གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་གུང་གློ་བུར་དུ་སད་འོངས་དུས།

2009-12-23 10:12:00 སྨྲེང་བུ། ཀློག་གྲངས། མཆན ཡོད།

དོ་ནུབ  འབྲུག་སིང་སིང་དགུང་ནས་མ་གྲགས་ལ

དྲག་ཆར་གྱི་རྒྱུན་གྱིས་ངའི་མགོ་ཁང་གྲུ་བཞིའང་བརླན་པར་མ་བྱས་མོད

རྨི་ལམ་གྱི་འཇིགས་པ་ཞིག་གིས་ངའི་ཞི་འཇམ་གྱི་རྨི་ཁམས་དཀྲོགས་བྱུང

 

ས་ཆུ་མེ་རླུང་གང་རུང་གི་འཚེ་བ་ཟློག་མེད་ཅིག་གིས

སྐད་ཅིག་ཉིད་དུ་ངའི“ཁང་པ་སྔོན་པོ”སིལ་བུར་གཏོར་ལ

“ཁང་པ་སྔོན་པོ”འབྱུང་བཞིའི་ཁམས་སུ་འཐིམ་བཞིན་པའི་སྣང་བ་ཞིག་རྒྱུན་མུར་འོང

མི་ཚེའི་ཕྱེད་ཀ་ཟད་སོང་བའམ

ཡང་ན་འཆི་བདག་གི་ཞགས་པ་ཐེབས་ཟིན་པའི་སྣང་བ་དེར་མི་སྐྱོ་ཡང

ཕ་མཁར་ལ་མི་ཞེན   ཕ་ནོར་ལ་མི་གདུང་བའི་བསྐལ་བ་འདིར་སླེབས་དུས

ངའི་ཤུལ་དུ་ཨམ་སྐད་ད་མ་དིག་ཅིག་ལབ་ཀྱིན

དབུས་སྐད་འཆལ་མ་འཆོལ་ཞིག་རྒྱག་གིན

རིག་རིག་མིག་གིས་ཅི་ཞིག་འཚོལ་བའི་སྐྱེས་ཡུལ་ཨ་མདོ་ཡིན་པའི

ལོ་ན་དགུ་ཙམ་ཟིན་པའི་སློབ་ཆུང་ལོ་རིམ་གསུམ་པ་བ

སྐྱེས་མིང་དུ་པད་མ་རང་གྲོལ་དུ་འབོད་པའི་བུ་ཆུང

བུའི་ལང་ཚོའི་མེ་ཏོག་དེ

ཇི་ལྟར་ཇི་ལྟར་རྒྱས་ཤིང་སྨིན་པའི་ངང་ཚུལ་དེར་འདང་རེ་བརྒྱབ་ན

ངའི་ཡ་ཆུང་ཁོག་གི་སྙིང་ཆུང་དེ་ཚོད་ཚོད་ལ་འཕར་རྒྱག་བྱེད

སྐྱེས་ས་དབུས་ཡུལ་ཡིན་པའི་བུ་ཆུང་ཉི་ཟླ་བསམ་གྲུབ་ཟེར་བ

ད་ལྟ་ཉིན་གྲངས་བརྒྱ་ཐམ་པ་བརྒལ་མ་ཐག་ཙམ

ཕ་མའི་ངོ་གདོང་ངོས་ཟིན་ལ་མ་ཟིན་ཙམ

སྐྱིད་ན་དགའ་གླུ་དང་སྡུག་ན་སྐྱོ་གླུ་འགུགས་ཐབས་བྲལ་བའི

ནོར་བུ་འདི་འདྲ་བཞག་ནས་འགྲོ་ཕོད་མཁན་གྱི་ཕ་མ་དུ་ཙམ་ཡོད

༢༠༠༡ལོའི་ཨ་རིའི་ཆག་སྒོ་ཆེན་མོ “༩. ༡༡”ལ་འདང་རེ་བརྒྱབ་ན

༢༠༠༤ལོའི་རྒྱ་གར་ལྷོ་ཕྱོགས་ཀྱི་མཚོ་སྐྱོམ་གནོད་འཚེ་ལ་འདང་རེ་བརྒྱབ་ན

༢༠༠༨ལོའི་ཀྲུང་གོའི་ཝུན་ཁྲོན་གྱི་ས་ཡོམ་ཆེན་མོ་ལ་འདང་རེ་བརྒྱབ་ན

ང་ཚོ་རྟག་ཏུ་ཆག་སྒོ་དང་གནོད་འཚེའི་ཀློང་དུ་ཁེལ་ཡོད

སང་ཉིན་གྱི་ཉི་མ་དེ་ག་འཆར་འདི་འཆར་གྱི་གཏོད་དང་བྲལ

མེས་པོ་ཚོས  འཁོར་བ་ནི་ཁབ་ཀྱི་རྩེ་མོ་ཡིན་ཟེར་བ་དང་

མི་ཚེ་ནི་མི་རྟག་རྩྭ་མགོའི་ཟིལ་བ་ཡིན་ཟེར་བའི

དཔེའི་སྡོམ་ཚིག་ལ་གོ་བ་རགས་ཙམ་ཞིག་རྙེད་བྱུང

 

མཚན་མོ་དེའི་ནམ་གུང

ངས་དེ་ལྟར་དེ་བསམ་གཞིག་རྣལ་མ་ཞིག་མཐུད་བཞིན

སྐྱིད་སྡུག་ལ་ཚོད་དཔག་མི་ཐུབ་པའི་སྐྱ་རེངས་གསར་བ་ཞིག་བསུས

 

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།