གཉིད་མ་ཁུག་པའི་མཚན་མོ།
མཐའ་མེད་པའི་སྨག་རིམ་འདི་ཇི་འདྲའི་ཟབ་ཨང
འདིའི་གཏིང་རིམ་ན་ཡང་སྙིང་ཅི་ཞིག་ཡོད་དམ
ཉི་འོད་ཀྱིས་འཇིག་ངེས་པ་ཅི་ཞིག་ཡོད་དམ
ཁུ་སིམ་མེར་སྡོད་དུས
ངས་རང་ཉིད་ལ་ལྐོག་ཏུ་དེ་སྐད་ལབ་དགོས་བྱུང
དོ་ནུབ ཨ་མས་བརྗོད་མྱོང་བའི་ཨ་ཁུ་སྤྱང་ཀི་དེ་ཡོང་སྲིད་དམ
ང་དངོས་གནས་ཞེད་ཀྱིན་འདུག
འཁྱོམ་འགུལ་འབའ་ཞིག་ལ་རིང་དུ་གྱེས་པའི་ཞག་གང་བོར
ང་ལ་སྐྱེལ་མ་ཞུ་མཁན་ནི
རླུང་ཁར་ལྕུག་ལྕུག་འདར་གྱིན་པའི་སྒྲོན་མེ་འདིའི་འོད་སྣང་གཉོམ་པོ་དེ་ཁོ་ན་རེད
ཞག་སྒྲོན་གྱི་ཕྱེད་ཀ་ཞུ་ནས་མིག་ཆུ་བཞིན་ངའི་མདུན་དུ་འཁྱིལ་བྱུང
འདིས་ཀྱང་གཉིད་ཉལ་དགོས་པའི་དུས་ཚིགས་ཤིག་སྟོན་གྱིན་པ་ཨེ་ཡིན
ང་ལྷག་པར་ཞེད་ཀྱིན་འདུག
ངས་ལམ་བུ་ཞིག་རྙེད་སོང་བ་ཨེ་རེད
སང་ཉིན ང་ཧ་ཅང་བདེ་ཐང་གིས་ལངས་ཡོང་ངམ
ང་ཞེད་ཀྱིན་འདུག
རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག