གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཕྱིར་འཁོར་ཏེ་རྩྭ་ཐང་ལ་བལྟས་པ།

2009-12-22 09:06:00 ལྡོང་ཕྲུག ཀློག་གྲངས། མཆན ཡོད།

༡འབྲོག་མོ་ཞིག་རྒས་ཚུལ། 

དེ་ནི་ཁྱོད་ཀྱི་ལན་བུའི་འོག་གི་དཔྲལ་བ་མ་རེད

ཡིད་དུ་འོང་བའི་སྤང་རི་ཞིག་འཕྲེད་དུ་གཏུབས་པའི་རྐེད་ལམ་ཕྲ་མོ་འགའ་རེད

དེ་ནི་ཁྱོད་ཀྱི་དཔྲལ་བའི་འོག་གི་མིག་ཟུང་མ་རེད

ད་སོ་མ་གཡག་རྒོད་ཅིག་གི་རྨིག་པས་བརྫིས་པའི་ཆུ་མིག་རྙོག་པོ་དེ་རེད

དེ་ནི་ཁྱོད་ཀྱི་ཡ་ཆུང་གི་སེམས་པ་མ་རེད

ཡུན་རིང་ལ་ཆར་ཆུ་མ་བབས་པའི་རྫ་ལུང་སྐམ་པོ་ཞིག་རེད

    གནའ་སྔ་མོའི་ལྷ་སྒྲུང་།

གནའ་སྔ་མོ་སྔ་མོ་ཞིག་ལ

རྩྭ་ཐང་ན་འདི་འདྲའི་ལྷ་སྒྲུང་ཞིག་ཡོད

ལྷ་སྒྲུང་གི་ཁྲོད་དུ

མཛོ་ཁྱུང་དཀར་ཟེར་བ་ཞིག་ཡོད

ཁྱི་དང་ལ་ཟེར་བ་ཞིག་ཡོད

ད་དུང    སྦྲ་རོག་པོ་ཟེར་བ་ཞིག་ཀྱང་ཡོད

༣ རྩྭ་ཐང་གི་ཟུར་ངོས་གཞན་དག

ཧ་ཅང་ལྷིང་འཇགས་ཀྱི་ཉིན་ལུང་ཞིག་ན

འཕྱི་བ་རྒྱ་བོ་ཞིག་གིས་རྩྭ་ཟ་བཞིན་འདུག

ཧ་ཅང་ཁེར་རྐྱང་གི་སྲིབ་ལུང་ཞིག་ན

སྤྱང་ཀི་སྐྱ་བོ་ཞིག་སྒྱིད་ལུག་ངང་འགྲོ་བཞིན་འདུག

 

སུས་ཀྱང་མཉམ་མི་འཇོག་པའི་གསེབ་ལམ་ཞིག་ན

འུར་ལྕག་ཁྲ་བོ་ཞིག་ཀྱང་རྫི་བོས་བོར་ཏེ་འདུག

༤བྱུང་འདས་དང་མ་འོངས་པའི་ཤུལ་བཞག

བྱིས་པའི་དུས་སུ  ངེད་ཚང་གི་དགུན་ས་དང་ཐག་མི་རིང་བའི་ས་ན་གད་པ་སྐྱ་བོ་ཞིག་ཡོད་ལ

གད་པ་སྐྱ་བོ་དེའི་ནང་ན  ཁྱིམ་ཚང་ཞིག་སྟོངས་ཤུལ་གྱི

གྲི་གུ་ཟད་པོ་ཞིག་དང་དཀར་ཡོལ་ཆག་རོ་འགའ་སྤུངས་ཡོད

མ་འོངས་པར   ངའི་སྤྱིལ་བུ་དང་ཐག་མི་རིང་བའི་ས་ན་གྲོག་རོང་ཟབ་མོ་ཞིག་ཡོད་ལ

གྲོག་རོང་ཟབ་མོ་དེའི་ཕུག་ན   རྩྭ་ཐང་ཞིག་སྟོངས་ཤུལ་གྱི

གཡག་མགོ་སྐམ་པོ་ཞིག་དང་རྫི་གླུ་རལ་བོ་འགའ་སྤུངས་ཡོད་སྲིད

         ༥རི་ཆེན་གྱི་ན་བུན།

རྩྭ་ཐང་གི་ཡ་གི་ན་རི་ཆེན་ཞིག་འདུག་ཅིང

རི་ཆེན་དེའི་རྐེད་པ་ནམ་རྒྱུན་སྨུག་སྤྲིན་སྟུག་པོ་ཞིག་གིས་གཡོགས་འདུག

སྨུག་སྤྲིན་དེའི་ཀློང་ན

ངའི་བོར་ཟིན་པའི་ལུག་ཁྱུ་དེ་ཡོད་དམ

ངའི་འཕུར་ཟིན་པའི་བྱེའུ་ཆུང་དེ་ཡོད་དམ

ངའི་ཐོར་སོང་བའི་ཕྲེང་བ་དེ་ཡོད་དམ

༦གྲོག་མཁར་དྲན་པ།

བྱིས་པའི་དུས་སུ  ང་ལ་རྨིས་མི་ཚར་བའི་རྨི་ལམ་རིང་མོ་ཞིག་ཡོད

རྨི་ལམ་གྱི་སྣེ་མོ་རུ  ངའི་འུར་ལྕག་དང་བྲོ་ཁ་ལས་གཞན

ད་དུང་གྲོག་མཁར་ཆུང་ཆུང་འགའ་ཡང་ཡོད

 

ད་ལྟ   ངའི་གྲོག་མཁར་དེ་ཚོ་ད་དུང་གནས་ཡོད་དམ

བགྲང་ལས་འདས་པའི་གྲོག་མ་ཆུང་ཆུང་དེ་ཚོ་ད་དུང་གནས་ཡོད་དམ

 

ལུས་བོངས་ཤིན་ཏུ་ཆུང་བའི་གྲོག་མ་དེ་ཚོ

ནམ་ཡང  སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པའི་གྲོག་མ་དེ་ཚོ

གྲོག་མ་དེ་ཚོས   མིའི་རིགས་སམ་ཡང་ན་སུ་ཞིག་ལ་དྲན་སྐུལ་གཏོང་བཞིན་ཡོད་དམ

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།