གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་ཆེན་སྒྲོལ་མར་བྲིས་པའི་སྙན་ངག་དང་པོ།

2010-03-28 11:57:00 འབའ་རྡེའུ། ཀློག་གྲངས། མཆན ཡོད།

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

 

བདག་གི་ཉེས་དམིགས་ལས་ཀྱང་ནག་ཅིང་རྫུབས་མཐུག་པའི

ལང་ཚོའི་དབྱར་གཞུང་གི་བཀྲག་མདངས་གྱོན་པའི

བསིལ་རླུང་གི་ལག་པས་བྱིལ་བྱིལ་ཡང་ཡང་བཏང་བའི

དུས་བཞིར་མེ་ཏོག་གི་དྲི་བསུང་འཁུར་བའི

ཁྱོད་ཀྱི་སྐྲ་ལོའི་རྦབ་རྐང་རིང་མོ

ངས་ཚེ་གཅིག་ལུས་གཅིག་གི་སེམས་ངལ་གསོ་སའི་

མཚན་མོ་ཡིན་པར་སྨོན

 

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

 

འཛུམ་ཀོང་དེའི་མཇིངས་སུ་བྱིངས་པའི་ཉི་འོད་ཀྱི་ཟེར་མ

ཉི་ཟེར་གྱི་བ་སྤུ་རེ་རེ་བདག་སེམས་ཀྱི་མུན་པའི་གཞི་ལ་ཟུག་ཅིང

རྫི་མའི་རྩེ་ལ་འཕྱོ་བའི་སྙིང་གཏམ་ཚོམ་བུ་དང་ཚོམ་བུ

ཁུ་སིམ་མེར་བཞད་པའི་སྐད་སྒྲ་རྣ་བར་ལྷུང་ཡོང

སྙིང་སྡུག་ལགས  སྐབས་འདིར་ཅི་ཡང་བཤད་མི་དགོས་ཏེ

དྲན་གདུང་གི་སྐྱོ་ངལ་སྙིང་ཆུང་གཅིག་ལ་བྲིས་ཡོད

 

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

 

རི་སིལ་ལྟར་མདར་མདངས་ཆགས་པའི་མཆུ་སྒྲོས

མཆུ་སྒྲོས་ལས་ངོམ་མེད་བཏུང་ཆོག་པའི་རྒུན་ཆང

ཞེ་འདོད་དང་རང་སྣང་ཞིག་ལ

པད་དཀར་གྱི་རྩ་བ་ལས་འཇམ་པའི་རེག་བྱ་ཡོད་ཚད

རྨི་ལམ་གྱི་མངོན་སུམ་ཞིག་ལ

ཚར་དཀར་གྱི་གོང་ཁ་ནས་ལྷུང་འདྲའི་གསུང་ངག་ཐམས་ཅད

ང་གཅིག་པུས་གཏན་དུ་ཉར་ཆོག་པར་ཞུ

 

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

 

ཁ་པར་སྣེ་གཅིག་ནས་སྨྲེང་བཞིན་ངུས་པའི་ཉིན་ཞག་ཁོར་མོ་ཡུག

སྐར་ཆུང་སུམ་བརྒྱ་དྲུག་ཅུ་རེ་ལྔར་བསྐྱར་ཟློས་ཀྱིས་བལྟས་ནས

ཤེལ་གྱི་བུམ་པར་བླུག་པའི་མིག་ཆུའི་ཐིགས་ཕྲེང   ཁྱོད་ཀྱི

མཉོམ་དུང་དུང་གི་སེམས་དང་སོར་མོའི་འདུ་བྱེད

ཉེས་པའི་བུ་ལོན་དེ་དག་བདག་གིས་ཇི་ལྟར་གཞལ

གསེར་གྱི་སྐར་མ་དེ་ཚོ   བརྩེ་དུངས་ཀྱི་ཡིག་འབྲུ་དེ་ཚོ

འུ་གཉིས་འཇིག་རྟེན་དང་འབྲལ་ཁར་ད་དུང་དྲན་ནམ

 

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

 

བརྩེ་དུངས་ལས་མེད་པའི་ཁང་ཁྱིམ་གྲུ་བཞིར་དགོད་སྒྲ་བསྐྱིལ་ནས

བྱིས་བློ་སྲུང་བའི་སྐྱེས་བུ་ཞིག་སྙན་ངག་གིས་འཚོ་རུ་འཇུག་མཁན

ལས་ཀྱིས་བསྐོས་འདྲའི་ཚེ་གྲོགས་དེ་ཁྱོད་ཡིན་ན

བདག་གིས་བསྲིས་ཤིང་བསྲི་དགོས་པའི་དུས་ཚོད་དག་མེ་ལྕེ་དམར་པོར་སྦར་ཏེ

ཁྱོད་ཀྱི་གྲང་རེག་བསལ་བའི་དྲོད་ཁོལ་ཏུ་བསྟིམ་འདོད

ཁྱོད་ཀྱི་མི་ཚེ་སྐྱིད་པའི་དན་རྟགས་སུ་འཇོག་འདོད

 

ངས་ཁྱོད་སྙིང་གི་དབུས་སུ་བཅུག་ཡོད

 

སྙིང་སྡུག་ལགས   ངའི་ཡ་ཆུང་གུར་ཁང་གི་བདག་མོ

ཁྱོད་དེ་འདྲའི་སྐྱོ་སྐྱོ་མ་གནང་དང

ངས་ཁྱོད་སྙིང་གི་དཀྱིལ་དབུས་སུ་བཅུག་ཡོད

དེ་ལ་གསེར་ཟྭ་ཞིག་བརྒྱབ་པའི་ལྡེ་མིག་ཀྱང་ཁྱོད་ཡིན

བརྩེ་དུངས་ཀྱི་གཏམ་རྒྱུད་ཅིག་འུ་གཉིས་ཀྱི་བྱིས་པས་ཀློག་དུས

དུས་ཐུང་གི་གྱེས་གདུང་འདིའི་བྱུང་རིམ་ལོས་དགོས

 

ངས་ཁྱོད་སྙིང་གི་དབུས་སུ་བཅུག་ཡོད

 

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།