གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ལ་སྨྲས་པ།

2010-01-27 10:58:00 ཁུ་བྱུག་སྔོན་མོ། ཀློག་གྲངས། མཆན ཡོད།

                                                                 རང་ལ་སྨྲས་པ།  (༡)
ཁྱོད་ཀྱི་ཕ་ཡུལ་ན  རི་མཐོན་པོའི་མགོ་བོ་དགུང་ལ་ཟུག་ནའང
ཁྱོད་ཀྱི་གཉའ་སྒུར་སྒུར་ཞིག་ཡིན་དོན་ཅི་ཞིག་ཡིན
ཁྱོད་ཀྱི་ཕ་ཡུལ་ན  སྤང་སྔོན་མོའི་གཞི་ཁྱོན་ཕ་མཐའ་ཡས་ནའང
ཁྱོད་ཀྱི་ཁོག་རྒྱ་དོག་དོག་ཅིག་ཡིན་དོན་ཅི་ཡིན
              

ཁྱོད་ཀྱིས་མཐོང་བྱུང་ངམ
མཐའ་མཇུག་གི་ཡུལ་ལྗོངས་ཨུ་ཚུགས་ཀྱིས་སྲུང་བཞིན་པའི
རི་ཁའི་ལམ་ཙེ་དང་ཉག་ཁའི་རྡེའུ་འབུམ་གྱི་མིག་ལའང
ད་ནི  ཡིད་ཆད་ཀྱི་མདངས་ཤིག་མངོན་གྱིན་འདུག

ཁྱོད་ཀྱིས་ཐོས་བྱུང་ངམ
འགྱར་གྱིན་པའི་རིགས་རུས་ན་ཟུག་གིས་སྐྱོང་བཞིན་པའི
གསལ་བྱེད་སུམ་ཅུ་དང་དབྱངས་ཡིག་བཞིའི་ངག་ནའང
ད་ནི  འུ་ཐུག་གི་ཤུགས་རིང་ཤོར་གྱིན་འདུག

རྩྭ་ཐང་ན་བྱང་རླུང་འགམ་པའི་འབྲོང་མགོ་སྐམ་པོས
ཁྱོད་ལ    སྐུལ་ལྕག་ཅི་འདྲ་བཏང་སོང
ཞིང་ཁ་ན་བཙའ་ཡིས་ཟིན་པའི་ཐོང་གཤོལ་སྐྱ་བོས
ཁྱོད་ལ    གསལ་འདེབས་ཅི་ཞིག་བྱས་སོང
མི་མངོན་པའི་དབྱིངས་ན
ད་ནི  ཕ་སྤྲེའུ་རྒན་ཡང་སྐྱོ་ལྷང་ངེར་ངུ་བཞིན་འདུག
མ་བྲག་སྲིན་ཡང་སྐྱོ་ལྷང་ངེར་ངུ་བཞིན་འདུག  
                                                                 རང་ལ་སྨྲས་པ། (༢)
བྱམས་སེམས་དང་སྙིང་རྗེ་ཡིས་ཟིན་པའི་གནས་དེ་ཁྱོད་ཀྱི་ཕ་ཡུལ་ཡིན་མོད
ནང་དམེ་དང་འཁོན་འཛིང་གི་སྦྱོར་བ་ད་དུང་ཆད་མེད
ཉི་མ་དང་ཟླ་བར་ཉེ་བའི་གནས་དེ་ཁྱོད་ཀྱི་ཕ་ཡུལ་ཡིན་མོད
ཀླ་ཀློ་དང་རྨོངས་འཐོམ་གྱི་མུན་པ་ད་དུང་ཡལ་མེད

རླུང་གི་རྟ་ཕོར་ཞོན་པའི་ལྷ་ཆེན་དེ་རྒྱང་དུ་སྤྱུགས་མཁན་སུ་ཡིན
མེ་ལྕེ་ཟས་སུ་ཟ་བའི་དཔལ་བོ་དེ་ལྐོག་ནས་བགྲོང་མཁན་སུ་ཡིན

ནོར་གནག་གི་རྗེས་ན  རྣང་ཞིང་བར་ན
ལང་ཚོ་ཁ་རོག་གེར་ཟད་ཀྱིན་པའི་ཡུལ་མི་དེ་ཚོས
ནམ་རྒྱུན  བསང་དུད་ཀྱི་ཀློང་ནས་རླུང་རྟ་དཀར་པོ་མཁའ་ལ་སྤུར་དུས
རླུང་རྟའི་སེམས་ཁོང་ན་ཕ་ཡུལ་གྱི་རྨི་ལམ་ཡོད་དམ
ཕ་ཡུལ་གྱི་རྨི་ལམ་ན་གསེར་མདོག་གི་དབྱར་གཞུང་ཡོད་དམ

ད་དུང  གསེར་མདོག་གི་དབྱར་གཞུང་ན
ཁུ་བྱུག་གི་གསུང་སྙན་ཡོད་དམ
མེ་ཏོག་གི་འཛུམ་དཀར་ཡོད་དམ
ཆུ་ཕྲན་གྱི་གླུ་སྒྲ་ཡོད་དམ

དྲི་བ་འདི་དག་ལ་མནོ་བསམ་ཞིབ་ཏུ་གཏོང་བཞིན
ནམ་ཟླ་སྐྱ་བོ་ཡིན་པའི་ཉིན་ཞིག་ལ
ཁྱོད་རང  རང་ཉིད་ཀྱིསེམས་ཁོང་ནས་ལམ་ལ་ཆས་དགོས་བྱུང
ལམ་ལ་ཆས་དུས  ས་སྲོད་ཅིག་ཡིན
ཉི་མ་ནུབ་ནས་ཅང་མ་འགོར་བའི་ས་སྲོད་ཅིག་ཡིན
                                                            རང་ལ་སྨྲས་པ། (༣)
འགྲུལ་བཞུད་ཀྱི་ལམ་ནས
མུན་ནག་གིས་ཁྱོད་ཀྱི་བགྲོད་ལམ་སྒྲིབ་དུས
ཁྱོད་ཀྱིས་ཁྱོད་རང་འུག་པ་ཞིག་ཡིན་ན་བསམས

གྲང་ངར་ཇི་ལྟར་ཆེ་ཡང  ཁངས་ཆར་ཇི་བཞིན་བབས་ཀྱང
མུན་ནག་གི་རྔམས་ཀ་མཐོང་བའི་འུག་པའི་མིག་ཟུང་གིས
ཁྱོད་ལ་འོད་སྣང་བསྩལ་འོང

འགྲུལ་བཞུད་ཀྱི་ལམ་ནས
རླུང་འཚུབ་ཀྱིས་ཁྱོད་ཀྱི་མཐོང་ལམ་གཡོག་དུས
ཁྱོད་ཀྱིས་ཁྱོད་རང་ཁྭ་ཏ་ཞིག་ཡིན་ན་བསམས
ས་སྨུག་ཇི་ལྟར་འཐིབ་ཀྱང   ཚ་གདུག་ཇི་ལྟར་ཆེ་ཡང
རླུང་འཚུབ་ཀྱིས་རྔམས་ཀ་རྟོགས་པའི་ཁྭ་ཏའི་ཨག་སྐད་ཀྱིས
ཁྱོད་ལ་སྟོབས་ཤུགས་སྦྱིན་འོང

རྒྱང་རིང་གི་རྨི་ལམ་དེའི་ཆེད་དུ
རེས་གསལ་རེས་མོག་གིས་གྱ་གྱུར་སྲིང་བའི་འགྲུལ་བཞུད་ཀྱི་ལམ་ནས
འུག་པའི་མིག་ཟུང་གཡར་ཏེ  ཁྭ་ཏའི་ཨག་སྐད་ལ་ཉན་བཞིན
ཁྱོད་ནམ་ཡང་མདུན་དུ་བསྐྱོད་དགོས

འཇིག་རྟེན་འདི་ན  མི་ཡུལ་འདི་ན
བརྩི་བཀུར་དང་ཡིད་ཆེས་ངེས་པར་དུ་བྱེད་དགོས་པའི་མི་དེ
རང་ཉིད་གཅིག་པུ་ཡིན

                                                             རང་ལ་སྨྲས་པ། (༤)
ཉིན་དང་མཚན་མོ་རེ་རེར
ཁྱོད་ཀྱི་སྨྲ་ར་ཇེ་མང་དུ་སྐྱེས་གྱིན་འདུག་ནའང
ཆུང་མ་མ་བླངས་པའི་སྔ་རོལ་ཏུ
ཁྱོད་རང་གཏན་ནས་རྒས་མི་སྲིད

ལོ་དང་ཟླ་བ་རེ་རེར
ཁྱོད་ཀྱི་གཉེར་མ་ཇེ་མང་དུ་འགྲོ་བཞིན་འདུག་ནའང
རིགས་རྒྱུད་མ་སྤེལ་བའི་སྔ་རོལ་ཏུ
ཁྱོད་རང་གཏན་གནས་འཆི་མི་སྲིད

གཡོ་སྒྱུ་དང་ཚུལ་འཆོས་ཀྱི་གདོང་འབག་ཁྱོད་ལ་མི་མཁོ
སྤྲེལ་ལད་དང་བཅོས་འཛུམ་གྱི་ཕྱི་ཤུན་ཁྱོད་ལ་མི་འོས

ཡིན་ནའང ཡིན་ནའང
ད་ལྟ  ཁྱོད་རང་མིག་མང་ངོས་ཀྱི་འགྱིག་རྡེའུ་ཞིག་སྟེ
སུ་ཞིག་གི་མཛུབ་བར་ན་འཁོར་ཞིང་རྒྱུ་དུས
ཁྱོད་ཁྱོད་རང་ཡིན་ནམ
ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག
ཁྱོད་ཀྱིས་གང་ཡང་ཚོར་གྱིན་མི་འདུག

ཁ་སང་ཟེར་བ་དེ་ལོ་རྒྱུས་སུ་གྱུར་ཅིང
དེ་རིང་ཟེར་བའང་རྨི་ལམ་ལྟར་ཡལ་ན
སང་ཉིན་ནི་ག་འདྲ་ཞིག་ཡིན་ནམ
༢༠༠༩ལོའི་ཟླ༧པའི་ཚེས༢༩ལ།

རྩོམ་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག་དེབ༤བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།