གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་པར་གྱི་ངང་སྒུག

2010-05-24 09:07:00 ཁྱུང་བཟང༌། ཀློག་གྲངས། མཆན ཡོད།

 

གྲོང་ཁྱེར་ལ་ཁ་པར་དར་ནས་ཡུན་རིང་འགོར་ནའང     ཨ་མིའི་སྐད་སྒྲ་ཐོས་པ་ཤིན་ཏུ་དཀའ
ཁ་བ་བབས་ཤིང་ཞུས་ལ་སིལ་ཏོག་སྨིན་ནས་ལྷུང་ནའང་ཨ་མའི་གུས་སྒྲོས་མ་ཐོས་ལ
ཉིན་མོས་མེ་མཚམས་མོ་སྦྲུམ་ཞིང་མཚན་མོས་ཉིན་མོ་བཙལ་པའི་དུས་ཚོད་གང་དུ་ཡང
ཨ་མའི་ཚིག་འབྲུ་མ་གོ
དྲན་གདུང་གི་མག་བོ་སྨྱུག་མ་བཞིན་འབུས་ཀྱང    གྲོང་ཁྱེར་གྱི་ཁ་པར
ཕ་ཡུལ་ལ་འབྲེལ་བ་གང་ཡང་མེད་པའི་རྩེད་སྤྱད་དང་འདྲ་ཞིང      ཤིག་སྲོ་ཁོ་ན
ང་ནི་བང་མཛོད་ཆུང་ཆུང་ཞིག་སྟེ     ཤུགས་རིང་དང་སྐྱོ་གཞས་མོད་པའི་རྒྱལ་བུ་དོན་གྲུབ་ཡིན
〔ཀ〕
སྟོན་ཁ    རི་ཁྲོད་པ་ཞིག་གི་ངང་ཚུལ་གྱིས་ཕེབས་བྱུང
ཁྲུང་ཁྲུང་གི་ཚོགས་ཀྱིས་ལོག་ཕེབས་ལ་སྟ་གོན་བྱེད་ཅིང
ལོ་མ་ཁ་ཤས་ཀྱིས་ཀྱང་བདེ་མོ་འཇོག་བཞིན་ཡལ་ག་དང་འབྲལ་བར་བརྩོན
ཨ་མའི་ཁ་པར་ད་དུང་ཡང་ལས་ངན་གྱི་རྣ་བ་འདིའི་གསོས་སུ་མ་བབས་ལ
རེ་སྒུག་གི་སེམས་འགྱུ་རེ་རེ་གཙང་པོ་བཞིན་རྒྱས་ནས་བཞུར་ནའང
ཁ་པར་ལ    སྔར་བཞིན་གྲག་འགུལ་མ་བྱུང
〔ཨ་མས་ང་རང་དྲན་གྱིན་ཡོད་སྲིད〕

སྟོན་ཁ་མཁྲིས་ནད་བྱུང་བའི་སྐྱེས་པ་སྟོབས་ཆེན་ཞིག་གི་ངོ་གདོང་དང་འདྲ་བར
བརྩེ་མེད་ཉམ་ཐག་གིས་ཤར་བྱུང
གྲོགས་པོ་ཁོ་ནའི་ཁ་པར་གྱིས་རྣ་བར་སུན་པོ་བཟོས་ཡོང་ཡང
ཁྲུང་ཁྲུང་འཕུར་ཤུལ་ན      ཨ་མའི་སྐད་སྒྲ་དགུན་གྱི་ཁུ་བྱུག་འདྲ
སུན་སྣང་ཁོ་ན་ངའི་ལོངས་སྤྱོད་ཅིག་གི་ཚུལ་གྱིས་ཡ་ཁོག་ལ་འཚངས་ཤིང
དངན་པ་འདི་ཡང་སེམས་གསོ་ཞིག་དང་འདྲ་བར་ངའི་མགྲིན་ལམ་ནས་ཆས་བྱུང
〔ནམ་ཞིག       ཨ་མའི་ཁ་པར་འཇམ་མཉེན་གྱིས་ཡོང་སྲིད〕
〔ཁ〕
ཕྱི་རོལ་ན་ཁ་བ་འབབ་ཀྱིན་འདུག
འབབ་ཚུལ་ནི་ཨ་མའི་གནའ་གཏམ་ཁྲོད་ཀྱི་འབབ་ཚུལ་དང་མཚུངས་ཏེ
འདབ་མའི་ཚོགས་བར་སྣང་ན་རོལ་རྩེད་ཀྱི་རྣམ་པས་འཁོར་ཞིང་འཁོར་ཞིང་འབབ་ལ
དོག་མོ་ས་རུ        དཀར་པོ་དཀར་པོར་ཆགས་པས
ངས་དཀར་འོད་ལམ་ལམ་གྱི་ཁང་ཁྱིམ་དང་ལྷས་ར    ལྕང་སྡོང་དག་དྲན་ཞིང
སྐེད་པ་སྒུར་སྒུར་གྱིས      ཨ་མས་ཁ་བ་ཕྱགས་པའི་ངང་ཚུལ་ཀྱང་ཝ་ལེར་དྲན
〔ཕ་ཡུལ་ཅི་འདྲའི་འཁྱག་སྲིད་ཨང〕

ཁ་བ་མེད་པའི་དགུན་ཁ་ཞིག་སླར་ཡང་ངའི་མིག་ལམ་དུ་འཁོར་བྱུང
ས་རྡུལ་གྱིས་གནམ་ས་གཡོགས་ཤིང     རླངས་འཁོར་ཚོས
འབུ་ནག་དང་འདྲ་བར་འདོད་རྔམ་གྱི་ཁ་ལོ་གང་སར་སྒྱུར
ཨ་མའི་ཁ་པར     འབྲུག་སྒྲ་ལྟར      སྔར་བཞིན་ཚང་དུ་ཉལ
དུངས་པའི་དབང་གིས་འཕྲིན་པ་གཏོང་འདོད་ཀྱི་ལག་པ་རང་འདར་རྒྱག་ནའང
ཀ་ངོར་མ་འཕྲད་པའི     བརྒྱད་ཅུ་རྒན་མོས་འཕྲིནཆུང་ཇ་ལྟར་ཀློག
〔ནམ་ཟླའི་དབང་གིས     ཨ་མས་ཁ་པར་རྒྱག་མ་ཐུབ་པ་ཡིན་ཡང་སྲིད〕

གྲོང་ཁྱེར་ལ་ཁ་པར་དར་ནས་ཡུན་རིང་འགོར་ནའང    ཨ་མའི་སྐད་སྒྲ་ཐོས་པ་ཤིན་ཏུ་དཀའ
དེ་ནི་ཁ་པར་འདི་ཕ་ཡུལ་དང་འབྲེལ་ཐག་རིང་བས་ཡིན་སྲིད་ལ
ཡང་ན     ཕ་ཡུལ་གྱི་ཁ་བ་མཐུག་པས་ཡིན་ཡང་སྲིད
གང་ལྟར་ལོ་ཟླ་འདི་དག་གི་རིང་ལ་ངས་རང་ཉིད་ཀྱི་ཨ་མ་ལྷག་པར་དྲན་ཞིང
མ་འོངས་མ་འོངས་ཀྱི་དུས་སྐལ་གང་དུ་ཡང     ངས་རང་ཉིད་ཀྱི་ཨ་མ་ལྷག་པར་དྲན་སྲིད
〔ཁ་པར་ཞིག་མེད་ནའང་བར་ཐག་གནམ་ས་རེད〕

རྔོན་པ་ཧེ་ལི་པུ།  
མདའ་གཞུ་དེ     ཁྱོད་ཀྱི་ལྷག་བསམ་ཡིན
ལྷག་བསམ་དེ་ཁྱོད་ཀྱི་མངའ་ཐང་ལགས

སྐྱ་རེངས་ཀྱིས་མུན་པ་རི་ནས་འདེད་དུས
ལྷོད་བག་གི་དགོ་ཁྱུ་དཀྲོག་མཁན་ཁྱོད་ལས་སུ
མུན་ནག་གིས་ཉི་འོད་རྒུམ་དུས་ཀྱང
འབྲོང་ཤ་བགོ་བྱར་རྒྱག་མཁན་ཁྱོད་ལས་སུ
རི་སྡེ་ཆུང་ཆུང་འདིའི་ནང་ན
ཁྱོད་ནི་ཟས་བཅུད་ཀྱི་བང་མཛོད་དམ   ཡང་ན
བརྩེ་འཛུམ་ལྷུག་ལྷུག་གི་ཕ་མའོ

རི་ཡི་ཕ་མཐའ་རི་ཡིས་སྐྱོར་ཞིང
ལ་ཡི་སྣེ་མོ་ལ་ཡིས་བཟུང་བའི
གནམ་འོག་གི་གྲུ་ག་ཆུང་ཆུང་འདི་ནས
ཁྱོད་ཀྱིས་ཀླུ་མོ་ཞིག་མདའ་ཡིས་བསྐྱབས་ཏེ
ནོར་བུ་ཞིག་དྲིན་དུ་ལོན་ནའང
གཞན་ཕན་གྱི་འདམ་ལ་ཟུག་སྟེ
དལ་འབྱོར་གྱི་གཟི་འོད་ཡོད་ཚད་རྡོ་རུ་འཐིམས

དུས་དེ་ཙམ་ནས    ཁྱོད་ཀྱི་ཚེ་སྲོག་གཏམ་རྒྱུད་ཀྱིས་སྐྱོར་ཞིང
ཁྱོད་ཀྱི་རིན་ཐང་མི་སེམས་ཀྱིས་བཀླགས་ཏེ
ཚེ་ཚེ་རབས་རབས་ཀྱི་མཐའ་མ་འདི་ལ
ངའི་མིག་མདུན་གྱི་མེ་ཏོག་ལྟ་བུའི་གཅེས་ཕྲུག་ཚོའི
རྣ་བ་ཀྲོག་ཀྲོག་གི་སེམས་ལ་འགྲིལ

གནའ་སྔ་མོ་སྔ་མོ་ཞིག་ལ
ཧེ་ལི་པུ་ཟེར་བའི་རྔོན་པ་ཞིག་ཡོད
…………

ངའི་གཅེས་ཕྲུག་ཚོ་འདས་པར་ཕངས་སེམས་སྐྱེས་ཤིང
ངའི་བྱིས་པ་ཚོས་མི་གཞན་དག་ཐར་བར་དགའ་སྣང་བྱེད
དེ་དང་ཆབ་ཅིག“ང་ཡང་ཧེ་ལི་པུ་བྱེད་རྒྱུ་ཡིན”ཟེར
༢༠༠༡。༣。༢༧ལ་ཁྱུང་བོ་ནས། 

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།