱེད་དོན་མེད།

མ་གཞིར་དེ་ལྟར་ཡིན་དགོས་པ་འདྲ།
འབྲོང་རྒོད་ཀྱི་རྭ་རྩེ་ནས་གྲི་མདུང་གི་བྲག་ཅ་ད་དུང་རྣ་ལ་འཚེར།
སྤོ་ལོའི་མཁུར་མགོ་ན་མཁར་ཤུལ་སྣ་ཚོགས་ཀྱི་ལྡོག་གཟུགས་བསྣོལ།
དྲག་ཏུ་འཁོལ་བའི་མཆི་མ་གསར་བའི་ཆེད་དུ།
ལྷུང་བཟེད་ལྟར་འདྲེན་བྱེད་ཀྱི་ལྟག་རྒྱབ་ཡང་ཡང་བགྲད།
ལས་སྐལ་དུ་ལུས་པ་ནི་སྐྱོ་ངལ་གྱི་ལོངས་སྤྱོད་དང༌།
དགའ་སྤྲོའི་མནར་གཅོད།

སྐུ་ལྷ་དར་མདུང་གི་ཡིད་འཕྲོའི་སྣེ་མོ་ཞིག་ན།
ཁྱོད་ཀྱིས་ཅི་ཡང་བཙལ་ལ་ཅི་ཡང་མ་རྙེད།
མགོ་བོ་དགྱེས་ནས་ཨ་སྔོན་ལ་ཡུན་རིང་བལྟས་མཐར།
ལང་ཚོ་དང་དབུ་སྐྲའི་ཁ་དོག་སྙོམས་ཐབས་བྲལ་བ་རྟོགས་ཤིང༌།
གནས་འཇལ་གང་ལའང་བརྗིད་ཉམས་ལྡན་པའི་རློམ་སེམས་ལ་འཇུས་ཏེ།
ཁེར་རྐྱང་གི་གོམ་པས་སོམ་ཉི་དོར།

ཁྱོད་ནི་ཇི་ལྟར་སོང་ཡང་བརྒལ་མི་ཐུབ་པའི་གཞས་ཆུང་ཞིག

                            སེམས་ཁོང་གི་ཁོ་མོ།
སུ་ལའང་ཡོད་པ་སེམས་ཁོང་གི་ཁོ་མོ།
རྨི་ལམ་སྡུག་བསྔལ་དང་འབྱར་དོན་དེ་ཡིན་ལ།
ཤ་པར་མཉེས་གཤིན་གྱིས་བལྟ་དོན་ཡང་དེ་ཡིན།

ཁོ་མོ། སྨག་རུམ་གྱི་ཀློང་ན་གསལ་ཞིང་འཚེར་བའི་ཐབ་མེ།
གསེར་མདོག་གི་དར་ཆ།
ལས་དབང་གིས་དེ་རུ་བཙུགས་ནས།
ལྷིང་འཇགས་དང་རེ་སྒུག་གི་སྲུབས་ཀ་སྲུང་ཞིང༌།
གྱེས་བྲལ་གྱི་སེམས་པ་རེ་རེ་ཡུལ་ལ་བཏགས།
ཡང་ན་མཛེས་ཤིང་སྡུག་པའི་ནོར་འཁྲུལ་ཅིག
ཡང་ན་སད་མཐའ་བྲལ་བའི་རྨི་ལམ་ཞིག
ཡོད་ཚད་ཁྱོད་ཀྱིས་སྦར་བས་ཁྱོད་ཀྱི་སླད་དུ་འབར།
(ངལ་ཅིང་དུབ་པའི་མིག་ཆུ་རྡོག་གཅིག
དུས་ཚོད་དང་བར་སྣང་གི་མཁའ་ན་བསེར་བུས་སྒུལ)

རྒྱང་རིང་ནས་ཁྱོད་ཀྱི་འགྲམ་ངོགས་ལ་བཏུད་ཚེ།
ཟིན་པ་མེད་པའི་ལག་ཡོང་ནི་གཏན་དུ་ཤོར་བའི་ཐོབ་འབྲས་ཡིན་ཆོག་ལ།
དབུལ་ཕོངས་རྒྱུ་ནོམ་དུ་རློམ་ཆོག་པས། ཅི་ཡང་མ་བཤད།
མིག་ཀོང་གི་སེར་ཀ་མཇལ་འཛོམ་ཁོ་ནས་སོས།


                               ཕོ་བྲང་པོ་ཏ་ལ།
ཁྱོད་ནི་མཐའ་མཇུག་གི་ལུང་བསྟན། བདག་གི་མིག་ཆུ།
ཁེར་རྐྱང་གི་ཉི་མས་བཤིག་ཅིང་དཀྲིས་པ།
ཕར་འགྲོ་ཚུར་འོང་གི་གཟུགས་བརྙན་ཡུག་ཅིག

མཁའ་མཐའ་ན་ཚེ་སྲོག་གླུ་རུ་ལེན་པའི་རས་པ་དེ་ཚོ།
རྟ་གོང་ནས་ལྷུང་ཞིང་སླར་ཡང་འབུས་པའི་ཤ་འཁོན་དེ་ཚོ།
འཁང་ར་དང་སྐྱོ་སྡུག་ཝ་ཞྭས་གཡོགས་པའི་བག་མ་དེ་ཚོ།
ཐག་རིང་ལ་ཕྱིན་ནས་ཕ་སྐད་བརྗེད་པའི་བུ་ཆུང་དེ་ཚོ།
ལོ་ངོ་སྟོང་ཕྲག་ལ་བརྐྱངས་ཕྱག་འཚལ་བའི་ཨ་མ་དེ་ཚོ།
ཡོད་ཚད་ཀྱི་བསྣོལ་མཚམས་ན་ཡོད་ཚད་རྡོ་རུ་གྱུར།
རྡོ་བ་ལས་གཏམ་རྒྱུད་སྐྱེས།
(ཅི་ཞིག་ཞུ་བར་འདོད་ཀྱང༌། པོ་ཏ་ལ།
མགྲིན་པ་བརྣངས་ནས་ངག་མ་ཁྲོལ།)

ཁྱོད་ནི་བདག་གི་བགྲོད་ལམ་ན།
བདག་ཀྱང་ཁྱོད་ཀྱི་མིག་ལམ་ན།


                                 བསྡུས་གཟུགས།
བྱ་གླག་གི་ལྡིང་འཁོར་ལྷོད་ཅིང་ཉི་འོད་ཀྱི་ཞལ་ལྕེ་འཇམ།
བགྲེས་སོང་གི་ཕྱག་ཕྲེང་རི་བོའི་ཟོམ་ལ་བདེ་བར་མནལ།
མཐིང་སྨུག་སྦྲ་ཕུག་ཏུའང་ངུ་སྐད་གསར་བ་ཞིག་དམར་ཐེར་རེ།
ཁ་བ། རྫི་བོ། དར་ལྕོག……སྔར་བཞིན་གཞས་ཆུང་དེའི་དབྱངས་རྟ།
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།