གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་སྒུག

2010-04-02 08:39:00 རྨ་གཡུ་རལ། ཀློག་གྲངས། མཆན ཡོད།

མཚེར་ཤུལ་གྱི་ཐབ་རྡོ་བཞིན

ངས་ཁྱེད་ལ་སྒུག་ནས་བསྡད་ཡོད

 

ཉི་འོད་དྲོན་པོ་ཞིག་གི་བདེ་དྲོད་ལ་མ་རེག

ཟླ་འོད་བསིལ་མོ་ཞིག་ལ་སྙིང་གཏམ་མ་བརྗོད

ཨ་མ་ལྟ་བུའི་ཁྱེད་ཀྱི་འཛུམ་ཞལ་སྒོམ་སྟེ

རླུང་གི་བརྙས་བཅོས་མྱོང་བཞིན

མེ་ཏོག་སྐྱེས་མྱོང་བའི་སྤང་ལྗོངས་འདི་ན

ངས་ཁྱེད་ལ་བལྟས་ནས་བསྡད་ཡོད

 

ཤེའུ་ཆུང་རྔོན་པས་བདས་ཏེ་རི་ལ་བྲོས་ཐལ

ཁྲུང་ཁྲུང་སྟོན་ཟླས་དེད་ནས་རྒྱང་ལ་འཕུར་ཐལ

ངས་སྔར་བཞིན་རི་མགོ་མཐོ་ས་ཞིག་ན

ཁྱེད་ཀྱི་ལོག་ཕེབས་ལ་སྨོན་ཚིག་གཏོར་བཞིན

ངས་ཁྱེད་ལ་སྒུག་ནས་བསྡད་ཡོད

 

ས་རུབ་པའི་བར  ནམ་ལངས་པའི་བར

ངས་སྐྱ་ཐིང་ཐིང་གི་མཚེར་ཤུལ་ན

སྐྱོ་ལྷང་ལྷང་གི་རྟ་ཕོའི་འཚེར་སྐད་ཀློང་ནས

ཁྱེད་རང་ཕེབས་པར་སྒུག་ནས་བསྡད་ཡོད

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།