གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྲག་དོག དུག་ཚེར་གྱི་མེ་ལྕེ་ནག་པོ།

2010-03-10 10:09:00 ལོ་བ་ཆོས་འཕེལ། ཀློག་གྲངས། མཆན ཡོད།

ང་ཕམ་དུས་ཁྱེད་དགའ་འོས་ཤིང

ཁྱེད་རྒྱལ་དུས་ང་སྡུག་དགོས་པའི་མེ་ལྕེ་འདི

ཁ་དོག་དང་གཟུགས་གཞི་མི་མངོན་པའི་མེ་ལྕེ་འདི

བུད་ཤིང་དང་བསིལ་རླུང་གི་རམ་འདེགས་ཀྱང་མི་དགོས་པའི་མེ་ལྕེ་འདི

ཁྱོད་དང་ངའི་དོན་ལྔ་སྣོད་དྲུག་གི་བར་གསེང་རེ་རེ་ན

ཡོད་ཚད་བསྲེགས་འདོད་ཁོ་ནས་ཧམ་སེམས་དང་བསླུ་བྲིད་ཀྱིས་འབར་བ་སུ་ཡིས་རྟོགས

 

འདི་ལྟར  ང་ཚོ་སྟེ་བོད་པ་ཚོས  རང་ཉིད་ཀྱི་ལམ་བུ་དེར

རྨ་བྱ་བཞིན་དུག་ཚེར་གྱི་མེ་ཁ་འདི་གསོས་ཉིན་ནས

གཡུ་རལ་ཅན་གྱི་གངས་སེང་དག་ཀྱང

གྲི་རྩེ་དང་དུག་རླངས་ཀྱི་སོ་ཁ་ནས

ཁ་བའི་སྐྱོ་གར་དུ་འཁྲབ་པའང་སུ་ཡིས་རྟོགས

 

ད་དུང  ངས་ཁྱེད་ལ་བྱམས་སེམས་དང་སྙིང་རྗེ་ཡོད་ཟེར

ཁྱོས་ང་ལ་ཁྲེལ་གཞུང་དང་ལས་འབྲས་ཡོད་ཟེར་གྱིན

འཛུམ་མདངས་དང་དགོད་སྒྲའི་ཕ་རོལ་ཏུ

ཁྱོད་ཤི་ང་གསོན་གྱི་མེ་ལྕེ་ནག་པོ་ཞིག

ཧ་ཅང་ལྐོག་གྱུར་ལྐོག་གྱུར་གྱིས་འབར་བའང་སུ་ཡིས་རྟོགས

 

མདོར་ན  ཁྱེད་ཀྱི་རྒྱལ་ཁ་ཐམས་ཅད་ང་ཡི་འཕེལ་རྒྱས་ཡིན་ལ

ང་ཡི་ཕམ་ཁ་ཐམས་ཅད་ཁྱེད་ཀྱི་ཉམས་རྒུད་ཡིན་སྲིད་ནའང

ད་དུང  ཁྱོད་དང་ང་མུན་པའི་རྒྱབ་ལྗོངས་དེར་འགྲེང་ནས

གོམ་གང་མདུན་དུ་བསྒྱུར་བ་ལས་གོམ་གསུམ་རྗེས་སུ་ནུར་དོན་ཅི

 

རྩོམ་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།