གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུམ་བུ་བླ་སྒང་།

2009-12-03 14:26:00 ཅོར་རིགས་འཇམ་དཔལ་སྐྱབས། ཀློག་གྲངས། མཆན ཡོད།

རྒོད་པོ་འཕུར་ཤུལ་གྱི་བྱ་སྒྲོ་ལེབ་མོ་གཅིག

འབྲོང་ཁྱུ་བཤར་ཤུལ་གྱི་རྨིག་རྗེས་ཤར་མོ་གཅིག

ང་ཡི་སྙིང་ལ་འབྲེལ་བའི་སྨུག་མདོག་གི་རྩིག་པ་ཞིག

… …

 

གདོད་མའི་ཤེས་རིག་གི་གཉའ་ཁྲིར་བཏེགས་པ་ནས

ད་ལྟ   དགེ་ལུགས་པའི་དགོན་པར་གྱུར་བའི་དུས་ཡུན་ག་ཚོད་ཅིག་ལ

ལོ་རྒྱུས་ཀྱི་དཔང་རྟགས་ཤིག་ཏུ་གྱུར་བའི་གཏམ་རྒྱུད་ལ་ཟློག་ཐབས་བྲལ་སོང

 

བཀྲ་ཤིས་ཚེ་རིང་གི་རི་དེའི་རྩེ་ལ

ཡུ་མོའི་བརླ་ཤ་ཡི་ལ་དེའི་ངོས་སུ

ཡུམ་བུ་བརླ་སྒང་གི་མཁར་དེ་བརྩིགས་པ་བརྗེད་སྲིད་དམ

ངས་རྒྱུན་དུ་དེ་ལྟར་བསམ་བློ་བཏང་ནས་མང་པོ་ཞིག་ཕྲག་ཏུ་བླངས

 

བྲག་རི་གཡའ་སྤང་གི་རི་རྒྱུད་སྡུག་པོའི་རྒས་གཉེར་ལ་སྨྱུག་ཁ་གླན་ནས

ངས་ཁྱོད་ཀྱི་རྒྱབ་ཕྱོགས་དང་འབྲེལ་བའི་རྩྭ་སུལ་རེ་རེར་ལག་སྙོབ་ཡང་ཡབ་བྱས

ཡུམ་བུ་བླ་སྒང   ཁྱོད་ཀྱི་རྔམ་བརྗིད་ཀྱི་ལོ་རྒྱུས་དེ་དག

ད་ལྟ་རྩིག་ཧྲིལ་གྱི་ལོགས་སུ་འགྱེལ་ཞིང

ཁྱོད་ཀྱི་མདུན་ལྗོངས་ཀྱི་བགྲོད་ལམ་དེ་དག

ད་ལྟ་གྱང་ཆག་གི་སྲུབས་ན་ལུས་འདུག

ང་ཡིས་རྩྭ་ལོའི་གསེབ་ཀྱི་རྡོ་ཐེམ་དེ་ནན་གྱིས་དེད་ནས

ཚི་དྲེག་གིས་གཡོགས་པའི་རྗེས་ཤུལ་རེ་རེར་སེམས་ཀྱིས་མཇལ་དུས

སྐྱུར་སིལ་སིལ་གྱི་སྐྱོ་སྣང་གྲངས་མེད་པ་ཞིག་གིས

སྙིང་དང་རུས་པའི་གསེང་ནས་འགྲེ་ལོག་ཡང་ཡང་རྒྱག

 

ལྷ་སྒྲུང་ལ་བསྟིམས་པའི་ངལ་དུབ་ཀྱི་བསམ་བློ

དུས་ཚོད་ཀྱིས་སྒྲོག་གིན་པའི་འཇིག་རྟེན་གྱི་ཚོར་བ

གཟུགས་མེད་ཀྱི་གསོད་མཁན་འཇིགས་རུང་གི་དངུལ་ལོ

འཁྲུལ་སྣང་གི་སྨིག་སྒྱུ་བཙལ་ནས་ཁྱོད་རང་རྒས་དྲགས་སོང

ཡུམ་བུ་བླ་སྒང  ཁྱོད་ཀྱི་མགོ་ཐོག་གི་ནམ་མཁའ་བོར་བ་ཚོར་བྱུང་ངམ

 

གནའ་གྲོང་གི་སྒོ་གླེགས་བརྡུང་འདོད་ཀྱིས

ང་རང་ཐེ་ཚོམ་ཅི་ཡང་མེད་པར་འོད་ཟེར་གྱི་གཤོག་པར་འཐམ་ནས

ཁྱོད་ཀྱི་བྲང་གཞུང་གི་སེམས་ཤུགས་རྒྱ་བསྐྱེད་པར  ཅིས་ཀྱང

བདེ་སྐྱིད་ཀྱི་ལོ་ཟླ་བསྐྱུར་ནས་ཁྱོད་ཀྱི་སྒོ་འགྲམ་དུ་འབྱོར་ཡོད

སྡུག་བསྔལ་གྱི་སྨྱུག་ཁ་བསྒྱུར་ནས་ཁྱོད་ཀྱི་སྙིང་མགོར་འབྱོར་ཡོད

 

ཡུམ་བུ་བླ་སྒང   འཇིག་རྟེན་གྱི་དཀར་ངོགས་འདི་ནས

ཁྱོད་རང་ཇི་སྲིད་གྲོགས་མེད་ཁེར་རྐྱང་དུ་སྡོད་ཚུགས་སམ

 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།