གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏེར་ལེན་ཁའི་ལོ་ངོ་བདུན།

2009-12-07 09:57:00 ནེའུ་ཆུང་། ཀློག་གྲངས། མཆན ཡོད།

དུས་ཚོད་སྐར་ཆ་རེ་རེས་བརྒལ་འོངས་པའི་ལོ་ངོ་བདུན

ཕྱིར་དྲན་གྱི་ཀློང་ལ་སིམ་ཞིང་ཡལ་བཞིན་པའི་ལོ་ངོ་བདུན

 གཏེར་ལེན་ཁའི་ལོ་ངོ་བདུན

 ཞག་ཆར་བག་མ་བཞིན་ངུ་ཞིང་འཁུན་པའི་མཚན་མོ་རེ་རེར

སུ་ཞིག་རྡོ་བ་དང་ཨ་ཅེ་དྲན་མཁན་ཡིན

ཡང་སུ་ཞིག་སྙན་ངག་པ་ཧེ་ཙི་དྲན་མཁན་ཡིན

 

ཚ་རྨུགས་སྤྱང་མོ་བཞིན་རྒོད་ཅིང་རྔམ་པའི་ཉིན་མོ་རེ་རེར

སུ་ཞིག་ཆང་དང་ཨ་མྱེས་འབོད་མཁན་ཡིན

ཡང་སུ་ཞིག་སྙན་ངག་པ་བསོད་བྷོ་འབོད་མཁན་ཡིན

 

སྨིག་རྒྱུ་རབ་རིབ་ཁྲོད་ཀྱི་གྲོང་ཁྱེར་འདི་ནས

རྨི་ལམ་ཟ་ཟི་འགུལ་བའི་གྲོང་ཁྱེར་འདི་ནས

 

གཏེར་ལེན་ཁའི་ལོ་ངོ་བདུན

 

སོག་དམག་གི་གྲི་གུག་ཅིག་དང་མཚུངས་པའི་ཚེས་རིས་འོག་ནས

རྔ་མོང་དག   གྲུ་གཟིངས་བཞིན་ལྷོད་ཤིག་ཤིག་གཤར་འདྲོ་བྱེད་དུས

ངས་ཁུ་ནུ་རི་བོའི་ས་འོག་ཏུ་ཐིམ་ཟིམ་པའི

འབྲོང་རྒོད་དར་མ་དག་དྲན་གྱིན་ཡོད

 

སྲ་མཁྲེགས་ཀྱི་རུས་རྡོ་དཀར་པོ་དེ  དེ་རིང་གང་ན་ཡོད

བྱང་ཐང་དཀྲོལ་མྱོང་བའི་རྨིག་སྒྲ་སྟོང་གི་རོལ་དབྱངས་དེ    དེ་རིང་གང་ན་ཡོད

 

གཏེར་ལེན་ཁའི་ལོ་ངོ་བདུན

 

གཏེར་ལེན་ཁ

གཏེར་ལེན་སའི་བྱེ་མའི་ལ་ཁ  ལོ་ངོ་བདུན་རིང

ངས་འདི་ནས་གསེར་བྱེ་ཏིལ་ཙམ་བཙག་མྱོང་མེད

ངས་འདི་ནས་རྡོ་སྣུམ་ཐིགས་གཅིག་འཚིར་མྱོང་མེད  ལོ་ངོ་བདུན་རིང

ངའི་ཨམ་ཕྲག་ཏུ་ཉར་ཡོད་པ་ཁོ་ན་ནི

ཟི་ལིང་ནས་ན་གོར་མོ

དེ་ནས་ཡང་ལྷ་སའི་བར་མཆོང་རྒྱུག་རྒྱག་གིན་པའི

མེ་འཁོར་གྱི་དུང་བརྡ་རིང་མོ་དེ་ཡིན

 

ངའི་ཁ་སང་གི་བརྗེད་ཐོ་ལྟ་བུའི

ངའི་སང་ཉིན་གྱི་བསྔོ་ཡིག་ལྟ་བུའི

ལྕགས་སྐད་སང་སང་གི་མེ་འཁོར་གྱི་དུང་བརྡ་རིང་མོ

 

གཏེར་ལེན་ཁའི་ལོ་ངོ་བདུན

 

ཚྭ་འདམ་ནས་ཙོང་ཁའི་བར་གྱི་ཉིན་ལམ

ཙོང་ཁ་ནས་ཚྭ་འདམ་བར་གྱི་ཞག་ལམ

ལོ་ངོ་བདུན་རིང

བྱ་ཁྱུ་དཀར་པོའི་ཀླུང་གི་མཚོ་སྔོན་པོ

ངས་ཡུམ་ཆེན་མོའི་གསོམ་དཀར་གྱི་འོ་ཟོ་རུ་འཁྲུལ་ཏེ་ཡོང

དར་ལྕོག་ཁྲ་བོའི་ཀླུང་གི་ཉི་ཟླ་རི་བོ

ངས་ཡབ་ཆེན་གྱི་སེང་ལྡང་གི་རྟ་སྒ་རུ་འཁྲུལ་ཏེ་ཡོང

 

གཏེར་ལེན་ཁའི་ལོ་ངོ་བདུན

 

སོག་པོའི་བུ་མོ་ཞིག་གི  ངང་རིང་བའི་འོ་ལས་སད་པའི་ཞོགས་པ་དེར

ལོ་ངོ་བདུན་གྱི་ཆུ་ཀླུང་ཆེན་པོ་རྒྱང་ནས་རྒྱང་དུ་བྱེར་ཚར་འདུག  ས་སྲོས་ཤིག་ལ

པི་ཝང་རྟ་མགོ་མའི་ངུ་དབྱངས་ལྷུག་ལྷུག་གི་འགྱུར་ཁུགས་ནས   ང་རང་ཡང་བསྐྱར

འཕྱོངས་རྒྱས་ཀྱི་ས་འོག་ལྟ་བུའི

ཡུམ་བུ་བླ་མཁར་གྱི་རྨང་རྡོ་ལྟ་བུའི

ཁུ་སིམ་དང་ཁེར་རྐྱང་ལ་ཐིམ་འགྲོའམ

 

གཏེར་ལེན་ཁའི་ལོ་ངོ་བདུན

མི་ཚེའི་ཁྲོད་ཀྱི་ལོ་ངོ་བདུན

སྟེས་དབང་དང་ལས་དབང་གི་ལོ་ངོ་བདུན

ང་གཅིག་པུའི་ལོ་ངོ་བདུན

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།