གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟུངས་ཁྲག་འབབ་པའི་མཚན་མོ། (གཞན་ཁག་གཉིས)

2009-11-20 10:44:00 མོག་ཟླ། ཀློག་གྲངས། མཆན ཡོད།

ངའི  དྲན་སྣང་ཁྱོད་ཀྱི་དག་ཞིང་དེ

ནམ་ཡང་དཔེ་མཛོད་ཁང་ཆེན་མོ་ཞིག

             -བྷོ་ཨར་ཏི་ཟི།

 

ཟུངས་ཁྲག་འབབ་པའི་ངོ་གདོང་ཧ་ཅང་གནག

མཚན་མོར  ལྟོགས་སྐོམ་གྱིས་མནར་བའི་སྤྱང་ཚོགས

སྔོ་རྩྭའི་གསེབ་ན་གཉིད་དུ་ཡུར

 

ཁྱོད་གནས་སའི་མཚམས་ནས་བཞུར་བའི་ཆུ་ཀླུང་ནག་པོ

ཆུ་ཀློང་འདིའི་ཁྲོད་བྱིང་པའི་ང   སུས་ཀྱང་སྐྱོབ་ཐབས་བྲལ

ངས་བྷོ་ཨར་ཏི་ཟི་དང<<རྒྱ་སྟག་གི་གསེར་འོད>>དྲན་བྱུང

 

བྷོ་ཨར་ཏི་ཟི     ཁྱོད་ཀྱི་གསེར་འོད་ཀྱི་ཟེར་མ་རེ་རེས

དཀར་ནག་འཐབ་པའི་འཇིག་རྟེན་འདི   འོ་ཆུ་བཞིན་འབྱེད་ནུས་ན

པིར་རྩེ་གཅིག་གིས    ང་རང་དམྱལ་ཁམས་ཀྱི་གཏིང་ནས་འདྲེན་རོགས

 

སྟག་རྒོད་དང་གསང་བའི་ཕོ་བྲང

མེ་ལོང་དང་རྨི་ལམ་ལས་གྲུབ་པའི་རྟོག་ལྗོངས་དེས

ང་ལ་སྐྱེ་བ་དང་འཆི་བ  ཚེ་སྲོག་གི་གླུ་སྐད་དྲན་དུ་བཅུག

འབྲོག་སྡེ་དང་ལུག་ཁྱུ  རལ་གྲི་དང་མཆེ་སྡེར

ཆུ་ཀླུང་ནག་པོ་འདིའི་གཏིང་དུ་མུ་ནས་མུ་ལ་བྱིང

ངའི་ཟུངས་ཁྲག་ལ་གློག་དམར་ཀྱི་འཚུབ་ཆ་སྐྱེས

ངའི་ལུས་སྟེང་ལ་གཙང་ཆུའི་ཚ་རླབས་འཕྱུར

བྷོ་ཨར་ཏི་ཟི       ཆེས་མཐར་མར

ངས་མེ་ལོང་ནང་གི་སྟག་རྒོད་དེ་མཐོང་བྱུང

དེ་ནི་ས་སྒང་གི་སྤྱི་གཙུག་ནས་མཆེད་པའི་གསེར་འོད་རེད

 

བྷོ་ཨར་ཏི་ཟི་དང་སྟག་རྒོད

དུས་རབས་འདིར་མཆེ་ཙིགས་སྡེར་བགྲང་ཀྱིས་འོངས་པས

འཇིག་རྟེན་གྱི་མི་རྣམས་ཧ་ལས་སུ་བཅུག

 

མཚན་མོ་འདིར

གསེར་འོད་ཀྱི་རླབས་ཀྱིས་ང་རྒྱང་དུ་ཁྱེར་སོང

བྷོ་ཨར་ཏི་ཟི    ངའི་ཟུངས་ཁྲག་འབབ་པའི་སྨྱུག་གུ་འདི

གང་ལ་འཛུགས

     བྷོ་ཨར་ཧི་ཟི(1899-1986)ཨར་ཀེན་ཐིན་གྱི་རླབས་ཆེ་བའི་རྩོམ་པ་པོ་དང་སྙན་ངག་པ།ཚིག་དུམ་འདི་ཁོས་སྙན་དེབ<<མཐིང་མདོག་གི་སྟག་ཁྱུ>>ཞེས་པ་ལས་དྲངས།

རི་རིབ་ཀྱི་ཁ་གཏད་དུ།

རི་རབ་ལྟ་བུའི་བརྟན་ཞིང་བརྗིད་ལ

བརྩེགས་རིམ་ལྡན་པའི

ཁྱོད་ཀྱི་རྣམ་དཔྱོད་ཀྱི་མཐའ་དེ

ཅི་འདྲའི་སྔོ་ཞིང་དྭངས

 

ངའི་ཉམས་སྣང་ལ་འབར་བའི་མེ་དཔུང་དེས

འཇིག་རྟེན་གྱི་རྩྭ་དང་རྩྭི་ཤིང་འབུ་སྲིན་དང་དངོས་པ་དག

གཡོ་རུ་བཅུག

རྔུལ་ཆུ་འཛར་འཛར   བྱིན་པ་ལྕུག་ལྕུག་གིས

མི་རྣམས་ཁྲོ་ལྕགས་ཀྱི་གོང་བུར་བཞུས་སོང

སྡུག་བསྔལ་གྱི་ཕ་ས་འདི་ནས

ཁྱོད་ཀྱིས་ཅི་འདྲའི་གླེགས་བམ་མང་པོ་ཞིག

རྡོ་མཁར་གྱི་ཆས་སུ་བསླངས་ཨང

མེ་ཡི་ཐིག་ལེ་དེས

བདག་སྲེག་གིན་འདུག

འཇིག་རྟེན་བར་མེད་དུ་སྲེག་གིན་འདུག

 

ཡིན་ཡང    ངས་བཙལ་བཙལ་ནས་ཐོབ་པ་ཁྱོད་མིན་ལ

སོང་སོང་ནས་མཇལ་བའང་ཁྱེད་ག་ལ་ཡིན

ཕྲན་གྱིས་ཁྱོད་ཀྱི་རྣམ་དཔྱོད་ཀྱི་ནགས་ཀླུང་དེ

རྙེད་ཐབས་བྲལ

 

ད་ལྟའི་དུས་འདིར་མི་རྣམས་ཀྱི

དུས་ཚོད་དང་གཙང་པོ་བརྗེད་ཅིང

ཤེས་རིག་དང་བྱམས་བརྩེ་བོར

ཁ་གཏད་ཀྱི་རི་རབ་དེ་ཡང

རྡོ་དང་རྡོ་བ་གཞན་དུ་གྱུར

 

ཕྲན་གྱིས་གངས་ཆེན་དང་མཚོ་མོའི་ངོགས་ནས

སྐྱོ་གདུང་གི་སྙན་བྲིས

རི་རབ་དང་ནགས་མའི་སུལ་ནས་དྲན་གདུང་གི་རྐང་གླིང་བུས

ཁྱེད་དང་ཁ་གཏད་དུ་ལོ་ངོ་ཅི་ཙམ་ལ་བསྡད་ཡོད་ཨང

ཁྱོད་ཀྱི་བླ་མེད་ཀྱི་ཤེས་རབ་དང་ཐ་སྙད་ཀྱི་བདེན་པ་དེའི་ཆེད་དུ

ཕྲན་གྱིས་ལོ་ངོ་ག་ཙམ་ལ་པུས་ཚུགས་སུ་སྒུག་ཨང

གསང་བ།

ངའི་མགོ་ཐོག་ནས་སྤྲིན་དཀར་ཀྱི་ཡོ་ལང་འཕུར

རྐང་འོག་ནས་རྩྭ་ཐང་གི་བསུང་ཞིམ་འཐུལ

ཨེ་མ་ང་ཡི་ཕ་ཡུལ  ཁྱོད་ཀྱི་ཕ་ཡུལ

ངས  ཕ་ཡུལ་དེ་དེ་འདྲའི་མཛེས་སྡུག་ལྡན་པ་སུ་ལའང་བཤད་མི་ཕོད

གཞན་ལ་ལའང་བཤད་མི་ཕོད།

 

 

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།