གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་ཡམས་ཁྲོད་ཀྱི་དུས་ཚིགས་དང་གཞན་དག

2009-12-10 10:55:00 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དུས་ཚིགས་འདི་དཔྱིད་ཀའང་མིན་ལ་སྟོན་ཁའང་མིན

དུས་ཚིགས་འདི་དབྱར་ཁའང་མིན་ལ་དགུན་ཁའང་མིན

དུས་ཚིགས་གང་ལའང་མ་ངེས་པའི་གླེན་མདོག་གི་དུས་ཚིགས་འདིར

ལོ་ཟླའི་རླུང་ནག་གིས   ས་ཆེན་གྱི་བར་སྣང་དུ་འཚབ་མ་བསླངས་ཤིང

དུས་ཚིགས་འདིར་ནད་ཡམས་ཀྱི་རྨ་ཁ་གྲངས་མེད་ཤར་ཤུར་བགོས་པས

རང་སེམས་རང་ཉིད་ལ་མི་དབང་བའི་མི་རྣམས

ཚོད་ཚོད་ལ་ཨ་ཐང་ཆད་ཅིང

ཚོད་ཚོད་ལ་དངངས་ཤིག་འདར

 

དུས་ཚིགས་འདིར   ཕྱི་རོལ་ཏུ་འབབ་པའང་ཁ་བ་མིན་ལ་ཆར་བའང་མིན་པས

སྐྱེས་ཆེན་སྐོར་ཞིག་གི་བསམ་བློ་རྒས་ཤུལ་ཏུ

རྡོག་འོག་གི་ས་གཞི་སྐྱ་བོར་བརླན་གཤེར་ཕྲན་ཙམ་ཡང་མ་རྒྱས

ན་ཟུག་གི་ཁྲོད་ནས    སྐྱེ་དངོས་ཚོགས་གློ་བུར་དུ་འགྱེལ་ཞིང

འདབ་ཆགས་ཀྱི་ཁྱུའི་གཤོག་ཟུང་ཡང་བརྐྱངས་མ་ཐུབ

མིག་ཆུ་ཐིགས་པ་གཅིག་གིས་གཤེར་བའི་ངོ་གདོང་དང

ངུ་རྒྱངས་ཐེངས་གཅིག་གིས་སྒུལ་བའི་ཁོར་ཡུག་གཉིས

གསོན་ཉམས་ཀྱི་གཏམ་རྒྱུད་ག་ལ་ཡིན

 

སྐྱེས་འཆི་གྲངས་མེད་ནི   མི་གཤིས་བཅོས་བསྒྱུར་དང

དཔལ་ཡོན་ཅན་དུ་འགྲོ་འོས་པའི་གོ་རིམ་རབ་དང་རིམ་པ་ཡིན

གསར་གཏོད་དང  ས་སློག་རྡོ་སློག་གི་མཇུག་འབྲས་ནི

བདེ་སྐྱིད་ཀྱི་ཞར་དུ་ཉེན་ཁ་ཞིག་ཀྱང་འོང་སྲིད་པ་ཆོས་ཉིད་རེད

རྒས་ཀྱིན་པའི་རི་བོ  གཙོག་བཞིན་པའི་གཙང་པོ

སྦགས་ཀྱིན་པའི་ཡུལ་ལྗོངས  ནོག་བཞིན་པའི་སེམས་པ

ཡོད་ཚད་དུས་ཚིགས་འདིའི་བར་སྣང་དུ་མཐོ་རུ་འཕགས་ནས

སྐྱོ་ངལ་གླུ་རུ་ལེན་པའི་གླུ་བ་ཇེ་མང་ནས་ཇེ་མང

 

དེ་ལྟ་ནའང  ང་ཚོ་འཁྲེང་སའི་གཏམ་རྒྱུད་བགྲང་ཡས་དང

རྟོགས་བཟོའི་པིར་གྱིས་བྲིས་པའི་ལྷ་སྒྲུང་ཉག་ཉོག་རྣམས

ད་ནི་དྲན་པའི་ཨ་སྔོན་ནས་རྒྱང་འཕུད་དུ་གཏོང་རན་ཞིང

བློ་ཡུལ་ལས་འགོངས་པའི་མཚར་སྡུག་གི་ཡུལ་ལྗོངས་རེ་རེ

ནང་སེམས་ཀྱི་གཞི་རུ་བཀུག་ཏེ

དུས་ཚིགས་འདིའི་སྲིད་གསུམ་ལྗང་མདོག་ཏུ་བསྒྱུར་དགོས

 

བདག་གིས་སྙིང་ནས་རེ་བའི  བདག་གིས་སེམས་མཆོད་པའི

མཁའ་དབྱིངས་ཀྱི་ཉི་ཟླ་སྐར་གསུམ་དང

དད་འདུན་གྱིས་འགུག་འོས་པའི་ལྷ་སྒྲུང་གཉན་བཙན

ད་ནི་མི་ཡུལ་གྱི་དམྱལ་ཁམས་ལྟ་བུའི་གནས་བབས་དང

གནས་བབས་འདིའི་དུས་ཚིགས་ཀྱི་སྐྱུར་ཁ་ལ་གཟིགས་ནས

མཐུ་སྟོབས་དང་ཤེས་རབ  རྫུ་འཕྲུལ་ཅུང་ཟད་ལྡན་ན

ཚ་གདུག་གི་དུས་སུ་བསིལ་འཇམ་གྱི་ཆར་བ་ཕོབས་ལ

འཁྱག་གྲང་གི་སྒང་དུ་དྲོད་ཁོལ་གྱི་འོད་སྣང་སྩོལ

མགོ་འཐོམ་གྱི་དུས་སུ་དྲང་བདེན་གྱི་ལམ་བུ་སྟོན་རོགས

 

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།