གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཀླད།

2010-06-19 07:18:00 གངས་ཞུན། ཀློག་གྲངས། མཆན ཡོད།

མི་ཡུལ་དུ
ཁ་དོག་དཀར་པོ་དང་ནག་པོ་གང་ཡིན་རུང
ཡིན་མིན་གཙང་བཙོག་གི་བདེན་ཁ་ཅི་ཡང་སྟེར་མ་ཐུབ

གློག་ཀླད་ཅིག་གི་མདུན་དུ་བསྡད་ནས
ང་ལ་ཕྱག་འཚལ་འོས་པའི་ལྷ་དུ་ཡོད་དམ
ཅེས་པའི་དྲི་ཚིག་དགོད་བྲོ་བ་འདི་འཕྲུལ་རྩིས་སུ་བཅུག་སྟེ
ཀ་ཁ་ག་ང་ནས་བརྒྱུད་པའི་མི་རབས་ཤིག་གམ
ABCDལ་འཁོར་བའི་རྣམ་དག་གམ
ཁྲག་རྒྱུན་གཞན་དག་ལ་འབྲེལ་བའི་གཞི་གང་རུང་ནས
རང་ལུས་ཀྱི་གནད་གང་ཞིག་ལ་བསྣུན་གྲབས་ཀྱིས
ངས་ཕ་ཡུལ་ལྟ་བུའི་མཚོ་ཁ་ནས་ཅི་བྱ་མེད་པར་ཡུན་རིང་བསྒུགས

ངས་རང་ཉིད་ཀྱི་གསང་མིག་གང་ཞིག་ལ་གནད་དུ་བསྣུན་དགོས་སམ

ངས་རང་ཉིད་སྤྲེའུ་ཞིག་ལ་སྐྱེ་ཞིང
སེང་གེ་ཞིག་གི་རྣམ་ཤེས་ཡིན་པ་གཏན་ནས་བརྗེད་མ་ཐུབ་པས
རྒྱུད་པའི་གོམས་གཤིས་ལ་ཆགས་པའི་རིག་པའི་ང་རྒྱལ་གྱིས
གློ་བུར་དུ་ལག་པ་གཡས་པའི་སྲིན་མཛུབ་མཁའ་ལ་འཕྱར་ནས
དངོས་མ་དང་ལྡོག་མ་མཉམ་དུ་འདྲེས་ཤིང
མས་མཐའ་དང་ཡ་མཐའ་བྲལ་བའི་གོར་ཐིག་དེ་ལ་དལ་གྱིས་གླན་པ་ན
སྟོང་སང་སང་གི་ནམ་མཁའ་ལྟ་བུའི་ཤེལ་མིག་གྲུ་བཞི་དེའི་ངོས་སུ
གྲངས་ཀ་མཚོན་བྱེད་ཀྱི་ལ་ཏིན་ཨང་ཀི“1”འཕྲལ་མར་ཤར
དེ་མ་ཐག་སླར་ཡང་གུང་མཛུབ་ཐད་ལ་བརྐྱངས་ནས
དངོས་མ་དང་ལྡོག་མ་མཉམ་དུ་འདྲེས་ཤིང
ཡ་མཐའ་དང་མ་མཐའ་ལྷན་དུ་བརྩེགས་པའི་གོར་ཐིག་དེ་ལ་ནམ་གྱིས་གཏད་པ་ན
སྟོང་སང་སང་གི་ནམ་མཁའ་ལྟ་བུའི་ཤེལ་མིག་གྲུ་བཞི་དེའི་ངོས་སུ
རང་ཉིད་མཚོན་མེད་ཀྱི་དབྱིན་ཇིའི་ཡི་གེ“l”འཕྲལ་མར་ཤར
བསམ་བློ་ཡུད་ཙམ་བཏང་རྗེས
ངས་སླར་ཡང་རྒྱུད་པའི་གོམས་གཤིས་ལ་ཆགས་པའི་རིག་པའི་ང་རྒྱལ་གྱིས
གཟུངས་སྔགས་ལྟ་བུའི་ཡིག་འབྲུ་དེ་གཉིས་མཉམ་དུ་བསྡེབས་ནས
ཡང་ཡང་བརྫིས་མཐར
སེ་གོལ་གཅིག་གི་ཁ་ལ་བཞག་ཅིང་ཕུ་ཞིག་བཏབ་ཚེ
ང་ལ་ཕྱག་འཚལ་ས་གཅིག་ལས་མེད་དེ   
དེ་ནི་རང་ཉིད་དོ
ཞེས་པའི་བོད་ཡི་འདི་ཤར་ཡོང

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་གསུམ་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།