གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ལོ།

2010-06-13 00:13:00 ཤ་བོ་རྒྱལ། ཀློག་གྲངས། མཆན ཡོད།

ངས་ཁྱོད་ལ་སྡིགས་པ་ཕྲ་མོ་ཙམ་གྱིས་ཀྱང
ཁྱོད་ཀྱི་མཆི་མའི་ཐིགས་པ་བདག་གི་ལག་པའི་སྟེང་དུ་ལྷུང་བར་བྱེད
ཁྱོད་ཀྱི་མཆུ་སྒྲོས་མུར་མུར་གྱིས
ཨ་ཕ་ཨ    ཁྱོད་ཀྱིས་བདག་གི་པྲ་ཚགས་ཀྱི་བྱ་སྤྱོད་ཆུང་ངུ་ཙམ་ཡང་བཟོད་པར་མི་ནུས་སམ་ཟེར་བ་འདྲ

ལོ་ལོ     སྔོ་ལྗང་གི་རྩྭ་ཕྲན་ལྟ་བུའི་ལོ་ལོ་ཁྱོད་ཡོད་པའི་རྐྱེན་གྱིས
ད་གཟོད་ང་རང་དགའ་སྤྲོ་དང་བག་ཕེབས་ཀྱིས་ཁེངས་ཤིང
ངས་ཁྱོད་ལ་སྐད་ལོག་ཅུང་ཟད་བྱེད་པ་ཡང
ཁྱོད་ཀྱི་མ་འོངས་པའི་ཀུན་སྤྱོད་དང་འདྲེས་ཡོད

ཁྱོད་གྱ་ཙེ་གོམ་ཙེ་འགྲོ་ཐུབ་པ་ཙམ་གྱིས་ཀྱང
ཨེ་མ     འཇིག་རྟེན་སྟེང་ཆེས་དགའ་ཞིང་སྤྲོ་བ་ནི་ཁྱོ་ཀྱི་ཕ་རྒན་མ་ཡིན་ནམ

ལོ་ལོ    ཁྱོད་ཀྱི་མགོ་བོ་དགྱེས་ལ
ཨ་ཕ་ཡི་སྐམ་ཞིང་རིད་པའི་གདོང་ལ་ལྟོས་དང
ཉམས་ཆུང་གི་སྤྱན་དེའི་ནང་དུ་ཁྱོད་ལ་བཅངས་པའི་རེ་བ་དང་སྨོན་པས་ཁེངས་ཡོད
ཉིན་དེར   བསིལ་རླུང་ཕྲན་བུ་ཞིག་ཁྱོད་ཀྱི་མཁརུ་ཚོས་བརྒྱུད་ནས་ཐག་རིང་དུ་ཕྱིན་པའི་ཚེ་ན

ཁྱོད་ཀྱིས་སྤྲིན་དུམ་བུ་ཞིག་ག་ལེར་འཕུར་འགྲོ་བ་མཐོང་ཞིང
བྱ་རྒོད་པོ་ཞིག་ལྡིང་སྐོར་རྒྱག་བཞིན་པ་མཐོང་སོང
དེ་བས་ཁྱོད་དེ་ལ་ཡུན་རིང་ཅེར་ནས་ཁྱོད་ཀྱང་འཕུར་འདོད་པ་འདྲ་ཨང

ལོ་ལོ་ཨ་ལོ་ལོ         ཁྱོད་ནམ་ཡང་ངའི་གཅེས་ཕྲུག་ཡིན
ཐག་རིང་གི་མི་རྣམས་ཡུལ་དུ་ལོག་པའི་དུས་སུ
ངས་དེ་དག་གི་དགའ་སྤྲོ་རྟོགས་ལ
ཉེ་འགྲམ་གྱི་མི་རྣམས་རྒྱང་རིང་དུ་ཕྱིན་པའི་ཚེ་ན
ངས་དེ་དག་གི་གདུང་བའང་རྟོགས་ཡོད

ཡིན་ནའང་འཚོ་བ་ནི་མདུན་ནས་མདུན་དུ་སྐྱོད་པ་ཞིག་སྟེ
མདུན་ནས་མདུན་དུ་བསྐྱོད་པའི་འཚོ་བ་ནི་ད་གཟོད་དེ་འདྲའི་མཛེས་སྡུག་ལྡན་པས
ལོ་ལོ་ཨ    ཁྱོད་ནམ་ཡང་མདུན་དུ་འགྲོ་དགོས
ཁྱོད་ཉིད      རང་གི་ཕ་མ་དང་ཁྱིམ་གཞིས་ལས་བརྒལ་དགོས་ལ
ཁྱོད་ཉིད     ནམ་ཡང་དུས་རབས་དང་གནས་བབ་ལས་བརྒལ་དགོས

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།