གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲིན་བཟོ།

2009-11-16 12:40:00 གངས་ཞུན། ཀློག་གྲངས། མཆན ཡོད།

 

གནམ་ས་འདིའི་ཕ་རོལ་ན་ཅི་ཞིག་ཡོད།

ཉི་ཟླ་ཟུང་གི་ཕ་རོལ་ན་ད་དུང་གཞན་ཅི་ཞིག་ཡོད།

རྔམ་ཆེན་གྱིས།  མེ་ལྟར་འབར་བའི་སེམས་པ།

སེམས་པ་མེ་སྟག་འབར་ནས།

རི་རབ་དང་རྒྱ་མཚོ་ཡང་བསྲེགས་སོང་།

 

ལྐོག་གྱུར་གྱི་སྟོན་ཁ་དེ་ཁ་ཐག་རིང་ངོ་།།

རང་ཉིད་ཀྱིས་ལམ་བུ་ཞིག་བཙལ་བའང་ད་དུང་རྙེད་མ་སོང་།

འཕྲུལ་སྣང་གི་གཤོག་འོག་ནས།

ངས།  ངའི་མི་དམངས་ཀྱི་རེ་བཅོལ་འཁུར་ནས།

དཀའ་ཁག་གི་ལོ་ཟླ་ག་ཚོད་འགོར་ཡོད་ཨང་།

 

སེམས་འཕང་གྱེན་ལ་བསྟད་དེ།

ཨམ་གཙིགས་དམ་དུ་བསྡམས་ནས།

གདོང་མཆོང་གི་རལ་གྲི་གང་སར་གཡུགས་དུས།

ཐོབ་ཤོར་ཡོད་ཚད་རང་ཉིད་ལ་བཞག་ཅིང་།

རྒྱལ་ཕམ་ཅི་བྱུང་སྙིང་སྟོབས་ལ་བསྟིམས་ཡོད།

 

འཛུམ་མདངས་ཤིག་རྒྱབ་ཏུ།

འཇིགས་རུང་གི་ལྐོག་གཡོ་ཅི་ཙམ་སྦས་ཤིང་།

གོམ་སྟབས་གཅིག་གི་འོག་ཏུ།

གདུག་རྩུབ་ཀྱི་དམིགས་ཡུལ་ཅི་ཙམ་གབ་སྟེ།

རྨི་ལམ་གང་མང་སིལ་བུར་གཏོར་ནའང་།

ངའི་སྙིང་ཁམས་ཅུང་ཙམ་ཡང་འདར་བ་མ་བྱུང་།

 

ཐོབ་ཐང་དང་རྒྱུ་ནོར།

ད་དུང་མཚན་སྙན་དང་ཆོ་ལོ།

མཇུག་མཐར་ང་རང་ཉིད་ལས་ཐར་དུས།

འཇིག་རྟེན་ཇི་འདྲར་རྒྱ་ཆེ་ཞིང་།

ངའི་མི་དམངས་ཇི་འདྲར་སྙིང་དུ་སྡུག་ཨང་།

 

གནས་ལུགས་བཙལ་རྒྱུ་དེ་དཀའ་སོང་།

གཞན་ངོ་སྲུང་རྒྱུ་དེ་ཤིན་ཏུ་དཀའ་སོང་།

 

ཡིན་ནའང་དེ་ནི་ངའི་བཀག་རྒྱ་མིན།

དེ་ནི་ངའི་ཁ་ཕྱོགས་ཀྱི་གདམས་ངག་ལགས་པས།

 

ནད་དུག་དང་མཚོན་དུག

ཁ་དུག་དང་སེམས་སྡུག་གི་ན་བུན་ཀློང་ནས།

དག་གཙང་གི    མཛེས་སྡུག་གི

ཁེར་རྐྱང་གི་མེ་ཏོག་རྐང་གཅིག་འཐུ་ནུས་ན།

དེ་ནི་ངས་མི་དམངས་ལ་ཕུལ་བའི་དྲིན་བཟོ་དང་།

འཇིག་རྟེན་གཞན་ལ་ཞིག་གི་བློས་བསླངས་བྱེད་འདོད།

 

གནམ་གྱི་ཕ་རོལ་ན་གནམ་ཡོད་ཅིང་།

ཉི་ཟླའི་ཕ་རོལ་ན་ད་དུང་ཉི་ཟླ་ཡོད་ཨང་།

འཇིག་ངེས་ཤ་ཁྲག་གི་ཕུང་བོ་འདི།

ཐུང་ཐུང་མི་ཚེ་གཅིག་གི་དུས་ཡུན་ནང་།

རང་ཉིད་ཆེས་སྤྲོ་བའི།

འཇམ་གཉེན་གྱི་བྱ་བཞག་ཅིག་ལ་བསྟིམ་མ་ཐུབ་ན།

དེ་ནི་ངའི་སྲིད་པ་ཧྲིལ་བོའི་སྡུག་བསྔལ་ལོ།།

 

རྩོམ་ཁུངས། ༢༠༠༣ལོའི་སྦྲང་ཆར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།