གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབྱངས་ཅན་སྒྲོལ་མར་ཕུལ་བའི་ཚིག་རྐང་བཅུ་བཞི་མ།

2008-10-30 21:34:00 འབྲུག་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

ང་ཁྱོད་ཀྱི་མཛེས་སྡུག་གི་མིང་ཡིག་ཁྲོད་མྱུལ། དུས་དེ་ནས་བཟུང༌།
རྨི་ལམ་ཇི་འདྲའི་མཛེས། ཁྱོད་ཀྱི་རྒྱབ་གཞུང་ན་འཕྱོ་བའི
སྐྲ་ལོ་ནག་པོ། ངའི་མཚན་མོ་ཡིན་ཞེས་རང་ལ་བཤད་མྱོང༌།
རྨི་ལམ་ཁྲོད་ང་ཁྱོད་ཀྱི་དྲི་བསུང་གིས་བཟི་ནས།
ཕྱིར་འོང་སའི་ལམ་ཡང་ནོར་བ། སུ་ལའང་བཤད་མི་ཆོག
གསང་བ་འདིའི་གསེབ་ཏུ་ངའི་ཁོང་ཁྲོ་དང་ཕྲག་དོག་ཡོད་ངེས།
ངས་ཁྱོད་ཀྱི་མིང་ཡིག་གི་དྭངས་གཙང་དང་ཞིམ་མངར་བསམ་ནས།
སྐྱེས་པ་ཡོད་ཚད་ལ་སྡང་མིག་དང་བཅས་དམོད་མོ་བཏང༌།

ཁྱོད་ཀྱི་མིང་ཡིག རོལ་དབྱངས་ཀྱི་རྦབ་རྐང་ཅི་བཞིན།
ངའི་ལུས་ཁམས་ཀྱི་ཕྱོགས་བཞི་བརྟོལ་ནས་སྙིང་ཁོང་དུ་ཟུག
ངའི་བཟོད་གླགས་བྲལ་བའི་ན་ཟུག་གི་རྒྱབ་རོལ་ན། རེ་སྒུག
མུ་མཐའ་བྲལ་བའི་ངང་བསྲིངས་ནས་དུས་ཚོད་ཀྱི་སྔོན་ལ་སོང༌།
དུས་ཚོད་ཀྱི་སྔོན་དུ་ང་ཧ་ཅང་གྲང༌། དབྱངས་ཅན་སྒྲོལ་མ།
ངས་ཁྱོད་ཀྱི་མིང་ཡིག་ཁོ་ན་རུམ་ནས་དྲོད་ཁོལ་སྒོམ། ཇི་སྲིད་དུ།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།