གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐག་རིང་ནས ང་ལ་འོ་ཞིག་བསྐུར་རོགས།

2009-12-04 10:26:00 མར་ཁུ་རྒྱལ་མཚན། ཀློག་གྲངས། མཆན ཡོད།

     

ཨ་རག་གིས་བཟི་བ་མེད་པའི་ང་རང

ཁྱོད་ཀྱི་འོ་ཁ་མངར་མོས་གཏན་དུ་བཟི་སོང

-ཁ་བྱང་གི་འགྲེལ།

མགོ་བོ་སྒུར་ནས་ཞིབ་འདང་ཞིག་བརྒྱབ་ན  རྒྱུ་རྐྱེན་ཁ་ཤས་ཀྱི་དབང་གིས

ཁྱོད་ད་དུང་སྔར་བཞིན་ཐག་རིང་ན་ལུས་ཡོད

མིག་ཟུང་བཙུམས་ནས་ཕྱིར་དྲན་ཞིག་བྱས་ན  འུ་གཉིས་ཀྱི་ལྷན་འཛོམས་ཐུང་ཐུང་དེ

རྨིས་མ་ཚར་བའི་མཛེས་སྡུག་གི་རྨི་ལམ་ཐུང་ཐུང་ཞིག་དང་མཚུངས

དབྱར་དགུན་གྱི་སྟོན་དཔྱིད  ཉིན་མཚན་དུས་དྲུག

ཁེར་རྐྱང་དང་ལྷིང་འཇགས་ཀྱི་ཁྲོད་ནས   ངས་ནམ་རྒྱུན་ཁྱོད་ཀྱི་གོམ་སྒྲ་ལ་རེ་བཞིན

ཁྱོད་ཀྱི་འཕྲིན་ཡིག་ལ་སྒུག་ཡོད

དྲང་མོར་བཤད་ན    རེ་སྒུག་དང་དྲན་གདུང་གི་ན་ཟུག་དེ་བཟོད་ཐབས་བྲལ

དྲང་མོར་བཤད་ན   ཁྱོད་རང་སོང་ཤུལ་ནས

ང་ལ་རེ་སྒུག་དང་དྲན་གདུང་གི་ན་ཟུག་ལས་ཅི་ཞིག་ལྷག་ཡོད

 

སྐྱོ་ཞིང་གདུང་བའི་དུས་སུ   སྤྱིར་ན

སྡུག་བསྔལ་ཡོད་ཚད་ཤོག་དཀར་ངོས་ལ་བྲིས་ནས་ཐག་རིང་གི་ཁྱོད་ལ་བསྐུར་ཆོག་ཀྱང

མིག་ཟུང་བཙུམས་ནས་ཞིབ་འདང་ཞིག་བརྒྱབ་ན   ཐག་རིང་ན་ལུས་ཡོད་པའི་ཁྱོད་ལའང

ཡ་ཆུང་གངས་དཀར་སེམས་ན་ཁ་བ་ལྟ་བུའི་སྡུག་བསྔལ་མང་པོ་མང་པོ་ཞིག

གསང་སྟབས་ཀྱིས་བརྩེགས་ཡོད་སྲིད

རྒྱུ་མཚན་དེའི་དབང་གིས    ངས་ཐག་རིང་གི་ཁྱོད་ལ་སྙིང་ཁོང་རུས་པའི་གཏིང་ནས

འགྱོད་བཤགས་ཞུ་འོས

རྒྱུ་མཚན་དེའི་དབང་གིས         ངས་ཐག་རིང་གི་ཁྱོད་ལ་ཉི་འོད་ལྟ་བུའི་འཕྲིན་ཡིག་ཅིག

གསང་སྟབས་ཀྱིས་བསྐུར་འོས

 

ཡར་བལྟས་ན་ཨ་སྔོན་ནག་ཐིང་ངེ

མར་བལྟས་ན་ས་གཞི་སྐྱ་ཐིང་ངེ

   སྙིང་གི་གུར་ཁང་ན་སྒྲོལ་དཀར་བཞིན་འཛུམ་དམུལ་ལེར་བཞུགས་ཡོད་པའི

ངའི་སྙིང་གི་ཐིག་ལེ་ཀྱེ

ཁྱོད་རང་མེད་པའི་ལོ་ཟླའི་ནང          ངས་ཐག་རིང་གི་ཁྱོད་ལ་ང་ལ་ཅི་ཡང་མེད་ཅེས་བརྗོད་མི་སྲིད

ཁྱོད་རང་མེད་པའི་ལོ་ཟླའི་ནང        ང་ལ་དྲན་གདུང་ཡོད  ང་ལ་མིག་ཆུ་ཡོད

ང་ལ……

 

བུ་མོ་མཆོག      ཐག་རིང་ནས

ང་ལ་འོ་ཞིག་བསྐུར་རོགས

      

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།