གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟུར་དང་ལེབ་ཀྱིས་མཐོང་བའི་ང་ཚོ།

2009-11-18 10:41:00 གཅན་ཆེད་འབར། ཀློག་གྲངས། མཆན ཡོད།

ལེབ་ཀྱིས་མཐོང་བའི་ང་།

ལི་ཐོའི་སྟེང་གི་ཚེས་གྲངས་དེ་མ་གཤགས་ན

དུས་ཚོད་རེས་མོས་སུ་མི་འཁོར་བ་ཡིན་ན

ངས  ལི་ཐོའི་ངོས་ཀྱི་ཚེས་གྲངས

དུས་གཏན་དུ་ཉ་ར་བྱེད་ངེས

 

ཡིན་ཡང  ལི་ཐོའི་ངོས་ཀྱི་ཚེས་གྲངས་དེ

བསམ་གཞིག་གིས་གཤགས་པ་ནི

དུས་ཚོད་ཕར་ལ་བཞུར་གྱིན་པ་འདི་རྟིང་གནོན་བྱས་པ་ཡིན་ལ

ལས་ཀ་ཙམ་ཙིག་སྒྲུབ་པ་འདི་ཡང

དུས་ཚོད་དོན་མེད་དུ་ཡལ་གྱིན་པ་འདིར་འཇུངས་སེམས་སྐྱེས་པས་ཡིན

རླབས་ཆེན་དང་ཉམ་ཆུང་།

གློག་ཀླད་འདི་ཁ་ཕྱེས་མ་ཐག

ལྷུ་ཐག་དེ་དག་གི་ནུས་སྟོབས་ཀྱིས   ང་ལ

མིའི་རིགས་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་སྙམ་པའི་འདུ་ཤེས་སྐྱེས་སུ་བཅུག

གློག་ཀླད་གྱི་སྒོ་མོ་རེ་རེ་རྡུང་གིན

བསམ་གཞིག་ནན་གྱིས་གཏོང་དུས

སེམས་ལ་མིའི་རིགས་འདི་ཇི་འདྲའི་ཉམ་ཆུང་ཞིག་རེད་ཨང་སྙམ་བྱུང

ཟུར་གྱིས་མཐོང་བའི་ཁྱོད།

རྒྱ་ཡིག་གི་སྐད་དོད་དུ་བྲིས་པའི་ཡིག་ཆ་ནི

ཁྱོད་ཀྱིས་དེ་རིང་སྒྱུར་དགོས་པའི་བྱ་བ་ཞིག་ཡིན་འདུག

 

འོན་ཀྱང  མི་སེར་གྱི་བདེ་སྡུག་ལ་དཀྲིས་ཤིང

བབ་ལྕི་བའི་ཐ་སྙད་དག

སེ་གོལ་གཏོགས་ཡུན་ཙམ་ལ་བསྒྱུར་ཚར་སོང

 

གལ་སྲིད  ཁྱོད་ཀྱིས

སློབ་དཔོན་ཐོན་མིས་དེ་སྔ་བོད་ཡིག་གསར་བཟོ་མཛད་དགོས་པའི

ཐུགས་དགོངས་དང་དམིགས་ཡུལ་ལ

གོ་བ་བག་རེ་ཞིག་ལོན་ཡོད་ན

མི་སེར་གྱི་བདེ་སྡུག་དང་བརྒྱུས་པའི་ཡིག་ཆའི་ཐ་སྙད་ཚོགས

ད་དུང་ཡང་བསྒྱུར་ཚར་ཡོད་མི་སྲིད

    ངོས་ལེན་ཡི་གེ།

ཁྱོད་ཀྱིས་ཞུ་འབུལ་བྱེད་ས་ཁོ་ཡིན་ནའང

བདག་གི་འགྲོ་འདུག་ལ་ཆོག་མཆན་གནང་མཁན་ཁོ་ཡིན་ནའང

 

ངེད་གཉིས་ཀྱི་དབུ་ཐོད་དུ་ཉི་མ་སྔར་བཞིན་གནས་པར་རྐྱེན་བྱས་ཏེ

རིགས་མཐུན་ཚོར  ད་དུང་ཡང

ངེད་གཉིས་རང་དབང་ཡིན་ཞེས་གཤོབ་ཅིག་ལབ་དགོས་སམ

 

དེ་རིང་ཡང    སྣོད་དང་བཅུད་ལ་འཁོན་འཛིང་ཅི་ཡང་བྱས་མེད་ཀྱང

འུ་གཉིས་ཀྱིས་འུ་ཐུག་ཐབས་ཟད་ངང

ངེད་གཉིས་འཕྱུག་སོང་ཞེས་འགོ་ཁྲིད་ལ

ངོས་ལེན་ཡི་གེ་འབྲི་བཞིན་པ་མ་ཡིན་ནམ

ནར་སོན་པ་ཡིན་ནམ།

ཡིད་འགུལ་བའི་གཏམ་རྒྱུད་དེས་ང་ལ་མིག་ཆུང་སློང་གིན་འདུག

གཉེར་མས་ཁེབས་པའི་ངོ་གདོང་དེས་ཀྱང་ང་ལ་མིག་ཆུ་སློང་གིན་འདུག

རྐང་རྗེས་ལ་བརྐོས་པའི་མཛེས་སྡུག་གི་ཐིག་ལེ་དེས་ཀྱང

ང་ལ་མིག་ཆུ་ཡང་ཡང་སློང་གིན་འདུག

འོན་ཏེ   དགོངས་པ་མ་ཚོམ་ལགས

ང་ལ་མིག་ཆུ་མི་འདུག

དངོས་ཡོད་འདིའི་འཕོངས་ལ་བཅིབས་པ་ནས་བཟུང

ང་ལ་མིག་ཆུ་མི་འདུག

 

ད་ལྟ   དེ་བས་ཀྱང་འཇིགས་ཡེར་བ་ཞིག་ནི

ནག་ནོག་གི་ལྷད་མ་བསྲེས་པའི་གཞན་དག་གི་མིག་ཆུ་མཐོང་དུས

ང་ལ་དགོད་རྒྱུ་ཞིག་གཏིང་ནས་འཕྱུར་བཞིན་འདུག་ཅིང

ཕྱིར་དྲན་གྱི་མེ་ཏོག་ལ་བྲན་པའི

རང་ཉིད་ཀྱི་མིག་ཆུ་དག་དྲན་དུས་སུའང

ཡིད་མི་ཆེས་པའི་ཁྲེལ་དགོད་ཅིག་གཏིང་ནས་འཕྱུར་སོང

                  2009/5/18མཚན་མོར།

 

 

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།