གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ་དང་ལྷ་ས།

2009-12-15 10:25:00 བ་རེས། ཀློག་གྲངས། མཆན ཡོད།

འཁྱག་སིབ་སིབ་ཀྱི་སེམས་འགྱུ་ཞིག

ཞེ་ཁོང་ནས་བརྡོལ་ཏེ་རི་ཁུད་དེར་རླུང་ལ་སྐུར་དུས

རྐང་ལམ་སྐྱ་མོ་དེའི་སྣེ་མོ་ན་ཨ་མ་འགྲེང་ཞིང

རི་རབ་བརྗིད་པོ་དེའི་ཕ་རོལ་ན་ལྷ་ས་སྣང

 

ཨ་མ་དབུ་སྐྲ་ལྟར་བའི་སྤྲིན་ཕུང་རྣམས

ནམ་ཡིན་ཡང་ལྷ་ས་ལ་ཆས་ཤིང

ནམ་ཡིན་ཡང་ལྷ་ས་སླེབས་ཀྱང

དུས་རབས་ཕྱེད་རིང་ལྷ་ས་སྔར་ལྟར་སྣང་ལ

མི་ཚེ་ཕྱེད་རིང་ཨ་མ་ཡང་སྔར་ལྟར་ལུས

 

རྐང་ལམ་སྐྱ་མོ་དེའི་ལོ་གྲངས་བསམ་བཞིན

སེམས་པ་རྡོ་དང་འདྲ་བ་རྣམས་ཞིབ་ཏུ་འཚོལ་དུས

ཨ་མ་ལ་ངོ་མ་ཁག་མི་འདུག

ལྷ་སར་ཁ་ཐག་རིང་སོང

རི་བོའི་དབུ་རྩེ་མཐོ་སོང

 

སྡེ་བ་དེར་ཕྱིར་ལོག་པའི་མཇལ་བ་ཚོ

ཅི་ཞིག་གིས་བཟི་མྱོས་ཐེབས་པ་བཞིན

སྒོ་འགྲམ་གྱི་ཉི་ངོགས་སུ་ཙོག་སྟེ

ཉིན་རྒྱུན་ལྟར་རྒྱང་རིང་གི་ལྷ་ས་དང

ལྷ་སའི་ཁྲོམ་སྲང་གི་དུས་ཚིགས་གླེང་སྐབས

སུ་ཞིག་གི་སེམས་པའི་ན་ཟུག་དང་མཉམ་དུ

སྦྲ་འདབས་ན་ལྷན་པ་གྲངས་མེད་གྱོན་ཞིང

ངལ་གསོ་བྲལ་བའི་ཁུལ་རྩིད་ཀྱི་སྒྱེ་མོ་དེ་ནི

བུ་ཕྲུག་ཚོར་འཕངས་པའི་བརྩེ་ཞགས་ལྟར

ནམ་ཡང་ཨ་མས་བློས་མི་ཐོངས་ཤིང

ནམ་ཡང་ཨ་མ་ཞེ་ཐོགས་ས་ཡིན་ཡང་ངེས

 

རི་རབ་བརྗིད་པོ་དེའི་ཕ་རོལ་ན

གྲགས་འགུལ་མང་བའི་ལྷ་ས་དང

མིག་དབང་གྲངས་མེད་ཀྱི་འོད་མདངས་འཁྱིལ་ཞིང

རི་རབ་བརྗིད་པོ་དེའི་ཡང་རྩེ་ན

འདར་སིག་སིག་གིས་འཚེར་བའི་ཉི་མ་ལྟར

རྐང་ལམ་སྐྱ་མོ་དེའི་སྣེ་མོ་ན

བྱམས་བརྩེ་ལྡན་པའི་ཨ་མ་གཡོ

 

ཚེ་གཅིག་ལུས་གཅིག་གི་རིང་ལ

ལྷ་ས་བསམ་ཤིང

འཁང་ར་དང་སྡུག་ཡུས་ཅི་ཡང་མེད་པའི་ཨ་མ

ནམ་ཞིག་དངོས་སུ་ལྷ་སར་འགྲོད་ཐུབ་བམ?

 

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།